དུང་དཀར་གྲུབ་མཐའ། ས་བཅད་ལྔ་པ།

དུང་དཀར་གྲུབ་མཐའ། ས་བཅད་ལྔ་པ།

དཔལ་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་དངོས་བཤད་པ།

 

(མཆན། གཤམ་གྱི་ཡིག་འབྲུ་ཆེ་བ་རྣམས་ནི་བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད་པའི་<<དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བརྗོད་པ་འཇམ་མགོན་བསྟན་པའི་མཛེས་རྒྱན་>>(གངས་ཅན་རིག་བརྒྱའི་སྒོ་འབྱེད་ལྡེ་མིག་དེབ་བཅུ་པ་)ཞེས་བྱ་བའི་ལེའུ་བཅུ་པ་མན་ཆད་དེ་སློབ་གཞིའི་མ་ཡིག་དང༌། ཡིག་ཆུང་དེ་དག་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་མ་ཡིག་གཞིར་བཟུང་སློབ་ཁྲིད་མཛད་པའི་སྒྲ་ཕབ་ལས་ལེགས་སྒྲིག་ཞུས་ཏེ་བོད་ལྗོངས་སློབ་ཆེའི་དགེ་རྒན་ཆེན་མོ་བཀྲས་ལྷུན་བཀའ་ཆེན་ཚེ་དབང་ལགས་དང་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ནོར་བྲང་ཨོ་རྒྱན་ལགས་རྣམ་གཉིས་ནས་དག་ཞུས་མཛད་པ་དེ་ལགས་སོ།།    བསྡུ་སྒྲིག་པས།)

དེ་ཡང་ཐོག་མར་དགེ་ལུགས་པའི་གྲུབ་མཐའི་སྐོར་མ་ཞུས་གོང་གསལ་འགྲེལ་རགས་ཙམ་ཞུ་དགོས་པ་ཞིག་ལ། བོད་ཀྱི་སངས་རྒྱས་ཆོས་ལུགས་ཞེས་པ་ནི་བོད་ལ་དར་བའི་བོད་མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་སངས་རྒྱས་ཆོས་ལུགས་ཞེས་པའི་དོན་ཡིན། འོན་ཀྱང་དེང་སྐབས་བོད་ཀྱི་བླ་མའི་ཆོས་ལུགས་ཞེས་ཟེར་སྲོལ་འདུག་པ་དེ་མ་འགྲིག་པ་རེད། དེའི་ཁུངས་རྒྱ་ཡིག་ནས་བྱུང་ཡོད་ནའང་བཅིངས་འགྲོལ་གོང་གི་རྒྱ་ཡིག་ཡིག་ཆའི་ནང་བོད་ཀྱི་སངས་རྒྱས་ཆོས་ལུགས་ཟེར་བ་ལས་ཤིས་ཙང་བླ་མ་ཅའོ་ཟེར་སྲོལ་མེད། དེ་གང་འདྲ་བྱས་ནས་བྱུང་བ་རེད་དམ་ཞེ་ན། རི་པིན་ནས་བྱུང་བ་སྟེ་རི་པིན་(ཉི་ཧོང་)གྱི་མཁས་པ་ཁག་ཅིག་གིས་རྒྱུ་མཚན་ཁག་ལྔ་དྲངས་ནས་བོད་ཀྱི་སངས་རྒྱས་ཆོས་ལུགས་དེ་སངས་རྒྱས་ཆོས་ལུགས་ངོ་མ་མིན་པའི་སྐོར་བཤད་ཡོད་ཅིང༌། དེ་རྗེས་ཀྲུང་གོའི་ནང་ཁུལ་མཁས་པ་ཁག་ཅིག་གིས་རི་པིན་གྱི་རྗེས་སུ་འབྲངས་ནས་ཤིས་ཙང་བླ་མ་ཅའོ་ཟེར་བ་དེ་བྱུང་བ་རེད།

སངས་རྒྱས་ཆོས་ལུགས་དེ་མི་རིགས་གང་འདྲ་ཞིག་ལ་དར་བ་ཡིན་ནའང་མི་རིགས་དེ་རང་གི་ཁྱད་ཆོས་ལྡན་པ་ཞིག་ཡོད་པ་སྟེ། བོད་ལ་དར་བའི་སངས་རྒྱས་ཆོས་ལུགས་ལ་བོད་མི་རིགས་ཀྱི་རང་བཞིན་ཡོད་པ་དང༌། རྒྱ་ནག་ལ་དར་བའི་སངས་རྒྱས་ཆོས་ལུགས་ལ་རྒྱ་མི་རིགས་ཀྱི་རང་བཞིན་ཡོད་པ། རྒྱ་གར་ལྷོ་ཕྱོགས་ལ་དར་བའི་སངས་རྒྱས་ཆོས་ལུགས་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་ས་གནས་རང་བཞིན་ལྡན་ཡོད། བོད་མི་རིགས་ཀྱི་རང་བཞིན་ཡོད་པ་ཟེར་བ་ནི་བོད་མི་རིགས་ཀྱི་གོམས་གཤིས་དང་མཐུན་པ་དེ་ཡིན་ཅིང༌། སྔོན་མ་སངས་རྒྱས་ཆོས་ལུགས་ཐོག་མ་བོད་དུ་དར་དུས་སངས་རྒྱས་ཆོས་ལུགས་ཀྱི་ལྷ་སྐུ་དེ་དག་ང་རང་ཚོ་བོད་པ་འདྲ་པོ་ཡོད་པ་རེད། དཔེར་ན། བསམ་ཡས་གཙུག་ལག་ཁང་གི་ཉེ་བའི་སྲས་ཆེན་བརྒྱད་ལ་ན་བཟའ་དང༌། དབུ་ཞྭ། ཞབས་ལྷམ་བཅས་ཡོད་པ་དེ་དག་བོད་པའི་ཆས་ཆ་ཚང་ཡིན་པ་དང༌། ཡང་རྒྱ་གར་ནས་ཚུར་དར་བའི་ཉེ་བའི་སྲས་ཆེན་བརྒྱད་ནི་རྒྱ་གར་གྱི་མི་དང་འདྲ་བའི་ཁར་གདུ་བུ་དང་དབུ་ལ་མེ་ཏོག་གི་ཕྲེང་བ་ཡོད་པ། རྒྱ་ནག་གི་ཉེ་བའི་སྲས་ཆེན་བརྒྱད་ནི་རྒྱ་རིགས་འདྲ་བ་མ་ཟད། ད་དུང་རྒྱ་ནག་གི་རྒྱལ་ཆེན་བཞི་ཡང་རྒྱ་ནག་གི་མི་རིགས་དཔའ་བོའི་ཆས་གོས་གྱོན་ཡོད་པ་དང༌། རྒྱ་ནག་གི་སྤྱན་རས་གཟིགས་དེ་རྒྱ་མོ་ནང་བཞིན་ཡོད་པ། རྒྱ་ནག་གི་གནས་བརྟན་བཅུ་དྲུག་དེ་རྒྱ་ནག་གི་ཧྭ་ཤང་ནང་བཞིན་ཡོད་པ་རེད། དེ་བཞིན་ད་དུང་ཆོས་བྱེད་མཁན་གྱི་གྱོན་ཆས་དང་ཡོ་བྱད་རྣམས་ལའང་མི་རིགས་སོ་སོའི་ཁྱད་ཆོས་ཡོད་པ་སྟེ། དཔེར་ན། ལྷུང་བཟེད་ལ་ཆ་བཞག་ན་བོད་དང་རྒྱ་གར་གྱི་དགེ་སློང་ཚོའི་ལྷུང་བཟེད་དེ་སྒོ་ང་ཕྱེད་ཀ་ལྷ་བུ་འོག་ལ་བཀྱག་ཡོད་པ་ཞིག་དང་རྒྱ་ནག་གི་ལྷུང་བཟེད་ནི་ཞབས་རྭ་མེད་པའི་མཐིལ་ཆ་སྙོམས་པོ་ཞིག་ཡོད་པ། འཁར་གསིལ་ལ་ཆ་བཞག་ན་ཡང་བོད་དང་རྒྱ་གར་གྱི་དགེ་སློང་ཚོའི་མཁར་གསིལ་ལ་མཆོད་རྟེན་སྟེང་འོག་གཉིས་དང་རྭ་བརྒྱད་ཡོད་པ་དང༌། རྒྱ་ནག་ཧྭ་ཤང་གི་མཁར་གསིལ་གྱི་རྩེ་ལ་མཆོད་རྟེན་མེད་ལ་རྭ་ཡང་བཞི་ལས་མེད། ཆོས་བྱེད་སྟངས་ཐད་ལ་ཡང་དཔེར་ན་མི་ཤི་རྗེས་འདས་མཆོད་བྱེད་སྲོལ་ཡང་མི་འདྲ་བ་ཡོད། དེར་བརྟེན་སངས་རྒྱས་ཆོས་ལུགས་ལ་མི་རིགས་ཀྱི་ཁྱད་ཆོས་ཡོད་པ་དེས་ས་གནས་ཀྱི་མི་རིགས་དེའི་མང་ཚོགས་ཀྱི་གོམས་གཤིས་དང་མཐུན་པ་དང༌། མང་ཚོགས་ནང་ཁྱབ་རྒྱ་ཆེ་བ། མང་ཚོགས་ནང་རྨང་གཞི་གཏིང་ཟབ་ཚུགས་ཐུབ་པ་བཅས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད། འོན་ཀྱང་ཆ་ལུགས་དང་བྱེད་སྟངས་ཐད་མི་འདྲ་བ་ཙམ་ལས་སངས་རྒྱས་བཅོམ་ལྡན་འདས་སྟོན་པ་བླ་ན་མེད་པ་ཡིན་པ་དང༌། དེས་གསུངས་པའི་ཆོས་དེ་བསྟན་པ་སྐྱོན་མེད་ཡིན་པ། སྐྱབས་གནས་དཀོན་མཆོག་གསུམ་ཁས་ལེན་པ། ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་དང་སྤྱོད་པ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་སོགས་ཀྱི་ཐད་སངས་རྒྱས་ཆོས་ལུགས་པ་ཡིན་ཕྱིན་མི་རིགས་ཀྱི་དབྱེ་བའི་དབང་གིས་མི་འདྲ་བ་གང་ཡང་མེད།

བོད་དུ་བསྟན་པ་ཕྱི་དར་གྱི་གོང་ལ་ཚང་མས་རྙིང་མར་དད་པ་བྱེད་ཀྱི་ཡོད་པ་དང་ཕྱི་དར་གྱི་རྗེས་སུ་གྲུབ་མཐའ་མི་འདྲ་བ་མང་པོ་བྱུང་ཡོད་ཅིང༌། གྲུབ་མཐའ་དེ་དག་ལ་ས་ཁུལ་གྱི་ཁྱད་ཆོས་བྱུང་བ་སྟེ་ས་གནས་འགའ་ཤས་ལ་རྙིང་མའི་ཆོས་ལ་དད་པ་བྱེད་མཁན་མང་བ་དང༌། འགའ་ཤས་ལ་ས་སྐྱའི་ཆོས་ལ་དད་པ་བྱེད་མཁན་མང་བ། འགའ་ཤས་ལ་དགེ་ལུགས་ཀྱི་ཆོས་ལ་དད་པ་བྱེད་མཁན་མང་བ་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས་བོད་ལ་དར་བའི་སངས་རྒྱས་ཆོས་ལུགས་དེ་ལ་ས་ཁུལ་གྱི་རང་བཞིན་བྱུང་སྟེ་མི་རིགས་གཅིག་གི་ནང་ལའང་ས་གནས་མི་འདྲ་བར་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་དར་ཡོད། ས་ཁུལ་གྱི་ཁྱད་པར་དེའི་དབང་གིས་བོད་མི་རིགས་ནང་ཁུལ་གྱི་མཐུན་སྒྲིལ་ལ་ཤུགས་རྐྱེན་ངན་པ་ཐེབས་ཡོད་པས་དེ་ནི་ཉལ་ཐ་ལས་སྡུག་པ་ཞིག་རེད། ས་ཁུལ་སོ་སོའི་དད་པ་བྱེད་ས་ཞིག་ཡོད་པ་དེ་མ་འགྲིག་པ་མེད་ཅིང༌། སོ་སོའི་འགྲོ་ལམ་དེ་རྙིང་མར་བརྟེན་ནས་ཕྱིན་ནའང་འདྲ། བཀའ་བརྒྱུད་ལ་བརྟེན་ནས་ཕྱིན་ནའང་འདྲ། གང་ལྟར་བླ་མ་གོང་མ་ཚོས་མི་སོ་སོ་ལ་ལམ་མི་འདྲ་བ་བསྟན་གནང་བ་ལས་སླེབས་ས་ནི་སངས་རྒྱས་ཀྱི་གོ་འཕང་འཐོབ་རྒྱུ་དེ་ལས་གཞན་ལོགས་སུ་མེད།

རྒྱ་གར་ལ་སངས་རྒྱས་ཆོས་ལུགས་བྱུང་ནས་ན་ནིང་བར་ལོ་ཉིས་སྟོང་ལྔ་བརྒྱ་སུམ་ཅུ་སོ་གཉིས་སོང་བ་དང༌། ནང་སར་སངས་རྒྱས་ཆོས་ལུགས་དར་ནས་ན་ནིང་བར་ལོ་ཆིག་སྟོང་བརྒྱད་བརྒྱ་ལྷག་སོང་བ། བོད་ལ་སངས་རྒྱས་ཆོས་ལུགས་བྱུང་ནས་ན་ནིང་བར་ལོ་ཆིག་སྟོང་སུམ་བརྒྱ་བཞི་བཅུ་ཞེ་བརྒྱད་བཅས་ཕྱིན་ཡོད་ཅིང༌། ལོ་དེ་དག་རིང་སངས་རྒྱས་ཆོས་ལུགས་གོང་འཕེལ་དང་ཉམས་ཆག་གི་གནས་ཚུལ་རིམ་པར་བྱུང་བ་སྟེ། དཔེར་ན། རྒྱ་གར་ལ་སངས་རྒྱས་ཆོས་ལུགས་ལ་ཉམས་ཆག་ཆེ་བ་ཐེངས་བཞི་བྱུང་ཞིང༌། དེའི་ནང་ཉམས་ཆག་ཆེ་ཤོས་ཇོ་བོ་རྗེ་ཨ་ཏི་ཤ་བོད་ལ་ཕེབས་ནས་ལོ་ཁ་ཤས་སོང་རྗེས་ཁ་ཆེའི་དམག་བྱུང་ནས་སངས་རྒྱས་ཆོས་ལུགས་ལ་ཉམས་ཆག་བྱུང་སྟེ་རྒྱ་གར་གྱི་མཁས་པ་མང་པོ་ཞིག་རྒྱ་གར་ནས་ལྷོ་ཤར་གཉིས་སུ་བྲོས་ཕེབས་དགོས་བྱུང་ཡོད། ནང་སར་ཆ་བཞག་ན་སངས་རྒྱས་ཆོས་ལུགས་བྱུང་ནས་ལོ་ཆིག་སྟོང་བརྒྱད་བརྒྱ་སོང་རིང་ནང་སའི་བོན་དང་འཐབ་རྩོད་ཐེངས་མང་བྱུང་མྱོང་ཡོད། ནང་སའི་བོན་དེ་ལ་རྒྱ་སྐད་དུ་ཏའོ་ཅའོ་ཟེར་ཞིང༌། དེ་ཡང་བོད་ཀྱི་བོན་དང་ཡང་འདྲ་གི་མེད། དེ་སྔ་ནང་སར་གོང་མ་ཁ་ཤས་ཀྱིས་སངས་རྒྱས་ཆོས་ལུགས་མེད་པ་བཟོས་ཏེ་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་མང་པོ་བསད་པ་སོགས་ཀྱི་གནས་ཚུལ་བྱུང་མྱོང་རུང་ས་རྒྱ་ཆེ་རྐྱེན་ས་ཆ་ལ་ལར་རྩ་མེད་བཟོས་ནའང་ས་ཆ་ལ་ལར་མུ་མཐུད་གནས་ཡོད། བོད་ལ་ཆ་བཞག་ནའང་བསྟན་པ་སྔ་དར་ཕྱི་དར་གཉིས་བྱུང་སྟེ་བསྟན་པ་སྔ་དར་ལ་སངས་རྒྱས་བསྟན་པ་དར་རྒྱས་ཆེན་པོ་བྱུང་ནས་དེ་རྗེས་གླང་དར་མས་ཆོས་བསྣུབས་ཏེ་ཡང་སྐྱར་བསྟན་པ་ཕྱི་དར་བྱུང་བ་དང༌། བསྟན་པ་ཕྱི་དར་གྱི་རྗེས་ལ་རིག་གནས་གསར་བརྗེ་བྱུང་བ་རེད། རིག་གནས་གསར་བརྗེ་ཆེན་པོ་བྱུང་ནས་དེ་སྔ་ཕན་ཆད་ལོ་ཆིག་སྟོང་སུམ་བརྒྱ་ཙམ་གྱི་ནང་གོང་འཕེལ་བྱུང་བའི་བོད་ཀྱི་རིག་གནས་དེ་ཚོ་རིག་གནས་གསར་བརྗེ་ལོ་ཁ་ཤས་ནང་གཏོར་བརླག་བཏང་རུང་རྩ་མེད་དུ་གཏོང་ཐུབ་མེད།

སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྙིང་པོ་དེ་གཞན་ལ་གནོད་པ་མི་བྱེད་པར་མ་ཟད་གཞན་ལ་ཕན་ཐོགས་བྱ་དགོས་པ་དེ་ཡིན། མི་དགེ་བའི་ཆོས་ཟེར་བ་ནི་གཞན་ལ་གནོད་པ་བྱེད་པ་དེ་ཡིན་པ་དང་དགེ་བའི་ཆོས་ནི་གཞན་ལ་ཕན་ཐོགས་བྱེད་རྒྱུ་དེ་ཡིན་པས་གནོད་མི་བྱེད་པ་ཙམ་གྱིས་མ་འགྲིག་པར་གཞན་ལ་ཕན་ཐོགས་བྱེད་དགོས་པ་སྟེ་ཐེག་པ་ཆེ་ཆུང་གི་ཆོས་ཟེར་བ་ཡང་དེ་ཡིན། གཙོ་བོ་ནི་སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ནང་སྤྱི་ཚོགས་ལ་ཕན་ཐོགས་ཡོད་པ་མང་པོ་ཞིག་ཡོད་པ་དེ་ཡིན། སངས་རྒྱས་ཆོས་ལུགས་ལ་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོང་ཐུབ་པ་དེའང་རྩ་བ་དེ་ལ་ཐུག་ཡོད།

ཡང་ཞུ་དགོས་པ་ཞིག་ནི་གྲུབ་མཐའ་རིས་མེད་ཅེས་པ་དེ་ཡིན། དེར་གོ་བ་གཉིས་ཡོད། གོ་བ་ལོག་པ་བླངས་ན་མི་འགྲིག གྲུབ་མཐའ་རིས་མེད་ཟེར་བ་དེ་ཆོས་ལུགས་གྲུབ་མཐའ་དཔེར་ན་ས་སྐྱ་དང༌། རྙིང་མ། བཀའ་བརྒྱུད་ཚང་མར་དད་པ་བྱས་པ་གཅིག་པུའི་དོན་མིན་པར་གྲུབ་མཐའ་སོ་སོའི་ཆོས་ཚང་མ་ཞུས་ཐོག་གྲུབ་མཐའ་ཚང་མ་ཕར་བསྲེས་ཚུར་བསྲེས་མ་བྱས་པར་གཙང་མ་ཞིག་བྱེད་དགོས། ཡག་ཤོས་བྱུང་ན་གྲུབ་མཐའ་གང་རུང་ཞིག་གཙོ་བོར་བྱས་ཏེ་དེའི་ཐོག་གྲུབ་མཐའ་གཞན་ཁག་ཉམས་ལེན་བྱེད་དགོས། དཔེར་ན་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་གཙོ་བོ་གནང་རྒྱུ་རྙིང་མ་ཡིན་ནའང་ཆོས་ལུགས་ཚང་མ་གསན་པ་མ་ཟད་ཚང་མ་མཁྱེན་གྱི་ཡོད་པ་རེད། ཚང་མ་མཁྱེན་སྟབས་ཁོང་གི་གསུང་རྩོམ་ནང་ཕྱོགས་རིས་ཀྱི་བཀའ་མོལ་གཏན་ནས་མེད། དེ་བཞིན་རྫ་དཔལ་སྤྲུལ་དང༌། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན། ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ཆེན་པོ། དིལ་མགོན་མཁྱེན་བརྩེ་རིན་པོ་ཆེ་སོགས་ཀྱང་དེ་ལྟར་རེད། དེར་བརྟེན་རང་ལ་གཙོ་བོ་བྱེད་རྒྱུའི་ཆོས་ལུགས་གཅིག་ཡོད་པའི་ཁར་ཆོས་ལུགས་གཞན་ཚང་མ་གསན་ཐོག ཆོས་ལུགས་སོ་སོའི་བཞེད་སྲོལ་ཕར་བསྲེས་ཚུར་བསྲེས་མ་བྱས་པར་ཇི་མ་ཇི་བཞིན་རང་འཇགས་བཞག་པ་དེ་ལ་གྲུབ་མཐའ་རིས་མེད་ཟེར། ང་རང་ལ་ཆ་བཞག་ན་ཆོས་ལུགས་ཐམས་ཅད་ཤེས་ཀྱི་མེད་ལ་ཆོས་ལུགས་ཚང་མར་བལྟས་ཡོང་དུས་ཞེ་དྲག་ཤེས་ཀྱི་ཡང་མེད། ཡིན་ནའང་གྲུབ་མཐའ་ཚང་མ་བོད་ཀྱི་བླ་མ་གོང་མ་ཚོས་གདུལ་བྱ་སོ་སོའི་བསམ་པ་དང་བསྟུན་ནས་ཆོས་གསུངས་ཏེ་གང་ལྟར་གདུལ་བྱ་ཚང་མ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ལ་ཁྲིད་སྟངས་ཀྱི་ཐབས་ཤེས་ཤིག་ཡིན་པ་དེ་གསལ་པོ་ཤེས་ཀྱི་ཡོད།

དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་དྲི་མ་མེད་པའི་རྣམ་གཞག་དངོས་བཤད་པ་ལ། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར། བསྟན་པའི་བདག་པོ་སྟོན་པ་ཐུགས་རྗེ་ཅན་གྱིས་འགྲོ་བ་ཉོན་མོངས་ལ་སྤྱོད་པའི་སྒོ་དང་མཐུན་པར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དུ་གསུངས་པ་ཐམས་ཅད། བརྗོད་བྱའི་སྒོ་ནས་ཀུན་རྫོབ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་དྲང་དོན་གྱི་མདོ་དང༌། དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་ངེས་དོན་གྱི་མདོ་གཉིས་དང༌། གདུལ་བྱའི་སྒོ་ནས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་རིགས་ཅན་ལ་ཐེག་དམན་གྱི་ལམ་འབྲས་གཙོ་བོར་སྟོན་པའི་ཐེག་དམན་གྱི་སྡེ་སྣོད་དང༌། རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་རིགས་ཅན་ལ་ཐེག་ཆེན་གྱི་ལམ་འབྲས་གཙོ་བོར་སྟོན་པའི་ཐེག་ཆེན་གྱི་སྡེ་སྣོད་དེ་སྡེ་སྣོད་གཉིས་སམ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པའི་འདུལ་བའི་སྡེ་སྣོད། ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པའི་མདོ་སྡེའི་སྡེ་སྣོད། ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པའི་མངོན་པའི་སྡེ་སྣོད་དེ་སྡེ་སྣོད་གསུམ་དུ་འདུ་ཞིང༌། རྟོགས་པའི་བསྟན་པ་ཐམས་ཅད་ཀྱང་བསླབ་པ་གསུམ་དུ་འདུ་བས་སྡེ་སྣོད་གསུམ་དང་བསླབ་པ་གསུམ་དུ་མ་འདུས་པའི་ལུང་རྟོགས་ཀྱི་ཆོས་མེད་དོ། །དེ་ལྟར་དུ། ལྕང་སྐྱ་རོལ་པའི་རྡོ་རྗེའི་ཞལ་ནས། སྡེ་སྣོད་གསུམ་གྱི་དགོངས་པའི་དོན། །འགལ་བ་མེད་ཅིང་ལེགས་གནས་པ། །གང་དུ་ངེས་པར་ཡོད་པ་དེ། །དྲང་སྲོང་ཆེན་པོའི་བསྟན་པ་ཡིན། །བསླབ་པ་གསུམ་གྱི་སྒྲུབ་པ་ནི། །སྐྱོན་དང་བྲལ་བར་ལེགས་གནས་པ། །གང་གི་ཕྱོགས་ལ་མཆིས་གྱུར་པ། །དེ་ནི་སངས་རྒྱས་བསྟན་པ་ཡིན། །ཐབས་དང་ཤེས་རབ་ལེགས་འབྲེལ་ཞིང༌། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །གང་དུ་ལེགས་པར་གནས་གྱུར་པ། །དེ་ནི་ཐེག་ཆེན་བསྟན་པ་ཡིན། །མཐའ་དང་བྲལ་བའི་ལྟ་བ་དང༌། །དཔྱད་འཇོག་ཆ་མཉམ་སྒོམ་པ་དང༌། །མདོ་སྔགས་བཤད་སྒྲུབ་འགལ་མེད་སྤྱོད། །དེ་ནི་བསྟན་པ་སྐྱོན་མེད་ཡིན། །ཞེས་གསུངས་པ་ལྟར། ལུང་གི་བསྟན་པ་སྡེ་སྣོད་གསུམ་དང་མི་འགལ་བའི་ལྟ་སྒོམ་སྤྱོད་གསུམ་སྟོན་པ་དང༌། རྟོགས་པའི་བསྟན་པ་བསླབ་པ་གསུམ་རང་རྒྱུད་ལ་སྒྲུབ་པ་དང་རྗེས་སུ་མཐུན་པ། དེའི་སྟེང་དུ་ཐབས་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང༌། ཤེས་རབ་དོན་དམ་སྟོང་པ་ཉིད་གཉིས་ཟུང་དུ་འབྲེལ་བའི་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བསྐྱེད་དང་ལྡན་པ་ལ་ཐེག་ཆེན་གྱི་བསྟན་པ་ཞེས་ཟེར་ཞིང༌། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཏེ་བྱང་ཆུབ་ཀྱི་སེམས་ལ་མདོ་ལས་བཤད་པ་རྒྱག་སྲོལ་གཅིག་དང༌། སྔགས་ལས་བཤད་པ་རྒྱག་སྲོལ་ཞིག་སྟེ་གཉིས་ཡོད་ཅིང༌། མདོ་ལས་བཤད་པ་རྒྱག་སྲོལ་ནི་ནམ་རྒྱུན་གྱི་བྱང་ཆུབ་སེམས་ཞེས་པ་དེ་ཡིན་པ་དང༌། སྔགས་ཀྱི་ཐོག་ནས་བཤད་པ་རྒྱག་སྲོལ་ནི་བདེ་བ་ཆེན་པོ་སྟེ་ཐབས་བདེ་བ་ཆེན་པོ་ལ་བྱང་ཆུབ་སེམས་ཀྱི་མིང་བཏགས་པ་རེད། དེ་ལྟ་བུའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། ། (ཚུལ་གནས་ནི་ཚུལ་ཁྲིམས་ལ་གནས་པ་)སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང༌། མདོ་སྡེ་རྒྱན་ལས། དེ་ནི་བག་ཆགས་རྟོགས་དང་ཞི་བ་དང༌། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །ཅེས་ལུང་སྡེ་སྣོད་གསུམ་ལ་ཐོས་པ་བྱས་པས་རང་རང་གི་དོན་རྟོགས་པའི་བག་ཆགས་འཇོག བསམ་པས་དོན་ཚད་མའི་སྒོ་ནས་རྟོགས་པར་བྱེད། སྒོམ་པས་ཞི་ལྷག་གིས་ཉོན་མོངས་མངོན་གྱུར་པ་ཞི་བར་བྱེད་ཅིང་ས་བོན་ལས་གྲོལ་བར་བྱེད་པར་གསུངས་པ་ལྟར། ཐོས་བསམ་ཡ་མ་བྲལ་བར་གཅིག་གི་གེགས་གཅིག་གིས་བསལ། གཅིག་གི་གྲོགས་སུ་གཅིག་འགྲོ་བའི་སྒོ་ནས་རྒྱུད་རིམ་པར་སྦྱངས་ཏེ། ཞེས་པ་དེ་ནི་བསམ་པས་བསམ་བློ་བཏང་ནས་དཔྱད་སྒོམ་བྱེད་པ་དེ་བརྟག་དཔྱད་བྱས་པ་ཞིག་རང་ཡིན། དཔྱད་སྒོམ་བྱས་ནས་དངོས་འབྲེལ་རང་གི་སེམས་དང་དོན་གཉིས་འདྲེས་པ་ཞིག་ཡོང་གི་ཡོད། དེ་ཡང་ཐོས་པ་བྱས་ནས་བསམ་པ་མ་བྱས་པར་རང་གི་སེམས་དང་ཆོས་གཉིས་རྒྱབ་འགལ་སོང་ཚེ་མི་རོ་རྒྱབ་ཏུ་འཁུར་བ་ལྟར་འཁྱེར་མཁན་དང་རོ་གཉིས་རྒྱབ་དང་རྒྱབ་བསྟན་པ་ལྟར་ཆོས་དང་སེམས་གཉིས་མི་རོ་རྒྱབ་སྤྲོད་ལྟར་ཆགས་རྒྱུ་རེད། སྒོམ་པས་ཞི་ལྷག་གིས་ཉོན་མོངས་མངོན་གྱུར་བ་ཞི་བར་བྱེད་ཅིང་ཞེས་པའི་ཉོན་མོངས་མངོན་གྱུར་བ་ཞི་བར་བྱེད་མཁན་ནི་ཞི་གནས་དང་ཉོན་མོངས་ཀྱི་ས་བོན་མེད་པར་བཟོ་མཁན་ནི་ལྷག་མཐོང་ཡིན་པས་སྒོམ་པས་ཞི་ལྷག་གིས་ཉོན་མོངས་མངོན་གྱུར་བ་ཞི་བར་བྱེད་ཅིང༌། ས་བོན་ལས་གྲོལ་བར་གསུངས་པ་ལྟར། ཐོས་བསམ་ཡ་མ་བྲལ་བར་གཅིག་གི་གེགས་གཅིག་གིས་བསལ། གཅིག་གི་གྲོགས་སུ་གཅིག་འགྲོ་བའི་སྒོ་ནས་རྒྱུད་རིམ་པར་སྦྱངས་ཏེ་ཞེས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན།

རྟོགས་པའི་བསྟན་པ་ཚུལ་ཁྲིམས་ཀྱི་བསླབ་པས་མངོན་མཐོ་དང་ངེས་པར་ལེགས་པའི་ཕུན་སུམ་ཚོགས་པ་མ་ལུས་པ་སྒྲུབ་པར་བྱེད་པའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཡོན་ཏན་གྱི་གཞི་རྟེན་བྱེད། ཏིང་ངེ་འཛིན་གྱི་བསླབ་པས་ཉོན་མོངས་དང་ཤེས་བྱའི་སྒྲིབ་པས་བསྡུས་པའི་སྐྱོན་གྱི་རྣམ་པ་མ་ལུས་པ་ཡོངས་སུ་དག་པར་བྱེད། ཤེས་རབ་ཀྱི་བསླབ་པས་ཕུང་ཁམས་སྐྱེ་མཆེད་སོགས་གཞི་ལམ་འབྲས་གསུམ་དུ་བསྡུས་པའི་ཇི་ལྟ་བ་དང༌། ཇི་སྙེད་པའི་ཆོས་ཐམས་ཅད་ཤེས་ཤིང་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་ཐོབ་པར་བྱེད་པ་སྟེ། དེ་ལྟ་བུའི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་ལ་མ་རྟོགས་པ་དང༌། ལོག་པར་རྟོག་པ་དང༌། (ལོག་པར་རྟོག་པ་ནི་གོ་བ་ལོག་པ་དང༌། མ་རྟོགས་པ་ནི་ཚིག་དོན་གྱི་ཆ་མ་ཤེས་པའི་དོན་ཡིན་)ཐེ་ཚོམ་གྱི་དྲི་མ་མཐའ་དག་དྲུངས་ནས་ཕྱུངས་ཤིང་གསེར་སྦྱངས་བཙོ་མ་བྱི་དོར་བྱས་པ་ལྟར་མཛད་དེ་(གསེར་སྦྱངས་བཙོ་མ་བྱི་དོར་བྱས་ཟེར་བ་ནི་ཡང་ཟློས་སྐྱར་ཟློས་ཀྱིས་གསེར་མེ་ལ་བསྲེག་པ་དང་ཆུ་ལ་བཀྲུས་ནས་གསེར་སྐྱོན་ལྷད་མེད་པ་བཟོས་པའི་དོན་ཡིན་ཞིང༌། དེ་ནི་འཇམ་མགོན་བླ་མས་གསུངས་པ་རྣམས་གསེར་སྦྱངས་བཙོ་མ་ལྟར་ལྷད་སྐྱོན་མེད་པའི་དོན་ཡིན་)བསྟན་པའི་རྩ་བ་སོ་སོ་ཐར་བའི་བསླབ་ཁྲིམས་རྣམ་པར་དག་པ་གཞིར་གཟུང༌། སྡེ་སྣོད་གསུམ་དང་ལྷག་པར་ཐེག་ཆེན་གྱི་སྡེ་སྣོད་ལས་བྱང་ཆུབ་ཀྱི་སེམས་དང༌། ས་དང་ཕ་རོལ་ཏུ་ཕྱིན་པའི་སྤྱོད་པ་རྒྱ་ཆེན་པོ་དང༌། བདག་མེད་ཕྲ་མོ་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྟན་པ་ལ་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་ཕྱི་འདུལ་བའི་སྤྱོད་ལམ་ལ་གནས་ཏེ་བསྟན་པ་སྤྱིའི་སྲོལ་ཀ་སྐྱོང་ཞིང༌། ནང་གསང་སྔགས་ཀྱི་ཉམས་ལེན་ཟབ་མོ་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་པས་མདོ་སྔགས་རིས་སུ་མ་བཅད་པར་ཕན་ཚུན་འགལ་མེད་གྲོགས་སུ་འཁྱེར་བ་ལ་སོགས་པའི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་ལ་སྐྱོན་གྱི་ཆ་ཕྲ་མོ་ཙམ་ཡང་མ་གོས་པར་རྣམ་པར་དག་པའི་རིང་ལུགས་དྲི་མ་མེད་པ་འདི་ལ། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གྲུབ་མཐའ་ཞེས་སྙན་གྲགས་ལྷ་ཡི་རོལ་མོ་འཛམ་གླིང་ཡངས་པའི་ཁྱོན་ཐམས་ཅད་ལ་ཡོངས་སུ་ཁྱབ་བོ།།

དེ་ལྟ་བུའི་རྗེ་བླ་མའི་རིང་ལུགས་འདི་ལ་དགེ་ལུགས་པའི་གྲུབ་མཐའ་ཞེས་ཡོངས་སུ་གྲགས་པ་ནི། གོང་དུ་བརྗོད་ཟིན་པ་ལྟར་གདན་སའི་མིང་གིས་བཏགས་པ་ཡིན་ཏེ། རྗེ་བདག་ཉིད་ཆེན་པོས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་དེ། སྐུ་ཚེ་སྨད་དུ་དེར་བརྟན་ཆགས་སུ་བཞུགས་པ་ལ་བརྟེན་ནས་རྗེའི་རིང་ལུགས་ལ་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་གྲགས་ཤིང༌། བརྗོད་བདེ་དབང་གིས་ཕྱིས་སུ་དགེ་ལུགས་པ་ཞེས་འབོད་པ་རྒྱུན་ཆགས་པ་ཡིན་ནོ། །རྗེའི་རིང་ལུགས་ལ་དགའ་ལྡན་ལུགས་ཞེས་པའི་མཚན་བྱུང་བའང༌། བཀའ་གདམས་གླེགས་བམ་ལས་ལུང་བསྟན་པ་ཡིན་ཏེ། ཕ་ཆོས་ལེའུ་ཉེར་དྲུག་པའི་མ་འོངས་ལུང་བསྟན་ལས། <<ཕ་ཆོས་དང་བུ་ཆོས་གཉིས་>>ལས། (འབྲོམ་སྟོན་པས་ཇོ་བོ་རྗེ་ལ་ཞུས་ཏེ་ཇོ་བོ་རྗེས་གསུངས་པ་ལ་ཕ་ཆོས་དང༌། རྔོག་ལེགས་པའི་ཤེས་རབ་ཀྱིས་ཞུས་ཏེ་ཇོ་བོ་རྗེ་ལན་བསྐྱོན་པ་ལ་བུ་ཆོས་ཟེར་)ཐ་མར་བསྟན་པའི་མེ་རོ་དག །གྲགས་པའི་མཚན་གྱིས་གསོལ་བར་བྱེད། །དུ་མའི་ཕན་བདེ་སྒྲུབ་པར་བྱེད། །དེ་ཡང་གནས་མཆོག་དམ་པ་ཡིན། །ཞེས་ཚིག་རྐང་གཉིས་པས་རྗེའི་མཚན་ཟུར་དང༌། གནས་མཆོག་དམ་པ་ནི་དགའ་ལྡན་ཞེས་པའི་མིང་འདིས་དེའི་ཆོས་ལུགས་ལའང་ཁྱབ་པར་བསྟན་པ་ཡིན་ཞེས་རང་རེའི་དམ་པ་འགའ་ཞིག་གིས་གསུངས་སོ། །དགེ་ལུགས་པ་ཞེས་པ་ནི་གོང་དུ་བརྗོད་པ་ལྟར་གདན་སའི་མིང་ཆོས་ལུགས་ལ་བཏགས་པ་སྟེ་དཔེར་ན་གདན་སའི་གཙོ་བོ་ས་སྐྱ་ལ་ཡོད་པའི་དབང་གིས་ས་སྐྱའི་ཆོས་ལུགས་དང༌། ཡང་ཀརྨ་ཀམ་ཚང་ཞེས་ཁམས་དུ་ཀརྨ་པ་བཞུགས་སའི་བྲག་ཕུག་གི་མིང་ལ་ཀརྨ་བཀའ་བརྒྱུད་ཅེས་བཏགས་པ་ལྟར་རྗེ་བདག་ཉིད་ཆེན་པོས་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་ཕྱག་འདེབས་མཛད་དེ་སྐུ་ཚེ་སྨད་དུ་རྒྱུན་བཞུགས་མཛད་པ་ལ་བརྟེན་ནས་དེའི་རིང་ལུགས་ལ་ཆོས་རྗེ་དགེ་ལྡན་པའི་རིང་ལུགས་ཀྱི་མཚན་བྱུང་བར་བསྟན་པ་དང༌། ཡང་བླ་ཆེན་དགོངས་པ་རབ་གསལ་གྱིས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་བོད་དུ་འབྱོན་ཁར་དབུ་ཞྭ་སེར་པོ་བཞེས་འཕྲོ་ཞིག་གནང་ནས་འདི་གྱོན་ལ་ང་རྗེས་སུ་དྲན་པར་གྱིས་གསུངས་པར་བརྟེན། དབུས་གཙང་གི་མཁས་པ་མི་དྲུག་དང་དབུས་གཙང་གི་མཁས་པ་མི་བཅུ་ཞེས་བཤད་ཚུལ་མི་འདྲ་བ་གཉིས་ཡོད་པ་དེའི་སྐོར་ཁོ་བོས་བྲིས་པའི་རྩོམ་ཡིག་གཞན་ནང་ནས་མཁྱེན་རྒྱུ་དང༌། ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་བླ་ཆེན་དགོངས་པ་རབ་གསལ་གྱི་མདུན་ནས་དགེ་སློང་གི་སྡོམ་པ་ཞུས་གནང་བ་དང༌། ཀླུ་མེས་བོད་དུ་ཕེབས་ཁར་བླ་མས་དབུ་ཞྭ་སེར་པོ་བཞེས་འཕྲོ་ཞིག་གནང་ནས་ཁྱོད་ཀྱིས་ཞྭ་མོ་འདི་གྱོན་ནས་བོད་ལ་དམ་ཆོས་འདུལ་བའི་བསྟན་པ་དར་སྤེལ་གཏོང་དགོས་ཞེས་བཀའ་སྩལ་ཞིང༌། དེ་ནས་བཟུང་བོད་ཀྱི་བསྟན་པ་ཕྱི་དར་གྱི་འདུལ་བ་འཛིན་པ་ཚང་མས་དབུ་ཞྭ་སེར་པོ་བཞེས་སྲོལ་བྱུང་ཞིང༌། རྗེ་ཙོང་ཁ་པས་ཀྱང་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་སོགས་བསྟན་པ་ཕྱི་དར་གྱི་བོད་ཀྱི་མཁས་པ་ཚོ་ལ་དྲན་གསོ་མཛད་ཆེད་དབུ་ཞྭ་སེར་པོ་བཞེས་པ་རེད། སྔོན་གྱི་འདུལ་འཛིན་ཆེན་པོ་རྣམས་ཀྱིས་དབུ་ཞྭ་སེར་པོ་མནབས་པ་ཡིན་པས། རྗེ་བླ་མས་ཀྱང་འདུལ་བའི་བསྟན་པ་རིན་པོ་ཆེ་ཉམས་པ་གཞི་ནས་གསོས་པའི་རྟེན་འབྲེལ་དུ་དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཛིན་པ་རྣམས་དང་མཐུན་པའི་སེར་པོར་མཛད་པར་བརྟེན། རྗེའི་རིང་ལུགས་ལ་ཞྭ་སེར་འཆང་བའི་ལུགས་ཞེས་གྲགས་སོ། །དེ་ནི་དབུ་ཞྭ་སེར་པོ་བཞེས་པ་ཙམ་གྱིས་དགེ་ལུགས་པའི་བསྟན་པ་འཛིན་པས་ཁྱབ་པ་མེད་ནའང་དབུ་ཞྭ་སེར་པོ་འདིས་བསྟན་པ་དར་འཕེལ་ཡོང་རྒྱུར་རྟེན་འབྲེལ་ཡོད་པ་ཡིན་སྟབས་དེ་ལྟར་མཛད་པ་རེད། ད་ཆ་དབུ་ཞྭ་སེར་པོ་བཞེས་ནས་དགེ་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གཏན་ནས་གསུང་མི་ཐུབ་མཁན་ཡོད་ལ། དབུ་ཞྭ་དམར་པོ་བཞེས་མཁན་ནང་ལའང་བཀའ་བརྒྱུད་དང་རྙིང་མའི་ཆོས་ཆ་ཚང་བ་གསུང་རྒྱུ་མེད་མཁན་ཡང་ཡོད། གཞན་ཡང༌། དེང་སྐབས་གསར་རྙིང་གི་གྲུབ་མཐའ་ཞེས་པའི་གསར་མ་ནི་དགེ་ལུགས་པ་ཁོ་ན་ལ་འཁྲུལ་བ་མང་བས། སྤྱིར་གསར་རྙིང་གི་གྲུབ་མཐའ་ཞེས་པའི་ཐ་སྙད་འདི། གསང་སྔགས་གསར་རྙིང་མ་གཏོགས་མདོ་ཕྱོགས་ལ་དེའི་ཐ་སྙད་མེད། དེ་ཡང་བསྟན་པ་ཕྱི་དར་གྱི་དབུ་ཚུགས་སྐབས་པཎྜི་ཏ་སྨྲྀ་ཏི་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོ་སོགས་ཀྱིས་གསང་སྔགས་ཀྱི་རྒྱུད་སྡེ་བོད་སྐད་དུ་བསྒྱུར་པ་མན་ཆད་ལ་གསང་སྔགས་གསར་མ་དང༌། དེའི་ཟླས་དྲངས་པའི་བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་བཻ་རོ་ཙ་ན་སོགས་ཀྱིས་བསྒྱུར་བའི་གསང་སྔགས་ཀྱི་རྒྱུད་སྡེ་ལ་གསང་སྔགས་རྙིང་མ་ཞེས་ཟེར། ྋརྒྱལ་དབང་ལྔ་པའི་བོད་ཀྱི་དེབ་ཐེར་དང་བཻ་དཀར་ལྟར་ན། ལྕགས་བྱ་(སྤྱི་ལོ་༩༠༡)ལོར་བོད་རྒྱལ་གླང་དར་མས་རྒྱལ་སྲིད་བཟུང་སྟེ་བསྟན་པ་བསྣུབས་པས་བསྟན་པ་སྔ་དར་གྱི་མཇུག་བསྡུས། བསྟན་པ་ཕྱི་དར་གྱི་འགོ་ཆུ་བྱ་(༩༧༣)ལོར་ཚུགས་པར་བུ་སྟོན་གྱིས་གསུངས། འདི་དག་གི་ལོ་ཚིགས་ལ་གསུང་ཚུལ་མི་མཐུན་པ་ཡོད་ན་ཡང་བསྟན་པ་སྔ་དར་ཕྱི་དར་གྱི་ཐ་སྙད་ནི་འདུལ་བའི་བསྟན་པ་ལ་གོ་དགོས། དེས་ན་གསང་སྔགས་གསར་མ་ནི། ས་སྐྱ་དང་བཀའ་བརྒྱུད་ནས་བཟུང་དགེ་ལྡན་པའི་བར་གྱི་གྲུབ་མཐའ་ཐམས་ཅད་ལ་ཟེར་དགོས་པ་ལས་དགེ་ལྡན་པ་ཁོ་ན་ལ་ཟེར་བ་མིན་ནོ། །སྤྱིར་གྲུབ་མཐའ་སོ་སོ་ལ་གཞི་ལམ་འབྲས་བུའི་རྣམ་བཞག་འདོད་ཚུལ་མི་འདྲ་བ་མང་དུ་ཡོད་ཀྱང་གཙོ་བོ་ལྟ་བའི་སྒོ་ནས་གྲུབ་མཐའ་ཐ་དད་པར་འཇོག་པ་ཡིན་པས། བོད་འདིར་བསྟན་པ་སྔ་དར་གྱི་དུས་སུ་ལྟ་བ་ནི་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས། ལྟ་བ་དང་སྤྱོད་པ་མཁན་ཆེན་བོ་དྷི་ས་ཏྭའི་ལུགས་བཞིན་གྱིས་ཤིག་ཅེས་ཐོག་མར་ཁྲིམས་བསྒྲགས་པ་དང༌། རྒྱའི་ཧྭ་ཤང་ཚར་བཅད་པའི་རྗེས་སུ་ཡང༌། རྒྱས་པོས་ད་ཕྱིན་ཆད་ལྟ་བ་ཀླུ་སྒྲུབ་ལྟར་བྱ་དགོས་ཤིང་ཧྭ་ཤང་གི་ལུགས་ལྟར་བྱེད་ན་ཆད་པ་གཅོད་དོ། །ཞེས་དྲིལ་བསྒྲགས་མཛད་པར་བཤད་པས། དེས་ན་བསྟན་པ་སྔ་དར་ལ་སེམས་ཙམ་པའི་རིང་ལུགས་འཛིན་པའི་པཎྜི་ཏ་འགའ་ཞིག་བྱོན་མོད་ཀྱང༌། གཙོ་ཆེ་བ་མཁན་ཆེན་ཞི་བ་འཚོ་དང་སློབ་དཔོན་ཀ་མ་ལ་ཤཱི་ལའི་རིང་ལུགས་ཡིན་པས་དབུ་མ་རང་རྒྱུད་པའི་ལྟ་བ་ཉིད་དར་ཆེ་ཞེས་ལྕང་སྐྱ་རིན་པོ་ཆེས་གསུངས། བསྟན་པ་ཕྱི་དར་གྱི་སྐབས་ནས་ས་སྐྱ་པ་དང༌། བཀའ་བརྒྱུད་པ་སོགས་གྲུབ་མཐའ་མི་འདྲ་བ་མང་དུ་བྱོན་ཀྱང༌། རི་བོ་དགེ་ལྡན་པའི་གྲུབ་མཐའ་འདི་ནི་ལྟ་སྒོམ་སྤྱོད་གསུམ་གྱི་ཆ་ལ་སྐྱོན་གྱི་རྣམ་པ་ཕྲ་མོས་ཀྱང་མ་གོས་པར་རྒྱལ་བའི་དགོངས་པའི་ཡང་སྙིང་དུ་གནས་པ་དང༌། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་སྤྱི་དང༌། ཁྱད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྣམ་བཞག་རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་མཐར་ཐུག་ཏུ་གནས་པ་སོགས་གྲུབ་མཐའ་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཕུན་སུམ་ཚོགས་པ་མང་དུ་ཡོད་ཀྱང༌། དེ་དག་རེ་རེ་ནས་འདིར་བརྗོད་ན་ཧ་ཅང་སྤྲོས་ཆེ་བས་རྗེ་ཡབ་སྲས་གྱི་གཞུང་ལུགས་ལ་རིང་དུ་འདྲིས་པར་བྱས་པ་ལས་ཤེས་པར་བྱའོ།།

བཀའ་གདམས་གསར་མ་ཞེས་པ་འདི་ནི་ཇོ་བོ་རྗེ་ནས་མར་བརྒྱུད་པའི་བཀའ་གདམས་པ་དང་དགེ་ལུགས་པ་གཉིས་ཀ་ལ་ཟེར་བ་ལས་དགེ་ལུགས་པ་གཅིག་པུར་བརྗོད་པ་མིན། གསར་རྙིང་གི་གྲུབ་མཐའ་ཞེས་པའི་ཐ་སྙད་འདི་གསང་སྔགས་ཀྱི་ཐོག་ནས་བྱུང་བ་ཡིན་ཞིང༌། བསྟན་པ་སྔ་དར་གྱི་དུས་སུ་བསྒྱུར་བའི་གསང་སྔགས་ལ་གསང་སྔགས་རྙིང་མ་དང། བསྟནཔ་ཕྱི་དར་གྱི་དུས་སུ་བསྒྱུར་བ་ལ་གསང་སྔགས་གསར་མ་ཞེས་ཟེར། བསྟན་པ་སྔ་དར་སྐོར་མདོར་བསྡུས་ཞུས་ན་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་བསྟན་པ་དབུ་བརྙེས་ནས་གླང་དར་མས་སངས་རྒྱས་ཆོས་ལུགས་མ་བསྣུབས་བར་གྱི་དུས་སྐབས་དེ་ལ་བསྟན་པ་སྔ་དར་གྱི་དུས་སྐབས་ཟེར་བ་དང༌། བསྟན་པ་སྔ་དར་དང་ཕྱི་དར་བར་སྟོང་ལོ་བརྒྱ་དང་བཅུ་མེད་བརྒྱད་ཡོད་ཅིང༌། དེ་ནི་གླང་དར་གྱིས་བསྟན་པ་བསྣུབས་པ་ནས་བརྩིས་ཏེ་ཇོ་བོ་རྗེ་བོད་ལ་ཕེབས་ཏེ་བཀའ་གདམས་ཀྱི་བསྟན་པ་མ་བྱུང་བར་རམ་བླ་ཆེན་གྱིས་ཁམས་ནས་འདུལ་བའི་བསྟན་པ་དར་འཕེལ་བཏང་གནང་བའི་བར་དེ་ཡིན། བསྟན་པ་ཕྱི་དར་དབུ་ཚུགས་སྐབས་པཎྜི་ཏ་སྨྲྀ་ཏི་ཞེས་པ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཡོད། ཁོང་སྐབས་དེར་རྒྱ་གར་གྱི་མཁས་པ་ཆེན་པོ་རྣམས་ཀྱི་ནང་ནས་ཀྱང་རྩེར་སོན་པ་ཞིག་ཡིན་པས་མུ་སྟེགས་པས་ནང་པའི་མཁས་པ་འདི་རྒྱ་གར་ལ་བཞུགས་ན་མུ་སྟེགས་པའི་བསྟན་པ་དར་སྤེལ་གཏོང་རྒྱུར་གནོན་སྐྱོན་ཤིན་ཏུ་ཆེན་པོ་ཡོང་བ་འདུག་སྙམ་ནས་མཐུ་བཏབ་སྟེ་ཐུགས་སེམས་འགྱུར་ནས་བོད་ལ་ཕེབས་དགོས་བྱུང་བ་དང༌། བོད་དུ་བྱོན་རྗེས་བོད་སྐད་མ་མཁྱེན་སྟབས་གཙང་རྟ་ནག་ཏུ་ལོ་ཤས་ལུག་རྫི་མཛད་དེ་བཞུགས་པ་དང༌། རྗེས་སུ་ཁོང་གི་སློབ་མ་དཔྱལ་འབྱུང་གནས་རྒྱལ་མཚན་གྱིས་སྦྱིན་བདག་ལ་གསེར་མང་པོ་སྤྲད་ནས་བླུས་ཏེ་ཁམས་ལ་གདན་དྲངས་ནས་ལྡན་ཁོག་ཏུ་ཀློང་ཐང་བྱེ་མ་ལྷ་ཁང་ཡོད་ས་དེར་ཡུན་རིང་བཞུགས། སྐབས་དེ་དུས་ཁུ་རྔོག་འབྲོམ་གསུམ་སྟེ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང༌། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། རྔོག་ལེགས་པའི་ཤེས་རབ་བཅས་སྐུ་མཆེད་གསུམ་གྱིས་སྨྲྀ་ཏིའི་དྲུང་ནས་སྒྲ་རིག་པ་སོགས་གསན་པ་དང༌། ཁོང་རྣམ་གསུམ་ནི་མངོན་མཁྱེན་ཡོད་པ་དང་སོ་སོའི་སྐུ་སྐྱེ་སྔ་ཕྱི་ཚང་མ་གསུང་རྒྱུ་ཡོད་མཁན་ཤ་སྟག་ཡིན། ཡང་བཤད་སྲོལ་གཅིག་ལ་སྨྲྀ་ཏི་བོད་ལ་ཕེབས་དོན་གཙོ་བོ་ནི་ཁོང་གི་ཡུམ་འདས་རྗེས་གཙང་རྟ་ནག་གི་མི་ཚང་ཞིག་གི་ཐབ་འོག་ཏུ་སྡིག་པ་རྭ་ཉག་ལ་སྐྱེས་ཡོད་པས་དེ་སྐྱོབ་པར་ཕེབས་པ་རེད་ཅེས་བརྗོད་སྲོལ་ཡོད། ལོ་ཙཱ་བ་རིན་ཆེན་བཟང་པོ་དེས་རྒྱ་གར་དུ་པཎྜི་ཏའི་མཚན་ཡོད་པའི་བླ་མ་བདུན་ཅུ་ལྷག་བསྟེན་གནང་མྱོང་ཡོད་པས་མཁས་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཡིན་སྟབས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས། རྒྱལ་བའི་དམ་ཆོས་འཛིན་པའི་སྨོན་ལམ་ཚོགས། །རླབས་ཆེན་དགེ་ཚོགས་དུ་མས་བསྐུལ་བར་བྱེད། །སྣང་བ་དག་པའི་འཕགས་པའི་ཡུལ་བགྲོད་ནས། །ལམ་འདི་གངས་རིའི་ཁྲོད་དུ་གསལ་མཛད་པ། །འཇིག་རྟེན་མིག་འགྱུར་རིན་ཆེན་བཟང་པོ་དང༌། །གསང་བའི་མཛོད་འཛིན་ལྷོ་བྲག་མར་པ་སོགས། །ཞེས་རྒྱལ་བའི་དམ་ཆོས་སྒྲུབ་པའི་སྨོན་ལམ་གྱི་ཚོགས་སོགས་རླབས་ཆེན་གྱི་དགེ་ཚོགས་དུ་མའི་མཐུ་ལས་རྒྱ་གར་ལ་ཕེབས་ནས་པཎྜི་ཏའི་བླ་མ་དུ་མ་བསྟེན་ནས་བོད་ལ་གསང་སྔགས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་བཟོས་གནང་མཁན་ལྷོ་བྲག་མར་པ་ལོ་ཙཱ་བ་དང༌། ལོ་ཙཱ་བ་རིན་ཆེན་བཟང་པོ། རྟ་ནག་མགོས་ལོ་ཙཱ་བ་བཅས་ཁོང་རྣམ་གསུམ་བཀའ་དྲིན་ཆེན་པོ་ཡིན། ལོ་ཙཱ་བ་རིན་ཆེན་བཟང་པོ་དེ་ཞལ་རས་སྐམ་པོ་ཞིག་ལ་སྤྱན་བྱ་མིག་ཡིན། བྱ་མིག་ཟེར་བ་དབྱིབས་སྒོར་སྒོར་གྱི་དོན་མ་ཡིན་པར་མི་ཡིན་ན་མིག་བཙུམས་དུས་སྒང་གི་མིག་པགས་མར་ཡོང་བ་ལས་འོག་གི་མིག་པགས་ཡར་གྱེན་དུ་ཡོང་མི་སྲིད་པ་དང༌། བྱ་གང་ཡིན་པ་དེ་མིག་བཙུམས་སྐབས་མིག་པགས་འོག་མ་དེ་ཡར་གྱེན་དུ་ཡོང་གི་ཡོད་པ་རེད། ལོ་ཙཱ་བ་རིན་ཆེན་བཟང་པོའི་སྤྱན་དེ་མིག་པགས་འོག་མ་ཡར་གྱེན་དུ་འགྲོ་མཁན་ཏེ་བྱ་མིག་ཡིན་པ་དང་ཞལ་མཆུ་ཡང་བྱ་ཡི་མཆུ་ཏོ་ནང་བཞིན་ཞིག་ཡོད་པ་རེད། དེར་བརྟེན་སངས་རྒྱས་བཅོམ་ལྡན་འདས་ཀྱི་ལུང་བསྟན་ནང༌། རྒྱལ་པོ་འོད་ཀྱི་མིང་ཅན་དང༌། དགེ་སློང་བྱ་ཡི་གདོང་པ་ཅན་གྱི་དུས་སུ་བོད་ལ་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟ་བུ་ཞིག་ཡོང་གི་རེད་ཅེས་བསྟན་གནང་ཡོད། རྒྱལ་པོ་འོད་ཀྱི་མིང་ཅན་ནི་མངའ་རིས་ཀྱི་ལྷ་བླ་མ་བྱང་ཆུབ་འོད་ཡིན། ལོ་ཙཱ་བ་རིན་ཆེན་བཟང་པོ་དང༌། བཻ་རོ་ཙ་ན། རྔོག་བློ་ལྡན་ཤེས་རབ་བཅས་རྣམས་ནི་བསམ་གྱིས་མི་ཁྱབ་པའི་མཁས་པ་ཆེན་པོ་དང་བོད་ལ་བཀའ་དྲིན་ཆེན་པོ་ཡིན། ལོ་ཙཱ་བ་རིན་ཆེན་བཟང་པོས་གསང་འདུས་དང༌། བདེ་མཆོག སྨན་གྱི་སྐོར་སོགས་མང་པོ་བསྒྱུར་གནང་ཡོད་པ་དང༌། བསྟན་འགྱུར་ནང་མང་ཆེ་བ་རྔོག་ལོས་བསྒྱུར་གནང་ཡོད། རྔོག་ལོས་ད་དུང༌། བཻ་རོ་ཙ་ན་ནམ་མཁའི་ཉི་མ་འདྲ། །སྐ་ཅོག་ཞང་གསུམ་ནམ་མཁའི་སྐར་མ་བཞིན། །རྔོག་ལོ་ང་ནི་ཐོ་རེངས་སྐར་ཆེན་ཙམ། །ཞེས་གསུངས་ཡོད། བཻ་རོ་ཙ་ན་ནི་བོད་ཀྱི་གྲུབ་ཆེན་ཉེར་ལྔའི་གྲས་ཡིན་པ་དང༌། ཁོང་གིས་སྐད་རིགས་སྣ་དྲུག་མཁྱེན་པ་མ་ཟད། མི་བརྗེད་པའི་གཟུངས་ཐོབ་སྟབས་ཤེས་བྱ་གང་འདྲ་ཞིག་ཡིན་ནའང་ལམ་སང་ཐུགས་ལ་འཇགས་ནས་བརྗེད་ཀྱི་མེད་པ་དང༌། བཀའ་བསྟན་འགྱུར་གྱི་ནང་ཁོང་གིས་བསྒྱུར་གནང་བ་ཧ་ཅང་མང་པོ་ཡོད།

 

རྒྱུ་ཕར་ཕྱིན་ཐེག་པའི་ལུགས་ཀྱི་ལྟ་བ་རྣམ་པར་དག་པའི་བཞེད་སྲོལ།

 

འོན་ཀྱང་ལུགས་གཞན་ལས་ཁྱད་པར་དུ་འཕགས་པའི་ཚུལ་ཕྱོགས་ཙམ་བརྗོད་པ་ལ། རྒྱུ་ཕར་ཕྱིན་ཐེག་པའི་ལུགས་ཀྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་གཞག་སྐྱོན་དང་བྲལ་བའི་ཚུལ། འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་རྣམ་གཞག་ཇི་ལྟར་འདོད་པའི་ཚུལ། མདོ་སྔགས་འགལ་མེད་གྲོགས་སུ་འཁྱེར་བའི་ལམ་གྱིས་བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནད་གསལ་བར་བྱེད་པའི་ཚུལ་བརྗོད་པ་དང་གསུམ་མོ།།

དང་པོ་ལ། ལྟ་བ་རྣམ་པར་དག་པ་རྟག་ཆད་ཀྱི་མཐའ་ལས་གྲོལ་བའི་ཚུལ། སྒོམ་པ་རྣམ་པར་དག་པ་བྱིང་རྨུགས་ཀྱི་སྐྱོན་དང་བྲལ་བའི་ཚུལ། སྤྱོད་པ་རྣམ་པར་དག་པ་བཀའ་གདམས་གཙང་མའི་རྣམ་ཐར་སྐྱོང་བའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་ལ། དགག་བྱ་ཕྱོགས་སུ་མ་ལྷུང་བར་ངོས་བཟུང་སྟེ་ཇི་ལྟར་འགོག་པའི་ཚུལ། རྗོད་བྱེད་ཀྱི་ལུང་ལ་དྲང་ངེས་ཕྱེ་སྟེ་རྟག་ཆད་ཀྱི་མཐའ་བཀག་པའི་ཚུལ། བརྗོད་བྱ་དོན་གྱི་དྲང་ངེས་ཕྱེ་སྟེ་སྟོང་པ་དང་རྟེན་འབྱུང་འགལ་མེད་གྲོགས་སུ་ཤར་བའི་ཚུལ་བཤད་པ་དང་གསུམ་ལས། དང་པོ་ནི། གངས་རིའི་ཁྲོད་འདིར་སྔ་རབས་ཀྱི་མཁས་གྲུབ་རིམ་བྱོན་ཕལ་མོ་ཆེས་ལྟ་བའི་བཤད་སྲོལ་ཐ་དད་པ་ལ་བརྟེན་ནས་ལྟ་བའི་མིང་འདོགས་ལུགས་སྣ་ཚོགས་པ་ཞིག་བྱུང་སྟེ། རྙིང་མའི་རྫོགས་ཆེན། བཀའ་བརྒྱུད་པའི་ཕྱག་ཆེན། ས་སྐྱ་པའི་གསལ་སྟོང་འཛིན་མེད། ཤངས་པ་བཀའ་བརྒྱུད་པའི་གའུ་མ། དྭགས་པོའི་ལྷན་ཅིག་སྐྱེས་སྦྱོར། འབྲི་གུང་པའི་ལྔ་ལྡན། ཞང་པའི་དཀར་པོ་ཆིག་ཐུབ། ཇོ་ནང་པའི་གཞན་སྟོང་སོགས་དང༌། ཇོ་ནང་པའི་གཞན་སྟོང་ཟེར་བ་དེའི་གོ་དོན་ནི་སྟོང་ཉིད་ཡིན་ན་ཀུན་རྫོབ་ཀྱི་སྟོང་པ་ཡིན་པ་དང༌། སྟོང་གཞི་ཆོས་ཅན་ཀུན་རྫོབ་ཀྱིས་སྟོང་པ་ཞིག་ཡིན་དགོས་ཟེར་བ་རེད། དེ་ནི་རང་བཞིན་གྲུབ་པའི་སྟོང་པ་ཟེར་བ་དེ་མིན་པར་སྟོང་གཞི་ཆོས་ཅན་བུམ་པའི་སྟེང་གི་སྟོང་ཉིད་ལ་ཆ་བཞག་ན་བུམ་པ་དེ་སྟོང་གཞི་ཆོས་ཅན་ཡིན་པ་དང༌། དེའི་སྟེང་གི་སྟོང་ཉིད་དེ་སྟོང་གཞི་ཆོས་ཅན་བུམ་པས་སྟོང་པས་གཞན་སྟོང་ཞེས་བཤད་པ་རེད། སྔོན་མ་བོད་ལ་མཁས་གྲུབ་ནོར་བཟང་རྒྱ་མཚོ་ཞུ་བ་ཞིག་ཡོད་པ་ཁོང་དགེ་ལུགས་པ་ཡིན་པ་དང༌། སྐུ་ཚེ་དེ་རང་ལ་ཟུང་འཇུག་གི་གོ་འཕང་བརྙེས་པ་ཞིག་རེད། ཁོང་གིས་<<བཀའ་དགེ་དགོངས་པ་གཅིག་སྒྲུབ་>>ཟེར་བའི་དཔེ་ཆ་ཞིག་བརྩམས་གནང་ཡོད། དེའི་བཀའ་ནི་བཀའ་བརྒྱུད་པ་དང༌། དགེ་ནི་དགེ་ལུགས་པ་སྟེ་བཀའ་དགེ་དགོངས་པ་གཅིག་ཏུ་སྒྲུབ་པའི་བསྟན་བཅོས་ཞེས་པའི་དོན་ཡིན་ཅིང༌། གོ་དོན་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་གསུང་སྟངས་ཀྱི་དབུ་མའི་ལྟ་བ་དང༌། བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་དེ་གཉིས་ཚིག་གི་གསུང་སྟངས་མི་འདྲ་བ་ཙམ་ལས་དགོངས་པ་གཅིག་ཡིན་ཟེར་བའི་དཔེ་ཆ་ཞིག་རེད། དེ་ལ་ཁ་ཤས་ཀྱིས་དེ་ལྟར་ཞལ་གྱིས་བཞེས་པ་དང༌། ཡང་ཁ་ཤས་ཀྱིས་དགག་པ་རྒྱག་མཁན་ཡང་བྱུང་ཡོད། ང་ཚོས་བལྟས་པ་ཡིན་ན་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་དང་དགེ་ལུགས་ཀྱི་དབུ་མའི་ལྟ་བ་དེ་དགོངས་པ་གཅིག་མ་གཏོགས་ཡོང་མི་སྲིད་ཅིང༌། དེ་ནི་བླ་མ་གོང་མ་ཁ་ཤས་ཀྱིས་རང་གི་སློབ་མ་སོ་སོར་ཁྲིད་གནང་བའི་སྐབས་སུ་སློབ་མའི་གནས་ཚུལ་ལ་གཟིགས་ནས་གཏིང་ཟབ་པོ་མིན་པར་གོ་བ་ལེན་ཐུབ་ཚོད་ཅིག་གསུངས་སྟབས་སློབ་མ་མང་པོས་དེ་བླ་མ་ཁོང་རང་གི་དགོངས་པ་ངོ་མ་ཡིན་པར་ཆ་བཞག་ནས་བྲིས་པ་དེ་འདྲ་མང་པོ་ཡོད། དེར་བརྟེན་བཀའ་བརྒྱུད་པའི་མར་པ་དང༌། མི་ལ། ནཱ་རོ་པ་སོགས་བླ་མ་གོང་མ་མང་པོ་ཞིག་གིས་གསུངས་པའི་ཕྱག་རྒྱ་ཆེན་པོའི་ལྟ་བ་དང༌། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དབུ་མའི་ལྟ་བ་གཉིས་དགོངས་པ་གཅིག་མ་གཏོགས་གཉིས་མེད་པས་གསུང་སྟངས་ཅུང་མི་འདྲ་བ་ཙམ་ཞིག་རེད། མཁས་གྲུབ་རྗེ་དང་ས་སྐྱ་པཎ་ཆེན་གྱིས་དགག་པ་སྐྱོན་པ་དེ་ཡང་བཀའ་བརྒྱུད་ཀྱི་བླ་མ་གོང་མ་ཚོའི་ལྟ་བ་ལ་དགག་པ་སྐྱོན་པ་མ་ཡིན་པར་ཕྱིས་སུ་སློབ་མ་འགའ་ཤས་ཀྱིས་བྲིས་པའི་ཕྱག་རྒྱ་ཆེན་པོའི་དཔེ་ཆ་དེ་དག་ལ་དགག་པ་སྐྱོན་པ་ཞིག་རེད། དེ་ལ་དབྱེ་བ་ཡོད།

ཡང་ཁ་ཅིག་གིས་སྟོང་ཉིད་ཡོད་མིན་མེད་མིན་དུ་འདོད་པ་དང༌། ཟེར་བའི་ཁ་ཅིག་དེ་བོད་སྔ་རབས་ཀྱི་མཁས་པ་ཁ་ཅིག་རེད། སྟོང་པ་ཉིད་ཟེར་བ་དེ་ཡོད་པའང་མ་ཡིན་མེད་པའང་མ་ཡིན་པ་དེ་འདྲ་ཞིག་སྟེ། དཔེར་ན་བུམ་པ་ལ་ཆ་བཞག་ན་ཨེ་ཡོད་ཟེར་ན་ཡོད་པ་མ་ཡིན། མེད་པ་ཡིན་ནམ་ཞེ་ན་མེད་པ་མ་ཡིན་པ་སྟེ་ཡོད་པ་མ་ཡིན་མེད་པའང་མ་ཡིན་པ་དེ་འདྲ་ཞིག་ཡིན་གསུངས་ཀྱི་ཡོད། དེ་ལྟར་གསུངས་དགོས་པའི་རྒྱུ་མཚན་གཙོ་བོ་གང་ཞེ་ན། དེ་ནི་དབུ་མའི་ལྟ་བའི་དགག་བྱ་ངོས་འཛིན་བྱེད་དུས་ངོས་འཛིན་བྱེད་རྒྱུ་ཐལ་དྲགས་པ་དང་ཚད་ལས་བརྒལ་བར་སོང་པས་ཡོད་པའང་མ་ཡིན་མེད་པའང་མ་ཡིན་ཞེས་གསུངས་དགོས་པའི་རྒྱུ་མཚན་དེ་ཡིན། དེའི་གནད་འགག་ཐུག་ས་ནི་དོན་དམ་སྤྱོད་པའི་རིག་ཤེས་ཀྱིས་མ་རྙེད་པ་དང་དོན་དམ་སྤྱོད་པའི་རིག་ཤེས་ཀྱིས་མེད་པ་རྙེད་པ་དེ་གཉིས་དབྱེ་བ་ཕྱེས་མ་ཐུབ་སྟབས་ཀུན་རྫོབ་ཀྱི་ཆོས་དེ་དོན་དམ་སྤྱོད་པའི་རིག་ཤེས་ཀྱིས་མ་རྙེད་སྟབས་དོན་དམ་སྤྱོད་པའི་ཀུན་རྫོབ་ཀྱི་ཆོས་དེ་མེད་པ་རྙེད་པ་རེད། དེར་བརྟེན་དེ་ནི་སྟོང་པ་ཉིད་རྟོགས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་ཀུན་རྫོབ་ཀྱི་ཆོས་མེད་པར་གཟིགས་པ་ཡིན་ཟེར། དེ་ཡང་ཨེ་ཡོད་ཟེར་ན་གཞན་ངོ་ལ་ཡོད་ཟེར། ཚང་མ་གཞན་ངོ་ཙམ་དུ་ཁས་ལེན། ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་གཞན་ངོ་ཙམ་དུ་ཁས་ལེན་པ་མ་གཏོགས་དེ་མིན་མེད་པར་ཁས་ལེན་པ་དེའི་སྤྱིར་བཏང་གི་གནད་འགག་གཅིག་ནི་མ་རྙེད་པ་དང་མེད་པར་རྙེད་པའི་དབྱེ་བ་ཕྱེ་མ་ཐུབ་པའི་དབང་གིས་བྱས་པ་ཡིན། དེའི་ཀུན་རྫོབ་ཀྱི་རྣམ་གཞག་ཐམས་ཅད་གཞན་ངོ་ཙམ་དུ་ཁས་ལེན་པ་དགག་བྱ་ཁྱབ་ཆེ་བའི་དབང་གིས་བྱུང་བ་རེད། དེ་ནས་གཅིག་ལ་དོན་དམ་སྤྱོད་པའི་རིག་ཤེས་དེ་ལ་རྙེད་པ་གཅིག་དང་རིགས་པས་དཔྱད་བཟོད་ཟེར་བ་ཞིག་ཡོད་པ་དེ་གཉིས་དབྱེ་བ་འབྱེད་མ་ཐུབ་པ་རེད། དོན་དམ་སྤྱོད་པའི་རིག་ཤེས་དེས་རྙེད་པ་ཡིན་ན་རིགས་པས་དཔྱད་བཟོད་ཡིན་དགོས། དེར་བརྟེན་སྟོང་ཉིད་དེ་དོན་དམ་སྤྱོད་པའི་རིག་ཤེས་ཀྱིས་རྙེད་པ་མ་ཡིན་ཟེར།

ལ་ལས་དོན་དམ་བདེན་པ་ཤེས་བྱ་མ་ཡིན་པར་འདོད་པ་དང༌། ལ་ལས་དོན་དམ་བདེན་པ་རིགས་པས་དཔྱད་བཟོད་ཀྱི་བདེན་གྲུབ་ཏུ་འདོད་པ། དོན་དམ་བདེན་པ་དེ་ཤེས་བྱ་མ་ཡིན། དོན་དམ་བདེན་པ་ཤེས་བྱ་ཡིན་ན་དོན་དམ་དཔྱོད་པའི་རིག་ཤེས་དེས་རྙེད་དགོས། དོན་དམ་དཔྱོད་པའི་རིག་ཤེས་དེས་རྙེད་པ་ཡིན་ན་རིགས་པས་དཔྱད་བཟོད་ཡིན་དགོས། རིགས་པའི་དཔྱོད་བཟོད་ཡིན་ན་བདེན་གྲུབ་ཡིན་དགོས་ཞེས་དེ་ལྟར་རིགས་པས་དཔྱད་བཟོད་དང༌། རིག་ཤེས་ཀྱིས་རྙེད་པ་གཉིས་ཀྱི་དབྱེ་བ་འབྱེད་མ་ཐུབ་པར་ཁོང་རྣམ་པ་ཡང་དེ་གཉིས་གཅིག་ཏུ་འཁྲུལ་གནང་བ་རེད། དེ་ལྟར་འཁྲུལ་ནས་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས། དོན་དམ་བདེན་པ་ཤེས་བྱ་མིན། །དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་གསུངས་ཀྱི་ཡོད་པ་རེད། ཡང་ཁ་ཅིག་གིས་དབང་ཤེས་ལྔ་པོ་ཚད་མ་ཡིན་ཏེ་མདོ་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན་ཞེས་སོགས་གསུངས་སོ་ཞེས་ལུང་འདྲེན་ཡང་མཛད་ཡོད། འོན་ཀྱང་ལུང་གི་དོན་དེ་འདྲ་མ་རེད། འོ་ན། གལ་ཏེ་དབང་པོ་དེ་དག་ཚད་མ་ཡིན་ན། །འཕགས་པའི་ལམ་གྱི་སུ་ལ་ཅི་ཞིག་བྱ། །ཟེར་བ་དེར་གོ་བ་གང་འདྲ་བླངས་དགོས་སམ་ཞེ་ན། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །ཞེས་བཅོམ་ལྡན་འདས་ཀྱིས་གསུང་སྟངས་དེ་མིག་དང༌། རྣ་བ། སྣ། ལྕེ་ལ་སོགས་པ་དབང་ཤེས་དེ་དག་སྟོང་ཉིད་ལ་ཚད་མ་མིན། དོན་དམ་བདེན་པ་ལ་ཚད་མ་མིན་ཞེས་གསུངས་པ་ལས་ཚད་མ་གཏན་ནས་མིན་ཞེས་གསུངས་མེད། ཡིན་ན་ཡང་དེ་དགག་བྱ་ཁྱབ་ཆེ་བར་བཞེད་མཁན་ཚོས་དབང་ཤེས་དེ་དག་ཚད་མ་མིན་ཞེས་གསུངས་ཡོད། དེར་བརྟེན་<<ཀླུ་སྒྲུབ་དགོངས་རྒྱན་>>ནང་ལ་ཡང་ཚད་མ་ཟེར་བ་མེད་དེ་ཁྱོད་ཀྱིས་ཚད་མ་ཡིན་ཟེར་བ་དེ་མི་གཞན་ཞིག་གིས་མ་རེད་ཟེར་བ་དང༌། ལུང་པ་འདིའི་ནང་གི་མིས་ཚད་མ་རེད་ཟེར་བ་དེ་ལུང་པ་གཞན་དག་གཅིག་གི་མིས་མ་རེད་ཟེར་གྱི་ཡོད་པས་འཇིག་རྟེན་འདིའི་ཐོག་ཚད་མ་ཟེར་བ་དེ་འདྲ་ཤ་སྟག་མ་གཏོགས་མི་ཚང་མ་བསམ་བློ་གཅིག་ཏུ་མཐུན་པའི་ཚད་མ་ཟེར་བ་མེད་པས་དེ་ཚོ་ཚང་མ་འཁྲུལ་པ་རེད་ཅེས་བཤད་ཡོད་པས་དེ་ཚོ་ཤོད་དགོས་དོན་མི་འདུག

མིག་དང་རྣ་བ་སྣ་ཡང་ཚད་མ་མིན་ཞེས་པ་འདི་ནི་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་དགོངས་པ་འདྲེན་སྐབས་མིག་དང༌། རྣ་བ། སྣ་ལ་སོགས་པའི་དབང་ཤེས་ཚད་མ་དེ་ཚོ་དོན་དམ་སྟོང་ཉིད་ལ་ཚད་མ་མ་ཡིན། ཀུན་རྫོབ་ལ་ཚད་མ་ཡིན་ཞེས་གསུངས་པ་རེད། དོན་དམ་བདེན་པ་ཤེས་བྱ་མ་ཡིན་ཟེར་བ་དེ་གཙོ་བོ་གང་ཡིན་ནམ་ཞེ་ན། དོན་དམ་བདེན་པ་དེ་དོན་དམ་དཔྱོད་པའི་རིག་ཤེས་ཀྱིས་རྙེད་ཀྱི་མ་རེད། རིག་ཤེས་དེས་རྙེད་པ་ཡིན་ན་རིགས་པས་དཔྱད་བཟོད་ཡིན་དགོས། རིགས་པས་དཔྱད་བཟོད་ཡིན་ན་བདེན་གྲུབ་ཡིན་དགོས་ཟེར་རོ། །དེར་བརྟེན་མཁས་པ་ལ་ལས་དོན་དམ་བདེན་པ་ཤེས་བྱ་མ་ཡིན་པར་འདོད་པ་དང༌། ལ་ལས་དོན་དམ་བདེན་པ་རིགས་པས་དཔྱད་བཟོད་ཀྱི་བདེན་གྲུབ་ཡིན་པར་འདོད། ཕྱ་པ་ཆོས་ཀྱི་སེང་གེས་དོན་དམ་བདེན་པ་རིགས་པས་དཔྱད་བཟོད་ཀྱི་བདེན་གྲུབ་ཡིན། སྟོང་ཉིད་བདེན་གྲུབ་ཡིན་ཞེས་གསུངས་ཡོད། དོན་དམ་བདེན་པ་རིགས་པས་དཔྱད་བཟོད་ཀྱི་བདེན་གྲུབ་ཡིན་གསུང་དོན་ནི་གཙོ་བོ་རིགས་པས་དཔྱད་བཟོད་དང་དོན་དམ་བདེན་པ་དེ་དོན་དམ་དཔྱོད་པའི་རིག་ཤེས་ཀྱིས་རྙེད་པ་དང༌། རིག་ཤེས་ཀྱི་དཔྱད་བཟོད་གཅིག་ཡོད་པ་དེ་གཉིས་གཅིག་པར་བཞག་ནས་ཁྲིད་གནང་བ་རེད།

འགའ་ཞིག་མཉམ་བཞག་ཡུལ་མེད་དང་ཆོས་ཉིད་ཅང་མེད་དུ་འདོད་པ་སྟེ། དགག་གཞི་མཉམ་བཞག་ཡུལ་མེད་ཡིན་པ་དང༌། དགག་བྱ་ཡུལ་མེད་ཟེར་བ་དེ་སྟོང་ཉིད་ལ་མཉམ་པར་བཞག་པའི་མཉམ་བཞག་གི་བསམ་བློ་དེ་ལ་ཡུལ་མེད། དེ་ལ་ཡུལ་ཡོད་ན་ཡུལ་དེ་བདེན་གྲུབ་ཡིན་དགོས་ཟེར་བ་དེ་ཡང་དེ་གཉིས་འཁྲུལ་པ་རེད། དོན་དམ་དཔྱོད་པའི་རིག་ཤེས་ཀྱིས་རྙེད་པ་དང་རིགས་པས་དཔྱད་བཟོད་དེ་གཉིས་གཅིག་ཡིན་པར་ཆ་བཞག་སྟེ་དོན་དམ་དཔྱོད་པའི་འཕགས་པའི་རྣམ་བཞག་ཡེ་ཤེས་དེ་ལ་ཡུལ་མེད། དོན་དམ་ལ་མཉམ་པར་བཞག་སྐབས་བསམ་བློ་གཏོང་རྒྱུ་མེད། མི་རྟོག་པ་ལ་མཉམ་པར་བཞག་དགོས། སྐབས་དེ་དུས་མི་གཅིག་ཡོད་ན་མི་དེ་བདེན་གྲུབ་ཡིན་དགོས། འཕགས་པའི་རྣམ་བཞག་ཡེ་ཤེས་ཀྱི་ཆོས་ཉིད་ལ་དམིགས་ནས་ཞེས་པའི་ཆོས་ཉིད་ཅེས་པ་དེ་ཅི་ཡང་མེད་པ་ཞིག་ལ་བཞག་དགོས་གསུངས་པ་ཡང༌། རང་བཞིན་མེད་པ་དང་མེད་པ་གཉིས་དབྱེ་བ་ཕྱེ་གནང་ཐུབ་མེད། ང་རང་ཚོ་དབུ་མ་ཐལ་འགྱུར་བས་རང་བཞིན་གྱིས་གྲུབ་པ་མེད་ཟེར་བ་མ་གཏོགས་མེད་ཟེར་གྱི་མེད། དེ་བས་ཁོང་རྣམ་པས་གསུང་སྟངས་བྱས་ན་རང་བཞིན་གྱིས་མེད་པ་ཡིན་ན་མེད་པ་ཡིན་དགོས་པ་དང་ཡོད་ན་རང་བཞིན་གྱིས་ཡོད་དགོས་ཀྱི་ཡོད་པ་རེད་ཟེར་བ་དེ་འདྲས་ཀྱི་ལྟ་བ་ཞིག་རེད། ཁ་ཅིག (དཔེར་ན་སྟག་ཚང་ལོ་ཙཱ་བས་)མ་དཔྱད་པ་དང༌། ཅུང་ཟད་དཔྱད་པ། ལེགས་པར་དཔྱད་པའི་གནས་སྐབས་གསུམ་སོགས་བློས་བཏགས་པའི་ལྟ་བའི་བཞེད་སྲོལ་དང༌། བློས་བཏགས་པའི་ལྟ་བའི་བཞེད་སྲོལ་ཟེར་བ་ནི་སྟོང་ཉིད་སོ་སོས་བཟོས་བཞག་པའི་ལྟ་བའི་བཞེད་སྲོལ་ཏེ་བློས་བྱས་ཀྱི་སྟོང་པ་ཉིད་ཡིན་ལ། བློས་བྱས་པའི་སྟོང་པ་ཉིད་ནི་སྟོང་ཉིད་ངོ་མ་མིན་པར་སྟོང་ཉིད་ལ་ཆ་བཞག་ནས་བཟོས་བཞག་པ་ཞིག་ལ་ཟེར་ཞིང༌། དེ་གཙོ་བོ་གང་ནས་བྱུང་བ་རེད་དམ་ཞེ་ན་སྟོང་ཉིད་དེའི་དགག་བྱ་དེ་བདག་འཛིན་ལྷན་སྐྱེས་ཀྱི་ཡུལ་མིན་པར་བདག་འཛིན་ཀུན་བཏགས་བྱེ་བྲག་པ་གཅིག་གི་ཡུལ་ལ་དགག་བྱར་བཞག་ནས་ཁོ་བཀག་པ་ཡིན་པས། ཁོ་བཀག་པ་དེ་སྟོང་པ་ཉིད་དུ་བྱས་ན་གནོད་བྱེད་ཀྱི་སྟོང་པ་ཉིད་མ་གཏོགས་སྟོང་པ་ཉིད་ངོ་མ་དེ་ཆགས་ཐུབ་ཀྱི་མེད། ད་ལྟ་ང་ཚོས་བདག་འཛིན་ལྷན་སྐྱེས་དེ་འགོག་དགོས་ཀྱི་ཡོད་པ་རེད། བདག་འཛིན་ལྷན་སྐྱེས་དེ་གང་འདྲ་ཞིག་རེད་དམ་ཞེ་ན། ང་རང་ཚོ་གྲུབ་མཐས་བློ་མ་བསྒྱུར་བ་སྟེ་གྲུབ་མཐའ་སྦྱངས་མ་མྱོང་མཁན་ཚང་མའི་བསམ་བློའི་ནང་དང་ཐ་ན་འབུ་གྲོག་མ་ཡན་ཆད་ཀྱི་བསམ་བློའི་ནང་ཡོད་པའི་ངར་འཛིན་ལྷན་སྐྱེས་དེ་འདྲ་ཞིག་དགོས་ཀྱི་ཡོད་པ་རེད། བདག་འཛིན་ལྷན་སྐྱེས་ཟེར་བ་དེ་དཔེར་ན་ཆ་བཞག་ན་འབུ་གྲོག་མ་ཞིག་ལ་ང་ཚོས་གལ་ཏེ་རྒྱུག་པ་ཞིག་ཁྱེར་ནས་ཐུག་ཙམ་བྱས་ན་ཁོ་ཁྲོས་ནས་སོ་སོ་སེམས་ཅན་ཆུང་ཆུང་དེ་འདྲ་ཞིག་ལས་མེད་ནའང་ད་དུང་ང་ཚོར་ཚུར་ཁ་གཏད་བཅག་པར་ཡོང་གི་ཡོད་པ་དེ་ནི་ཁོའི་རྒྱུད་ལ་ངར་འཛིན་ལྷན་སྐྱེས་ཡོད་པའི་རྟགས་རེད། དེ་འདྲའི་སྲོག་ཆགས་འབུ་ཡི་སྟེང་ལ་ཡོད་པའི་ངར་འཛིན་ལྷན་སྐྱེས་དེ་འདྲ་ཞིག་དགོས་པ་ལས་གྲུབ་མཐའ་སྦྱངས་པའི་མིས་བཟོས་བཞག་པའི་བདག་འཛིན་དང་བདེན་འཛིན་སོགས་བཀག་པ་ཡིན་ན་ངར་འཛིན་ལྷན་སྐྱེས་ལ་གནོད་པ་གང་ཡང་སྐྱེལ་ཐུབ་ཀྱི་མ་རེད།

ཞང་ཐང་སག་པ་སོགས་ཀྱི་དགག་བྱ་ཁྱབ་ཆེ་ཆུང་གི་འདོད་ཚུལ་སོགས་མང་དུ་མཆིས་ཀྱང༌། ཞེས་ཞང་ཐང་སག་པ་ཡེ་ཤེས་འབྱུང་གནས་ཀྱིས་དགག་བྱ་ཁྱབ་ཆེ་བ་ཁས་ལེན་པ་དང༌། དགག་བྱ་དགག་རྒྱུ་དེ་ཚད་ལས་བརྒལ་བ་ཞིག་ཡིན་སྟབས་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་མ་རྙེད་པ་དེ་དང་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱིས་མེད་པ་རྙེད་པ་གཉིས་དབྱེ་བ་ཕྱེ་མ་ཐུབ་པར་དགག་བྱ་ཁྱབ་ཆེ་བ་ཁས་ལེན་བྱས་པ་རེད། དེར་བརྟེན་མ་རྙེད་པ་དེ་མེད་པ་རྙེད་པ་མིན། དོན་དམ་དཔྱོད་པའི་རིག་ཤེས་ཀྱིས་ཀུན་རྫོབ་རྙེད་ཀྱི་མ་རེད། མ་རྙེད་པ་དེ་ཀུན་རྫོབ་མེད་པ་རྙེད་པ་མིན། དོན་དམ་དཔྱོད་པའི་རིག་ཤེས་དེ་ཀུན་རྫོབ་དཔྱོད་པའི་རིག་ཤེས་མིན། ཁོ་གཉིས་ཡུལ་ཁག་སོ་སོ་ཡིན། དོན་དམ་དཔྱོད་པའི་རིག་ཤེས་ཀྱིས་ཀུན་རྫོབ་ལ་བལྟས་ཚེ་ཀུན་རྫོབ་རྙེད་ཐུབ་ཐབས་མེད། དེས་ན་ཀུན་རྫོབ་མ་རྙེད་པ་དེ་མེད་པ་རྙེད་པ་མིན། མ་རྙེད་པ་དང་མེད་པ་རྙེད་པ་གཉིས་ནོར་ནས་དགག་བྱ་ངོས་འཛིན་ཁྱབ་ཆེ་བ་ཟེར་བ་དེ་ལྟར་བྱུང་བ་རེད།

དགག་བྱ་ངོས་འཛིན་ཁྱབ་ཆུང་བ་ཟེར་བ་དེ་ནི་བཙན་ཁ་བོ་ཆེས་བཤད་པ་ཡིན་ན། དགག་བྱ་དེ་ཁྱབ་ཆེ་ཐག་ཆོད་ནས་བཀག་ན་མི་ལེགས་ཤིང༌། དེ་ནི་ཐལ་དྲགས་པ་ཡིན་པས་མི་འགྲིག འོ་ན་ང་ཚོས་གང་འདྲ་བྱེད་དགོས་སམ་ཞེ་ན། དགག་རྒྱུའི་དགག་བྱ་དེ་ཁྱད་ཆོས་གསུམ་ལྡན་ཡིན་པ་ཞིག་གིས་འགོག་དགོས་ཟེར། ཁྱད་ཆོས་གསུམ་པོ་གང་ཞེ་ན། དང་པོ། རྒྱུ་རྐྱེན་གཞན་ལས་མ་སྐྱེས་པ་སྟེ་རྒྱུ་དང་རྐྱེན་གཞན་ལ་བརྟེན་ནས་སྐྱེས་པ་མ་ཡིན་པ། གཉིས་པ། ངོ་བོ་གཞན་དུ་གྱུར་བ་མེད་པ། གསུམ་པ། རྣམ་འཇོག་གཞན་ལ་མ་ལྟོས་པ་བཅས་དེ་གསུམ་ནི་བདེན་གྲུབ་ཀྱི་ཚད་གཞི་ཡིན། དེ་མ་གཏོགས་ཚད་དེ་ལས་བརྒལ་ནས་བཀག་ཚེ་དགག་བྱ་ཁྱབ་ཆེ་བ་ཡིན་ཞེས་ཟེར། ཡང་སྙིང་དོན་གྱི་སྙིང་པོར་གལ་སྲིད་ཁྱབ་ཆུང་བ་བྱས་ན་ཅུང་མི་འགྲིག་པ་སྟེ། གང་ཞེ་ན། འདོད་ཚུལ་དེ་འདྲ་ཞིག་ཡོད་པ་སྟེ། རྒྱུ་རྐྱེན་གཞན་ལ་མ་ལྟོས་པ། རྣམ་འཇོག་གཞན་ལ་མ་ལྟོས་པ། ངོ་བོ་གཞན་ལ་མ་འགྱུར་བ་ཟེར་བའི་འདོད་ཚུལ་དེ་གྲུབ་མཐས་བློ་འགྱུར་བ་མ་གཏོགས་གྲུབ་མཐས་བློ་མ་འགྱུར་བ་ལ་བསམ་བློ་དེ་ནམ་ཡང་ཡོང་མི་སྲིད། དཔེར་ན་འབུ་གྲོག་མ་དག་གི་བསམ་བློའི་ནང་ཁོ་རང་གི་བཟའ་རྒྱུ་དང་འཐུང་རྒྱུ་དེ་ཚོ་ཚང་མ་རྒྱུ་རྐྱེན་གཞན་ལ་མ་ལྟོས་པ་ཡིན་པ། རྣམ་འཇོག་གཞན་ལ་མ་ལྟོས་པ་ཡིན་པ། ངོ་བོ་གཞན་ལ་མ་འགྱུར་བ་ཡིན་པ་དེ་འདྲ་ངོས་འཛིན་བྱེད་མི་སྲིད་ལ་བསམ་ཡང་མི་ཤེས་ཤིང། ཁོང་ཚོའི་དབང་ཤེས་སེམས་པ་ལ་མཐོང་ཐོས་ཀྱི་དངོས་པོ་དེ་དག་ཚང་མ་རང་བཞིན་གྱིས་གྲུབ་པ་ཞིག་དང་གདགས་གཞི་འདོགས་བྱེད་ཀྱི་རྟོགས་པ་ལ་མ་ལྟོས་པར་རང་ངོས་ནས་གྲུབ་པ་ཞིག་ཏུ་ངོས་འཛིན་བྱེད་པ་ལས་གོང་དུ་བཤད་པའི་ཁྱད་ཆོས་གསུམ་གྱི་ངོས་འཛིན་དེ་དག་ཁོ་ཚོ་ལ་གཏན་ནས་མེད། དེ་དང་འདྲ་བར་གྲུབ་མཐའ་སྦྱངས་མ་མྱོང་མཁན་གྱི་མི་དེ་ཚོའི་བསམ་བློའི་ནང་ལ་ཡང་དེ་འདྲ་རྩ་བ་ནས་ཡོང་མི་སྲིད། འོ་ན་ང་ཚོ་སྟོང་ཉིད་ཀྱི་དགག་དགོས་རྒྱུའི་དགག་བྱ་དེ་གང་འདྲ་ཞིག་རེད་དམ་ཞེ་ན། གྲུབ་མཐས་བློ་བསྒྱུར་བ་དང༌། མ་བསྒྱུར་བ་ཚང་མའི་སེམས་རྒྱུད་ལ་ཐོག་མ་མེད་པ་ནས་ལྷན་སྐྱེས་སུ་ཡོད་པ་དེ་འདྲ་ཞིག་དགོས་པ་ལས་ངོས་འཛིན་གཏན་ནས་མེད་པ་ཞིག་བཀག་ན་དེ་གྲུབ་མཐས་བློ་བསྒྱུར་བའི་བསམ་བློ་ཡིན་པ་ལས་གྲུབ་མཐས་བློ་མ་བསྒྱུར་བའི་བསམ་བློ་མིན་པས་ཕན་ཐོགས་མེད། དེར་བརྟེན་གྲུབ་མཐས་བློ་བསྒྱུར་བའི་བདག་འཛིན་ཀུན་བཏགས་དེ་ལ་རིགས་པ་བཏང་ནས་ཁོ་འགོག་ཐུབ་ནའང་དེས་བདག་འཛིན་ལྷན་སྐྱེས་ལ་གནོད་པ་གཏན་ནས་སྐྱེལ་མི་ཐུབ། དེར་བརྟེན་སྟོང་ཉིད་བསྒོམ་པའི་དགོས་པ་དེ་བདག་འཛིན་ལྷན་སྐྱེས་མེད་པ་བཟོ་དགོས་པ་དེ་རེད། བདག་འཛིན་ལྷན་སྐྱེས་མེད་པ་བཟོ་ཐུབ་ན་ཀུན་བཏགས་རང་ཤུགས་ཀྱིས་འགག་འགྲོ་གི་རེད།

སྔོན་རྒྱལ་བ་དབང་པོའི་ཏོག་གི་སྤྱན་སྔར། ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་འཁོར་ཚོགས་རྒྱ་མཚོའི་དབུས་སུ་མ་དག་པའི་ཞིང་ཁམས་ཀུན་ཏུ་ལུས་དང་སྲོག་ལ་མི་ལྟ་བར་མཐའ་བྲལ་དབུ་མའི་ལྟ་བ་དང༌། རྡོ་རྗེ་ཐེག་པའི་ལམ་བཟང་པོ་འཁྲུལ་བ་མེད་པ་གཙང་མར་སྤེལ་བའི་ཐུགས་བསྐྱེད་དང་སྨོན་ལམ་མཛད་པ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས། བླ་མ་དབུ་མ་པས་ལོ་ཙཱ་མཛད་དེ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཆོས་ཀྱི་དྲི་བ་མང་དུ་མཛད་པ་དང༌། ལྷག་པར་རྗེ་ཉིད་ཀྱི་ཐུགས་ལ་ཟབ་མོ་དབུ་མའི་ལྟ་བ་འདི་མ་བཙལ་ན་ལམ་གྱི་སྲོག་མི་རྙེད། བཙལ་ཀྱང་ཤིན་ཏུ་དཀའ་བས་ཕྱིན་ཅི་ལོག་ཏུ་བཟུང་ན་གོལ་ས་དང་ཉེས་དམིགས་གཞན་ལས་ཆེ་ཞིང༌། ཞེས་ཕྱིན་ཅི་ལོག་ཏུ་གྱུར་ན་གོལ་ས་དང་ཉེས་དམིགས་གཞན་ལས་ཆེ་སྟེ་ཆད་མཐར་ལྷུང་གི་ཡོད་པ་རེད། འཕགས་པ་ཡབ་སྲས་ཀྱི་དགོངས་པ་མཐར་ཐུག་པ་ཕྱིན་མ་ལོག་པར་རྙེད་པ་ཞིག་བྱུང་ན་དགོངས་པའི་ཐུགས་ཀྱི་བཞེད་པ་རྟག་ཏུ་རྒྱུན་ཆགས་པར་གནས་པས། མགོན་པོ་འཇམ་པའི་དབྱངས་དངོས་ལ་གཙོ་བོར་ལྟ་བའི་སྐོར་གྱི་དྲི་བ་ཤས་ཆེར་མཛད་དེ། རྗེ་བཙུན་གྱིས། ཐལ་རང་གི་ཁྱད་པར།  ལྷན་སྐྱེས་དང་ཀུན་བཏགས་ཀྱི་བདག་འཛིན་གཉིས་ཀྱིས་ཇི་ལྟར་བཟུང་བ་ལྟར་གྱི་བདག་དང༌། རྟགས་ཀྱི་དགག་བྱའི་ཚད་ཕྲ་རགས། ལྟ་བ་རྟོགས་པའི་ཚད། ཐལ་འགྱུར་བའི་ལུགས་ཀྱི་ཀུན་རྫོབ་རྣམ་པར་འཇོག་ཚུལ་སོགས་ཞིབ་པར་གསུངས་པ་དང༌། དེ་ཡང་འཕགས་པ་ཡབ་སྲས་ཞེས་པ་ནི་འཕགས་པ་ཡབ་སྲས་ལྔ་སྟེ། མགོན་པོ་ཀླུ་སྒྲུབ། འཕགས་པ་ལྷ། སློབ་དཔོན་སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། བྷན་དྷ་ས་ར་ཧ་བཅས་ཏེ་འཕགས་པ་ཡབ་སྲས་ལྔ་པོའི་དགོངས་པ་མཐར་ཐུག་ཕྱིན་ཅི་མ་ལོག་པ་རྙེད་པ་ཞིག་བྱུང་ན་དགོངས་པའི་བཞེད་པ་རྟག་ཏུ་རྒྱུན་ཆགས་པར་གནས་པས་མགོན་པོ་འཇམ་དཔལ་དབྱངས་དངོས་ལ་གཙོ་བོར་ལྟ་བའི་སྐོར་དྲི་བ་ཤས་ཆེར་མཛད། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཐལ་འགྱུར་བ་དང་རང་རྒྱུད་པའི་ཁྱད་པར། ལྷན་སྐྱེས་དང་ཀུན་བཏགས་ཀྱི་བདག་འཛིན་གཉིས་པོའི་ཁྱད་པར། ལྷན་སྐྱེས་དང་ཀུན་བཏགས་གཉིས་ཀྱིས་ཇི་ལྟར་བཟུང་བའི་བདག་གི་ཁྱད་པར་གང་འདྲ་ཡོད་མེད་དང་རྟགས་ཀྱི་དགག་བྱའི་ཚད་ཕྲ་རགས། ཕྲ་རགས་ནི་ཕྲ་མོ་དང་རགས་པ་སྟེ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་ཚོས་བཞག་རྒྱུའི་དགག་བྱ་དེ་དགག་བྱ་རགས་པ་ཡིན། དབུ་མ་ཐལ་འགྱུར་བས་བཞག་རྒྱུའི་དགག་བྱ་དེ་དགག་བྱ་ཕྲ་མོ་ཡིན། འོ་ན་དགག་བྱ་ཕྲ་རགས་དང༌། ལྟ་བ་རྟོགས་པའི་ཚད་དམ་དབུ་མའི་ལྟ་བ་རྟོགས་པའི་ཚད་དེ་ག་རེ་རེད་ཟེར་ན། ཡོད་པ་དང་རང་བཞིན་གྱིས་ཡོད་པའི་ཁྱད་པར་དེ་རང་གི་མྱོང་ཚོར་ནས་ཤེས་ཐུབ་པ། མེད་པ་དང་རང་བཞིན་གྱིས་མེད་པའི་ཁྱད་པར་དེ་མྱོང་ཚོར་ནས་ཤེས་ཐུབ་པ། སྟོང་པ་ལ་བསམ་བློ་གཏོང་དུས་དེ་ལ་བརྟེན་ནས་རྟེན་འབྱུང་ལ་ཡང་ངེས་པ་ཡོད་པ། རྟེན་འབྱུང་ལ་བསམ་བློ་གཏོང་དུས་དེ་ལ་བརྟེན་ནས་སྟོང་པ་ལ་ཡང་རང་ཤུགས་ཀྱིས་ངེས་པ་རྙེད་ཐུབ་པ་དེ་ལྟར་བྱུང་བའི་སྐབས་ལ་སྟོང་པ་དང་རྟེན་འབྱུང་གཉིས་གཅིག་གྲོགས་སུ་གཅིག་འགྲོ་བ་ཞིག་བྱུང་བའི་སྐབས་དེ་ལ་སྟོང་ཉིད་ཀྱི་ལྟ་བ་རྟོགས་པ་ཡིན་ཟེར། <<ལམ་གཙོ་རྣམ་གསུམ་>>ལས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་པ་དེ་དངོས་གཞིའི་ལྟ་བ་རྟོགས་པའི་ཚད་དེ་ཡིན། འོ་ན་ཐལ་འགྱུར་བའི་ལུགས་ཀྱི་ཀུན་རྫོབ་རྣམ་པར་འཇོག་ཚུལ་དེ་གང་ཞེ་ན། མ་གཞི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་སོགས་ཚང་མས་ཀུན་རྫོབ་དང་རྟེན་འབྲེལ་བཞག་གི་ཡོད་ནའང་ཁོ་ཚོས་བཞག་པའི་རྟེན་འབྲེལ་དེ་དང་དབུ་མ་ཐལ་འགྱུར་བས་བཞག་པའི་རྟེན་འབྲེལ་དེ་དག་རིམ་པས་མཁྲེགས་སུ་ཕྱིན་ནས་དབུ་མ་ཐལ་འགྱུར་བ་ལ་སླེབས་དུས་དབུ་མ་ཐལ་འགྱུར་བས་བཞག་པའི་རྟེན་འབྲེལ་དེ་རྟེན་འབྲེལ་ཤིན་ཏུ་ཕྲ་མོ་ཡིན། རྟེན་འབྲེལ་ཤིན་ཏུ་ཕྲ་མོ་དེ་གང་ཡིན་ནམ་ཞེ་ན། རྟོག་པས་བཏགས་ཙམ་གྱི་རྟེན་འབྲེལ་རེད། རྟོག་པས་བཏགས་ཙམ་གྱི་རྟེན་འབྲེལ་དང༌། རྒྱུ་དང་རྐྱེན་ལ་ལྟོས་ནས་བྱུང་བའི་རྟེན་འབྲེལ་དེ་རང་གི་ཆ་ཤས་ལ་བརྟེན་ནས་བྱུང་བའི་རྟེན་འབྲེལ་རེད། རྟེན་འབྲེལ་ལ་གཏིང་ཟབ་ལོས་མང་པོ་ཡོད། རྟེན་འབྲེལ་གཏིང་ཤིན་ཏུ་ཟབ་པ་དེ་སྟོང་ཉིད་ཀྱི་ལྟ་བ་རྟོགས་ན་ཁག་པོ་ཞེ་དྲག་བྱེད་དགོས་རྒྱུའི་རྟེན་འབྲེལ་ཕྲ་མོ་ཞིག་ཡོད་པ་རེད། དེ་ནི་རྟོག་པས་བཏགས་ཙམ་གྱི་རྟེན་འབྲེལ་དེ་རེད། དེ་ལ་གོ་བ་ཡག་པོ་ཞིག་རྙེད་པ་ཡིན་ན་ད་ལྟ་ང་ཚོས་ཆར་འབེབས་དང་ཞབས་བརྟན་བྱེད་རྒྱུ་དང༌། དེ་བཞིན་རྟེན་འབྲེལ་ཆེད་མངགས་སྒྲིག་པ་དེ་ཚོ་ཡང་ཡག་པོ་འགྲིག་ཡོང་གི་རེད། གང་ཡིན་ཟེར་ན། དཔེར་ན་ལོ་གསར་ལ་ལུག་མགོ་དང༌། ཁ་ཟས། ཕྱེ་མར་སོགས་སྒྲིག་རྟེན་འབྲེལ་ཡིན་ཞེས་བསམ་བློ་ཞིག་བཟོས་པ་དེས་ནུས་པ་ཅིག་ཐོན་གྱི་ཡོད་པ་རེད། དེས་ནུས་པ་ཐོན་པ་དེ་ག་རེ་ཡིན་ནམ་ཞེ་ན་དེ་རྟེན་འབྲེལ་ཡིན་པ་དང་རྟོག་པས་བཏགས་ཙམ་ཡིན་པའི་རྟགས་མཚན་ཞིག་རེད། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆར་འབེབས་ཀྱི་སྔགས་དང༌། ཤེས་རབ་བསྒྲུབ་རྒྱུའི་སྔགས། མི་བརྗེད་པའི་གཟུངས་འཐོབ་རྒྱུའི་སྔགས་སོགས་དེ་ཚོ་ཚང་མའི་རྐྱེན་ལས་མི་བརྗེད་པའི་གཟུངས་འཐོབ་རྒྱུ་ཡོད་པ་དང༌། ཤེས་རབ་སྟེ་རིག་པ་གསལ་དུ་འགྲོ་རྒྱུ་ཡོད་པ་དེ་ཚོ་ཚང་མ་རྟོག་པས་བཏགས་ཙམ་ཡིན་པའི་རྟགས་རེད། རྟོག་པས་བཏགས་ཙམ་གྱི་རྟེན་འབྲེལ་ལ་ངེས་པ་ཡག་པོ་རྙེད་ན་ལས་རྒྱུ་འབྲས་ལ་ཡིད་ཆེས་ཆེ་རུ་འགྲོ་རྒྱུ་ལ་ཕན་ཐོགས་ཆེན་པོ་ཡོད། རྟོག་པས་བཏགས་ཙམ་གྱི་རྟེན་འབྲེལ་ཟེར་བ་དེ་ད་དུང་གསལ་པོ་ཤེས་ཀྱི་མི་འདུག་ན་དཔེར་ན་འཇིག་རྟེན་འདིའི་ཐོག་མི་རིགས་མང་པོ་ཡོད་པ་དང༌། མི་རིགས་སོ་སོར་སྐད་མི་འདྲ་བ་རེ་ཡོད་སྟབས་དངོས་པོ་རེ་ལ་སོ་སོའི་སྐད་ཀྱི་ཐོག་ནས་མིང་རེ་བཏགས་པ་དེས་གོ་ཆོད་པ་དང་ནུས་པ་ཐོན་གྱི་ཡོད་པ་ལས་གཅིག་གིས་བཏགས་པའི་མིང་དེས་གོ་ཆོད་པ་དང་གཅིག་གིས་བཏགས་པའི་མིང་དེས་གོ་མ་ཆོད་པ་ཞིག་མེད་པས་མིང་བཏགས་པ་དེ་ནི་འདོགས་བྱེད་ཀྱི་རྟོག་པ་གཅིག་གིས་མིང་དེ་འདྲ་ཞིག་བཏགས་བཞག་ན་འགྲིག་པ་དང༌། དེས་གོ་ཆོད་པ་ཞིག་ཡིན་པ་མ་གཏོགས་མིང་བཏགས་པ་དེས་འགྲིག་ཡོད་མེད་དང་གོ་ཆོད་མི་ཆོད་ཀྱི་ཁྱད་པར་གང་ཡང་མེད། དེའི་ཐོག་ནས་བསམ་བློ་བཏང་ནའང་ཚང་མ་རྟོག་པས་བཏགས་ཙམ་ཡིན་པའི་རྟགས་མཚན་གཅིག་རེད། ད་དུང་དཔེ་མང་པོ་ཡོད་པ་དེ་ཚོ་ཚང་མ་རྟོག་པས་བཏགས་ཙམ་ཡིན་སྟབས་འགྱུར་བ་ཡོང་གི་ཡོད་ཅིང༌། འགྱུར་བ་འགྲོ་བ་དེ་རྟོག་པས་བཏགས་ཙམ་ཡིན་པའི་རྟགས་མཚན་རེད། དེ་ནི་རྟོག་པ་བཏགས་ཙམ་ཡིན་སྟབས་གཏིང་ཟབ་ཏུ་ཕྱིན་པ་རེད། དེ་ཡང་རྟོག་པས་བཏགས་ཙམ་ཟེར་དུས་འདོགས་སའི་གཞི་གཅིག་ཡོད་པ་དེ་ལ་གདགས་གཞི་ཟེར། གདགས་གཞི་ཚོགས་པ་ལ་བརྟེན་ནས་རྟོག་པས་བཏགས་ཙམ་ཡིན་པ་དེ་བསམ་བློ་གཏོང་དགོས། གདགས་གཞི་ཚོགས་མེད་ན་མིང་དེ་འདོགས་མི་སྲིད། གདགས་གཞི་དེ་ཚོགས་པ་ཡིན་སྟབས་གདགས་གཞི་ཚོགས་པའི་ནང་མིང་མེད་ན་མི་འགྲིག མིང་འདོགས་ས་ཞིག་དགོས་ལ་མིང་འདོགས་མཁན་ཞིག་ཀྱང་དགོས་པ་དང༌། མིང་གཅིག་ཀྱང་དགོས་ཀྱི་རེད། མིང་ཙམ་གྱི་ཁོས་ལས་ཀ་བྱེད་ཀྱི་ཡོད་པ་དང་དེས་ནུས་པ་ཐོན་གྱི་ཡོད། ཕྱིས་སུ་རྗེ་བཙུན་གྱི་བཀའ་ལྟར་བྱ་བྲལ་ལ་བྱོན་ཏེ་བསགས་སྦྱང་ལ་འབད་པའི་རྗེས་སུ་དབེན་གནས་ལྷ་སྡིངས་སུ་བཞུགས་སྐབས་(དེ་འོལ་དགའ་ལ་ཡོད། འོལ་དགའ་ལྷ་སྡིངས་ཟེར་)སླར་ཡང་བླ་མ་དང་རྗེ་བཙུན་འཇམ་དཔལ་དབྱངས་ཐ་མི་དད་དུ་བྱས་ནས་གསོལ་བ་ཤུགས་དྲག་བཏབ་ཅིང༌། ལྟ་བའི་གནད་ལ་དཔྱད་པ་ཞིབ་ཏུ་མཛད་པ་ན། ནུབ་གཅིག་མཚན་ལམ་དུ། མགོན་པོ་ཀླུ་སྒྲུབ། འཕགས་པ་ལྷ། སངས་རྒྱས་བསྐྱངས། ཟླ་བ་གྲགས་པ། ལེགས་ལྡན་འབྱེད་རྣམས་ཀྱིས་ལྟ་བའི་གནད་ལ་འབེལ་གཏམ་མཛད་བཞིན་པའི་ནང་སངས་རྒྱས་བསྐྱངས་ཀྱིས་དབུ་མའི་རྒྱ་དཔེ་ཞིག་ཕྱག་གིས་བསྣམས་ནས་ཚུར་ཕེབས་ཏེ་རྗེ་ཉིད་ལ་བྱིན་རླབས་མཛད་པའི་མཚན་མ་བྱུང་ཞིང༌། (བྱིན་རླབས་མཛད་པའི་མཚན་མ་བྱུང་ཞིང་ཞེས་པ་དེ་ནི་སངས་རྒྱས་བསྐྱངས་ཀྱིས་མཛད་པའི་འགྲེལ་པ་བུདྡྷ་པཱ་ལི་ཏ་དེ་གནང་ནས་རྒྱལ་བ་ཙོང་ཁ་པ་རང་གི་དབུའི་སྒང་ལ་བཞག་སྟེ་བྱིན་རླབས་གནང་བའི་གཟིགས་སྣང་བྱུང་བ་ཡིན་)ཕྱི་ཉིན་རྩ་ཤེའི་འགྲེལ་པ་བུདྡྷ་པཱ་ལི་ཏའི་དཔེ་ཕྱག་ཏུ་འབྱོར་བ་དེ་གཟིགས་པའི་རྐྱེན་གྱིས་དབུ་མ་ཐལ་འགྱུར་བའི་ལྟ་བའི་གནད་མཐར་ཐུག་པ་དང་དགག་བྱ་ཕྲ་རགས་ཀྱི་དབྱེ་མཚམས་འཛིན་ཚུལ་སོགས་ལ་སྔར་དང་མི་འདྲ་བའི་ངེས་པ་གཏིང་ཚུགས་པ་འཁྲུངས་ཤིང༌། མཚན་འཛིན་དམིགས་གཏད་ཐམས་ཅད་ཞིག དེ་ནི་གཙོ་བོ་འགྲེལ་པ་བུདྡྷ་པཱ་ལི་ཏ་ཡི་རབ་བྱེད་བཅོ་བརྒྱད་པ་དེ་རེད། རྩ་བ་ཤེས་རབ་ལ་རབ་བྱེད་ཉི་ཤུ་རྩ་བདུན་ཡོད་པའི་ནང་ནས་རབ་བྱེད་བཅོ་བརྒྱད་པ་དེ་གཟིགས་དུས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་ཐུགས་རྒྱུད་ལ་དབུ་མའི་ལྟ་བ་འཁྲུངས་པ་ཡིན་ཟེར་སྲོལ་ཡོད། དེར་བརྟེན་ང་ཚོས་ཀྱང་རྩ་བ་ཤེས་རབ་ཀྱི་འགྲེལ་པ་བུདྡྷ་པཱ་ལི་ཏ་(བསྟན་འགྱུར་ནང་ཡོད་)ཞེས་པ་དེ་ཚང་མ་ཀློག་མ་ཐུབ་ནའང་རབ་བྱེད་བཅོ་བརྒྱད་པ་དེ་ཀློག་ནས་སྨོན་ལམ་ཡག་པོ་གཅིག་བརྒྱབ་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་རྗེས་འཇུག་ཚོས་དབུ་མའི་ལྟ་བ་རྟོགས་པ་ལ་ཁྱད་པར་ཆེན་པོ་ཡོད་ཅེས་གསུངས་ཡོད། མཚན་འཛིན་གྱི་དམིགས་གཏད་ཐམས་ཅད་ཞིག་ཅེས་པ་ནི་རྟོག་པས་བཏགས་ཙམ་མ་ཡིན་པའི་འདོད་ཚུལ་ཏེ་རང་ངོས་ནས་གྲུབ་པའི་འདོད་ཚུལ་དེ་མེད་པ་ཆགས་པ་དེ་རེད། རྟོག་པས་བཏགས་པ་ལ་མ་ལྟོས་པར་ཡུལ་རང་ངོས་ནས་གྲུབ་པའི་དགག་བྱ་འཛིན་པའི་ཡིད་དེ་ཞིག་པ་རེད། དེ་ཞིག་པའི་སྐབས་ལ་གང་འདྲ་བྱེད་ཀྱི་རེད་དམ་ཞེ་ན། སོ་སོ་བརླགས་སོང་སྙམ་པའི་བློ་སྐྱེས་ནས་འཇིགས་སྐྲག་སྐྱེད་དེ་དཔེར་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་སློབ་མ་ཁག་ཅིག་ལ་སེ་ར་ཆོས་སྡིངས་(སེ་ར་དགོན་པའི་སྒང་གི་རི་ཁྲོད་ཆོས་སྡིངས་ཟེར་བ་དེ་སྔ་ཙོང་ཁ་པས་<<དྲང་ངེས་ལེགས་བཤད་སྙིང་པོ་>>བརྩམས་གནང་ས་དེ་ཡིན་)སུ་དབུ་མའི་ལྟ་བའི་སྐོར་དཔེ་ཁྲིད་གནང་སྐབས་རྗེ་བཙུན་ཤེས་རབ་སེང་གེས་དབུ་མའི་ལྟ་བ་རྟོགས་ནས་ཁོང་རང་གི་བྲང་ཁོག་ལ་དམ་པོར་འཇུས་ཏེ་བཞུགས་དགོས་བྱུང་ཚུལ་གསུངས་ཡོད། དེ་གང་ཡིན་ཞེ་ན་དབུ་མའི་ལྟ་བ་དེ་རྟོགས་ཡོང་དུས་རང་ཉིད་མེད་པ་ཆགས་ནས་བརླགས་སོང་སྙམ་པའི་འཇིགས་སྣང་ཞིག་ཡོང་གི་ཡོད་པ་རེད། དེར་བརྟེན་རྗེ་ཙོང་ཁ་པ་ཆེན་པོས་རྗེ་བཙུན་ཤེས་རབ་སེང་གེ་ལ་སྣར་ཐང་པའི་ཀུན་རྫོབ་གོང་བའི་སྒང་ལ་བཞག་པ་རེད་ཅེས་གསུངས་ཡོད། (རྗེ་ཤེས་རབ་སེང་གེར་སྣར་ཐང་པ་གསུང་དོན་ནི་རྗེ་ཤེས་རབ་སེང་གེ་སློབ་གཉེར་གནང་ས་སྣར་ཐང་དགོན་པ་ཡིན་)དབུ་མའི་ལྟ་བ་ཡག་པོ་རྟོགས་ན་བསམ་ཚུལ་གཉིས་ཡོང་གི་རེད། གཅིག་ལ་འཇིགས་སྣང་ཆེན་པོ་སྐྱེས་ནས་ད་ང་བརླགས་སོང་སྙམ་པའམ་དངོས་པོ་རྩ་ཆེན་ཞིག་བརླགས་སོང་སྙམ་པའི་ཞེད་སྣང་ཆེན་པོ་ཡོང་བ་དང༌། ཡང་གཅིག་ནི་དངོས་པོ་རྩ་ཆེན་ཞིག་ལག་པར་ཐེབས་པའི་སྣང་བ་ཡོང་གི་ཡོད་པ་དེ་ཚོ་ཚེསྔ་མ་དབུ་མའི་ལྟ་བ་ལ་བག་ཆགས་ཡོད་མེད་ཀྱི་ཁྱད་པར་ཡིན་ཏེ་ཚེ་སྔ་མ་དབུ་མའི་ལྟ་བ་བག་ཆགས་ཡག་པོ་ཡོད་ན་ཡིད་བཞིན་ནོར་བུ་ལག་ཏུ་ཐེབས་པ་ལྟ་བུའི་དགའ་ཚོར་ཡོང་བ་དང༌། ཚེ་སྔ་མ་དབུ་མའི་ལྟ་བ་ལ་བག་ཆགས་ཞེ་དྲག་མེད་པ་ཡིན་ན་དབུ་མའི་ལྟ་བ་དེ་རྟོགས་དུས་ཅ་ལག་རྩ་ཆེན་ཞིག་གློ་བུར་བརླགས་པ་ལྟ་བུའི་འཇིགས་སྣང་ཡོང་གི་ཡོད་པ་དེ་གཉིས་ཀ་ཡག་པོ་ཡིན་གསུངས་ཀྱི་ཡོད། ད་ལྟ་ང་ཚོ་ལྟ་བུར་སྨོན་ལམ་བརྒྱབ་ནས་བག་ཆགས་འཇོག་རྒྱུ་ལས་དགའ་ཚོར་དང་ཞེད་སྣང་གཉིས་ཀ་ཡོང་དོགས་མེད། འོན་ཀྱང་རྣ་བར་ཐོས་པ་ཙམ་གྱིས“ཐེ་ཚོམ་བཟོས་པ་ཙམ་གྱིས་ཀྱང༌། སྲིད་པ་ཧྲུལ་པོར་བྱེད་པར་འགྱུར”ཞེས་དབུ་མའི་ལྟ་བ་རྟོགས་ཚེ་དངོས་འབྲེལ་ཤེས་པ་ལྟ་ཅི་དེ་འདྲ་མིན་ནམ་སྙམ་པའི་དོགས་པ་ཞིག་བྱུང་ནའང་འཁོར་བའི་རྩ་བ་ལ་གཡོ་འགུལ་ཐེབས་ཀྱི་ཡོད་པ་རེད། དེ་ཁོ་ན་ཉིད་ཀྱི་དོན་ལ་མཐའ་གཞན་དུ་དོགས་པའི་སྒྲོ་འདོགས་ལྷག་མ་མེད་པར་དྲུངས་ནས་ཕྱུང་སྟེ་གནས་ལུགས་ཀྱི་དོན་ཇི་ལྟ་བ་བཞིན་མངོན་སུམ་དུ་གཟིགས་པས་ཟབ་ལམ་དབུ་མའི་གཞུང་ལུགས་རྩ་ཤེས་རྣམ་བཤད་རིགས་པའི་རྒྱ་མཚོ་དང༌། དབུ་མ་འཇུག་པའི་རྣམ་བཤད་དགོངས་པ་རབ་གསལ། དྲང་ངེས་ལེགས་སྙིང་པོ་ཆེ་ཆུང་སོགས་མཛད་དེ། ལེགས་བཤད་སྙིང་པོ་ཆེ་ཆུང་གཉིས་ལས་ཆེ་བ་ནི་ཡོངས་གྲགས་ཀྱི་ལེགས་བཤད་སྙིང་པོ་དང༌། ཆུང་བ་ནི་རྟེན་འབྲེལ་བསྟོད་པ་ཡིན། རྟེན་འབྲེལ་བསྟོད་པ་དེ་ནམ་རྒྱུན་ཁ་འདོན་དུ་བྱས་ན་དབུ་མའི་ལྟ་བ་ལ་བག་ཆགས་བཞག་པར་ཁྱད་པར་ཆེན་པོ་ཡོད་ཟེར། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་དབུ་མའི་ལྟ་བ་རྙེད་རྗེས་རྟེན་འབྲེལ་བསྟོད་པ་བརྩམས་གནང་བ་རེད། དེ་ནི་སྟོན་པ་བཅོམ་ལྡན་འདས་ལ་སྟོང་པ་ཉིད་གསུངས་པའི་སྒོ་ནས་བསྟོད་པ་གནང་བ་ཞིག་མ་ཡིན་པར་བརྟེན་ཅིང་འབྲེལ་བར་བྱུང་བའི་སྒོ་ནས་བསྟོད་པ་གནང་ཡོད། འཕགས་པ་ཡབ་སྲས་ཀྱི་དགོངས་པ་བླ་ན་མེད་པ་ཐར་པའི་གཞི་རྩ་གཅིག་པུ། ལྟ་བ་ཐམས་ཅད་ཀྱི་ཡང་རྩེ་དཔལ་ལྡན་ཐལ་འགྱུར་བའི་ལྟ་བ་མཐའ་བྲལ་དབུ་མའི་ལམ་བཟང་ས་འོག་གི་གཏེར་བཞིན་སྔོན་ཆད་གངས་རིའི་ལྗོངས་འདིར་སུས་ཀྱང་གསལ་བར་མ་ནུས་པ། སུས་ཀྱང་གསལ་བར་མ་ནུས་པ་ཞེས་པ་དེ་དབུ་མའི་ལྟ་བ་དེ་སུས་ཀྱང་མ་རྟོགས་པ་ཟེར་བའི་དོན་མིན་ཏེ་སུས་ཀྱང་གསལ་བར་མ་ནུས་པ་ཞེས་པ་ལས་སུས་ཀྱང་རྟོགས་མ་ནུས་པ་ཞེས་གསུངས་མེད། སུས་ཀྱང་གསལ་བར་མ་ནུས་པ་ནི་སུས་ཀྱང་གསལ་བཤད་ཡག་པོ་གནང་ཐུབ་མེད་པའི་དོན་ཏེ་སོ་སོས་ཡག་པོ་མཁྱེན་ནའང་མི་གཞན་ལ་གསལ་བཤད་ཡག་པོ་གནང་ཐུབ་མེད་པའི་དོན་ཡིན། དེ་ནི་རྗེ་བཙུན་མར་པ་ལོ་ཙཱ་བ་དང༌། མི་ལ་རས་པ། ས་སྐྱ་པཎ་ཆེན་སོགས་བཀའ་བརྒྱུད་པའི་བླ་མ་གོང་མ་ཚང་མ་དབུ་མ་ཐལ་འགྱུར་བའི་ལྟ་བ་རྟོགས་ཡོད་ནའང༌། སློབ་མར་གསུངས་དུས་སོ་སོར་རྟོགས་པ་དེ་ཇི་མ་ཇི་བཞིན་ཚང་མ་གསུངས་དགོས་རྒྱུ་མེད་ལ་གསུངས་ན་ཡང་སློབ་མ་ཚོས་གོ་མི་ཐུབ་པས་སློབ་མའི་བསམ་བློའི་གནས་ཚད་དང་བསྟུན་ནས་འོས་འཚམས་ཤིག་གསུངས་པ་རེད། དེར་བརྟེན་རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ་སོགས་ཀྱི་དབུ་མའི་ལྟ་བ་གསུང་སྐབས་སྔོན་མ་བོད་ཀྱི་དཔེ་ཆའི་ནང་ནས་གཞུང་ཆེན་མོ་བཀའ་འགྱུར་བསྟན་འགྱུར་ནང་མེད་པའི་མིང་དང་ཚིག་གསར་པ་ཧ་ཅང་མང་པོ་ཡོད་པ་དེ་དག་ལ་གོ་བ་ཡག་པོ་མ་ཐེབས་ན་ནོར་འཁྲུལ་ཆེན་པོ་ཡོང་ཉེན་ཡོད། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཆོས་གཞུང་ནང་གི་སྔར་ཡོད་མིང་ཚིག་ཁོ་ན་བེད་སྤྱོད་དང་དེ་ལ་འགྲེལ་བཤད་གནང་བ་ལས་བཀའ་བསྟན་ནང་མེད་པའི་མིང་དང་ཚིག་གསར་པ་གཏན་ནས་བཟོས་གནང་མེད། རྗེ་ཐམས་ཅད་མཁྱེན་པ་འདི་ཉིད་ཀྱིས་མགོན་པོ་འཇམ་པའི་དབྱངས་ཀྱི་བཀའ་དྲིན་ལ་བརྟེན་ནས་ལུང་དང་རིགས་པ་བརྒྱ་ཕྲག་དུ་མས་ཆེས་ཤིན་ཏུ་གསལ་བར་བཀྲོལ་ཏེ་སྐལ་ལྡན་ཐར་འདོད་ཡོངས་ཀྱི་སྤྱི་ནོར་དུ་བསྩལ་བ་འདི་ནི་གཞན་ལས་ཆེས་ཁྱད་པར་དུ་འཕགས་པའི་རི་བོ་དགེ་ལྡན་པའི་སྒོས་ཆོས་བླ་ན་མེད་པ་ཡིན་ནོ།།

དེ་ཡིན་སྟབས་འབྲུག་པ་སྐྱབས་མགོན་པདྨ་དཀར་པོ་དང༌། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཀརྨ་པ་མི་བསྐྱོད་རྡོ་རྗེ། དེ་བཞིན་གྲུབ་མཐའ་གཞན་ཕྱོགས་ཀྱི་བླ་མ་མང་པོ་ཞིག་གིས་ཐོག་མ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོར་དགག་པ་བསྐྱོན་ཡོད་ཀྱང་རྗེས་སུ་<<རྣམ་བཤད་དགོངས་པ་རབ་གསལ་>>དང༌། <<ལེགས་བཤད་སྙིང་པོ།>><<སྔགས་རིམ་ཆེན་མོ།>><<རིམ་ལྔ་གསལ་སྒྲོན་>>སོགས་དེ་དག་གཟིགས་རྗེས་གཞི་ནས་ཐུགས་འགྱོད་སྐྱེས་ཏེ་བསྟོད་བསྔགས་ཕུལ་གནང་བའི་བསྟོད་པ་ཧ་ཅང་མང་པོ་ཡོད། ཁོང་རྣམ་པ་དབང་རྣོན་ཆོས་ཀྱི་རྗེས་འབྲངས་ཡིན་སྟབས་ཐོག་མར་དགག་པ་སྐྱོན་ཡོད་ནའང་རྗེས་སུ་མདོ་སྔགས་ཀྱི་གཞུང་གཟིགས་རྗེས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་དགོངས་པ་དེར་ནོར་འཁྲུལ་མེད་པ་དང༌། ཆ་ཚང་བ་ཡིན་པ་མཁྱེན་ནས་བསྟོད་བསྔགས་གནང་བ་མ་ཟད། སྔོན་ཆད་དགག་པ་སྐྱོན་པ་དེར་མཐོལ་བཤགས་ཀྱང་གནང་ཡོད། དེས་ན། <<སྤྱོད་འཇུག་>>ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མ་ཡིན། །ཞེས་གསུངས་པ་ལྟར། བཏགས་པའི་དངོས་པོ་ཞེས་པ་ནི་བློས་བཏགས་པའི་དངོས་པོ་སྟེ་བདག་འཛིན་ལྷན་སྐྱེས་ཀྱིས་བཏགས་བཞག་པའི་འཛིན་ཚུལ་དེ་ལ་བློས་བཏགས་པའི་དངོས་པོ་ཞེས་ཟེར། དེ་ལ་དཔེ་ཞིག་ཞུས་ན། བདག་འཛིན་ལྷན་སྐྱེས་ཀྱི་བསམ་བློའི་ནང་གང་འདྲ་ཞིག་ཡོད་དམ་ཞེ་ན། གནད་འགག་ཆེན་པོ་ཞིག་ཡོད། དཔེར་ན་མི་ཞིག་གི་མིང་ལ་བཀྲ་ཤིས་ཟེར་གྱི་ཡོད་ན་ཕྱི་ནས་མི་གཞན་ཞིག་གིས་བཀྲ་ཤིས་ཞེས་འབོད་སྐབས་རང་ཉིད་ལ་ཟེར་གྱི་འདུག་བསམ་ནས་ཨ་ལན་ལེན་པ་ལས་སྐབས་དེ་དུས་ངར་འཛིན་དེ་ཤུགས་ཆེན་པོ་མེད་པ་དང༌། དེ་ནས་བཀྲ་ཤིས་རྐུ་མ་ཁྱོད་མར་ཐོན་ཤོག་ཅེས་འབོད་ཚེ་སྐབས་དེར་ང་ལ་མ་ཉེས་ཁ་གཡོགས་བྱས་བྱུང་སྙམ་ནས་ང་རྒྱལ་ཤུགས་ཆེར་ཕྱིན་ཏེ་ནད་མ་ཐེག་པར་མི་དེ་རང་གི་གམ་དུ་འདུག་ན་གྲི་ཞིག་རྒྱག་དགོས་སྙམ་པའི་བསམ་བློ་ཞིག་འཁོར་དུས་བདག་འཛིན་ལྷན་སྐྱེས་དེ་ཧ་ཅང་ཤུགས་ཆེར་ཕྱིན་པ་རེད། བདག་འཛིན་ལྷན་སྐྱེས་དེ་སྐབས་སྐབས་ལ་མ་གཏོགས་གསལ་པོ་མེད། དེ་ནི་སྐབས་རེ་མི་གཞན་གྱིས་ཁྱོད་རང་འཇོན་པོ་དང་ཡག་པོ་གང་མིན་ཚད་རེད་ཅེས་བསྟོད་བསྔགས་གཏོང་མཁན་བྱུང་ན་རང་གི་སེམས་དེ་རྦད་དེ་གནམ་གྱི་དགུང་ལ་འཕར་ནས་ས་སྟེང་འདིའི་ནང་ང་མ་གཏོགས་མེད་སྙམ་པའི་བསམ་བློ་འཁོར་ནས་ང་མིན་ན་སུ་ཡིན་སྙམ་པ་དེའི་སྐབས་སུ་བདག་འཛིན་ལྷན་སྐྱེས་དེ་ཤུགས་ཆེ་རུ་འགྲོ་གི་ཡོད། དེས་ན་ང་ཚོས་དགའ་དུས་དང༌། སྡུག་དུས། ཁོང་ཁྲོ་ལངས་དུས་བཅས་ཀྱི་སྐབས་སུ་བདག་འཛིན་ལྷན་སྐྱེས་དེ་ཤུགས་ཆེ་རུ་འགྲོ་གི་ཡོད། ནམ་རྒྱུན་རང་གི་རྒྱུད་དུ་བདག་འཛིན་ལྷན་སྐྱེས་དེ་ཡོད་ནའང་གསལ་པོ་མེད། དེར་བརྟེན་ང་ཚོས་དུར་ཁྲོད་སྟེང་དུ་གཅོད་གཏོང་བ་དེ་ནི་ངར་འཛིན་ལྷན་སྐྱེས་དེ་བཅད་རྒྱུའི་ཆེད་དུ་ཡིན། དེ་ནི་དུར་ཁྲོད་སྟེང་གདོན་འདྲེ་ཡོད་སར་ཕྱིན་ཏེ་གཅོད་བཏང་ནས་ལྷ་འདྲེ་རྣམས་ཚུར་བོས་ནས་ངའི་ཤ་ཟ་ན་ཤ་ཟོ། ཁྲག་ལ་དགའ་ན་ཁྲག་འཐུང་ཞེས་བཤད་དེ་གང་འཚམས་ནས་རང་གི་གཡས་གཡོན་ནས་ཚག་སྒྲ་དང་རྡིག་སྒྲ་བྱུང་སྐབས་སྐྲག་ནས་ཕར་བལྟ་ཚུར་བལྟ་བྱས་ཏེ་གཟུགས་པོའི་སྟེང་གི་བ་སྤུ་ཚང་མ་ཡར་གཟེངས་ཐོག སྙིང་ཡང་རྡིག་རྡིག་ཅེས་འཕར་གྱི་ཡོད་པས་སྐབས་དེ་དུས་ངར་འཛིན་ལྷན་སྐྱེས་ལ་གནོད་པ་ཆེན་པོ་བསྐྱལ་བའི་རྟགས་རེད། དེ་དུས་ངར་འཛིན་ལྷན་སྐྱེས་དེ་ལམ་སང་ངོས་བཟུང་དགོས། དེའི་ཐབས་ཤེས་ལ་གཅོད་བཏང་བ་རེད། གཅོད་ནི་གྲུབ་མཐའ་ཚང་མ་ལ་ཡོད་ཅིང༌། དགེ་ལུགས་ཀྱི་གཅོད་ཀྱི་ཌ་མ་རུ་དེ་ཆེ་ཆུང་མཆན་འོག་ཏུ་ཚུད་ཙམ་ཞིག་དང་བརྡུང་བྱེད་དེའི་ནང་ན་འབྲུ་བདུན་རེ་ལས་མེད་ཅིང༌། སྐད་ཆེ་ཆུང་ནི་རང་ཉིད་ཀྱིས་ཐོས་ཙམ་ཞིག་དང་རང་ཤག་གི་སྒོ་གྲོལ་ནས་གོ་རྒྱུ་མེད་པ་ཞིག་དགོས་ཀྱི་ཡོད། དེང་སང་ལྟོ་སློང་བྱེད་ཀྱི་ལག་ཆ་ལྟ་བུར་གྱུར་པའི་གཅོད་དེ་དངོས་གནས་བྱས་ན་ངར་འཛིན་ལྷན་སྐྱེས་གསལ་རུ་གཏོང་བའི་ཐབས་ཤེས་ཤིག་རེད། དེར་བརྟེན་དགག་བྱ་ངོས་འཛིན་གྱི་གཙོ་བོ་དེ་ངར་འཛིན་ལྷན་སྐྱེས་ངོས་གཟུང་རྒྱུ་དེ་ཡིན། ངར་འཛིན་ལྷན་སྐྱེས་ཞེས་པ་ནི་རང་གི་ཕུང་པོ་ལྔ་གང་ལའང་ལྟོས་མི་དགོས་པར་ཟུར་དུ་ང་གཅིག་རྙེད་རྒྱུ་ཡོད་པའི་སྣང་བ་འཆར་གྱི་ཡོད་པ་དང༌། གནོད་པ་བསྐྱལ་སའི་ང་གཅིག ཕན་ཐོགས་སའི་ང་གཅིག་ཡོད་པའི་སྣང་བ་ཞིག་ཤར་བ་དེ་ནི་ངར་འཛིན་ལྷན་སྐྱེས་ཡིན། དེ་ལྟ་བུའི་ངར་འཛིན་ལྷན་སྐྱེས་ཀྱི་ཞེན་ཡུལ་དུ་གྱུར་པའི་ང་བདེན་གྲུབ་འགོག་ཆེད་དུ་རྣམ་བདུན་གྱི་རིགས་པ་ཞེས། རིགས་པ་མི་འདྲ་བ་བདུན་བཏང་ཡོད། ༡. ཤིང་རྟ་དེ་རང་གི་ཡན་ལག་ལས་རང་བཞིན་གྱིས་གྲུབ་པའི་གཞན་མ་ཡིན་པ། ༢. ཤིང་རྟ་དེ་རང་གི་ཡན་ལག་དང་རང་བཞིན་གྱིས་གྲུབ་པའི་གཅིག་མ་ཡིན་པ། ༣. ཤིང་རྟ་དེ་རང་གི་ཡན་ལག་དང་རང་བཞིན་གྱིས་ལྡན་པ་མ་ཡིན་པ། ༤. ཤིང་རྟ་དེ་རང་གི་ཡན་ལག་ལ་རང་བཞིན་གྱིས་བརྟེན་པ་མ་ཡིན་པ། ༥. ཡན་ལག་རྣམས་རང་ལ་རང་བཞིན་གྱིས་བརྟེན་པ་མ་ཡིན་པ། ༦. ཤིང་རྟའི་ཡན་ལག་འདུས་པ་ཙམ་ཤིང་རྟ་མ་ཡིན་པ། ༧. ཡན་ལག་ཚོགས་པའི་དབྱིབས་ཙམ་ཤིང་རྟ་མ་ཡིན་པ་སྟེ་དེ་ལྟར་བྱས་ནས་རིགས་པ་མི་འདྲ་བ་བདུན་བཏང་ཡོད། རིགས་པ་དེ་དག་ལ་བརྟེན་ནས། ཤིང་རྟ་འཁོར་ལོ་དེ་རང་གི་ཡན་ལག་ཚོགས་པའི་གདགས་གཞི་དེ་ལ་བརྟེན་ནས་ཤིང་རྟ་འཁོར་ལོ་ཞེས་མིང་བཏགས་པ་ཙམ་མ་གཏོགས་མེད་པ་དེ་འདྲ་ཞིག་ཆགས་ཡོང་གི་ཡོད། དེ་དཔེ་ལ་བཞག་པ་རེད། ཤིང་རྟ་འཁོར་ལོ་དེ་དཔེ་ལ་བཞག་ནས་དཔེ་དེ་ནང་བཞིན་ང་དང་ང་ཞེས་མིང་བཏགས་ས་དེ་ཕུང་པོ་ལྔ་ལ་བརྟེན་ནས་བཏགས་ཡོད་སྟབས་བསམ་བློ་གཏོང་དུས་སྐབས་རེ་ང་ཟེར་དུས་རང་དང་ཕུང་པོ་གཅིག་པ་ཡིན་པ་ལྟ་བུ། སྐབས་རེ་རང་གི་ཕུང་པོ་ལས་ལོགས་སུ་ཡོད་པ་ལྟ་བུ། སྐབས་རེ་རང་གི་ཕུང་པོ་ལྔ་ལ་བརྟེན་ནས་ཕན་ཚུན་ཁ་གཏད་དུ་ཡོད་པ་ལྟ་བུ། སྐབས་རེ་ཚུར་བརྟེན་པ་ལྟ་བུ། སྐབས་རེ་ཕར་བརྟེན་པ་ལྟ་བུ། དེ་ཡང་དཔེར་ན་ཕར་བརྟེན་ཚུར་བརྟེན་ཟེར་བ་དེ་འཁར་རྒྱུག་མི་ལ་བརྟེན་པ་ནང་བཞིན་རེད། དེ་ནི་འཁར་རྒྱུག་གིས་འཛིན་མཁན་གྱི་མི་ལ་ཚུར་བརྟེན་པ་ཞིག་དང༌། འཛིན་མཁན་གྱི་མི་དེས་འཁར་རྒྱུག་ལ་ཕར་རྟེན་པ་ཞིག་ཡོད། དཔེ་དེ་ནང་བཞིན་ཕུང་པོ་ལྔ་པོ་དེས་ང་ལ་ཚུར་བརྟེན་པ་ལྟ་བུ་ཞིག་དང་ང་དེས་ཕུང་པོར་ཕར་བརྟེན་པ་ལྟ་བུ་བསམ་བློ་ཕྱོགས་གཉིས་ཡོད་པ་རེད། ཡང་སྐབས་རེ་བསམ་བློ་གཏོང་སྟངས་གཅིག་ལ་ང་དེ་ཕུང་པོ་ལྔ་དང་ལྡན་པ་ལྟ་བུ། སྐབས་ཤིག་ལ་ཡང་ཕུང་པོ་ལྔ་ཚོགས་པ་དེ་ང་ཡིན་པ་ལྟ་བུ། སྐབས་ཤིག་ལ་མགོ་དང་རྐང་ལག་སོགས་ཕུང་པོ་ལྔ་ཚོགས་པའི་མིའི་བཟོ་ལྟ་དེ་ང་ཡིན་པ་ལྟ་བུ་བསམ་བློ་གཏོང་སྟངས་རིགས་མི་འདྲ་བ་བདུན་ཡོད་པ་དེ་དག་ལ་རིགས་པ་རེ་བཏང་ཡོད།

དེ་ཡང་ང་དང་རང་གི་ཕུང་པོ་ལྔ་པོ་གཅིག་མཚུངས་ཡིན་ན་སྐྱོན་གང་ཡོད་དམ་ཞེ་ན། ང་དེ་ཕུང་པོ་ལྔ་དང་གཅིག་པ་ཡིན་ན་ཕུང་པོ་ལྔ་ཡོད་པ་ལྟར་ང་ལ་ཡང་ལྔ་ཡོད་དགོས་པ་དང༌། ང་དེ་གཅིག་ལས་མེད་པ་ལྟར་ཕུང་པོ་ཡང་གཅིག་ལས་མེད་པ་ལྟ་བུ་དགོས་ཀྱི་ཡོད་པ་རེད། དེ་ཕུང་པོ་ལྔ་དང་གཅིག་པ་ཡིན་ན་ཕུང་པོ་ལ་ལྔ་ཡོད་པ་ལྟར་ང་ལ་ཡང་ལྔ་ཡོད་དགོས་པ་སྟེ། ཕུང་པོ་ལྔ་ལ་གཟུགས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་ཤེས་ཀྱི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ། རྣམ་པར་ཤེས་པའི་ཕུང་པོ་བཅས་ལྔ་ཡོད་སྟབས་ང་དེ་ཡང་ལྔ་ཡོད་དགོས། ཡང་ན་ང་དེ་གཅིག་ལས་མེད་པ་ནང་བཞིན་ཕུང་པོ་ཡང་གཅིག་མ་གཏོགས་མེད་པ་ཡིན་དགོས། འོན་ཀྱང་ཕུང་པོ་གཅིག་ལས་མེད་པ་མིན་པར་ལྔ་ཡོད་པ་གསལ་ཐག་ཆོད་རེད། དེ་ལྟར་བྱས་ནས་གཅིག་པ་མིན་པ་དེ་གསལ་པོ་བྱུང་ཡོད། ཡང་གལ་ཏེ་ང་དེ་ཕུང་པོ་ལྔ་ལས་ལོགས་སུ་ཡིན་ན་ཕུང་པོ་ལྔ་ལས་ལོགས་སུ་ང་གཅིག་བསྟན་རྒྱུ་ཡོད་དགོས། དེར་བརྟེན་ཕུང་པོ་ལྔ་དང་ང་གཉིས་པོ་དེ་རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་ན་སྐྱེ་བ་སྔོན་མ་རྣམས་ཀྱི་ང་དེ་དང་ད་ལྟའི་ང་དེ་རང་བཞིན་གྱིས་ཐ་དད་ཡིན་དགོས། དེ་ལྟར་བྱས་ཚེ་ད་ལྟ་ཚེ་འདི་ལ་སྐྱེ་བ་སྔ་མའི་ལས་ཀྱི་འབྲས་བུ་སྨིན་པ་འདི་ལས་མ་བྱས་པ་དང་འཕྲད་པ་ཡིན་དགོས། དེ་ལྟར་སྐྱེ་སྔ་མའི་ལས་ཀྱི་འབྲས་བུ་དེ་ཚེ་འདི་ལ་མྱོང་རྒྱུ་མེད་པ་ཡིན་ན་ལས་བྱས་པ་དེ་འབྲས་བུ་མེད་པ་དང་ཆུད་ཟ་བ་ཞིག་ཡིན་དགོས། དེ་འདྲ་ཡིན་དུས་ང་དང་ཕུང་པོ་ལྔ་པོ་དེ་ལོགས་བཀར་ཡིན་ན་དེ་འདྲ་ཡོང་ཐུབ་ཐབས་མེད། དེར་བརྟེན་སྐྱེ་བ་སྔ་མའི་ལས་ཀྱི་འབྲས་བུ་རང་ལ་མྱོང་རྒྱུ་ཡོད་པ་དང་སྐྱེ་བ་སྔ་མ་རང་གིས་མ་བྱས་པ་ཞིག་ཚེ་འདི་ལ་མྱོང་རྒྱུ་མེད། སྐྱེ་བ་སྔ་མ་བྱས་པ་དེ་ཚེ་འདི་ལ་མྱོང་རྒྱུ་ཡོད་སྟབས་ང་རང་ཚོའི་རྒྱུད་ཀྱི་ཕུང་པོ་ལྔ་པོ་འདི་ང་དང་ལོགས་བཀར་མིན། གལ་སྲིད་ང་དང་ཕུང་པོ་ལྔ་པོ་དེ་ལོགས་བཀར་ཡིན་ན་རང་གི་ཕུང་པོ་དེ་ཕར་ཙམ་དེར་བཞག ང་དེ་ཚུར་ཙམ་དེར་བཞག་ཐོག དེ་ལྟར་བྱས་ཚེ་སྐྱེ་བ་སྔ་མ་དང་རྗེས་མའི་ལས་འབྲས་དེ་སོ་སོར་མྱོང་རྒྱུ་མེད་པ། ཚེ་འདི་ལ་རང་གིས་བྱས་པ་དེ་ཚེ་ཕྱི་མར་མྱོང་རྒྱུ་མེད་པ། ཚེ་འདི་ལ་རང་གིས་མ་བྱས་པ་དེ་ཚེ་ཕྱི་མར་མྱོང་རྒྱུ་ཡོད་པ་དེ་འདྲ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་ལོགས་བཀར་མིན་པའི་རྒྱུ་མཚན་དེ་ལྟར་ཡིན།

ཡང་ཕུང་པོ་ལྔ་པོ་དེ་ང་ལ་ཚུར་བརྟེན་པ་དང་ཡང་ང་དེས་ཕུང་པོ་ལྔ་ལ་ཕར་བརྟེན་པ་ཟེར་བ་དེ་སྐབས་རེ་ཕར་བརྟེན་པ་ལྟ་བུ་དང༌། སྐབས་རེ་ཚུར་བརྟེན་པ་ལྟ་བུ་ཞིག་ཡོད། རྟེན་དང་བརྟེན་པ་ཡིན་ན་ཁོག་མའི་ནང་མེ་ཏོག་བཏབ་པ་ལྟར་ཁོ་གཉིས་ཕར་བརྟེན་ཚུར་བརྟེན་བྱས་ནས་བསྡད་ཡོད་ན་ལོགས་བཀར་ཡིན་དགོས། དེ་མིན་པ་གོང་དུ་རིགས་པ་བཏང་ནས་བཀག་ཟིན་པ་རེད། དེ་ནས་ལྡན་པ་ཞེས་པ་སྟེ་ང་ལ་ཕུང་པོ་ལྔ་ལྡན་པ་ཞེས་ང་དེ་བདག་པོ་ཡིན་པ་ལྟ་བུ། ཕུང་པོ་ལྔ་པོ་དེ་བདག་ཏུ་བཟུང་རྒྱུའི་དངོས་པོ་ཡིན་པ་ལྟ་བུ། གཅིག་བདག་པོ་ཡིན་པ་དང་གཅིག་བདག་ཏུ་བཟུང་བྱེད་ཀྱི་དངོས་པོ་ཡིན་པ་ལྟ་བུ་དེ་འདྲ་ཞིག་ཆགས་འགྲོ་གི་ཡོད་རེད། དེ་ལྟར་བྱས་ན་གང་ལྟར་ལོགས་བཀར་ཡིན་དགོས། འོ་ན་ཕུང་པོ་ལྔ་པོ་དེ་ཁོ་ན་ང་རེད་དམ་ཞེ་ན་ཕུང་པོ་ལྔ་པོ་དེ་ཁོ་ན་ང་མིན། ཕུང་པོ་ལྔ་པོ་དེ་རང་ང་ཡིན་ན་ཕུང་པོ་ལྔ་ཡོད་པ་ནང་བཞིན་ང་ཡང་ལྔ་ཡོད་དགོས། ཡང་ན་ང་གཅིག་ལས་མེད་པ་ལྟར་ཕུང་པོ་ལྔ་ཡང་གཅིག་ལས་མེད་པ་ཡིན་དགོས། དཔེར་ན་ཕུང་པོ་ལྔ་པོ་དེ་ང་ཡིན་ན་གཟུགས་ཀྱི་ཕུང་པོ་དང་ཚོར་བའི་ཕུང་པོ་སོགས་རེ་རེའི་ཐོག་ང་རེ་ཡོད་དགོས། ཡིན་ནའང་ང་གཅིག་ལས་མེད་སྟབས་ཕུང་པོ་ལྔ་པོ་དེ་ང་ཡིན་ན་ཕུང་པོ་ཡང་གཅིག་ལས་ཡོང་ཐབས་མེད་པས་མི་འགྲིག འོ་ན་ཕུང་པོ་ལྔ་ཚོགས་པ་དེ་ང་རེད་དམ་ཞེ་ན། དེ་མིན། ཕུང་པོ་ལྔ་ཚོགས་པ་དེ་ང་ཡིན་ན་ང་ཤི་ཚར་ནའང་ང་ཡོད་དགོས་པ་དང་ཤི་ཚར་ནའང་རོ་ལ་ང་ཡོད་དགོས།

ཐོག་མར་དགག་བྱ་ངེས་པའི་གནད་ངོས་ཟིན་པ་གཙོ་ཆེ་བས། བོད་འདིར་སྔོན་གྱི་མཁས་པ་གཞུང་ལུགས་རབ་འབྱམས་ལ་སྦྱངས་ཤིང་ཟབ་མོ་དབུ་མའི་ལྟ་བ་འཚོལ་བར་འདོད་པ་ཁ་ཅིག་གིས་དགག་བྱའི་གནད་ངོས་མ་ཟིན་པར། སྐྱེ་བ་ལ་སོགས་པ་དེ་ཁོ་ན་ཉིད་དུ་གྲུབ་མ་གྲུབ་དཔྱོད་པའི་རིགས་པས། གཟུགས་ནས་རྣམ་མཁྱེན་གྱི་བར་ཐམས་ཅད་ཁེགས་པ་ཡིན་ཏེ། ཇི་འདྲ་ཞིག་ཁས་བླངས་པ་ལའང་རིགས་པས་དཔྱད་པ་བྱས་ན་བརྟག་བཟོད་རྡུལ་ཙམ་ཡང་མེད་པ་དང༌། ཡོད་མེད་ལ་སོགས་པའི་མུ་བཞི་པོ་ཐམས་ཅད་བཀག་པས་ན་དེར་མ་འདུས་པའི་ཆོས་མེད་པར་འདོད་པས་དགག་བྱ་ཁྱབ་ཆེ་བས་ཆད་མཐར་ལྷུང་བ་དང༌། ཡང་ཁ་ཅིག་གིས་དགག་བྱ་ལ་རྒྱུ་རྐྱེན་གཞན་ལས་མ་སྐྱེས་པ། ངོ་བོ་གཞན་དུ་མི་འགྱུར་བ། རྣམ་འཇོག་གཞན་ལ་མི་ལྟོས་པ་སྟེ་ཁྱད་པར་གསུམ་ལྡན་ཞིག་དགོས་པར་འདོད་པས་དགག་བྱ་ཁྱབ་ཆུང་བས་རྟག་མཐར་ལྷུང་བ་སོགས་དགག་བྱ་ཕྲ་རགས་ཀྱི་སྒོ་ནས་ཁྱད་པར་འབྱེད་ཚུལ་ཤེས་མཁན་མ་བྱུང་བའི་དབང་གིས། དཔལ་ལྡན་ཟླ་བས་རང་རྒྱུད་པ་ལ་དམིགས་སུ་ཕུག་པའི་དགག་པ་མཛད་པ་དང༌། ཐལ་རང་གཉིས་མཆོག་དམན་ཡོད་པ་སྐད་དུ་སྨྲས་ཀྱང་ཁྱད་པར་འབྱེད་བྱེད་ཀྱི་རྩ་བའི་གསང་གནད་ནི་མགོན་པོ་འཇམ་དཔལ་དབྱངས་ཀྱི་བཀའ་དྲིན་ལ་བརྟེན་ནས་རྗེ་བླ་མས་གསལ་བར་མ་བཀྲོལ་གྱི་བར་དུ་གཞན་སུས་ཀྱང་ངོས་མ་ཟིན་པར་གསུངས་སོ།།

དེས་ན་དགག་བྱའི་དབྱེ་མཚམས་ཕྲ་རགས་ཀྱི་ཁྱད་པར་ཕྱེ་སྟེ་ཐོག་མར་དགག་བྱ་ངོས་བཟུང་བ་ལ། རང་རྒྱུད་པའི་ལུགས་དང༌། ཐལ་འགྱུར་བའི་ལུགས་གཉིས་ལས། སྤྱིར་ཐལ་རང་གཉིས་ཀས་བདེན་གྲུབ་མི་འདོད་པར་ཆོས་ཐམས་ཅད་བདེན་མེད་དུ་འདོད་པ་གཉིས་ཀ་མཚུངས་པས་དབུ་མ་པ་ཞེས་གྲགས། རང་རྒྱུད་པས། ཆོས་ཐམས་ཅད་བདེན་པར་མེད་ཀྱང་རང་ངོས་ནས་གྲུབ། རང་གི་མཚན་ཉིད་ཀྱིས་གྲུབ། རང་བཞིན་གྱིས་གྲུབ་པར་འདོད་ལ། ཐལ་འགྱུར་བས། བདེན་པར་མ་གྲུབ། རང་ངོས་ནས་མ་གྲུབ། རང་གི་མཚན་ཉིད་ཀྱིས་མ་གྲུབ། རང་བཞིན་གྱིས་མ་གྲུབ་པར་འདོད། འོན་ཀྱང་ཆོས་ཐམས་ཅད་རྟོག་པས་བཏགས་ཙམ་དང༌། མིང་བརྡས་བཞག་ཙམ་དང༌། མིང་གིས་བཏགས་ཙམ་དུ་འདོད་དེ། དཔེར་ན། བུམ་པ་ལྟ་བུ་བདེན་པར་མེད་ཀྱང་གདགས་རུང་གི་ཆ་ཤས་ཚོགས་པ་ལ་བརྟེན་ནས་བཏགས་པའི་བཏགས་ཆོས་བྱ་བྱེད་རྟེན་འབྲེལ་བསླུ་མེད་བསྙོན་མེད་ཀྱི་མིང་ཙམ་པོ་དེ་བུམ་པར་འཇོག་པས། མིང་བརྡས་བཞག་ཙམ་དང་མིང་གིས་བཏགས་ཙམ་ཟེར། ཙམ་སྒྲས་བདེན་པར་གྲུབ་པ་གཅོད། དེ་ལྟར་དགག་བྱ་བདེན་པར་གྲུབ་པའམ་བདེན་འཛིན་འཇོག་ཚུལ་ལ། རང་རྒྱུད་པས། རང་ངོས་ནས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ལས་གཞན་པའི་བདེན་པར་གྲུབ་པ་དང་དོན་དམ་པར་གྲུབ་པ་ནི་དགག་བྱ་དངོས་སུ་འདོད་དེ། <<ལེགས་བཤད་སྙིང་པོ་>>ལས། སློབ་དཔོན་འདིའི་གཞུང་གི་སྐོར་ནས་དེ་ལས་གསལ་པོར་མ་བཤད་ལ་སློབ་དཔོན་ཡེ་ཤེས་སྙིང་པོའི་བདེན་གཉིས་སྐོར་དང་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་དང༌། སློབ་དཔོན་ཞི་བ་འཚོའི་དབུ་མ་རྒྱན་རང་འགྲེལ་དང་བཅས་པ་ལས་ཀྱང་གསལ་བར་དངོས་སུ་མི་སྣང་ངོ༌། །ཞེས་དང༌། <<དགོངས་པ་རབ་གསལ་>>ལས། རང་རྒྱུད་པའི་གཞུང་ཁུངས་ཐུབ་གཞན་ལས་དགག་བྱ་ངོས་འཛིན་གསལ་བར་མི་འབྱུང་ལ། སློབ་དཔོན་ཀ་མ་ལ་ཤཱིལའི་<<དབུ་མ་སྣང་བ་>>ལས། ཀུན་རྫོབ་ཏུ་ཡོད་པའི་ཚུལ་བཤད་པའི་ལྡོག་ཕྱོགས་ཀྱི་ཡོད་པ་ནི་དོན་དམ་པར་རམ་བདེན་ཡོད་དུ་ཤེས་པས། ཞེས་གསུངས་པ་ལྟར། དོན་དམ་པར་རང་བཞིན་མེད་པ་ལ་དོན་དམ་པར་ཡོད་པར་སྒྲོ་འདོགས་པའམ་འཁྲུལ་བ་ལས་བྱུང་བའི་བདེན་འཛིན་དེས་བདེན་པར་ཡོད་པ་ལྟར་ཉེ་བར་བསྟན་པ་མཐོང་བའི་དངོས་པོ་རྣམས་ནི་ཀུན་རྫོབ་ཏུ་ཡོད་ཚུལ་གསུངས་པའི་ལྡོག་ཕྱོགས་ཀྱི་ཡོད་པ་ནི་རྟགས་ཀྱི་དགག་བྱའི་བདེན་ཚད་དུ་འདོད་དོ།།

འདིའི་སྐབས་ཀྱི་མཐོང་བ་ནི་རྟོག་པ་ཡིན་གྱི། དབང་ཤེས་མིན་ཏེ། <<དགོངས་པ་རབ་གསལ་>>ལས། བདེན་གཉིས་ཀྱི་འགྲེལ་པར་དགག་བྱ་བདེན་པ་དབང་ཤེས་ལ་མི་སྣང་བར་བཤད་པ་འདིར་ཡང་འདྲ་བའི་ཕྱིར་རོ། །ཞེས་གསུངས། འོ་ན་ལུགས་འདིས་དངོས་པོ་རྣམས་ལ་བློའི་དབང་གིས་བཞག་པའི་རང་མཚན་ཐ་སྙད་དུ་ཁས་ལེན་ཞིང་བློའི་དབང་གིས་བཞག་པ་ལ་མ་ལྟོས་པའི་སྡོད་ལུགས་སུ་གྲུབ་པ་རྟགས་ཀྱི་དགག་བྱའི་བདེན་ཚད་དུ་བཞེད་ན། བློའི་དབང་གིས་མ་བཞག་ཅེས་པའི་དོན་ཇི་ལྟ་བུ་ཞིག་ཡིན་སྙམ་ན། སྒྱུ་མ་མཁན་གྱིས་རྡེའུ་ཤིང་རྟ་གླང་དུ་སྤྲུལ་པའི་ཚེ། སྒྱུ་མ་མཁན་ལ་སྒྱུ་མའི་སྤྲུལ་གཞི་དེ་རྫས་སྔགས་ཀྱིས་བསླད་པའི་བློའི་དབང་གིས་རྟ་གླང་དུ་བཞག་པ་ཙམ་མ་གཏོགས་དེ་འདྲའི་བློ་དེ་ལ་མ་ལྟོས་པའི་རྡེའུ་ཤིང་རང་གི་སྡོད་ལུགས་ཀྱི་ངོས་ནས་རྟ་གླང་དུ་སྣང་བ་མ་ཡིན་པས། དེ་ལ་རྟ་གླང་དུ་སྣང་བ་ཙམ་མ་གཏོགས་ཞེན་པ་མེད། མིག་བསླད་པའི་ལྟད་མོ་བ་ལ་རྟ་གླང་དུ་སྣང་བ་དང་ཞེན་པ་གཉིས་ཀ་ཡོད། མིག་མ་བསླད་པའི་མི་དེར་ཕྱིན་ན་སྣང་བ་དང་ཞེན་པ་གཉིས་ཀ་མེད། འོན་ཀྱང་རྫས་སྔགས་ཀྱིས་མིག་བསླད་པའི་ལྟད་མོ་བ་ལ་རྟ་གླང་དུ་སྣང་བ་དེ་བློའི་དབང་གིས་བཞག་པ་ལ་མ་ལྟོས་བར་རྟ་གླང་སྣང་བའི་གཞི་དེར་དང་པོ་ཉིད་ནས་རྟ་གླང་མཚན་ཉིད་པ་ཞིག་རང་གི་གོ་སར་བསྡད་ཡོད་པར་འཛིན་པས། རྡེའུ་ཤིང་ཁོ་རང་གི་ངོས་ནས་མི་དེས་རྟ་གླང་དུ་སྣང་བའི་སྡོད་ལུགས་ཤིག་ཡོད་པའི་དཔེ་དོན་དེ་ལ་སྦྱར་ནས་མ་རིག་པས་མིག་བསླད་པའི་སོ་སྐྱེ་ཐ་མལ་པ་རྣམས་ཀྱིས། དངོས་པོ་རྣམས་ནང་གི་བློའི་དབང་གིས་བཞག་པ་ལ་མ་ལྟོས་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པར་སྣང་པ་དེ་ལ་བདེན་གྲུབ་ཟེར། དེ་ལྟར་དུ་འཛིན་པ་ནི་བདེན་འཛིན་ལྷན་སྐྱེས་ཀྱི་འཛིན་ཚུལ་ཡིན་ཏེ། <<དགོངས་པ་རབ་གསལ་>>ལས། བློ་ལ་སྣང་བའམ་བློའི་དབང་གིས་བཞག་པ་མིན་པར་དོན་གྱི་སྡོད་ལུགས་སུ་ཡོད་པ་ནི་བདེན་པ་དང༌། དོན་དམ་པ་དང༌། ཡང་དག་པར་ཡོད་པ་དང༌། དེར་འཛིན་པ་ནི་བདེན་འཛིན་ལྷན་སྐྱེས་སོ། །ཞེས་གསུངས་པ་ལྟར། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་སྟེང་ནས་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་ནི། ལུགས་འདིའི་སྟོང་ཉིད་ཀྱི་དགག་བྱའི་ཡུལ་ཡིན་ཞིང༌། དགག་བྱ་དེ་ནི་གཅིག་ཏུ་བྲལ་ལ་སོགས་པའི་གཏན་ཚིགས་ཀྱིས་ཁེགས་པར་འགྱུར་ལ། བློ་གནོད་མེད་ཀྱི་དབང་གིས་བཞག་པའི་ཆོས་རང་གི་སྡོད་ལུགས་ཙམ་རང་ངོས་ནས་གྲུབ་པར་འདོད་པ་དེ་རིགས་པས་ཀྱང་ཁེགས་པར་མི་བཞེད་དོ། །དེས་ན་རང་རྒྱུད་པའི་ལུགས་ལ་དངོས་པོ་རྣམས་བློའི་དབང་གིས་བཞག་པར་ཁས་ལེན་ནའང་བློ་གང་ཡིན་གྱིས་བཞག་པ་ཐམས་ཅད་ཐ་སྙད་དུ་ཡོད་པར་མི་འདོད་པས། ཚད་མས་མི་གནོད་པའི་བློའི་དབང་གིས་བཞག་པ་ཞིག་དགོས། འདི་བས་མྱུ་གུ་ས་བོན་ལས་སྐྱེས་པ་སོགས་དང། བུམ་སོགས་མིང་དང་ཐ་སྙད་ཀྱིས་གྲུབ་མ་གྲུབ་དཔྱོད་པ་ནི་སྟོང་ཉིད་ལ་དཔྱོད་པ་མིན་ལ། མྱུ་གུའི་སྐྱེ་བ་དང་བུམ་སོགས་བློའི་དབང་གིས་བཞག་པ་ལ་མ་ལྟོས་པར་ཡུལ་ཁོ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་མ་གྲུབ་ལ་དཔྱོད་པ་དེ་སྟོང་པ་ཉིད་ལ་དཔྱོད་པ་ཟེར། ཐལ་འགྱུར་བས་དཔྱོད་ཚུལ་ནི་སྔ་མ་ལྟར་དེ་མིང་དང་ཐ་སྙད་ཀྱིས་གྲུབ་མ་གྲུབ་དཔྱོད་པ་ནི་སྟོང་པ་ཉིད་ལ་དཔྱོད་པར་གསུངས་སོ།།

སྤྱིར་དབུ་མའི་ཤིང་རྟ་པ་ཆེན་པོ་རྣམས་ཀྱི་རང་གཞུང་ལས། རང་རྒྱུད་པས་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པའི་སྒྲས་ཟིན་གསལ་པོ་མེད་སྟབས། བོད་སྔ་རབས་པའི་མཁས་གྲུབ་སྨྲ་བའི་ཁྱུ་མཆོག་མང་པོ་དབུ་འཁོར་ཏེ། ཐལ་རང་གཉིས་ལ་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་མི་འདོད་ཀྱི་ཁྱད་པར་མེད་ཅིང༌། དེའི་ཕྱིར་ལྟ་བའི་མཆོག་དམན་ཡང་མེད་ཅེས་སྨྲ་བར་བྱེད་ལ། རྗེ་བཙུན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས། ཤེས་རབ་སྒྲོན་མེ་དང༌། འཇུག་པའི་རང་འགྲེལ་ལ་བརྟེན་ནས་རང་རྒྱུད་པས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་ལ། ཐལ་འགྱུར་བས་དེ་མི་འདོད་པའི་གསང་བའི་གནས་གསལ་པོར་བཀྲལ་ཏེ་ཐལ་རང་གཉིས་ལ་ལྟ་བའི་མཆོག་དམན་ཡོད་ཚུལ་རྒྱལ་བ་དགྱེས་པའི་ལུང་རིགས་ཀྱི་འོད་སྣང་མཆོག་ཏུ་སྤྲོས་སོ། །འདིའི་ལུགས་ལ་བདག་མེད་ཕྲ་རགས་འཇོག་ཚུལ་ཡང༌། གང་ཟག་རྟག་གཅིག་རང་དབང་ཅན་གྱིས་སྟོང་པ་གང་ཟག་གི་བདག་མེད་རགས་པ་དང༌། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད། རྣལ་འབྱོར་སྤྱོད་པའི་དབུ་མ་བ་ལྟར་ན། གཟུགས་དང་གཟུགས་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པ་ཆོས་ཀྱི་བདག་མེད་རགས་པ་དང༌། ཆོས་ཐམས་ཅད་བདེན་གྲུབ་ཀྱིས་སྟོང་པ་ཆོས་ཀྱི་བདག་མེད་ཕྲ་མོར་འདོད་དོ།།

ཐལ་འགྱུར་བའི་ལུགས་ལ། <<དབུ་མ་འཇུག་པ་>>ལས། བདག་མེད་འདི་ནི་འགྲོ་བ་རྣམ་གྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །ཞེས་གསུངས་པ་ལྟར། གཞི་ཕུང་སོགས་ཀྱི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་ཆོས་ཀྱི་བདག་མེད་ཕྲ་མོ་དང༌། གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བཀག་པ་གང་ཟག་གི་བདག་མེད་ཕྲ་མོར་འདོད་པས་གཞི་ཆོས་དང་གང་ཟག་གང་ཡང་རུང་སྟེ། རྟོག་པས་བཏགས་ཙམ་མ་ཡིན་པར་ཡུལ་རང་ངོས་ནས་གྲུབ་པ་དགག་བྱ་དངོས་ཡིན་ཞིང༌དེ་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་ཚུལ་ཡིན། ཡང་ངར་འཛིན་ལྷན་སྐྱེས་གྱི་འཛིན་སྟངས་ཀྱི་ཡུལ་དུ་གྱུར་པའི་བདག་ནི་བརྟག་པ་མཐའ་བཟུང་གི་སྐབས་འདིའི་དགག་བྱ་ཡིན་པས་མེད་པ་ཡིན་ལ། དེ་ལྟར་དུ་<<དགོངས་པ་རབ་གསལ་>>ལས། སྔར་བཤད་པའི་མིང་གི་ཐ་སྙད་ཀྱི་དབང་ཙམ་གྱིས་བཞག་པ་མིན་པའི་ཡོད་པར་འཛིན་པ་ནི་བདེན་པ་དང༌། དོན་དམ་པར་ཡང་དག་པར་གྲུབ་པ་དང༌། རང་གི་ངོ་བོས་དང༌། རང་གི་མཚན་ཉིད་ཀྱིས་དང༌། རང་བཞིན་གྱིས་ཡོད་པར་འཛིན་པའི་ལྷན་སྐྱེས་ཡིན་ལ། དེས་གཟུང་བའི་ཞེན་ཡུལ་ནི་བརྟག་པ་མཐའ་བཟུང་གི་བདེན་ཚད་དོ། །ཞེས་དང༌། ཡང༌། དེ་ལྟར་ཆོས་རྣམས་ཀྱི་ངོ་བོ་ཡུལ་ཐ་སྙད་ཀྱི་རྟོག་པ་གཞན་ལ་རག་མ་ལས་པ་སྟེ་དེའི་དབང་གིས་བཞག་པ་མིན་པའི་རང་བཞིན་དེ་ཉིད་ལ་དགག་བྱའི་བདག་ཅེས་བྱ་ལ། ཞེས་གསུངས་པ་ལྟར་རོ། །འོ་ན་རྟོག་པས་བཏགས་ཙམ་མམ་རྟོག་པའི་དབང་གིས་བཞག་པ་མ་ཡིན་པའི་སྡོད་ལུགས་ཀྱིས་གྲུབ་པ་ལུགས་འདིའི་འགོག་རྒྱུའི་བདག་ཡིན་ན། རྟོག་པའི་དབང་གིས་བཞག་ཅེས་པའི་རྟོག་པ་དེ་གང་ལ་བྱེད། དེའི་དབང་གིས་བཞག་ཚུལ་ཇི་ལྟར་ཡིན། རང་རྒྱུད་པས་བློའི་དབང་གིས་བཞག་པ་མིན་པའི་སྡོད་ལུགས་མེད་པར་བཞེད་པ་དང༌ཁྱད་པར་ཇི་ལྟར་ཡོད་ཅེ་ན། རང་རྒྱུད་པས་བློ་གནོད་མེད་ཀྱི་ཤེས་པ་མ་འཁྲུལ་པར་འདོད། འདི་བས་རྟོག་པའི་དབང་གིས་བཞག་ཅེས་པའི་རྟོག་པ་ནི་འཁྲུལ་ཤེས་སུ་བཞེད། དེ་ལྟར་རྟོག་པའི་དབང་གིས་བཞག་ཚུལ་ནི། <<ཉེ་བར་འཁོར་གྱིས་ཞུས་པ་>>ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་ཕྱེ་ཞིང༌། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པོ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། །ཞེས་དང༌། <<རིགས་པ་དྲུག་ཅུ་>>པར། འཇིག་རྟེན་མ་རིག་སྐྱོན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་ཐད། །ཅེས་དང༌། <<བཞི་བརྒྱ་པ་>>ལས། རྟོག་པ་མེད་པར་འདོད་ཆགས་ལ། །སོགས་ལ་ཡོད་ཉིད་ཡོད་མིན་ན། །ཡང་དག་དོན་དང་རྟོག་པ་ཞེས། །བློ་དང་ལྡན་པ་སུ་ཞིག་འཛིན། །ཞེས་དང༌། དེའི་འགྲེལ་པ་ལས། རྟོག་པ་ཡོད་པ་ཁོ་ནས་ཡོད་པ་ཉིད་དང༌། རྟོག་པ་མེད་པར་ཡོད་པ་ཉིད་མེད་པ་དེ་དག་ནི་གོར་མ་ཆག་པར་ཐག་པ་བསྡོགས་པ་ལ་བཏགས་པའི་སྦྲུལ་ལྟར་རང་གི་ངོ་བོས་མ་གྲུབ་པར་ངེས་སོ། །ཞེས་གསུངས་པ་ལྟར། རྟོག་པ་ནི་ཐོག་མ་མེད་པ་ནས་འདི་ནི་གཟུགས་སོ། །འདི་ནི་ཚོར་བའོ་ཞེས་སོགས་ཡང་དང་ཡང་དུ་གོམས་པར་བྱས་པ་ལས་གཟུགས་སོགས་སུ་འདོགས་པའི་བློ་ལྷན་སྐྱེས་རང་འགའ་བ་འདི་ཡིན་ཞིང༌། དེའི་དབང་གིས་བཞག་ཚུལ་ནི། དཔེར་ན་ཐག་ཁྲ་ལ་མུན་པ་བབས་པའི་ཚེ། ཐག་པའི་མདོག་ཁྲ་བོ་དང་འཁྱིལ་ལུགས་སྦྲུལ་དང་འདྲ་ཞིང༌། ཡུལ་མི་གསལ་བར་སྣང་བ་ན་འདི་ལ་སྦྲུལ་ལོ་སྙམ་པ་འབྱུང་ངོ༌། །དེའི་སྐབས་ཀྱི་ཐག་ཁྲའི་མདོག་དང༌། ཆ་ཤས་གཞན་རྣམས་དང༌། དེ་དག་ཚོགས་པ་གང་ཡང་སྦྲུལ་གྱི་མཚན་གཞིར་དངོས་སུ་འཇོག་རྒྱུ་གང་ཡང་མེད་པས། དེར་མཐོང་བའི་སྦྲུལ་ནི་ཐག་ཁྲ་ལ་བརྟེན་ནས་རྟོག་པས་བཏགས་པ་ཙམ་ཁོ་ན་ཡིན་པས། སྦྲུལ་དངོས་དང། དེར་འཁྲུལ་བའི་ཐག་ཁྲ་ལ་སྦྲུལ་གྱི་བཏགས་དོན་བཙལ་ན་རྙེད་མི་རྙེད་ཀྱི་ཁྱད་པར་མེད་ཀྱང༌། དེ་དག་གི་སྟེང་གི་སྦྲུལ་ཡོད་མེད་ལ་ཐ་སྙད་པའི་ཚད་མས་གནོད་མི་གནོད་ཀྱི་ཁྱད་པར་ཡོད་པས། སྦྲུལ་གྱི་སྟེང་དུ་སྦྲུལ་ཡོད་ལ། ཐག་ཁྲའི་སྟེང་དུ་སྦྲུལ་མེད་པའི་རྣམ་བཞག་འཐད་པ་ལྟར་དུ་རང་གི་གདགས་བྱའི་ཕུང་པོ་ལྔའི་སྟེང་དུ་ངའོ་སྙམ་པའི་བློ་བྱུང་བ་ན། ཕུང་པོ་ལྔ་པོ་དེའི་ཡ་གྱལ་རེ་རེ་དང༌། ཚོགས་པ་དང༌། རྒྱུན་དང༌། ཆ་ཤས་གང་ཡང༌། ང་དེའི་མཚན་གཞིར་འཇོག་རྒྱུ་མེད་ལ། དེ་དག་ལས་ངོ་བོ་ཐ་དད་པའི་ཆོས་གཞན་ཀྱང་དེའི་མཚན་གཞིར་འཇོག་རྒྱུ་མེད་པས་དེ་ནི་རྟོག་པས་ཕུང་པོ་ལ་བརྟེན་ནས་བཞག་པ་ཙམ་ཡིན་གྱི། རང་གི་ངོ་བོས་གྲུབ་པ་མེད་དེ། <<རིན་ཆེན་ཕྲེང་བ་>>ལས། སྐྱེས་བུ་ས་མིན་ཆུ་མ་ཡིན། །མེ་མིན་རླུང་མིན་ནམ་མཁའ་མིན། །རྣམ་ཤེས་མ་ཡིན་ཀུན་མིན་ན། །དེ་ལས་གཞན་ན་སྐྱེས་བུ་གང༌། །ཞེས་རྣམ་ཤེས་མ་ཡིན་ཞེས་པ་ཡན་གྱིས་གདགས་གཞི་རེ་རེ་ནས་ང་མ་ཡིན་པར་བསྟན་པ་དང༌། ཀུན་མིན་ཞེས་པས་གདགས་གཞི་ཚོགས་པའང་ང་མ་ཡིན་པར་བསྟན་པས་དངོས་པོ་རྣམས་རང་བཞིན་གྱིས་མ་གྲུབ་པར་གསུངས་ཤིང༌། འོན་ཀྱང་རྟོག་པས་བཏགས་པ་ཙམ་དང་རྟོག་པས་བཞག་པ་དེ་དག་ལ་རང་རང་གི་བྱ་བྱེད་འཐད་པ་དང༌། <<རིན་ཆེན་ཕྲེང་བ་>>ལས། གཟུགས་ཀྱི་ངོ་བོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེ་ཕྱིར་མིང་ཙམ་ཉིད་ཀྱང་མེད། །ཅེས་དང༌། ཐ་སྙད་གདགས་པ་མ་གཏོགས་པར། །གང་ཞིག་ཡོད་དམ་མེད་འགྱུར་བའི། །འཇིག་རྟེན་དོན་དུ་ཅི་ཞིག་ཡོད། །ཅེས་མིང་དང་བརྡའི་ཐ་སྙད་ཙམ་གྱི་དབང་གིས་བཞག་པ་མ་གཏོགས་ཡུལ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་གསུངས་པ་དང།  <<དགོངས་པ་རབ་གསལ་>>ལས། དོན་དམ་པར་མིང་ཙམ་ཡང་མེད་པ་དང༌། ཐ་སྙད་དུ་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མ་གཏོགས་ཅི་ཡང་མེད་པར་གསུངས་པ་ལྟར། མིང་དུ་བཏགས་པ་ཙམ་ཞེས་མིང་རྐྱང་བཏགས་ཡོད་ཙམ་དུ་བཤད་པའི་མིང་རྐྱང་ཞེས་པས་བདེན་པར་གྲུབ་པ་སྟེ་རྟག་མཐའ་བཀག་པ་དང༌། བཏགས་ཡོད་ཙམ་ཞེས་པས་གཏན་ནས་མེད་པ་ཆད་མཐའ་བཀག་སྟེ་ཐ་སྙད་ཙམ་དུ་ཡོད་པར་བཞེད་དོ། །ཡང་དེ་ལས། དེ་རྣམས་ལེགས་པར་ཤེས་ན། ཆོས་ཐམས་ཅད་བརྟེན་ནས་གཞག་དགོས་པ་དང༌། ཐ་སྙད་གཞན་གྱི་དབང་གིས་བཞག་པ་མིན་པའི་རང་དབང་བའི་ངོ་བོ་མེད་པ་དང༌། ཆོས་གང་ཡོད་པར་འཇོག་ནའང་བཏགས་དོན་མ་བཙལ་བར་འཇོག་པ་རྣམས་ཤེས་པར་འགྱུར་རོ། །ཞེས་གསུངས་པ་ལྟར། བཏགས་དོན་འཚོལ་བའི་རིགས་པ་དེ་ཡང་རང་རྒྱུད་པས་ཀུན་རྫོབ་དཔྱོད་བྱེད་དུ་འདོད་ཅིང༌། ཐལ་འགྱུར་བས་དོན་དམ་དཔྱོད་བྱེད་དུ་འདོད་དོ།།

དེས་ན་དགག་བྱ་ཕྲ་མོ་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པར་བཀག་ཀྱང་མིང་ཙམ་དང་རྟོག་པས་ཕར་བཏགས་པ་ཙམ་ལ། འཁོར་འདས་ཀྱི་བྱ་བྱེད་ཀུན་འཇོག་ཤེས་པ་དེ་ནི་རང་བཞིན་གྱིས་གྲུབ་པ་སོགས་ཀྱི་ཡོད་མཐའ་དང་རྟག་མཐར་མི་གནས་ཤིང༌། ཐ་སྙད་དུ་མིང་ཙམ་ལ་ཐམས་ཅད་བཞག་ཏུ་རུང་བས་ཆད་མཐའ་དང་མེད་མཐར་མི་གནས་པའི་དབུ་མ་ཡིན་ཏེ། <<འོད་སྲུང་གི་ལེའུ་>>ལས། ཡོད་ཅེས་བྱ་བ་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་ནི་མཐའ་གཉིས་སོ། །དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་དཔྱད་དུ་མེད་པ། བསྟན་དུ་མེད་པ། བསྟེན་མ་ཡིན་པ། སྣང་བ་མེད་པ། རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང༌། འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་གསུངས་སོ། །ཡང༌། རང་རྒྱུད་པས་བློའི་དབང་གིས་བཞག་པ་མ་ཡིན་པའི་སྡོད་ལུགས་ལ་དགག་བྱར་བྱེད་ཅེས་པའི་བློ་ནི། སྔར་བཤད་པ་ལྟར་བློ་གནོད་མེད་ཀྱི་ཤེས་པ་མ་འཁྲུལ་བ་ཞིག་ལ་འདོད་དགོས་ཤིང༌། ལུགས་འདིར་དེ་འདྲའི་གནོད་མེད་མི་སྲིད་པར་བཞེད་དེ་རྟོག་པའི་དབང་གིས་བཞག་པར་འདོད་པའི་རྟོག་པ་ནི་འཁྲུལ་ཤེས་སུ་བཞེད་དོ། །དེས་ན་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ཡང༌། ང་ཙམ་དང༌། གང་ཟག་ཙམ་ལ་འཇོག་ཅིང༌། ཕུང་སོགས་ལ་མི་འཇོག་སྟེ། <<དགོངས་པ་རབ་གསལ་>>ལས། བདག་གིར་འཛིན་པའི་འཇིག་ལྟ་ལྷན་སྐྱེས་ཀྱི་དམིགས་པ་ནི་ང་ཡི་བ་ཡིན་གྱི། རང་གི་མིག་སོགས་དམིགས་པར་མི་གཟུང་ངོ༌། །ཞེས་དང༌། ཡང༌། དེ་ནི་མིག་སོགས་རྣམས་བདག་གི་བར་མཐོང་ནས་བདག་གི་བ་ལ་མངོན་པར་ཞེན་པའི་དོན་ཡིན་གྱི། བདག་གི་མཚན་གཞི་མིག་སོགས་ལ་དམིགས་ནས་སྟོན་པ་མིན་ཏེ། དེ་ལྟར་མ་ཡིན་ན་འཇིག་ལྟ་དང་ཆོས་ཀྱི་བདག་འཛིན་གཉིས་མི་འགལ་བར་འགྱུར་རོ། །ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཀྱི་དམིགས་པ་ནི་རང་གཞན་གྱི་རྒྱུད་ཀྱི་གཟུགས་ཕུང་སོགས་དང༌། མིག་སྣ་སོགས་དང༌། རྒྱུད་ཀྱིས་མ་བསྡུས་པའི་སྣོད་ལ་སོགས་པའོ། །ཞེས་གསལ་བར་གསུངས་པ་ལྟར་རོ།།

ཡང་རིགས་པའི་དགག་བྱ་ལ་བདེན་འཛིན་འཇོག་མོད་ཀྱང༌། གཙོ་བོ་ནི་ཞེན་ཡུལ་ཡིན་ཏེ། <<ལྷག་མཐོང་ཆེན་མོ་>>ལས། སྤྱིར་དགག་བྱ་འཛིན་པའི་རྟོག་པ་ལ་མཐའ་ཡས་པ་ཞིག་ཡོད་ཀྱང༌། ཉེས་སྐྱོན་ཐམས་ཅད་ཀྱི་རྩ་བར་གྱུར་པའི་ཕྱིན་ཅི་ལོག་གི་རྟོག་པ་གང་ཡིན་པ་དེ་ལེགས་པར་ངོས་བཟུང་ནས་དེའི་ཞེན་ཡུལ་སུན་དབྱུང་བར་བྱ་སྟེ། དེ་ལོག་ན་ཉེས་སྐྱོན་ཐམས་ཅད་ལྡོག་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས། འདི་དག་ནི་དབུ་མའི་གཞུང་ཆེན་མོ་སྤྱི་དང༌། ལྷག་པར་རྗེ་ཡབ་སྲས་ཀྱི་གཞུང་ལུགས་རྣམས་ལ་ཞིབ་མོར་སྦྱངས་པ་དང༌། ནང་བྱན་ཆུད་པའི་བཤེས་གཉེན་རིང་དུ་བསྟེན་པ། བསགས་སྦྱང་ལ་འབད་པ་སོགས་རྒྱུ་ཚོགས་དུ་མ་ཞིག་ལ་བརྟེན་ནས་ཤེས་དགོས་ཀྱི། བླུན་སྒོམ་ཕྱོགས་མོས་བྱེད་པའི་སྡུག་ཡུས་མཁན་པོ་དང༌། ཚིག་འཁྲི་སྐམ་པོའི་ཤགས་འགྱེད་ཙམ་ལ་ཆགས་པའི་རྟོག་གེ་བའི་རིགས་ཀྱི་སྤྱོད་ཡུལ་མ་ཡིན་ནོ།།

དེ་ལྟ་བུའི་དགག་བྱ་དེ་ཇི་ལྟར་འགོག་པའི་ཚུལ་ཡང༌། སྤྱིར་དབུ་མའི་བསྟན་བཅོས་ལས་བདག་མེད་གཉིས་གཏན་ལ་འབེབས་པའི་རིགས་པའི་རྣམ་གྲངས་མཐའ་ཡས་པ་ཞིག་གསུངས་པ་རྣམས། གང་ཟག་དང་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་རིགས་པ་གཉིས་སུ་འདུ་སྟེ། འཁོར་བར་འཆིང་བྱེད་ཀྱི་གཙོ་བོ་བདག་གཉིས་སུ་མངོན་པར་ཞེན་པའི་གཞི་ནི་གང་ཟག་དང་ཆོས་ཡིན་པས། བདག་མེད་གཏན་ལ་འབེབས་པའི་གཞིའི་གཙོ་བོ་ཡང་དེ་གཉིས་ཡིན། རང་རྒྱུད་པས། བདག་མེད་གཉིས་སྟོང་གཞིའི་སྒོ་ནས་མི་འབྱེད་པར་དགག་བྱའི་སྒོ་ནས་འབྱེད་ཅིང། བདག་འཛིན་གཉིས་འཛིན་སྟངས་ཀྱི་སྒོ་ནས་འབྱེད་པ་དང།   ཐལ་འགྱུར་བས། བདག་མེད་གཉིས་སྟོང་གཞིའི་སྒོ་ནས་འབྱེད་ཅིང༌། བདག་འཛིན་གཉིས་དམིགས་པའི་སྒོ་ནས་འབྱེད་པའི་ཁྱད་པར་ཡོད་དོ། །ཆོས་ཀྱི་བདག་མེད་གཏན་ལ་འབེབས་པའི་རིགས་པའི་གཙོ་བོ་ནི། <<རྩ་ཤེས་>>ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་པའི་མཐའ་བཞི་སྐྱེ་འགོག་གི་རིགས་པ་འདི་ཡིན་ཏེ། <<དྲང་ངེས་>>ལས། ཆོས་ཀྱི་བདག་མེད་སྒྲུབ་པའི་རིགས་པའི་གཙོ་བོ་ནི་མཐའ་བཞིའི་སྐྱེ་བ་འགོག་པའི་རིགས་པའོ། །ཞེས་གསུངས་པ་ལྟར། རིགས་པ་བཞིའམ་རྡོ་རྗེ་གཟེགས་མའི་རིགས་པ་སོགས་ཀྱིས་ཆོས་བདག་བཀག་སྟེ་ཆོས་ཀྱི་བདག་མེད་གཏན་ལ་འབེབས། གང་ཟག་གི་བདག་མེད་གཏན་ལ་འབེབས་པའི་རིགས་པའི་གཙོ་བོ་ནི། <<མདོ་དང་རྩ་ཤེས་>>ལས། རྣམ་ལྔར་བཙལ་བའི་རིགས་པ་དང༌། <<འཇུག་པ་>>ལས། དེའི་སྟེང༌། ཚོགས་པའི་བདག་ཙམ་གདགས་གཞིར་བཤད་པ་ལ་བརྟེན་ནས་ཚོགས་ཙམ་དང༌། དབྱིབས་ཙམ་བདག་ཏུ་འདོད་པ་འགོག་པ་སོགས་རྣམ་བདུན་གྱི་རིགས་པ་ཉིད་ཡིན་ཏེ། <<འཇུག་པ་>>ལས། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །ཡོད་ཅེས་རྣལ་འབྱོར་བས་འདིའི་ཡོད་མི་རྙེད། །དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར་བས། །འདིར་དེའི་གྲུབ་པའང་དེ་བཞིན་འདོད་པར་བྱ། །ཞེས་དང༌། <<ལེགས་བཤད་སྙིང་པོ་>>ལས། འདི་ཡང་ཕུང་པོ་ལ་བརྟེན་ནས་བཏགས་པ་ཉིད་ཀྱིས་བདུན་པོ་དེར་གང་ཟག་མི་རྙེད་པ། གང་ཟག་གི་བདག་མེད་ཀྱི་དོན་ཡིན་པས་རྟེན་འབྱུང་གི་རིགས་པ་ལ་ཐུག་གོ་ཞེས་གསུངས་པ་ལྟར། རྣམ་བདུན་གྱི་རིགས་པ་ལ་བརྟེན་ནས་གང་ཟག་གི་བདག་བཀག་སྟེ་གང་ཟག་གི་བདག་མེད་གཏན་ལ་འབེབས་པ་ཡིན།

བདག་མེད་གཉིས་ཀ་གཏན་ལ་འབེབས་པ་ཡང༌། གཅིག་ཏུ་བྲལ་དང་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་འདིས་མཐའ་ཐམས་ཅད་བཀག་སྟེ་བདག་མེད་གཉིས་གཏན་ལ་འབེབས་པ་ནི། བློ་གྲོས་རྒྱ་མཚོས་ཞུས་པ་ལས། གང་རྣམས་རྟེན་ཅིང་འབྲེལ་བར་འབྱུང༌། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །ཞེས་རྟེན་འབྱུང་གི་རྟགས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་འགོག་པར་གསུངས་པ་དང༌། ལུགས་འདིར་རྟེན་འབྱུང་མིན་པའི་ཆོས་མི་འདོད་པས། ཡོད་ན་ལྟོས་གྲུབ་དང༌། རང་བཞིན་མེད་པ་གཉིས་ཀ་ཡིན་པར་བཞེད་དེ། <<དབུ་མ་རྩ་བ་>>ལས། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་པ། །དེ་ཕྱིར་སྟོང་པ་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་དང༌། <<དབུ་མ་>>ལས། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་རྟེན་ཅིང་འབྲེལ་བ་ཞེས་བྱ་བའི་དོན་ཡང༌། <<ཟླ་བའི་ཚིག་གསལ་>>ལས། དེ་ཕྱིར་དངོས་པོ་རྣམས་ཀྱི་འབྱུང་བ་རྒྱུ་དང་རྐྱེན་ལ་ལྟོས་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ནོ། །ཞེས་གསུངས་པ་ལྟར། རང་གི་རྒྱུ་རྐྱེན་ལ་ལྟོས་ནས་འབྱུང་བ་དང༌། རང་གི་ཆ་ཤས་སམ་གདགས་གཞིའམ་ཡན་ལག་འཕྲད་པ་ལ་ལྟོས་ནས་གྲུབ་པ་བརྟེན་ནས་འབྱུང་བ་དང་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་དུ་གསུངས་ཤིང༌། དེ་ཡང༌། ལྟོས་ནས་གྲུབ་པ་ཞེས་པའི་ལྟོས་ཆོས་དེ་ས་བོན་དང་ཆུ་ལུད་ལྟ་བུ་ཁོ་ན་ལ་མི་བྱ་བར་འདོགས་བྱེད་ཀྱི་རྟོག་པ་ལ་བྱ་དགོས་ཏེ། <<ལྷག་མཐོང་ཆེན་མོ་>>ལས། འདིར་མྱུ་གུ་ནི་རང་གི་ངོ་བོས་གྲུབ་པའི་རང་བཞིན་མེད་དེ་རང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་ཕྱིར། དཔེར་ན། གཟུགས་བརྙན་བཞིན་ཞེས་གཞན་གྲགས་ཀྱི་རྗེས་དཔག་བྱའོ། །དཔེར་ན། བྱད་བཞིན་གྱི་གཟུགས་བརྙན་སྣང་བ་ན་བྱིས་པ་ཆུང་ངུ་རྣམས་མིག་སྣ་སོགས་སུ་སྣང་བ་དེ་ནི་དེ་འདྲ་བའི་བློའི་ངོ་ན་དེ་ལྟར་ཡིན་གྱི། ཇི་ལྟར་སྣང་བ་ལྟར་གྱི་དོན་རང་གི་གནས་ཚུལ་མིན་ནོ་སྙམ་དུ་མི་འཛིན་པར་དོན་དེ་རང་གི་གནས་ལུགས་སམ་སྡོད་ལུགས་སུ་འཛིན་པ་བཞིན་དུ་སེམས་ཅན་རྣམས་ཀྱང༌། མྱོང་བ་དང་སྣང་བའི་ཆོས་རྣམས་ལ་དེ་ལྟར་སྣང་བའི་བློའི་དབང་གིས་བཞག་པ་མིན་པར། དོན་དེ་ལ་ཇི་ལྟར་སྣང་བ་ལྟར་གྱི་རང་གི་ངོ་བོའི་སྒོ་ནས་ཡུལ་སྟེང་དུ་སྡོད་ཚུལ་ཡོད་པར་འཛིན་པ་ནི། རང་བཞིན་ཡོད་པར་སྒྲོ་བཏགས་ཚུལ་ཡིན་ལ། ཞེས་གསུངས་སོ། །གཞན་ཡང་<<ལྷག་མཐོང་ཆེན་མོ་>>ལས། མཁས་པ་དག་ལ་ནི་རྒྱུ་མཚན་དེ་ལ་བརྟེན་ནས་རང་བཞིན་ཡོད་པ་འགོག་ཅིང༌། རང་བཞིན་མེད་པ་ལ་ངེས་པ་དྲངས་ཏེ་མཐར་འཛིན་གྱི་ལྟ་བའི་འཆིང་བ་གཅོད་པས་ན་རྟེན་འབྲེལ་གྱི་རྟགས་ཀྱིས་རང་བཞིན་མེད་པར་གྲུབ་པ་འདི་ནི་རྨད་དུ་བྱུང་བའི་ཐབས་ལ་མཁས་པ་ཆེན་པོའོ། །ཞེས་གསུངས་པ་ལྟར། རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་འདིས་སྣང་བ་རྒྱུ་མཚན་དུ་བྱས་ཏེ་གདགས་གཞིའི་ངོས་ནས་མ་གྲུབ་པ་དང༌། རང་བཞིན་གྱིས་སྟོང་པ་རྒྱུ་མཚན་དུ་བྱས་ཏེ་སྣང་བ་ཅི་ཡང་འཆར་རུང་བར་བསྒྲུབས་པས་མཐའ་གཉིས་ཅིག་ཅར་དུ་སེལ་བའི་ནུས་པ་རིགས་པ་གཞན་ལས་མཆོག་ཏུ་བསྔགས་ཤིང༌། འདིས་སྟོང་པ་དང་རྟེན་འབྱུང་གཉིས་ཀྱིས་གཅིག་གིས་གཅིག་ལ་ངེས་པ་སྟེེར་ལུགས་དང། དེ་གཉིས་རྒྱུ་འབྲས་སུ་འགྲོ་ཚུལ་ཡང་འདི་ལྟར་ཡིན་པས། དེ་ཡང་སྟོང་ཕྱོགས་རྟགས་སུ་བཀོད་པའི་གཏན་ཚིགས་གཞན་ལ་མེད་ཅིང་རྟེན་འབྲེལ་གྱི་གཏན་ཚིགས་ཉིད་ལ་བརྟེན་ནས་བཏགས་པའི་གཏན་ཚིགས་ཉིད་སྟོབས་ཤིན་ཏུ་ཆེ་བས། འདི་ལ་བརྟེན་ནས་དངོས་པོ་རྣམས་རང་བཞིན་མེད་པའི་ངེས་པ་རྙེད་པ་ན་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་རྟོགས་པའི་ལྟ་བ་བདེ་བླག་ཏུ་རྙེད་པར་འགྱུར་བ་ནི། <<འཇུག་པ་>>ལས། གང་ཕྱིར་རྟེན་འབྱུང་རིགས་པ་གྲི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །ཅེས་དང༌། <<བཤེས་སྤྲིངས་>>ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པས་རྣམ་མཆོག་མཐོང༌། །ཞེས་གསུངས་སོ།།

ང་དེ་རིགས་པ་ཁག་བདུན་བཏང་ནས་བསམ་བློ་གཏོང་སྟངས་ཤིག་ཡོད། དེ་ལྟར་རིགས་པ་བཏང་བའི་ཐ་མ་དེར་རང་གི་བསམ་བློའི་ནང་གང་འདྲ་ཞིག་འཁོར་གྱི་རེད་དམ་ཞེ་ན། སྐབས་དེར་རང་གི་ཕུང་པོ་ལྔ་པོ་ཚོགས་པ་དེ་མིང་གདགས་སའི་གཞིར་བྱས་ཏེ་དེ་ལ་ང་ཞེས་བཏགས་ནས་རང་གི་བསམ་བློ་འཁྲུལ་པའི་དབང་གིས་མིང་ཙམ་མ་གཏོགས་མེད་པའི་བསམ་བློ་ཞིག་ཡོང་གི་ཡོད། དེ་ནི་རིགས་པ་བཏང་ཚར་བའི་རྗེས་བསམ་བློ་དེ་འདྲ་བྱུང་བ་ལས་རིགས་པ་མ་བཏང་གོང་བསམ་བློ་དེ་འདྲ་ཡོང་མི་སྲིད། དེ་ནི་རྣམ་བདུན་གྱི་རིགས་པ་ཞེས་པ་དེ་རེད། དེའི་བར་ལ་རྟེན་འབྲེལ་གྱི་རིགས་པ་ཟེར་བ་ཞིག་ཡོད། དེ་ནི་ང་དེ་རང་བཞིན་གྱིས་མེད་པ་ཡིན་ཏེ་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་ཟེར། དེའི་རྟེན་འབྲེལ་དེ་གང་ཞིག་ཡིན་ནམ་ཞེ་ན། བདག་གཞན་ཚོགས་པ་ལ་བརྟེན་ནས་བཏགས་པའི་རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་ཟེར། དེར་བརྟེན་ང་ཟེར་བ་དེ་མིང་ཙམ་དང༌། སྒྲ་ཙམ། རྟོག་པས་བཏགས་ཙམ་ཞིག་མ་གཏོགས་མེད་པ་དང༌། མིང་ཙམ་གྱི་རྟེན་འབྲེལ་དང་རྟོགས་པས་བཏགས་ཙམ་གྱི་རྟེན་འབྲེལ་དུ་འདོད་པས་ན་རིགས་པ་ཚང་མའི་ནང་ནས་གནད་ལ་འཁེལ་ཤོས་དེ་རྟེན་འབྲེལ་གྱི་རིགས་པ་དེ་རེད། རྟེན་འབྲེལ་མ་ཡིན་པའི་ཤེས་བྱ་དང་ཆོས་གཅིག་ཀྱང་མེད། དེ་ཡང་རྟེན་འབྲེལ་ལ་གོ་བ་ལེན་སྟངས་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་རྟེན་འབྲེལ་དེ་མིན། རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་རྟེན་འབྲེལ་ཞེས་པ་དེ་འདུས་བྱས་ལ་མ་གཏོགས་འདུས་མ་བྱས་ལ་བཞག་སྲོལ་མེད། གདགས་གཞི་ཚོགས་པ་ལ་བརྟེན་ནས་མིང་བཏགས་སའི་རྟེན་འབྲེལ་དེ་ཆོས་ཐམས་ཅད་ལ་བཞག རྟེན་འབྲེལ་གྱི་དཔེ་དེ་གང་འདྲ་ཞིག་རེད་དམ་ཟེར་ན། དཔེར་ན་མེ་ལོང་ངམ་གདོང་ཤེལ་ནང་ནས་རང་གི་གཟུགས་བརྙན་མཐོང་བ་དེ་རྟེན་འབྲེལ་གྱི་དཔེ་ཡིན། དེ་ནི་ཤེལ་སྒོའི་ནང་ནས་རང་གི་གཟུགས་བརྙན་མཐོང་དུས་རང་གི་གཟུགས་བརྙན་དེ་ཤེལ་སྒོའི་སྟེང་དུ་ཕར་ཕྱིན་པ་མིན་ལ་རང་གི་གཟུགས་བརྙན་དེ་ཤེལ་སྒོ་ལ་ཕར་ཚུད་པ་ཡང་མ་ཡིན་པར་ཤེལ་སྒོ་དེ་ཧ་ཅང་དྭངས་པོ་ཡོད་པ་ཞིག་དང༌། རང་གི་མིག་ངོས་ཀྱི་ཆ་ནས་ཐང་ཐང་ཡིན་པ་ཞིག ནག་ཁུང་མ་ཡིན་པ་ཞིག་བཅས་ཀྱི་ཆ་རྐྱེན་མང་པོ་ཞིག་འཛོམས་ཚེ་ཤེལ་སྒོའི་ནང་ནས་རང་གི་གདོང་མཐོང་གི་རེད། དེ་ནི་ཆ་རྐྱེན་དེ་འདྲ་ཞིག་ཚོགས་པ་ལ་བརྟེན་ནས་སྐབས་དེ་དུས་ཤེལ་སྒོའི་ནང་གི་རང་གི་གདོང་རེད་བསམ་ནས་དེས་གདགས་གཞི་དེ་འདྲ་ཞིག་ཚོགས་པ་ལ་བརྟེན་ནས་ཤེལ་སྒོའི་ནང་གི་གདོང་དེ་ལ་ངའི་གདོང་ཞེས་མིང་བཏགས་པ་ཙམ་ཞིག་ལས་ཤེལ་སྒོའི་ངོས་ནས་ཚུར་རང་གི་གདོང་ཞེས་ཚུར་གྲུབ་པ་ཞིག་མེད། ཤེལ་སྒོའི་ངོས་ནས་ཚུར་དེ་འདྲ་གྲུབ་པའི་རང་གི་གདོང་ཞིག་ཡོད་ན་རང་གིས་ཤེལ་སྒོའི་ནང་མ་བལྟས་ན་ཤེལ་སྒོའི་ནང་ནས་གསལ་ཐབས་མེད། དེ་དང་འདྲ་བར་མི་གཞན་ཞིག་གིས་ཤེལ་སྒོ་དེའི་ནང་བལྟས་ཚེ་མི་དེ་གའི་གདོང་མ་གཏོགས་ངའི་གདོང་གསལ་མི་ཐུབ། གལ་ཏེ་ཤེལ་སྒོའི་ནང་གི་གདོང་དེ་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་ན་ཤེལ་སྒོའི་དེའི་ནང་འཆར་བའི་གདོང་དེ་ག་དུས་ཡིན་ནའང་ཡོད་དགོས་ལ་མི་གཞན་གྱིས་བལྟས་ནའང་ཁོ་རང་གི་གདོང་མ་མཐོང་བར་ངའི་གདོང་མཐོང་དགོས་རུང་དེ་ལྟར་མིན་པར་ཆ་རྐྱེན་འཛོམས་པའི་སྐབས་སུ་ཤེལ་སྒོ་དེའི་ནང་སུས་བལྟས་ནའང་དེའི་གདོང་མཐོང་གི་ཡོད་པས། ཤེལ་སྒོའི་ནང་གི་གདོང་དེ་རང་བཞིན་གྱིས་གྲུབ་པ་མ་ཡིན་པར་རྟེན་འབྲེལ་འཛོམས་དུས་དེ་ལྟར་ཡོང་རྒྱུ་ཡོད་པས་ཤེལ་སྒོའི་ནང་གི་བྱད་བཞིན་གྱི་གཟུགས་བརྙན་དེ་རྟེན་འབྲེལ་གྱི་དཔེ་ལ་བཞག་པ་ཡིན།

དེ་ནས་རྟོག་པས་བཏགས་ཙམ་ཟེར་བའི་རྟོག་པ་དེ་རྟོག་པ་ཡོད་ཚད་མིན་པར་མིང་བཏགས་མཁན་གྱི་རྟོག་པ་སྟེ་འདོགས་བྱེད་ཀྱི་རྟོག་པ་ལ་ཟེར། འདོགས་བྱེད་ཀྱི་རྟོག་པ་ཟེར་བ་དེ་ནི་གོང་དུ་ཞུས་ཟིན་པ་ལྟར་དངོས་པོ་ཞིག་ལ་མ་བཞག་ན་མི་རིགས་མི་འདྲ་བ་མང་པོ་ཞིག་གིས་སོ་སོའི་སྐད་ཀྱི་ཐོག་ནས་མིང་མི་འདྲ་བ་རེ་འདོགས་སྐབས་སོ་སོར་མིང་བཏགས་རྒྱུའི་རྟོག་པ་ཞིག་ཡོད་པ་དེ་ལ་འདོགས་བྱེད་ཀྱི་རྟོག་པ་ཞེས་ཟེར། དེ་ནི་རྟོག་པས་བཏགས་ཙམ་ཟེར་བའི་གནད་འགག་དེ་ཡིན། གནད་འགག་དེ་ཡག་པོ་ཤེས་ན་རྟོག་པས་བཏགས་ཙམ་ལ་བྱ་བྱེད་རྟེན་འབྲེལ་སོགས་ཚང་མ་བཞག་ཐུབ་པ་ཞིག་ཡོང་གི་རེད། རྟོག་པས་བཏགས་ཙམ་གྱི་དོན་དག་དེ་ཡག་པོ་མ་ཤེས་ན་རྩ་བ་ནས་མེད་པ་དང་གཏན་མེད་ཆགས་ཀྱི་རེད། རྟོག་པས་བཏགས་ཙམ་ཟེར་བ་དེ་དཔེར་ན་བུམ་པ་ལ་ཆ་བཞག་ན་མཆུ་ཏོ་དེ་ཡང་བུམ་པ་མིན། ཞབས་ར་དེ་ཡང་བུམ་པ་མིན་ཞེས་དེའི་ཆ་ཤས་རེ་རེ་ལ་དེ་ཡང་བུམ་པ་མིན། འདི་ཡང་བུམ་པ་མིན་ཞེས་མཐར་བུམ་པ་བརླགས་འགྲོ་བས་ན་བསམ་བློའི་དེ་ལྟར་གཏོང་མི་ཉན། བསམ་བློ་དེ་ལྟར་བཏང་ཚེ་དངོས་པོ་ཐམས་ཅད་གཏན་མེད་དུ་ཕྱིན་ཏེ་ཆད་མཐར་ལྷུང་རྒྱུ་རེད། བུམ་པ་ཟེར་བ་ཡོད་པ་ཡིན་ན་དེའི་ཆ་ཤས་སྒང་ལ་ཡོད་མི་དགོས་ཤིང༌། དེ་ཡོད་ན་ཁོའི་ཆ་ཤས་དང་ངོ་བོ་གཅིག་གམ་ཡང་མིན་ན་ཁོའི་ཆ་ཤས་དང་ལོགས་སུ་ཡོད་དགོས། དེ་ལྟར་ཕར་གསལ་དགོས་པ་ལས་འདི་བུམ་པ་ཡིན་ནམ། དེ་བུམ་པ་ཡིན་ནམ་ཞེས་བཙལ་ན་མི་འགྲིག འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་རྩ་བའི་སྐབས་ལ་གསུངས་པའི་གནད་འགག་ཆེ་ཤོས་དེ་ཡིན། དེ་ལྟ་ང་རང་ཚོས“ཡོད་པ་མ་ཡིན་ཡོད་པའི་སྟེང་དུ་བྱེད། མེད་པ་མ་ཡིན་འཁོར་འདས་ཀུན་གྱིས་བྱེད”ཅེས་ཡོད་པ་ཡང་མིན། མེད་པ་ཡང་མིན་ཟེར་བ་དེ་གཙོ་བོ་གང་ནས་ཆགས་པ་རེད་དམ་ཞེ་ན། གཙོ་བོ་རྟོག་པས་བཏགས་ཙམ་གྱི་རྟེན་འབྲེལ་དེ་བཞག་མ་ཤེས་པར་འདི་ཡང་བུམ་པ་མ་རེད། དེ་ཡང་བུམ་པ་མ་རེད་ཅེས་མཐར་བུམ་པ་བརླགས་ནས་སྣང་བ་ཙམ་གྱི་བུམ་པ་ཀུན་རྫོབ་ཕྲ་མོ་དེ་བཞག་མ་ཐུབ་སྟབས་བྱ་བྱེད་རྟེན་འབྲེལ་ལ་སོགས་པའི་དངོས་པོ་ཚང་མ་གཞན་ངོ་ཙམ་གྱི་རྟོག་པ་སྟེ་བསམ་བློའི་ཐོག་དེ་མེད་སྙམ་པ་དེ་ལྟར་ཡིན། དེ་འདྲ་བྱས་ཚེ་སྟོང་པ་ཉིད་ཀྱི་ལྟ་བ་ལ་བག་ཆགས་འཇོག་རྒྱུ་ལྟ་ཅི་ཆད་མཐར་ལྷུང་གི་རེད། ང་རང་ཚོའི་ལྟ་བའི་ཁྱད་ཆོས་གཅིག་འདིའི་ཐོག་ལ་བཞག་ཡོད། དེར་བརྟེན་དགེ་ལུགས་ཀྱི་ལྟ་བའི་དཔེ་ཆའི་ནང་དགག་པ་སྐྱོན་ས་གཙོ་བོ་དེ་ཡིན། ལྟ་བ་ཚ་གྲང་གི་ཐོག་ནས་མ་ཉན་པ་དགག་པ་སྐྱོན་ས་གཙོ་བོ་ཡིན། རྩ་བའི་ཁྱད་ཆོས་དེ་ཙམ་ཞིག་མ་གཏོགས་གཏིང་ཟབ་པོ་ཞུས་ན་བསྡུས་གྲྭ་དང་དབུ་མ་གཟིགས་མ་མྱོང་ན་གོ་བ་ལེན་མི་ཐུབ། མདོར་ན་དགེ་ལུགས་པ་དང་གྲུབ་མཐའ་གཞན་ཕྱོགས་ཀྱི་ལྟ་བ་མི་འདྲ་བ་ཟེར་བའི་གནད་འགག་དང་འགལ་བ་ཐུག་ས་དེ་གྲུབ་མཐའ་གཞན་ཕྱོགས་ཀྱི་བླ་མ་གོང་མ་ཚོའི་བཞེད་པ་དང་མི་འདྲ་བ་གཏན་ནས་མེད་ཅིང༌། དེ་ཡང་བུ་སྟོན་རིན་པོ་ཆེ་ཞལ་བཞུགས་པའི་སྐབས་ནས་ལྟ་བ་གསུང་ཕྱོགས་ཐད་འདྲ་མིན་མང་པོ་ཐོན་ཏེ་ནོར་འཁྲུལ་བྱུང་བ་རེད་ཟེར་བ་ལས་རྫོགས་ཆེན་གྱི་ལྟ་བ་ནོར་བ་རེད་ཟེར་བ་དང་བཀའ་བརྒྱུད་ཀྱི་ལྟ་བ་ནོར་བ་རེད་ཟེར་བ་སོགས་ཀྱི་དོན་མིན། དེ་ཁྱོན་ཡོངས་ནས་བཤད་ན་དུས་སྐབས་དེ་དང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་བྱོན་པའི་སྐབས་དེའི་གཡས་གཡོན་ལ་གྲུབ་མཐའ་གཞན་དག་གི་ལྟ་བ་གསུངས་སྟངས་ཐད་སྔོན་མའི་རང་རང་སོ་སོའི་བླ་མ་གོང་མ་ཚོའི་གསུང་ལ་གོ་བ་ཡག་པོ་ལེན་མ་ཐུབ་པར་གསུང་ཚུལ་མི་འདྲ་བ་མང་པོ་བྱུང་ནས་གཞུང་ཆེན་པོའི་དགོངས་པ་དང་མ་མཐུན་པ་དང༌། གཞུང་ཆེན་པོའི་ནང་དང་མ་མཐུན་པའི་མིང་ཚིག་གསར་པ་མང་པོ་བཟོས་སྟབས་དེ་ལྟར་མི་འདྲ་བ་བྱུང་བ་རེད། ལྟ་བའི་གནད་འགག་ཐུག་ས་གཙོ་བོ་དེ་ཡིན། <<བསྟན་པ་རྒྱས་པའི་སྨོན་ལམ་>>ནང“ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ”ཞེས་གསུངས་ཡོད། དེ་ནི་དགེ་ལུགས་པ་དང་གྲུབ་མཐའ་གཞན་དག་བར་མི་འདྲ་བ་དེ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་རྟག་ཆད་ཀྱི་མཐའ་ལས་གྲོལ་བའི་ལྟ་བ་ཞིག་ཡོད་པ་དེ་ཡིན་ཅིང༌། དེ་རྟོག་པས་བཏགས་ཙམ་གྱི་རྟེན་འབྲེལ་དེ་རྒྱས་པོ་དང་གསལ་པོ་བྱས་ནས་གསལ་བཤད་གནང་བ་དེ་ཡིན། དེ་ལ་དགེ་ལུགས་པའི་བསྟན་པའི་ཁྱད་ཆོས་གཙོ་བོ་ཞེས་བཞག་པ་རེད། དེའི་ནང་བརྗོད་བྱེད་ཚིག་གི་དྲང་ངེས་དང་བརྗོད་བྱ་དོན་གྱི་དྲང་ངེས་ཟེར་བ་དེ་དྲང་ངེས་མ་ཁྲིད་ན་ཤེས་ཀྱི་མ་རེད། དེ་ལ་དྲང་དོན་དང་ངེས་དོན་གྱི་མདོ་ཞེས་བཞག་སྲོལ་མི་འདྲ་བ་གཉིས་ཡོད། དེ་ནི་ཚིག་ཁོ་ནའི་དོན་དག་ཆ་ཚང་ཁས་ལེན་བྱས་ཆོག་པ་དེ་ལ་ངེས་དོན་གྱི་མདོ་ཞེས་དང་ཚིག་ཁོ་ནའི་དོན་དག་ཆ་ཚང་ཁས་ལེན་བྱས་ན་མ་འགྲིག་པ་དེ་ལ་དྲང་དོན་གྱི་མདོ་ཞེས་ཟེར། དཔེར་ན། བཅོམ་ལྡན་འདས་ཀྱི་ལུང་གི་ནང་ལ་ཕ་དང་མ་དང༌། རྒྱལ་པོ་དང་དམག་མི་སོགས་ཚང་མ་བསད་ཚེ་མྱུར་དུ་ཐར་པ་ཐོབ་ཀྱི་རེད་ཅེས་ཟེར་བ་ལྟ་བུ་སྟེ། “ཕ་དང་མ་ནི་གསད་བྱ་ཞིང༌། རྒྱལ་པོ་གཙང་སྦྲ་ཅན་གཉིས་དང༌། ཡུལ་འཁོར་འཁོར་དང་བཅས་བཅོམ་ན། མི་དེ་དམ་པ་ཉིད་དུ་གྱུར”ཞེས་པ་ལྟ་བུ་མང་དག་ཡོད་ཅིང༌། དེ་ཚོའི་ཚིག་ཁོ་ནའི་ནང་ཐད་ཀར་གསུངས་པའི་ནང་དོན་དེ་བཅོམ་ལྡན་འདས་ཀྱི་དགོངས་པ་ངོ་མ་མ་ཡིན་པར་གོང་གི་ཚིག་དེ་ལ་ཆ་བཞག་ན་ཕ་དང་མ་ཞེས་པ་ནི་འཁོར་བའི་རྩ་བ་བདག་འཛིན་མ་རིག་པ་དང་ཉོན་མོངས་དུག་གསུམ་གཉིས་ལ་གསུངས་ཀྱི་ཡོད་པ་དང༌། རྒྱལ་པོ་གཙང་སྦྲ་ཅན་ཞེས་པ་རྣམས་ནི་སྲེད་པ་དང༌། ལེན་པ་སོགས་ལ་དཔེ་བཞག་ནས་གསུངས་པ་ཞིག་དང༌། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལ་འདུས་ནས་གསུངས་པ་ཞིག་ཡིན། དེ་ནི་ཕ་དང་མ་དང་རྒྱལ་པོ་དང་དཔུང་སོགས་ལ་མིང་བཏགས་གསུངས་པ་མ་གཏོགས་དེའི་ཚིག་དོན་ཁོ་ནའི་དོན་ལྟར་བྱས་ན་གཏན་ནས་མི་འགྲིག་ལ་དེ་བཅོམ་ལྡན་འདས་ཀྱི་དགོངས་པ་ཡང་མིན་པས་ཚིག་ཟིན་ལྟར་ཁས་ལེན་མི་རུང་བ་དེ་དྲང་དོན་ཡིན། གཞན་ཡང་ད་དུང་<<ཤེས་རབ་སྙིང་པོའི་>>ནང་དཔེར་ན་གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད། ཆོས་མེད་དོ་ཞེས་པ་དེ་ནི་དྲང་དོན་གྱི་མདོ་མིན་པར་ངེས་དོན་གྱི་མདོ་ཡིན་ཏེ་གང་ཞེ་ན། གོང་དུ“ཕུང་པོ་ལྔ་པོ་དེ་དག་ལ་ཡང༌། རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ”ཞེས་པའི་དགག་བྱའི་ཚིག་གཅིག་ཡོད་པས་ཚིག་དེ་གཟུགས་མེད། སྒྲ་མེད་ཟེར་བ་དེ་དག་ལ་ཚུར་སྦྱར་ནས་གཟུགས་རང་བཞིན་གྱིས་མེད། སྒྲ་རང་བཞིན་གྱིས་མེད་ཟེར་བའི་དོན་ཡིན་པས་ཤེས་རབ་སྙིང་པོ་དེ་ངེས་དོན་གྱི་མདོ་ཡིན་པ་ལས་དྲང་དོན་གྱི་མདོ་མིན། ཡང་དེ་ནས་གནད་དོན་གཞན་ཞིག་སྟེ་དཔེར་ན་གནས་ལུགས་མཐར་ཐུག་གི་དོན་དེ་བཅོམ་ལྡན་འདས་ཀྱི་གདུལ་བྱ་བློ་དམན་པ་རྣམས་ལ་གང་ཟག་གི་བདག་ཡོད་པར་གསུངས་ཡོད་པ་སྟེ“དགེ་སློང་དག་ཁུར་ཡོད་དོ། །ཁུར་ཁུར་བ་པོ་ཡོད་དོ”ཞེས་གསུངས་པ་དེ་གང་ཟག་གི་བདག་ཡོད་པར་གསུངས་པ་ཞིག་ཡིན། དེ་ནི་དེའི་གནས་ལུགས་མཐར་ཐུག་དེ་དྲང་དོན་ལ་བཞག་ནས་གསུངས་པ་རེད། དེ་ལས་གཏིང་ཟབ་པའི་གནས་ལུགས་མཐར་ཐུག་ད་དུང་ཡོད་པས་ཚིག་ཟིན་ལ་གསུངས་པ་དེ་གནས་ལུགས་མཐར་ཐུག་གི་དོན་མིན་པར་གནས་ལུགས་མཐར་ཐུག་གི་དོན་དེ་དེ་ལས་ལྷག་པ་གསལ་བཤད་བྱེད་རྒྱུ་ཡོད། དེ་ཡང་གནས་ལུགས་ཀྱི་དོན་བཞིན་དུ་དྲང་དགོས་པ་དྲང་དོན་གྱི་མདོ། གནས་ལུགས་ཀྱི་དོན་བཞིན་དྲང་མི་དགོས་པ་དཔེར་ན། ཡུམ་རྒྱས་འབྲིང་བསྡུས་གསུམ་ཞེས་ཟེར་སྲོལ་ཡོད། དེ་ཚོ་ནི་གནས་ལུགས་ཀྱི་དོན་ངོ་མ་ཡིན་པས་དེ་ལས་ལྷག་པ་གསུངས་རྒྱུ་མེད། དེ་ཡང་དབུ་མ་རང་རྒྱུད་པ་དང༌། ཐལ་འགྱུར་བ། སེམས་ཙམ་པ་སོགས་སོ་སོར་དྲང་དོན་དང་ངེས་དོན་གྱི་མདོ་མི་འདྲ་བའི་དབྱེ་བ་ཡོད། ཡང་དཔེར་ན། གསང་སྔགས་ཀྱི་ནང་ལ་ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ། མ་བྱིན་པ་ཡང་བླང་བར་བྱ། རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ་ཟེར་བ་ཞིག་བདག་འཇུག་ནང་ལའང་ཡོད་པས་ཐད་ཀར་བཤད་ན་སྲོག་ཆགས་གསོད་ཅིག མ་བྱིན་པ་ལོངས་ཤིག རྐུ་མ་རྐུས་ཤིག་ཅེས་པ་ཡིན་པས་དོན་ངོ་མ་དེ་མིན། དོན་ངོ་མ་ཚིག་ཟིན་གྱི་དོན་འདི་མིན་པར“ཁྱོད་ཀྱིས་སྲོག་ཆགས་བསད་པར་བྱ”ཟེར་བ་ནི་རླུང་བསྒོམས་ནས་རླུང་དེ་ནམ་རྒྱུན་རྩ་རོ་མ་དང་རྐྱང་མ་གཉིས་ཀྱི་ནང་ལ་ཕྱིན་ཏེ་ཉོན་མོངས་དུག་གསུམ་དང་ཁོང་ཁྲོ་འདོད་ཆགས་སོགས་སྐྱེ་བའི་རྒྱུ་དེ་བཀག་ཐོག རླུང་དེ་རྩ་དབུ་མའི་ནང་འགྲོ་བ་བྱེད་དགོས་ཞེས་པའི་དོན་ཡིན་པ་དང༌། “མ་བྱིན་པར་ཡང་བླང་བར་བྱ”ཞེས་པ་དེ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དེ་ཁྱོད་ལ་སུས་སྟེར་མཁན་མེད་ནའང་རང་གིས་འབད་བརྩོན་བྱས་ནས་ཐོབ་ཐབས་བྱེད་དགོས་ཞེས་པའི་དོན་དང༌། “རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ”ཞེས་པ་ནི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཀྱི་དོན་ཏེ་གནས་སྐབས་ཙམ་གྱི་སྒྱུ་མ་ལྟ་བུའི་རྫུན་ནམ་སྣང་བ་རྟེན་འབྲེལ་གྱི་སྒྱུ་མ་ལྟ་བུའི་ཚིག་དེ་ཤོད་དགོས་ཞེས་པའི་དོན་ཡིན་པ་དང༌། སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་སྒྱུ་མ་ཅན་གྱི་དོན་དེ་ཁྱོད་ཀྱིས་མི་ལ་ཤོད་དགོས་པ་དང་རང་གིས་ཤེས་པ་བྱེད་དགོས་ཞེས་གསང་སྔགས་ཀྱི་གཞུང་ནང་དེ་ལྟར་གསུངས་ཡོད། དེའི་དོན་ནི་སོ་སོའི་རྩ་རོ་མ་དང་རྐྱང་མ་གཉིས་ནང་ཡོད་པའི་རླུང་དེ་རྩ་དབུ་མའི་ནང་ཚུད་པ་བྱས་ཐོག རྩ་དབུ་མ་དེ་ཁ་འབྱེད་སོང་ན་རླུང་ཐམས་ཅད་སྙིང་ཁར་བསྡུས། སྐབས་དེ་དུས་ཁྱོད་ཀྱིས་མི་བསད་ན་ཡང་ཐར་པའི་ལམ་ལ་འགྲོ་བ་དང་མ་བྱིན་པ་ལེན་ནའང་ཐར་པའི་ལམ་དུ་འགྲོ་བའི་རྟོགས་པའི་གནས་ཚད་དེ་འདྲ་ཞིག་ལ་སླེབས་དགོས། དེ་ཡང་རིམ་པ་གསུམ་པ་ཙམ་ལ་མ་སླེབས་པར་རྩ་དབུ་མའི་ནང་རླུང་འགྲོ་བའི་ཚད་ལ་སླེབས་མི་ཐུབ། ཚད་དེར་སླེབས་དུས་དུག་དང༌། མེ། མཚོན་ཆ་སོགས་གང་ཡང་མི་ཟུག་ཅིང༌། སྲོག་ཆགས་གསོད་པ་དང་མ་བྱིན་ལེན་པ་སོགས་མི་གཞན་གྱིས་བྱས་ཚེ་སྡིག་པར་འགྲོ་བའི་རིགས་རྣམས་རང་གིས་བྱས་ནའང་སྡིག་པར་མི་འགྲོ་བར་སྐབས་དེ་དུས་རྟོགས་པའི་གནས་ཚད་ཧ་ཅང་མཐོ་པོར་སླེབས་ཡོད། འོན་ཀྱང་གོང་གསལ་ཚིག་དེ་ཚོར་ཐད་ཀར་གོ་བ་བླངས་ནས་གནས་ཚད་དེར་མ་སླེབས་པའི་སྤྱིར་བཏང་གི་མི་གཅིག་གིས་ལས་ཀ་དེ་འདྲ་བྱས་ན་དམྱལ་བར་ལྷུང་རྒྱུ་ལས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མི་སྲིད། དྲང་དོན་དང་ངེས་དོན་གྱི་སྐོར་མདོར་བསྡུས་ཞུས་ན་དེ་འདྲ་ཞིག་ཡིན། དྲང་ངེས་ཀྱི་སྐོར་ཞིབ་ཕྲ་གཟིགས་ན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་<<དྲང་ངེས་ལེགས་བཤད་སྙིང་པོ་>>དང་དེའི་འགྲེལ་པ་ཡང་པོད་གཉིས་ཡོད།

སྙིང་ཉིད་རྟོགས་པའི་ལྷག་མཐོང་སྐོར། སྟོང་ཉིད་རྟོགས་པའི་ལྷག་མཐོང་ཐོབ་དགོས་ན་ཐོག་མར་སྟོང་ཉིད་རྟོགས་པའི་ཞི་གནས་ཐོབ་དགོས། ཞི་གནས་ཐོབ་རྗེས་སྟོང་ཉིད་ལ་དམིགས་པའི་དཔྱད་པ་བྱས་ཏེ་དཔྱད་པ་བྱེད་བཞིན་པའི་ངང་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ཐོབ་ཚེ་ལྷག་མཐོང་ཐོབ་པ་ཡིན། དེར་བརྟེན་ལྷག་མཐོང་མ་སྒྲུབ་གོང་ལ་ཞི་གནས་སྒྲུབ་དགོས། སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་ཐོབ་ཚེ་ངན་སོང་ལ་འགྲོ་མི་དགོས་པ་ཡིན་ཟེར། སྟོང་ཉིད་དེ་བསམ་བློ་གཏོང་དུས་ཐོག་མ་སྟོང་ཉིད་དེ་སྒོམ་རྒྱག་རྒྱུ་སྟེ་དཔྱད་སྒོམ་དང་འཇོག་སྒོམ་ཟུང་འབྲེལ་བྱེད་དགོས་པ་དེ་ཡིན་ཅིང༌། དཔྱད་སྒོམ་གཅིག་པུ་བྱས་པས་མི་འགྲིག་ལ་འཇོག་སྒོམ་གཅིག་པུ་བྱས་པས་ཀྱང་མི་འགྲིག་གཙོ་བོ་དཔྱད་སྒོམ་བྱེད་དགོས། དཔྱད་སྒོམ་གྱི་དཔེ་དེ་གང་རེད་དམ་ཞེ་ན། ཉོན་མོངས་དུག་གསུམ་ལ་དཔྱད་སྒོམ་བྱེད་རྒྱུ་དེ་རེད། དེའི་དཔེ་གཅིག་ཞུས་ན་གོང་དུ་ཞུས་ཟིན་པ་ལྟར་མི་གཅིག་ལ་ཁྱོད་རྐུན་པོ་རེད་ཅེས་བཤད་སོང་ན་མི་དེས་ངས་རྐུན་མ་མ་བརྐུས་པར་རྐུན་པོ་ཞེས་བཤད་བྱུང་སྙམ་ནས་ཁོང་ཁྲོ་ཤུགས་ཇེ་ཆེར་ཕྱིན་པ་དེ་ནི་ཁོང་ཁྲོར་དཔྱད་སྒོམ་བྱས་པ་ཞིག་དང༌། ཡང་ཁྲོམ་གཞུང་ངམ་ཚོང་ཁང་ནང་དངོས་པོ་འདྲ་མིན་སྣ་ཚོགས་མཐོང་སྐབས་དངུལ་མེད་ནའང་དངོས་པོ་འདི་ང་ལ་བྱུང་ན་སྙམ་པ་དང་འདིའང་ང་ལ་བྱུང་ན་སྙམ་ནས་བསམ་བློ་མང་པོ་ཞིག་བཏང་བ་དེ་ནི་བརྣབ་སེམས་ལ་དཔྱད་སྒོམ་བྱས་པ་ཞིག་ཡིན། དེ་ཡང་དཔྱད་སྒོམ་བྱེད་སྟངས་དེ་ལ་རྒྱུ་མཚན་དྲངས་རྒྱུ་ཞིག་ཡོད་པ་སྟེ། དངོས་པོ་འདི་ཡག་པོ་ཡོད་པ་དང༌། ཁྱད་ཆོས་དེ་འདྲ་ཡོད་པ། འདི་རང་ཉིད་ལ་བྱུང་ན་ཕན་ཐོགས་དེ་འདྲ་ཡོད་པ་སོགས་རྒྱུ་མཚན་མང་པོ་ཡོད་ཅིང༌། དཔེར་ན་ཇ་ཞིག་ཉོས་ནའང་དཔྱད་སྒོམ་མང་པོ་བྱེད་དགོས་པ་དཔེར་ན། ཇ་འདིའི་གྲས་ཁུ་བ་ཡག་པོ་ཡོད་པ་དང་དེའི་གྲས་ཁུ་བ་ཡག་པོ་མེད་པ། ཇ་འདིའི་གྲས་མདོག་ལེགས་ལ་དེའི་གྲས་མདོག་ཡག་པོ་མེད་པ། ལུང་པ་ཀ་པ་ནས་ཐོན་པའི་ཇ་ཡག་པོ་ཡོད་པ་དང་ལུང་པ་ཁ་པ་ནས་ཐོན་པའི་ཇ་དེ་ཡག་པོ་མེད་པ་སོགས་ཉོ་ཆ་རྒྱག་དུས་བསམ་བློ་བཏང་ནས་དཔྱད་སྒོམ་བྱེད་ཀྱི་ཡོད། དེར་བརྟེན་དཔྱད་སྒོམ་སྒོམ་ཡིན་པ་ཁས་བླངས་པ་དེ་དགེ་ལུགས་པའི་སྒོམ་གྱི་ཁྱད་ཆོས་ཡིན་ཟེར་གྱི་ཡོད། དེའི་རྒྱུ་མཚན་ནི་གྲུབ་མཐའ་གཞན་ཕྱོགས་ཀྱི་མཁས་པ་མང་པོ་(ཚང་མ་མིན་)ཞིག་གིས་དཔྱད་སྒོམ་བྱས་ཚེ་རྣམ་རྟོག་མང་པོ་སྐྱེས་ནས་སྒོམ་འཐོར་ཉེན་ཡོད་པས་དཔྱད་སྒོམ་བྱེད་མི་ཉན་ཞིང༌། བསམ་བློ་མ་བཏང་བར་ཙོག་པུར་སྡོད་སྐབས་རྣམ་རྟོག་སྐྱེས་ཚེ་རྣམ་རྟོག་ཁོ་རང་གི་ངོ་བོ་ལ་བལྟས་ནས་བཀག་མ་བཞག་པར་སྐྱེས་སུ་བཅུག་ན་གང་འཚམས་ནས་ཡལ་འགྲོ་བ་ལས་དགག་དགོས་མེད། ཐབས་ཤེས་དེ་ལྟར་བྱས་པ་མ་གཏོགས་དེར་དཔྱད་སྒོམ་བྱས་ན་སྒོམ་དེ་བརླགས་འགྲོ་རྒྱུ་རེད་ཅེས་གསུངས་ཀྱི་ཡོད། དེའི་ཐད་དགེ་ལུགས་ཀྱི་ཕྱོགས་ནས་དཔྱད་སྒོམ་བྱས་ཏེ་སྒོམ་བརླགས་མི་སྲིད་ཅིང༌། དཔྱད་སྒོམ་དེ་སྒོམ་གྱི་ནང་ནས་སྣ་ཁ་གཅིག་དང༌། བཤེས་གཉེན་བསྟེན་ཚུལ་གྱི་ནང་ནས་ལྷག་མཐོང་གི་སྐགས་ལ་གཙོ་བོ་དཔྱད་སྒོམ་ཡིན་པ་དང༌། ཞི་གནས་དེ་འཇོག་སྒོམ་ཡིན་ཟེར། དཔྱད་སྒོམ་མ་བྱས་པར་འཇོག་སྒོམ་གཅིག་པུ་བྱས་ཚེ་སྐྱོན་གང་ཡོད་དམ་ཞེ་ན། མི་དེས་སྒོམ་ཇི་ཙམ་བརྒྱབ་པ་དེ་རྩིས་ཀྱིས་རིག་པ་སྐྱོ་རུ་འགྲོ་བ་དང༌། སྔ་མ་ཤེས་པ་དེ་ཚོ་ཡང་བརྗེད་ནས་དྲན་རྒྱུ་མེད་པ་ཆགས་ཐོག བྱིང་བ་ཕྲ་མོ་སྒོམ་དུ་འཁྲུལ་ནས་དཔྱད་སྒོམ་གཏན་ནས་མ་བྱས་པར་སེམས་རྣམ་པར་མི་རྟོག་པ་གཅིག་པུ་སྒོམ་ནས་བསྡད་(སེམས་རྣམ་པར་མི་རྟོག་པ་སྒོམ་བྱེད་ཀྱི་ཐབས་ཤེས་མང་པོ་ཡོད་)དེ་དུས་ཚོད་ངེས་ཅན་ཞིག་ནས་སྟབས་ཡག་ན་སྣ་ཁུག་ལ་དབུགས་འགྲོ་བ་དེ་ཆད་འགྲོ་བ་དང༌། སྒོམ་བརྒྱབ་ན་ཡང་རང་གི་སྣང་བར་འདྲ་མི་འདྲ་ཤར་ཏེ་གསང་སྔགས་ཀྱི་རྫོགས་རིམ་ཐོབ་སོང་སྙམ་པ་ཞིག་ཡོང་གི་ཡོད། དེ་ཡང་རྫོགས་རིམ་ངོ་མ་ཡིན་ན་སྣ་ཁུག་གི་དབུགས་རྔུབ་གཏོང་བྱེད་མཚམས་ཆོད་པ་གཅིག་པུས་མ་འགྲིག་པར་ལྟོ་བ་འགུལ་སྐྱོད་མེད་པ་ཞིག་དགོས། སྣ་ཁུག་ནང་དབུགས་ཕར་ཚུར་འགྲོ་བ་དེ་བཀག་ནའང་ལྟོ་བ་འགུལ་ཚེ་རྫོགས་རིམ་མིན་པའི་རྟགས་ཡིན། དེ་ཡང་སྣ་ཁུག་གི་དབུགས་ཀྱི་རྒྱུ་བ་ཆད་པ་དང་ལྟོ་བ་མི་འགུལ་བ་གཉིས་འཛོམས་ན་རྫོགས་རིམ་གྱི་རྟོགས་པ་ཐོབ་པའི་རྟགས་རེད་ཅེས་དེ་ལྟར་གསུངས་ཡོད། བྱིང་བ་ཕྲ་མོ་སྒོམ་དུ་འཁྲུལ་ན་མི་འགྲིག བྱིང་བ་ཕྲ་མོ་སྒོམ་དུ་འཁྲུལ་ནས་བྱིང་བ་ཁོ་ན་སྒོམ་ནས་བསྡད་ཚེ་སྣ་ཁུག་གི་རྒྱུ་བ་ཆད་ནའང་རིག་པ་སྐྱོ་པོ་ཆགས་པ་དང་སྔ་མ་དྲན་པ་རྣམས་ད་ཆ་མི་དྲན་པ་སོགས་ཀྱི་སྐྱོན་མང་པོ་ཡོད། དེར་བརྟེན་དཔྱད་སྒོམ་སྒོམ་ཡིན་པ་དང༌། བྱིང་བ་ཕྲ་མོ་དང་རྫོགས་རིམ་གྱི་རྟོག་པ་གཉིས་ཀྱི་བར་ལ་དབྱེ་བ་གསལ་པོ་ཡོད་པ་དེ་དགེ་ལུགས་ཀྱི་སྒོམ་གྱི་ཁྱད་ཆོས་གཅིག་ལ་བཞག་པ་ཡིན། བྱིང་བ་དང་རྨུགས་པ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། རྨུགས་པ་ནི་གསལ་པོ་མེད་པ་དང་མགོའི་སྟེང་དུ་འཐོམས་ཞྭ་གཡོགས་པ་ལྟ་བུ་ནག་ཆིལ་ཆིལ་བསམ་རྒྱུ་དྲན་རྒྱུ་མེད་པ་དེ་འདྲ་ཞིག་ལ་ཟེར་བ་དང༌། བྱིང་བ་ནི་སོ་སོའི་དམིགས་རྟེན་སངས་རྒྱས་ཀྱི་སྐུ་ཞིག་སྒོམ་པ་ཡིན་ན་དེ་བརླག་མེད་ནའང་བསམ་བློར་ཤུགས་མེད་པ་དང་དམིགས་རྟེན་དེ་མ་ཤོར་ཙམ་ཞིག་ལས་ཡོང་གི་མེད་པ་རེད། དེ་ཚོ་དབྱེ་བ་འབྱེད་མ་ཤེས་ན་སྒོམ་ཡག་པོ་ཡོང་ཐབས་མེད། དེར་བརྟེན་དགེ་ལུགས་ཀྱི་སྒོམ་གྱི་ཁྱད་ཆོས་བཤད་དུས་འཕྲོ་བ་དང་རྒོད་པ་གཉིས་ལ་ཁྱད་པར་ཡོད་པ། བྱིང་བ་རགས་པ་དང་ཕྲ་མོ་ལ་ཁྱད་པར་ཡོད་པ། རྨུགས་པ་དང་བྱིང་བ་ལ་ཁྱད་པར་ཡོད་པ་དེ་དག་སྒོམ་གྱི་ཁྱད་ཆོས་ལ་བཞག་དགོས། དེ་ཡང་གྲུབ་མཐའ་གཞན་དག་ལ་སྒོམ་མེད་ཟེར་བ་མིན་རུང༌། སྒོམ་ཡག་པོ་བྱུང་བའི་དགེ་མཚན་དང་ཡག་པོ་མ་བྱུང་བའི་སྐྱོན་རྣམས་གསལ་བཤད་གནང་སྟངས་ཐོག་ལ་འཇམ་མགོན་བླ་མ་ཙོང་ཁ་པ་ནང་བཞིན་གསལ་བཤད་གནང་ཐུབ་མཁན་བྱུང་མེད་པས་དེའི་ཐོག་ནས་བཤད་པ་མ་གཏོགས་གྲུབ་མཐའ་གཞན་དག་གི་བླ་མ་གོང་མ་ཚོ་རྟོགས་པ་ཤིན་ཏུ་མཐོན་པོར་ཕེབས་པ་ཧ་ཅང་མང་པོ་ཡོད། འོན་ཀྱང་སོ་སོའི་རྟོགས་པ་མཐོན་པོར་ཕེབས་པ་དང༌། སློབ་མ་ལ་གསུངས་པའི་བར་ཁྱད་པར་ཕྲན་བུ་ཡོད། དཔེར་ན་རྗེ་བཙུན་མི་ལ་རས་པའི་གསུང་མགུར་ལ་སྣ་ཁ་གཉིས་ཡོད། དེ་ཡང་མགུར་འབུམ་ནང་མེད་པ་<<རྡོ་རྗེ་མགུར་དྲུག་>>ཟེར་བ་ཞིག་ཡོད་ཅིང༌། དེ་སྔ་གསང་སྔགས་ཀྱི་དབང་མ་ཐོབ་ན་རྡོ་རྗེ་མགུར་དྲུག་གི་ལུང་ཉན་ཆོག་གི་མེད། རྡོ་རྗེ་མགུར་དྲུག་ནང་ལ་སྒོམ་དང་རྫོགས་རིམ་སྐོར་ལ་ཧ་ཅང་མང་པོ་གསུངས་ཡོད་པ་དེ་དག་རྗེ་ཙོང་ཁ་པས་གསུངས་པ་དང་ཁྱད་པར་སྤུ་ཙམ་ཡང་མེད། འོན་ཀྱང་ད་ལྟ་ཡོངས་གྲགས་སུ་བལྟ་བའི་མི་ལའི་རྣམ་ཐར་ནང་མི་ལས“ཆུ་དང་གློག་དང་ཆར་སྤྲིན་གསུམ། བྱུང་ཡང་ནམ་མཁའ་དྭངས་ནས་བྱུང༌། ཐིམ་ཡང་ནམ་མཁའ་དྭངས་ལ་ཐིམ”ཞེས་དཔེ་དེ་འདྲ་ཞིག་གསུངས་ཡོད། དེ་གང་ཡིན་ནམ་ཞེ་ན། གདུལ་བྱ་ལ་སྟོང་ཉིད་ཀྱི་ལྟ་བ་གསུངས་སྐབས་གདུལ་བྱ་ཁ་ཤས་ཀྱིས་ལམ་སང་གོ་བ་ལེན་མ་ཐུབ་པ་དེར་དགོངས་ནས་གོ་བ་ལེན་ཐུབ་ཚོད་ཅིག་གསུངས་ནས་དེ་བརྒྱུད་དེ་སྟོང་ཉིད་ཀྱི་ལྟ་བ་ངོ་མར་ཁྲིད་བྱེད་ཀྱི་ཐབས་ཡིན་པ་ལས་དེ་མི་ལ་རས་པའི་དགོངས་པ་ངོ་མ་མིན། དེར་བརྟེན་དེང་སང་མི་འགའ་ཞིག་གིས་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་ཟེར་བ་དེར་གོ་བ་ལོག་སྒྲུབ་བྱས་ནས“སངས་རྒྱས་ཆོས་ལུགས་ཀྱི་ནང་ལ་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་པ་དང༌། སེམས་ཨང་པོ་དང་དངོས་པོ་ཨང་གཉིས་པ་ཡིན་པ། སེམས་ལ་བརྟེན་ནས་དངོས་པོ་བྱུང་བ། དངོས་པོ་མ་བྱུང་གོང་ནས་སེམས་ཡོད་པ། སེམས་ཀྱིས་དངོས་པོ་ཚང་མ་བཟོས་པ་སོགས་བཤད་འདུག”ཅེས་གང་བྱུང་བྲིས་འདུག འོན་ཀྱང་ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་ཟེར་བ་དེ་སེམས་ལ་བརྟེན་ནས་དངོས་པོ་ཚང་མ་བྱུང་བ་ཡིན་ཟེར་བའི་དོན་གཏན་ནས་མ་ཡིན་པར་<<སྤྱོད་འཇུག་>>ལས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མོ་(མེ)ཚོགས་དེ་དག་ཅི་ལས་འབྱུང༌། །དེས་ན་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་ཡོད། ཆོས་ཐམས་ཅད་ཀྱི་རྩ་བ་སེམས་ཡིན་ཟེར་བ་དེ་ཆོས་ཐམས་ཅད་སེམས་ནས་ཚུར་བྱུང་བ་རེད་ཅེས་པའི་དོན་གཏན་ནས་མིན། དེ་སྔ་བཀའ་བརྒྱུད་པའི་བླ་མ་གོང་མ་ཚོའི་གསུང་གི་ནང་ལ“གློད་པ་རབ་ལ་སྒོམ་པ་རབ”ཟེར་བ་ཞིག་ཡོད། དེ་ནི་ཐོག་མ་སྒོམ་ཡག་པོ་མ་ཆགས་གོང་ནས་གློད་བཞག་རྒྱུ་མིན། དེ་ཡང་ཁག་གཅིག་གིས་ནོར་ཏེ་དང་པོ་ནས་རྦད་དེ་གློད་ནས་བསམ་བློ་འདི་གཏན་འཁེལ་མི་དགོས་པ་བྱས་ཐོག རང་གི་སེམས་ལ་དམིགས་རྟེན་བྱས་ཏེ་སེམས་ཀྱི་ངོ་བོ་ལ་བལྟས་ནས་བསམ་བློ་གཞན་དག་གང་ཡང་མ་བཏང་བར་དེ་དུས་སེམས་ལ་བསམ་བློ་འདྲ་མིན་འཁོར་ནའང་ལམ་སང་མ་བཀག་པར་ཡལ་དུ་བཅུག་པ་དང༌། སྐྱེས་སུ་བཅུག་ནས་སྐྱེས་རྗེས་ཡལ་དུ་བཅུག་སྟེ་དེ་ལྟར་བྱས་པ་མ་གཏོགས་དམིགས་རྟེན་རང་དེ་དམ་པོར་ཟིན་ནས་མ་བསྡད་པའམ་ཤུགས་ཆེན་པོ་ཞེ་དྲག་མ་རྒྱག་ཅེས་གསུངས་པ་དེ་ནོར་བ་རེད་ཟེར། “གློད་པ་རབ་ལ་སྒོམ་པ་རབ”ཟེར་བ་དེ་དྲན་པ་དང་ཤེས་བཞིན་གཉིས་ཀྱི་སྟོབས་ཤུགས་ཡོངས་སུ་རྫོགས་པ་འཛོམས་ནས་སེམས་གནས་བརྒྱད་པ་དང་དགུ་པ་ལ་སླེབས་སྐབས་གཞི་ནས་གློད་རྒྱུའི་མཚམས་དེར་སླེབས་པ་ལས་ཐོག་མ་ནས་གློད་བཞག་རྒྱུ་མིན། “གློད་པ་རབ་ལ་སྒོམ་པ་རབ”ཟེར་བའི་མཚམས་ལ་སླེབས་སྟངས་དེའི་ཐད་གོ་ནོར་བྱུང་བའི་ལོ་རྒྱུས་མང་པོ་གསུངས་རྒྱུ་ཡོད།  དེར་བརྟེན“གློད་པ་རབ་ལ་སྒོམ་པ་རབ”ཟེར་བའི་སེམས་གནས་བརྒྱད་པ་དང་དགུ་པ་ཐོབ་ཚར་ན་བྱིང་བ་དང་རྒོད་པ་གཉིས་ཀྱི་ཤུགས་དེ་ཉམས་པ། དྲན་པ་དང་ཤེས་བཞིན་གྱི་སྟོབས་རྣམས་ཡོངས་སུ་འཛོམས་ནས་དེ་ལྟར་སེམས་རབ་ཏུ་ཏིང་ངེ་འཛིན་ལ་མཉམ་པར་བཞག་པ་དང་རང་བཞིན་གྱིས་སེམས་གནས་པ་དེའི་སྐབས་སུ་གློད་བཞག་ནས་ཤེས་བཞིན་གྱིས་འབད་བརྩོན་མ་བྱས་པར་(ཤེས་བཞིན་གྱིས་བྱིང་བ་དང་རྒོད་པར་ཡོངས་སུ་བྱ་ར་བྱེད་མི་དགོས་པ་)སེམས་དྲན་པའི་ངང་བསྡད་ནས་སྐབས་དེ་དུས་དྲན་པ་དང་ཤེས་བཞིན་གྱི་སྟོབས་ཡོངས་རྫོགས་འཛོམས་ཟིན་པ་དང་བྱིང་བ་དང་རྒོད་པའི་ཤུགས་ཉམས་ཟིན་པ་ཡིན། སེམས་གནས་དང་པོ་ནས་བདུན་པ་བར་ལ་སླེབས་དུས་བྱིང་བ་དང་རྒོད་པའི་ཤུགས་རྦད་དེ་ཆགས་མེད་པས་གཉིས་ཀ་ཡོང་གི་ཡོད་སྟབས་དེ་དུས་གློད་བཞག་ན་མི་འགྲིག གང་ཞེ་ན། དེ་དུས་གློད་ཚེ་ཏིང་ངེ་འཛིན་སྐྱེ་རྒྱུ་ལ་ཧ་ཅང་ཁག་པོ་ཡོད་པས་གློད་མཚམས་དུས་ཡིན་མིན་གསལ་པོ་མ་བྱུང་བ་དེ་སྐྱོན་ཞིག་ཡིན་ཟེར།

བཀའ་བརྒྱུད་ཀྱི་བླ་མ་གོང་མ་རྣམས་ཀྱིས་གསུངས་པའི་སྒོམ་རྒྱག་སྟངས་ཀྱི་གཞུང་གི་ནང་ལ“ཁོ་གློད་ནི་ཞོགས། འཛིན་པ་མེད་པར་ཞོགས”ཟེར་བ་དེ་ལྟ་བུ་མང་པོ་ཡོད་པས་དེ་ཚོ་ལ་གོ་བ་ཡག་པོ་མ་ལོན་ན་འཛིན་དགོས་ངེས་ཡིན་པ་དང་གློད་དགོས་ངེས་ཡིན་པ་གཉིས། གློད་པའི་མཚམས་ལ་སླེབས་དུས་སྒོམ་གྱི་ཆུ་ཚད་ཇི་ཙམ་སླེབས་དགོས་པ། ཆུ་ཚད་གང་འདྲ་ཞིག་ལ་གློད་ན་མ་འགྲིག་པ་དང༌། ཆུ་ཚད་གང་འདྲ་ཞིག་ལ་གློད་ན་གློད་ཐུབ་ཀྱི་ཡོད་པ། སྐབས་དེ་དུས་དབྱེ་མཚམས་ཡག་པོ་ཕྱེ་རྒྱུ་སོགས་ནི་འཇམ་མགོན་བློ་མ་ཙོང་ཁ་པ་ཆེན་པོས་མ་གཏོགས་གསལ་བཤད་གནང་མ་ཐུབ་པ་རེད་ཅེས་གསུངས་པ་རེད། དེར་བརྟེན“གློད་པ་རབ་ལ་སྒོམ་པ་རབ”ཅེས་པ་དེར་གོ་བ་གོ་ལོག་ཐེབས་ཚེ་ཧྭ་ཤང་མ་ཧྭ་ཡ་ནའི་ཅི་ཡང་ཡིད་ལ་མི་བྱེད་པའི་ལྟ་བ་དང་གཅིག་མཚུངས་ཆགས་ཀྱི་རེད། དེ་ཐོག་མ་ནས་གློད་ན་སློབ་དཔོན་ཀ་མ་ལ་ཤི་ལས་ཧྭ་ཤང་མ་ཧྭ་ཡ་ནའི་ལྟ་བ་ལ་དགག་པ་བསྐྱོན་དོན་མེད་ཟེར།

གོང་གསལ་ནི་དགེ་ལུགས་པའི་ཁྱད་ཆོས་གཙོ་བོ་རྣམས་ཡིན་པས་དེའི་ནང་བྱིང་བ་དང་སྒོམ་གྱི་ཁྱད། བྱིང་བ་རགས་པ་དང་ཕྲ་མོའི་ཁྱད། ཕྲ་བ་དང་སྒོམ་གྱི་ཁྱད། རྨུགས་པ་དང་བྱིང་བའི་ཁྱད་སོགས་མང་པོ་གསུངས་ཡོད་པས་དེ་ཚོའི་ནང་དོན་གཙོ་བོ་རྣམས་མ་ཤེས་ན་གསལ་བཤད་མང་པོ་བྱས་པ་དེ་ཚོ་མགོ་འཚོས་ཐབས་མེད།

དེ་ནས་དམིགས་རྟེན་སྐོར། སེམས་རྟེན་ལ་སེམས་སམ་ལྷ་སྐུ་དང་རང་གི་རྩ་བའི་བླ་མའི་སྐུ་གང་ཞིག་བཞག་ནའང་འགྲིག དགེ་ལུགས་ཀྱི་ཕྱོགས་ལ་ཆ་བཞག་ན་ཕྱག་རྒྱ་ཆེན་པོ་དང་སེམས་ལ་དམིགས་པའི་ཞི་གནས་སོགས་སྒོམ་རྒྱུ་ཡོད་ཅིང༌། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ཅིག་ནང་རྙིང་མའི་རྫོགས་ཆེན་དང༌། བཀའ་བརྒྱུད་པའི་ཕྱག་ཆེན། ས་སྐྱ་པའི་ལམ་འབྲས་སོགས་མིང་མི་འདྲ་བ་མང་པོ་ཞིག་ཡོད་ནའང་དེ་དག་གི་ལུང་དང་རིགས་པ་ཡག་པོ་མཁྱེན་མཁན་ཉམས་མྱོང་ཡོད་པའི་རྣལ་འབྱོར་པ་ཞིག་གིས་བརྟག་དཔྱད་བྱས་ཚེ་ཚང་མ་དགོངས་པ་གཅིག་ཡིན་ཞེས་གསུངས་ཡོད་པ་སྟེ། “དེ་ཁྱད་གཅོད་ཡུལ་རྫོགས་ཆེན་དང༌། །ལྔ་ལྡན་རོ་སྙམ་ངེས་རིམ་བཞིན། །ཟབ་མོ་དབུ་མའི་ལྟ་ཁྲིད་སོགས། །སོ་སོར་མིང་འདོགས་མང་ན་ཡང༌། །ངེས་དོན་ལུང་རིགས་ལ་མཁས་ཤིང༌། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ”ཅེས་གསུངས་ཡོད། འོན་ཀྱང་གྲུབ་མཐའ་སོ་སོའི་གཞུང་རྣམས་ཁྲིད་སྐབས་ཕན་ཚུན་ཕར་བསྲེས་ཚུར་བསྲེས་བྱེད་རྒྱུ་མེད། དེ་བསྲེས་ཚེ་གྲུབ་མཐའ་སོ་སོའི་བླ་མ་གོང་མ་རྣམས་ཀྱི་མན་ངག་གི་གསུང་རྒྱུན་དེ་དག་ཕར་ཚུར་འདྲེས་ཉེན་ཡོད་པས་དེ་ལྟར་བྱས་ན་མི་འགྲིག

དེ་ཡང་སྒོམ་གྱི་སྐོར་ཡག་པོ་ཤེས་པ་ཞིག་བྱེད་བསམ་ན་ཕར་ཕྱིན་གྱི་ནང་བསམ་གཟུགས་ཞེས་པ་ཞིག་ལྟ་རྒྱུ་ཡོད་པས་དེ་ཧ་ཅང་གཏིང་ཟབ་པོ་ཡོད། བསམ་གཟུགས་ནི་བསམ་གཏན་དང་གཟུགས་མེད་ཡིན། དེ་ནི་གཞུང་ཆེན་པོ་ལ་ཐོས་བསམ་དང་སློབ་གཉེར་བྱེད་དགོས་པ་དེ་རྒྱུ་མཚན་དེར་ཐུག་ཡོད་ཅིང༌། གཞུང་ཆེན་པོ་ལ་སློབ་གཉེར་མ་བྱས་ན་རྗེས་སུ་སྒོམ་རྒྱག་པ་དང་ཉམས་ལེན་བྱེད་དུས་དོགས་པ་དང་ཐེ་ཚོམ་མང་པོ་ཞིག་ཆགས་ནས་ཐག་གཅོད་མ་ཐུབ་པ་དང་གཞན་ལ་འདྲི་ས་ཡང་མེད་པར་དཀའ་ངལ་ཞེ་དྲག་ཡོང་གི་ཡོད་པ་རེད། དེར་བརྟེན་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་དང་སློབ་གཉེར་ཡག་པོ་བྱས་ཚེ་རྗེས་སུ་སྒོམ་རྒྱག་སྐབས་སེམས་ནང་མི་དྲན་དགུ་དྲན་དང༌། དོགས་པ་དང་ཐེ་ཚོམ་མང་པོ་ཟ་བ་དེ་ཡོང་གི་མ་རེད། ས་སྐྱ་པཎ་ཆེན་གྱིས་“ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེགས་པ་ཡིན་”ཞེས་གསུངས་ཡོད་པས་ཐོས་པ་ཡག་པོ་མ་བྱས་པའི་སྒོམ་དེ་མི་ལག་པ་རིལ་རིལ་ཞིག་བྲག་ལ་འཛེགས་པ་ལྟ་བུ་རེད། སྔོན་མ་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་དང་སྨིན་གྲོལ་ཁྲི་ཆེན་གཅུང་རིན་པོ་ཆེ་སོགས་ཀྱིས་དགོན་སྡེ་ཁག་འགའ་ཞིག་ལ་གཞུང་ཆེན་པོའི་སློབ་གཉེར་བཙུགས་གནང་ཡོད། དཔེར་ན་སྨིན་གྲོལ་གླིང་དུ་གཞུང་ཆེན་བཅུ་གསུམ་གྱི་བཤད་གྲྭ་དང་གཞུང་བཀའ་པོད་ལྔའི་སློབ་གཉེར་བཙུགས་གནང་ཡོད་པ་མ་ཟད། སྨིན་གྲོལ་གླིང་རྙིང་མའི་དགོན་པ་ཡིན་ནའང་ལམ་རིམ་ཆེན་མོ་ཁྲིད་ཆོག་གི་ཡོད་པ་རེད། དེ་གང་ཡིན་ཞེ་ན། ཁོང་རྣམ་པས་གནད་འགག་དེ་མཁྱེན་གྱི་ཡོད་པས་རེད། དེ་ནི་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བ་ཡིན་སྟབས་ཕྱོགས་རིས་མེད་པ་དེ་ཡིན།

དེའི་ནང་སྤྱོད་པ་རྣམ་པར་དག་པ་ཞེས་པ་ནི། དགེ་ལུགས་པས“ལྟ་བ་རྣམ་དག་རྟག་ཆད་མཐའ་ལས་གྲོལ། །སྒོམ་པ་རྣམ་དག་བྱིང་རྨུགས་མུན་པ་གསལ། །སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་སྒྲུབ”ཅེས་པ་དེའི་ནང་སྤྱོད་པ་རྣམ་དག་རྒྱལ་བའི་བཀའ་བཞིན་སྒྲུབ་ཟེར་བ་དེ་འདུལ་ཁྲིམས་གཙང་མ་སྲུང་བ་དེ་ཡིན། འདུལ་ཁྲིམས་གཙང་མ་སྲུང་དགོས་དོན་གང་ཡིན་ནམ་ཟེར་ན། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དེ་ལྷག་པ་ཤེས་རབ་ཀྱི་བསླབ་པ་དང་ཏིང་ངེ་འཛིན་གྱི་རྩ་བ་ཡིན་པ་དང༌། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དེ་རང་གིས་རང་གཅུན་བྱེད་ཀྱི་ཐབས་ཤིག་ཡིན། རང་གིས་རང་གཅུན་མ་ཐུབ་སྔོན་ལ་གཞན་གྱིས་རང་གཅུན་ནས་གོམས་གཤིས་འཇགས་པ་བྱེད་དགོས། སྒོམ་པ་ཟེར་བ་ནི་གཞན་གྱིས་རང་གཅུན་བྱེད་ཀྱི་བསླབ་བྱ་ཞིག་ཡིན། གཞན་གྱིས་རང་གཅུན་ནས་གོམས་གཤིས་འཇགས་ཚེ་རང་གིས་རང་གཅུན་ཐུབ་པའི་ཚད་དེར་སླེབས་ཀྱི་རེད། རྗེ་བཙུན་མི་ལ་རས་པ་ལ་སེངྒེ་ལྟ་བུའི་གང་ཟག་ཟེར་དོན་ནི་གང་དུ་ཕེབས་ཀྱང་རང་གིས་རང་གཅུན་ཐུབ་པའི་ཚད་གཞི་འདིའི་ཐོག་ཏུ་སླེབས་སྟབས་སྐུ་ཚེ་དེ་རང་ལ་ཟུང་འཇུག་གི་གོ་འཕང་བརྙེས་ཐུབ་པ་བྱུང་བ་ཡིན། དེ་ཡང་དགེ་ཚུལ་གྱི་སྡོམ་པ་དང༌། དགེ་སློང་གི་སྡོམ་པ། གསང་སྔགས་ཀྱི་སྡོམ་པ་སོགས་དེ་ཚོ་ཚང་མ་གཞན་དབང་ལ་བརྟེན་ནས་རང་གཅུན་ཐབས་དང་རང་དབང་ལ་ཚོད་འཛིན་བྱེད་ཐབས་ཤིག་ཡིན་ཅིང༌། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་དེ་དག་སྲུང་དུ་བཅུག་གནང་བ་དེ་ནི་ང་ཚོ་སེམས་ཅན་ལ་ཡ་ང་སྙིང་རྗེ་མེད་པར་སེམས་གནག་དང་གནོད་བསྐྱལ་གནང་བ་གཏན་ནས་མ་ཡིན་པར་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐབས་ལ་མཁས་པོའི་སྒོ་ནས་ཐོག་མར་སྒྲིག་ཁྲིམས་ལ་བརྟེན་ནས་རང་ཉིད་གཅུན་ཐབས་ཤིག་བཟོས། དེ་ནས་རིམ་བཞིན་རང་གིས་རང་གཅུན་རྒྱུའི་ཚད་གཞི་འདིའི་ཐོག་ཏུ་སླེབས་པ་བྱས་ནས་སངས་རྒྱ་ཐུབ་པའི་ཚད་གཞི་དེ་འདྲ་ཞིག་བཟོས་གནང་ཡོད། དེར་བརྟེན་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ་ལ་འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟ་བུ་མཛད་པ་རེད་ཅེས་བསྟོད་བསྔགས་ཞུ་གི་ཡོད་པས། འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟ་བུ་མཛད་དགོས་དོན་ནི་འདུལ་བའི་བསྟན་པ་དེ་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ལ་ཐུག་གི་ཡོད་པ་དང། དགེ་ཚུལ་སློང་དེ་སངས་རྒྱས་ཀྱི་བསྟན་པའི་རྩ་བ་ལ་ཐུག་གི་ཡོད་པས་ཡིན། སྤྱོད་པ་སྟེ་ལྟ་སྒོམ་སྤྱོད་གསུམ་ནང་གི་སྤྱོད་པ་དེ་ཚུལ་ཁྲིམས་ཀྱི་སྤྱོད་པ་ལ་གོ་དགོས། འདུལ་བའི་ཕྱག་ལེན་དེ་དཔེར་ན་དགོན་པ་ཁག་ལ་གསོ་སྦྱོང་དང༌། དབྱར་གནས། དགག་དབྱེ་སོགས་ངེས་པར་ཚུགས་དགོས། དགེ་ཚུལ་གྱི་སྡོམ་པ་དང་དགེ་སློང་གི་སྡོམ་པ་བླངས་རྗེས་དཔེར་ན་དགེ་ཚུལ་ལ་ཁྲིམས་སུམ་ཅུ་སོ་དྲུག་ཡོད་པ་དེ་ཚོ་གང་དང་གང་ཡིན་ཤེས་པ་བྱས་ནས་སྲུང་དགོས་པ་དང༌། དགེ་སློང་ལ་སྡོམ་ཁྲིམས་ཉིས་བརྒྱ་ལྔ་བཅུ་ང་གསུམ་གསུངས་ཡོད་པ་དེ་དག་ཚང་མ་མ་བྱུང་ཡང་རྩ་བ་བཞི་པོ་སྐྱོན་མེད་པ་ཞིག་སྲུང་དགོས་པ་དེ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ལ། དེང་གི་དུས་སུ་རྩ་བ་བཞི་པོ་དེ་དང་ཆང་བཅས་གཙང་མ་སྲུང་ཐུབ་ན་དེང་དུས་དགེ་སློང་རྣམ་དག་ཟེར་ཆོག་པ་ཞིག་ཡིན།

གཉིས་པ་རྗོད་བྱེད་ཀྱི་ལུང་ལ་དྲང་ངེས་ཕྱེ་སྟེ་རྟག་ཆད་ཀྱི་མཐའ་བཀག་པའི་ཚུལ་ནི། <<ལང་གཤེགས་>>ལས། ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་ཏུ། །བླ་མེད་ཐེག་ཆེན་རབ་བཤད་ནས། །ཞེས་གསུངས་པ་ལྟར་ཐོག་མར་ཡོད་མེད་ཀྱི་མཐའ་གཉིས་ཁེགས་དགོས་པ་དང༌། དེ་ཡང་ལུང་ལ་དྲང་ངེས་འབྱེད་པ་ལ་ལྟོས་དགོས་ཤིང༌། འཁོར་ལོ་དང་པོའི་དོན་བཞིན་གང་ཟག་གི་བདག་ཡོད་པ་སོགས་སུ་གསུངས་པ་དྲང་དོན་དང༌། རང་འཛིན་རྟོག་པའི་ཞེན་གཞིར་རང་མཚན་གྱིས་གྲུབ་པར་གསུངས་པ་ངེས་དོན་དུ་བྱས་པ་དང༌། འཁོར་ལོ་ཐ་མའི་དོན་བཞིན་མཚན་ཉིད་གསུམ་བདེན་པར་ཡོད་མཉམ་དང་མེད་མཉམ་དུ་གསུངས་པ་རྣམས་དྲང་དོན་དང༌། གཞན་དབང་ཡོངས་གྲུབ་གཉིས་བདེན་གྲུབ། ཀུན་བཏགས་ཀྱི་ཆོས་རྣམས་བདེན་པར་མ་གྲུབ་པར་གསུངས་པ་རྣམས་ངེས་དོན་དུ་བྱས་པའི་དྲང་ངེས་འཇོག་ཚུལ་གྱི་རྣམ་བཞག་འདི་ཡང་གདུལ་བྱའི་བསམ་ངོ་ཙམ་ཡིན་གྱི་དོན་འདིས་རྟག་ཆད་ཀྱི་མཐའ་མི་ཁེག་པས། སྣང་ཚུལ་རྟེན་འབྲེལ་སྣ་ཚོགས་སུ་སྣང་བའི་ཀུན་རྫོབ་ཀྱི་ཚུལ་དང་མཐུན་པར་གསུངས་པ་རྣམས་དྲང་དོན་དང༌། གནས་ལུགས་ཀྱི་རང་བཞིན་སྟོང་པར་རོ་མཉམ་དུ་གསུངས་པ་རྣམས་ངེས་དོན་དུ་བྱས་པའི་དྲང་ངེས་འཇོག་ཚུལ་གྱི་རྣམ་བཞག་འདི་འཁོར་ལོ་བར་པའི་དགོངས་པ་མཐར་ཐུག་ཡིན་པས། འདིས་རྟག་ཆད་ཀྱི་མཐའ་མ་ལུས་པ་བཀག་སྟེ་ཐེག་པ་གསུམ་གྱི་ཐར་པའི་ལམ་གསལ་བར་བྱེད་དོ། །དེ་ལྟ་བུའི་དྲང་ངེས་འཇོག་ཚུལ་ཡང༌། <<ལྷག་མཐོང་ཆེན་མོ་>>ལས། འོ་ན་ཇི་འདྲ་བ་ཞིག་ངེས་དོན་དང༌། ཇི་འདྲ་བ་ཞིག་དྲང་དོན་ཡིན་སྙམ་ན། འདི་ནི་བརྗོད་བྱའི་སྒོ་ནས་བཞག་པ་སྟེ། དོན་དམ་པ་སྟོན་པ་ནི་ངེས་པའི་དོན་དང༌། ཀུན་རྫོབ་སྟོན་པ་ནི་དྲང་བའི་དོན་གྱི་གསུང་རབ་ཏུ་གཟུང་ངོ༌།།

དེ་ལྟར་བློ་གྲོས་མི་ཟད་པས་བསྟན་པ་ལས་ངེས་པའི་དོན་གྱི་མདོ་སྡེ་ནི་གང༌། དྲང་བའི་དོན་གྱི་མདོ་སྡེ་ནི་གང་ཞེ་ན། མདོ་སྡེ་གང་དག་ཀུན་རྫོབ་སྒྲུབ་པར་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་དོན་དམ་པ་སྒྲུབ་པར་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཚིག་དང་ཡི་གེ་སྣ་ཚོགས་བསྟན་པ་དེ་དག་ནི་དྲང་བའི་དོན་ཞེས་བྱའོ། །མདོ་སྡེ་གང་དག་ཟབ་མོ་བལྟར་དཀའ་བ་རྟོགས་པར་དཀའ་བ་བསྟན་པ་དེ་དག་ནི་ངེས་པའི་དོན་ཞེས་བྱའོ། །ཞེས་གསུངས་པ་ལྟར། མདོ་འདིའི་སྒྲས་ཟིན་གྱི་དོན་ལྟར་ངེས་པ་དང༌། སྒྲས་ཟིན་ཁས་བླང་མི་རུང་བར་དགོངས་པ་གཞན་དུ་འགྲེལ་དགོས་པ་ལ་དྲང་ངེས་སུ་འཇོག་པ་ནི་དགོངས་འགྲེལ་གྱི་ལུགས་ཡིན་ཞིང༌། མདོ་དེའི་བསྟན་དོན་དེ་ཉིད་ཆོས་དེའི་གནས་ལུགས་མཐར་ཐུག་ཏུ་སོང་བ་ངེས་པའི་དོན་དང༌། དེ་ཙམ་གྱིས་ཆོས་དེའི་གནས་ལུགས་མི་རྫོགས་པས་མཐར་ཐུག་གི་དོན་གཞན་དུ་བཙལ་དགོས་པ་དྲང་དོན་དུ་བྱས་ཏེ་སྣང་ཚུལ་དང་གནས་ཚུལ་གྱི་སྒོ་ནས་དྲང་ངེས་སུ་འཇོག་པའི་རྩ་བ་ནི་བདེན་པར་གྲུབ་པ་མེད་པར་ཁས་བླངས་པ་ལ་ཐུག་པ་ཡིན་ཏེ། <<ལྷག་མཐོང་ཆེན་མོ་>>ལས། དེའི་ཕྱིར་དབུ་མ་རིགས་པའི་ཚོགས་དགོངས་འགྲེལ་དང་བཅས་པ་རྣམས་ནི་ངེས་པའི་དོན་ཇི་ལྟ་བ་བཞིན་སྟོན་པར་བཟུང་སྟེ་སྐྱེ་འགག་ལ་སོགས་པའི་སྤྲོས་པའི་ཚོགས་ཐམས་ཅད་དང་བྲལ་བའི་དོན་དམ་པ་རྒྱས་པར་གཏན་ལ་འབེབས་པ་ཡིན་པའི་ཕྱིར་རོ། །ཞེས་པ་ནས། དེ་ལྟར་གསུངས་པའི་ཤུགས་ཀྱིས་དྲང་བའི་དོན་ཤེས་པར་ནུས་ཏེ། འདིའི་དོན་ཇི་ལྟར་བསྟན་པ་ལྟར་གཟུང་དུ་མི་རུང་བར་དགོངས་པ་བཤད་ནས་དོན་གཞན་ལ་དྲང་དགོས་པའམ་སྒྲ་ཇི་བཞིན་པར་བཟུང་བས་ཆོག་ཀྱང༌། དེ་ཙམ་ཞིག་ནི་མཐར་ཐུག་པའི་དེ་ཁོ་ན་ཉིད་མ་ཡིན་གྱི། དེ་ལས་གཞན་དུ་ད་དུང་དེའི་དེ་ཁོ་ན་ཉིད་བཙལ་དགོས་པས་ན་དྲང་བའི་དོན་ནམ་དོན་དྲང་དགོས་པའོ། །ཞེས་གསུངས་པ་བཞིན་ནོ།།

སེམས་ཙམ་པ་མན་ཆད་ཐེག་ཆེན་བཀར་ཁས་ལེན་པ་རྣམས་ཀྱིས་བདག་མེད་སྟོན་པའི་ལུང་གིས་སྐྱེ་སོགས་འགོག་པར་འདོད་ཀྱང༌། ལུགས་འདིར་དེ་མི་འགོག་པར་མ་ཟད་ངེས་དོན་རང་བཞིན་གྱིས་སྟོང་པ་དེའི་གནད་ཀྱིས་དྲང་དོན་ཀུན་རྫོབ་པའི་ཆོས་སྣ་ཚོགས་སུ་སྣང་བ་བྱ་བྱེད་རྒྱུ་འབྲས་བསྙོན་མེད་དུ་འབྱུང་བ་དང༌། དྲང་དོན་རྟེན་འབྲེལ་སྣ་ཚོགས་ཀྱི་སྣང་བ་འདི་ཅིར་ཡང་བསྒྱུར་དུ་རུང་བའི་གནད་ཀྱིས་ངེས་དོན་རང་བཞིན་གྱིས་གྲུབ་པའི་གཏད་སོ་མེད་པར་ངེས་པ་སྟེར་བ་སྟེ་སྟོང་པ་རྟེན་འབྱུང༌། རྟེན་འབྱུང་སྟོང་པའི་དོན་དུ་གསུངས་པའི་ཚུལ་ལ་ངེས་པ་རྙེད་པ་ནི་ལུང་ལ་དྲང་ངེས་འབྱེད་ཚུལ་ཡིན་ཞིང༌། དེ་ལྟར་ཟབ་མོའི་མདོ་སྡེ་ལ་དྲང་ངེས་འབྱེད་པ་ལྟ་ཅི། དྲང་ངེས་ཀྱི་འཇོག་ལུགས་ཤིག་ཡོད་པར་ཤེས་པ་འདི་ཡང་རྗེ་བླ་མ་འབའ་ཞིག་གི་བཀའ་དྲིན་ཡིན་པར་ཤེས་པར་བྱའོ། །དེ་ལྟར་དུ་<<ལེགས་བཤད་སྙིང་པོ་>>ལས། གཞུང་ལུགས་མང་ཐོས་རིགས་པའི་ལམ་དུའང༌། །ངལ་བ་མང་བསྟེན་མངོན་པར་རྟོགས་པ་ཡི། །ཡོན་ཏན་ཚོགས་ཀྱིས་མི་དམན་དུ་མས་ཀྱང༌། །འབད་ཀྱང་རྟོག་པར་མ་གྱུར་གནས་དེ་ནི། །བྱམས་མགོན་བླ་མའི་དྲིན་གྱིས་ལེགས་མཐོང་ནས། །ཤིན་ཏུ་བརྩེ་བའི་བསམས་པས་བདག་གིས་བཤད། །ཅེས་གསུངས་པ་ནི་རང་བཞིན་བརྗོད་པ་ཁོ་ནའོ།།

གསུམ་པ་བརྗོད་བྱ་དོན་གྱི་དྲང་ངེས་ཕྱེ་སྟེ་སྟོང་པ་དང་རྟེན་འབྱུང་འགལ་མེད་གྲོགས་སུ་འཆར་ཚུལ་བརྗོད་པ་ལ། དངོས་པོ་རྣམས་རང་རང་གི་རྒྱུ་རྐྱེན་དང༌། ཆ་ཤས་འདོགས་བྱེད་ཀྱི་རྣམ་རྟོག་སོགས་ལ་ལྟོས་ནས་སྣ་ཚོགས་སུ་སྣང་ཡང༌། ངེས་དོན་དུ་ཚུགས་ཐུབ་རང་རྐྱ་བའི་དངོས་པོ་རང་བཞིན་དུ་གྲུབ་པའམ་བདེན་པར་མེད་པར་གྲུབ་པ་ནི་རྟེན་འབྱུང་སྟོང་པའི་དོན་དང༌། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པ་ལ་རྣམ་གཞག་གང་ཡང་མི་འཐད་ཀྱང་རང་བཞིན་མེད་པ་དེ་ལ་རྒྱུ་འབྲས་བྱ་བྱེད་ཀྱི་རྣམ་གཞག་འཐད་པར་འགྲུབ་པ་སྟོང་པ་རྟེན་འབྱུང་གི་དོན་ཡིན་ཞིང༌། དེ་ཇི་ལྟར་འཇོག་ཚུལ་ཡང༌། <<རྩ་ཤེས་ཊཱིཀ་ཆེན་>>ལས། གལ་ཏེ་རང་བཞིན་གྱིས་གྲུབ་པའི་སྟོང་པའི་དོན་རྟེན་འབྱུང་གི་དོན་ཡིན་ནོ་ཞེས་མང་དུ་གསུངས་ན། འདིའི་དོན་གང་ཡིན། ཞེས་པ་ནས། སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་འགྲོ་བ་ནི་རང་བཞིན་གྱིས་གྲུབ་པ་ཚད་མས་ཁེགས་པའི་དབུ་མ་པ་རྣམས་ལ་ཡིན་གྱི་གཞན་ལ་མ་ཡིན་ནོ། །ཞེས་གསུངས་པ་ལྟར། རང་བཞིན་མེད་པར་རྟོགས་པས་རྒྱུ་འབྲས་ཀྱི་རྣམ་གཞག་ལ་ངེས་པ་ཇེ་བརྟན་དུ་འགྲོ་བ་དང། རྒྱུ་འབྲས་མི་སླུ་བར་བཤད་པ་ན་རང་བཞིན་གྱི་སྟོང་པ་ལ་ངེས་པ་ལྷང་གིས་འདྲེན་པས། སྟོང་པ་རྟེན་འབྱུང་གི་དོན་དང། རྟེན་འབྱུང་སྟོང་པའི་དོན་དུ་འཆར་བའང་དེ་གོ་དགོས། དེ་ཡང་ལྟོ་ལྡིར་བ་བུམ་པའི་དོན་དུ་འཇོག་པ་ལྟ་བུ་ཡང་མ་ཡིན་ལ། དུ་ལྡན་གྱི་ལར་དུ་བ་ཡོད་པས་མེ་ཡོད་པར་རྟོགས་པ་ལྟ་བུ་གཅིག་དངོས་སུ་རྟོགས་པའི་བློས་གཅིག་ཤོས་ཤུགས་ལ་རྟོགས་པ་ལྟ་བུ་ཡང་མ་ཡིན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུ་གཅིག་དངོས་སུ་བརྗོད་པའི་སྒྲས་གཅིག་ཤོས་དོན་གྱིས་འཕངས་པ་ལྟ་བུ་མ་ཡིན་པར། རང་བཞིན་མེད་པ་ཚད་མས་རྟོགས་པའི་དབུ་མ་བའི་བློ་ངོར་གཅིག་གིས་གཅིག་ལ་གོ་བ་སྟེར་ལུགས་ཀྱི་དབང་གིས། ཕྱི་ནང་གི་དངོས་པོ་རྣམས་རྒྱུ་རྐྱེན་ལ་རག་ལས་པའི་རྟེན་འབྱུང་དུ་ངེས་པ་ན་བློ་དེ་ཉིད་ཀྱི་མཐུ་ལ་བརྟེན་ནས་དེ་དག་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་པའི་དོན་དུ་ངེས་པར་འགྱུར་ཞིང༌། རང་བཞིན་མེད་པའི་སྟོང་པའི་རྣམ་གཞག་ལ་ཇི་ལྟར་ངེས་པ་རྙེད་པ་དེ་ལྟ་དེ་ལྟར་ལས་འབྲས་ཀྱི་རྣམ་གཞག་ལ་ངེས་པ་ཇེ་བརྟན་ཇེ་བརྟན་དུ་འགྲོ་བ་དང༌། རྒྱུ་འབྲས་མི་སླུ་པའི་ཚུལ་ཇི་ལྟར་ཤེས་ན་དེ་ལྟ་དེ་ལྟར་རང་བཞིན་གྱིས་སྟོང་པ་ལ་ངེས་པ་ལྷང་གིས་འདྲེན་ཞིང༌། ལྟ་བའི་གོ་བ་ཅི་ཙམ་འཕེལ་བ་དེ་ཙམ་གྱིས་ལས་འབྲས་ལ་བརྩི་འཇོག་ཇེ་ཆེར་སོང་ན་སྟོང་པ་རྟེན་འབྱུང་གི་དོན་དང་རྟེན་འབྱུང་སྟོང་པའི་དོན་དུ་ཤར་བ་ཡིན་ཏེ། རྗེ་ཐམས་ཅད་མཁྱེན་པས། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །ཞེས་དང༌། <<བྱང་ཆུབ་སེམས་འགྲེལ་>>ལས། ཆོས་རྣམས་སྟོང་པ་འདི་ཤེས་ན། །ལས་དང་འབྲས་བུ་བསྟེན་པ་གང༌། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང༌། །ཞེས་གསུངས་སོ།།

དེ་ལྟར་ངེས་དོན་རང་བཞིན་གྱིས་སྟོང་པ་དེའི་གནད་ཀྱིས་དྲང་དོན་སྣ་ཚོགས་སྣང་བའི་བྱ་བྱེད་རྟེན་འབྲེལ་སླུ་བ་མེད་པ་བསྙོན་མེད་དུ་འབྱུང་བ་དང༌། དྲང་དོན་རྟེན་འབྲེལ་སྣ་ཚོགས་ཀྱི་སྣང་བ་འདིར་ཅིར་ཡང་བསྒྱུར་དུ་རུང་བའི་གནད་ཀྱིས་ངེས་དོན་རང་བཞིན་གྱིས་གྲུབ་པའི་གཏད་སོ་མེད་པར་ངེས་པ་སྟེར་བ་སྟེ་སྟོང་པ་རྟེན་འབྱུང་དང༌། རྟེན་འབྱུང་སྟོང་པའི་དོན་དུ་གསུངས་པའི་ཟབ་དོན་མི་འཇིགས་གདོང་ལྔའི་དབྱངས་ཀྱི་གད་རྒྱངས་འདིས། སྟོན་པ་བཅོམ་ལྡན་འདས་ཉག་གཅིག་བླ་ན་མེད་པའི་ཚད་མའི་སྐྱེས་བུ་དང༌། དེའི་བསྟན་པ་སྐྱོན་མེད་རྣམ་དག་ཏུ་བསྒྲུབ་ནུས་པའི་ཡོན་ཏན་འདི་ལ་བརྟེན་ནས་སྟོན་པ་བཅོམ་ལྡན་འདས་ལ་བསྟོད་པར་མཛད་པ་ཡང༌། <<ལེགས་བཤད་སྙིང་པོ་>>ལས། རང་བཞིན་གྱིས་སྟོང་པ་རྟེན་འབྱུང་གི་དོན་དུ་གསུངས་པ་འདི་ཉིད་རང་གི་སྟོན་པ་སྨྲ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་འཕགས་ཆོས་བླ་ན་མེད་པར་གཟིགས་ནས་སློབ་དཔོན་གྱི་གཞུང་མང་པོར་བཅོམ་ལྡན་འདས་ལ་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་དོ། །ཞེས་གསུངས་པ་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་<<རྩ་ཤེའི་>>དབུར། གང་གིས་རྟེན་ཅིང་འབྲེལ་བར་འབྱུང༌། །ཞེས་སོགས་ཀྱིས་སྟོན་པ་སངས་རྒྱས་ལ་རྟེན་འབྱུང་ཟབ་མོའི་དོན་གྱིས་བསྟོད་པ་མཛད་པ་དང༌། རྗེ་ཐམས་ཅད་མཁྱེན་པས་ཀྱང༌། ལུགས་འདི་ལ་ཐུགས་ཤིན་ཏུ་འཕྲོགས་ནས་རྟེན་འབྱུང་ཟབ་མོའི་དོན་འདི་ཉིད་ཀྱིས་གཞུང་བཙུགས་ཏེ་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་<<ལེགས་བཤད་སྙིང་པོ་>>གསུངས་སོ།།

དེ་ལྟ་བུའི་སྟོང་པ་ཉིད་ཀྱི་དོན་ལ་མཉམ་པར་བཞག་པའི་མཉམ་བཞག་དེའི་སྟོབས་ཀྱིས་རྗེས་ཐོབ་ལ་རྟེན་འབྲེལ་སྒྱུ་མ་ལྟ་བུར་འཆར་བའི་ཚུལ་ཡང༌། སྣང་བ་དང་སྟོང་པ་ངེས་པའི་བློ་གཉིས་ལ་བརྟེན་ནས། གཟུགས་སོགས་སུ་སྣང་བའི་སྣང་བ་སྒྱུ་མ་ལྟ་བུར་འཆར་བ་ཡིན་ཏེ། <<ལྷག་མཐོང་ཆེན་མོ་>>ལས། དཔེར་ན། སྒྱུ་མའི་རྟ་གླང་སྣང་བ་དེ། མིག་གི་ཤེས་པས་མཐོང་བ་དང་སྣང་བ་ལྟར་གྱི་རྟ་གླང་མེད་པར་ཡིད་ཀྱི་ཤེས་པས་ངེས་པ་ལ་བརྟེན་ནས་རྟ་གླང་དུ་སྣང་བ་དེ་སྒྱུ་མའམ་བརྫུན་པའི་སྣང་བར་ངེས་པ་སྐྱེས་པ་བཞིན་དུ། གང་ཟག་ལ་སོགས་པ་ཐ་སྙད་པའི་ཤེས་པ་ལ་བསྙོན་མེད་པར་སྣང་བ་དང༌། དེ་ཉིད་རང་གི་ངོ་བོས་གྲུབ་པའི་རང་བཞིན་གྱིས་སྟོང་པར་རིགས་ཤེས་ཀྱིས་ངེས་པ་གཉིས་ལ་བརྟེན་ནས་གང་ཟག་དེ་སྒྱུ་མའམ་བརྫུན་པའི་སྣང་བར་ངེས་པ་སྐྱེས་པ་ཡིན་ནོ། །ཞེས་དང༌། ཡང་། རིགས་པའི་ཤེས་པས་ཆོས་ཅན་སྣང་བ་ལ་སྐྱེས་འགག་སོགས་ཀྱི་རང་བཞིན་རྣམ་པར་བཅད་པ་ཙམ་གྱི་སྟོང་པ་ལ། ནམ་མཁའ་ལྟ་བུའི་སྟོང་ཉིད་དང༌། དེ་ནས་རང་བཞིན་གྱིས་སྟོང་ཡང་རང་བཞིན་དུ་སྣང་བའི་གཟུགས་སོགས་ཀྱི་སྣང་བ་འཆར་བ་ལ། སྒྱུ་མ་ལྟ་བུའི་སྟོང་ཉིད་ཅེས་སྔོན་གྱི་མཁས་པ་རྣམས་ཀྱིས་གསུངས་སོ། །དེ་བཞིན་དུ་ཕྱག་བསྐོར་བ། བཟླས་བརྗོད་སོགས་ཀྱི་སྤྱོད་ཕྱོགས་ལ་འཇུག་ཀྱང་སྔོན་དུ་དེ་དག་རང་བཞིན་ཡོད་མེད་དཔྱོད་པའི་རིགས་པས་རྣམ་པར་དཔྱད་ནས། རང་བཞིན་དགག་ལ། དེའི་ངེས་པའི་རྩིས་ཟིན་པར་བྱས་ནས་དེ་དག་ལ་ཞུགས་པས་སྒྱུ་མ་ལྟ་བུར་འཆར་བ་ལ་བསླབ་སྟེ་དེའི་ངང་ནས་དེ་དག་བྱའོ།།

འདིའི་གནད་ཤེས་ན་མཉམ་བཞག་ཏུ་ནམ་མཁའ་ལྟ་བུའི་སྟོང་ཉིད་བསྒོམས་པས་དེའི་སྟོབས་ཀྱིས་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་སྟོང་ཉིད་འཆར་ཚུལ་རྣམས་ལེགས་པར་ཤེས་པར་འགྱུར་རོ། །ཞེས་གསུངས་པ་ལྟར་ཡིན། དེ་ལྟར་རང་སྡེ་ཐེག་པ་གོང་འོག་གི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་རང་རང་གི་ལྟ་བ་དེ་མཐའ་དང་བྲལ་བའི་དབུ་མའི་ལུགས་སུ་འཇོག་ཚུལ་དང༌། ཁྱད་པར་དབུ་སེམས་ཀྱི་ཤིང་རྟ་པ་ཆེན་པོ་གཞན་དག་གིས་མཐའ་བྲལ་དབུ་མའི་དོན་འཇོག་ཚུལ་དང༌། སྒྱུ་མ་ལྟ་བུའི་རྣམ་གཞག་མཛད་པ་རྣམས་ལ་ལྟོས་པས་གྲུབ་མཐའ་འོག་མ་འོག་མ་ལས་གོང་མ་གོང་མའི་བཞེད་ཚུལ་རྣམས་གནད་དུ་འགྲོ་ཚབས་ཆེ་ཞིང༌། རིགས་པའང་ཇེ་ཕྲ་ཇེ་ཕྲར་སོང་བས་རྟོགས་དཀའ་བ་དང༌། ལུགས་འདི་ཁོ་ནས་ཤིན་ཏུ་ཕྲ་བའི་མཐའ་ཐམས་ཅད་སེལ་ཚུལ་དང། སྣང་བ་སྒྱུ་མ་ལྟ་བུར་འཇོག་ཚུལ་ཡང༌། གཞན་རྣམས་དང་གཏན་ནས་མི་འདྲ་བར་ཆེས་ཆེར་ཟབ་པའི་ཁྱད་པར་ཡོད་ཚུལ་རྣམས་ལེགས་པར་ཤེས་ན། སྤྱིར་ཀླུ་སྒྲུབ་ཡབ་སྲས་དང༌། ཁྱད་པར་རྗེ་ཐམས་ཅད་མཁྱེན་པ་ཡབ་སྲས་ཀྱི་གསུང་རབ་ལ་རིགས་པའི་ལམ་ནས་དྲངས་པའི་ཡིད་ཆེས་ཀྱི་དད་པ་བརྟན་པོ་བཅོས་མ་མ་ཡིན་པ་སྐྱེ་བར་འགྱུར་རོ།།

དེས་ན། འཕགས་པ་ཀླུ་སྒྲུབ་ཀྱིས། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །ཅེས་གསུངས་པ་ལྟར། མངོན་མཐོ་ལྷ་མིའི་གོ་འཕང་དང་ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བསྒྲུབ་པ་ལ་དེའི་རྒྱུར་མེད་དུ་མི་རུང་བ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་རྣམ་པར་དག་པ་འདི་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་ཉམས་ལེན་ལ་ཆིག་སྒྲིལ་དུ་འབད་དགོས་ཤིང༌། དེ་ཡང་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་ནི། དགེ་སྡིག་གི་བླང་དོར་དང་ལས་འབྲས་ལ་ཡིད་ཆེས་ཀྱི་ངེས་པ་བརྟན་པོ་རྙེད་པ་དེ་དང༌། འཇིག་རྟེན་ལས་འདས་པའི་ཡང་དག་པའི་ལྟ་བ་ནི། བདེན་བཞིའི་ཁྱད་ཆོས་བཅུ་དྲུག་དང༌། བདག་མེད་པའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པའི་ལྟ་བ་འདི་ཉིད་ཡིན་ཞིང༌། འདི་ནི་འཁོར་བའི་རྩ་བ་བདག་འཛིན་ལ་དངོས་སུ་གནོད་བྱེད་གཉན་པོ་མཐར་ཐུག་པ་ཡིན་པས། འདི་ལ་དོན་འགྱུར་གྱི་ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང་སྲིད་པའི་སྡུག་བསྔལ་མཐའ་དག་ལས་རིང་དུ་འགྱུར་བ་ནི། འཕགས་པ་ལྷས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་མི་འགྱུར་ཏེ། །ཐེ་ཚོམ་ཟོས་པ་ཙམ་གྱིས་ཀྱང༌། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་པ་ལྟར་དང༌། དཔལ་ལྡན་ཟླ་བ་གྲགས་པས་ཀྱང༌། བསྟན་པའི་ཐ་མ་ལ་བབ་པའི་ཚེ་ཤིན་ཏུ་ཟབ་པའི་གནད་འདི་ལ་སྐད་ཅིག་ཙམ་མོས་པ་ཡང་སྐལ་བ་ཆེས་ཤིན་ཏུ་བཟང་བར་གསུངས་ཤིང༌། རྗེ་ཐམས་ཅད་མཁྱེན་པས་ཀྱང༌། དབུ་མའི་བསྟན་བཅོས་ལ་རིགས་པའི་དཔྱད་པ་ཇི་སྙེད་ཅིག་གསུངས་པ་ཐམས་ཅད་ནི་སེམས་ཅན་གྱི་རྣམ་གྲོལ་འཐོབ་པ་ཁོ་ནའི་ཆེད་དུ་ཡིན་ལ། ཞེས་སོགས་གསུངས་པ་ལྟར། སྤྱིར་ཐོས་བསམ་སྒོམ་པ་གང་གི་སྐབས་སུ་ཡང་སོ་སོར་རྟོག་པའི་དཔྱོད་པ་ལུང་རིགས་ཚད་མ་ལ་དཔང་པོར་བྱས་པ་ཞིག་གལ་ཆེ་བ་དང༌། དེ་ལྟར་དཔྱོད་པ་རྣམས་ཀྱང༌། རང་གཞན་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པ་འཐོབ་པའི་ཐབས་སུ་དམིགས་པའི་རྒྱུ་དང༌། དུས་ཀྱི་ཀུན་སློང་ཁྱད་པར་ཅན་གྱིས་ཟིན་པ་ཞིག་བྱུང་ན། སྟོན་པ་བླ་ན་མེད་པ་དེ་ཉིད་དང༌། ཤིང་རྟ་ཆེན་པོ་རྣམས་ཀྱིས་འབད་པ་ཆེན་པོའི་སྒོ་ནས་བཀའ་བསྩལ་བ་མཐའ་དག་གི་དགོངས་དོན་དང་མཐུན་པར་འགྱུར་བས། དེ་ལྟ་ན་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་དམ་པའི་མགོན་དང་བཅས་ཤིང་ཚུལ་བཞིན་དཔྱོད་པའི་ཤེས་རབ་ཀྱི་རྩལ་དང་ལྡན་པ་རྣམས་ཀྱིས་ཤིང་རྟ་ཆེན་པོ་རྣམས་ཀྱི་གཞུང་ལུགས་སྤྱི་དང༌། ཁྱད་པར་རྗེ་བླ་མ་ཡབ་སྲས་ཀྱི་ལེགས་བཤད་རྨད་དུ་བྱུང་བ་དག་ལ་ཐོས་བསམ་ཕྱོགས་རིས་སུ་མ་སོང་བར། དོན་གྱི་ཁོག་དབུབ་པའི་སྦྱང་པ་ཕུལ་དུ་ཕྱིན་པ་བྱས་ཏེ་ཕྱི་ནང་གི་རྒྱུ་ཚོགས་དུ་མ་མ་ཚང་བ་མེད་པར་བསྒྲུབས་ནས་དཔྱད་འཇོག་ཟུང་འབྲེལ་གྱི་སྒོས་འགོ་དགག་བྱ་ངོས་འཛིན་ནས་བཟུང༌། སྣང་སྟོང་འགལ་མེད་གྲོགས་སུ་ཤར་བའི་བར་ཉམས་སུ་བླངས་ན། ལམ་འདི་ཁོ་ནའི་ནང་དུ་ས་ལམ་གྱི་ཡོན་ཏན་ཐམས་ཅད་སྤུངས་བཞིན་པ་ལྟ་བུ་ཞིག་འབྱུང་ཞིང། གཞི་ལ་དོན་དམ་སྟོང་པ་དང་ཀུན་རྫོབ་སྣང་བ་གཉིས་ཏེ་བདེན་གཉིས་ཟུང་འཇུག་ཏུ་སོང་བའི་གནད་ཀྱིས། ལམ་ལ་སྣང་ཕྱོགས་ཐབས་ཀྱི་ཆ་ལས་འབྲས་ལ་ཡིད་ཆེས་ཀྱི་དད་པ་དང༌། ངེས་འབྱུང་གི་བསམ་པ། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ནས་ཀུན་རྫོབ་སྒྱུ་མའི་སྐུའི་བར་བསོད་ནམས་ཀྱི་ཚོགས་མ་ཚང་བ་མེད་པ་འབྱུང་ཞིང༌། དེ་ལྟ་བུའི་ཟབ་རྒྱས་གཉིས་ཚོགས་སམ་ཐབས་ཤེས་ཟུང་འཇུག་གི་ཉམས་ལེན་ལ་བརྟེན་ནས་སྲིད་ཞི་གཉིས་ཀའི་མཐའ་བཀག་སྟེ། འབྲས་བུ་སྐུ་གཉིས་ཟུང་དུ་འཇུག་པའི་ཐམས་ཅད་མཁྱེན་པའི་གོ་འཕང་བདེ་བླག་ཏུ་འགྲུབ་པ་ནི། <<རིགས་པ་དྲུག་ཅུ་པ་>>ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་པས། །བསོད་ནམས་ཡེ་ཤེས་ལས་བྱུང་བ། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་གསུངས་པ་བཞིན་ནོ།།

 

སྒོམ་པ་རྣམ་པར་དག་པའི་བཞེད་སྲོལ།

 

གཉིས་པ་སྒོམ་པ་རྣམ་པར་དག་པ་བྱིང་རྨུགས་ཀྱི་སྐྱོན་དང་བྲལ་བའི་ཚུལ་བརྗོད་པ་ལ། དེ་ཡང་བོད་སྔ་རབས་པ་མང་པོ་ཞིག་གིས་སྒོམ་ཐམས་ཅད་འཇོག་སྒོམ་ཁོ་ན་ལ་བསམ་ནས། དཔྱད་པ་སྒྲོ་འདོགས་གཅོད་བྱེད་ཁོ་ན་དང་སེམས་འཕྲོ་བྱེད་ཡིན་པས་སྐྱོན་དུ་བཟུང་ཞིང༌། སྒོམ་པ་གནས་ཆ་གཙོ་བོར་བྱེད་པས། བྱིང་བ་དང་སྒོམ་པའི་ཁྱད་པར་ཙམ་ཡང་མ་ཕྱེད་པར་བྱིང་བ་ཕྲ་མོ་རྣམས་སྒོམ་རྣམ་དག་ཏུ་འཁྲུལ་ནས་དཔྱད་འཇོག་གཉིས་འགལ་ཟླར་འགྲོ་ཞེས་སྨྲ་བ་དང།  ལ་ལས། རྣམ་རྟོག་ཐམས་ཅད་སྤང་བྱ་ཡིན་པས་དགག་དགོས་ཟེར། ཁ་ཅིག་གིས། རྣམ་རྟོག་ཆོས་སྐུའི་ཡོ་ལང་ཡིན་པས་དེ་ཅི་ཙམ་རྒྱས་པས་ཉམས་རྟོགས་རྒྱས་ཟེར། ལ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །ཅེས་གསུངས་པས་རྣམ་རྟོག་མ་རིག་པ་ཡིན་ཟེར། ཡང་ལ་ལས་རྣམ་རྟོག་ཆོས་སྐུ་ཡིན་ཟེར་བ་སོགས་བཤད་ཚུལ་མི་མཐུན་པ་མང་དུ་བྱུང་ཡང།  རྗེ་ཐམས་ཅད་མཁྱེན་པས། སྤྱིར་སྒོམ་ལ་འཇོག་སྒོམ་ཁོ་ན་དགོས་པ་བཀག་སྟེ་མཁས་པའི་དབང་པོ་སློབ་དཔོན་ཀ་མ་ལ་ཤཱི་ལའི་སྒོམ་རིམ་སོགས་ལས་གསུངས་པ་བཞིན་དཔྱད་སྒོམ་དགོས་པ་ལ་དཔྱད་སྒོམ། འཇོག་སྒོམ་དགོས་པ་ལ་འཇོག་སྒོམ། དཔྱད་འཇོག་སྤེལ་མར་དགོས་པ་ལ་དེ་བཞིན་བྱེད་ཚུལ་དང༌། ཏིང་ངེ་འཛིན་སྐྱོན་མེད་སྒྲུབ་ཚུལ་གྱི་མན་ངག་མདོའི་དོན། བྱམས་ཆོས་དང༌། ས་སྡེ། སྒོམ་རིམ་སོགས་ལས་རྒྱས་པར་བཀྲལ་བ་ལ་གཞིར་བཟུང་སྟེ་ཞི་ལྷག་སོ་སོའི་ཚོགས་བསྟེན་པ་དང༌། དམིགས་རྟེན་གྱི་ཁྱད་པར། དཔྱད་འཇོག་གི་རྣམ་དབྱེ་དང༌། སེམས་གནས་པའི་ཐབས་དགུ ཉེས་པ་ལྔ་དང༌། དེ་སྤོང་བའི་འདུ་བྱེད་བརྒྱད། སྟོབས་དྲུག་དང་ཡིད་བྱེད་བཞིའི་སྒོ་ནས་སེམས་གནས་དགུ་ཇི་ལྟར་འགྲུབ་པའི་ཚུལ། ཞི་གནས་དང་ལྷག་མཐོང་རྗེས་མཐུན་པ་གྲུབ་པའི་ཚད། དེ་ནས་ཞི་ལྷག་མཚན་ཉིད་ཚང་བ་ཐོག་མར་སོ་སོར་གྲུབ་པའི་ཚད། དེ་དག་གི་གོ་རིམ། དེ་ནས་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་མཚན་ཉིད་ཚང་བར་གྱུར་པའི་ཚད། དེ་དག་གི་ཐོག་མཐའ་བར་གསུམ་དུ་མྱོང་བ་ཇི་ལྟར་སྐྱེ་བའི་ཚུལ། ལུས་སེམས་ལ་འབྱུང་བའི་རྟགས་ཀྱི་ཁྱད་པར། འཕྲོ་རྒོད་གཉིས་ཀྱི་ཁྱད་པར། དེ་དག་གཉེན་པོ་གང་གིས་སེལ་བའི་ཚུལ། དྲན་པ་དང་ཤེས་བཞིན་གཉིས་ཀྱི་ངོས་འཛིན། དེ་གཉིས་སྐབས་གང་དུ་ཇི་ལྟར་བསྟེན་པའི་ཚུལ་སོགས་རེ་རེ་ནས་ཤིང་རྟ་ཆེན་པོ་དེ་དག་གི་དགོངས་པ་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་གསལ་བར་གཏན་ལ་ཕབ་པ་བྱང་ཆུབ་ལམ་གྱི་རིམ་པའི་བསམ་གཏན་གྱི་ངོ་བོ་ཞི་གནས་ལ་སློབ་ཚུལ་སོགས་ལས་རྒྱས་པར་གསུངས་པ་དེ་དག་ལ་བརྟེན་ནས་ཤེས་ཤིང་འདིར་རྒྱས་པར་བཤད་པའི་སྐབས་སུ་མ་བབ་ལ། འོན་ཀྱང་སྒོམ་པ་སྐྱོན་དང་བྲལ་བའི་ཁྱད་ཆོས་འགའ་ཞིག་གི་ཕྱོགས་ཙམ་སྨྲས་ན།

སྤྱིར་སྒོམ་ལ་འཇོག་སྒོམ་དང་དཔྱད་སྒོམ་གཉིས་ལས། དང་པོ་ནི། སེམས་དམིགས་པ་ལས་མི་གཡེང་བར་ནང་དུ་བཟུང་བ་དང༌། གཉིས་པ་ནི། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྐྱོང་བ་ཡིན་པས། དེ་ཡང་སེམས་གནས་པའི་བརྟན་ཆ་མེད་པར་དཔྱད་ཀྱང་ཤུགས་ཆུང་ལ། མི་དཔྱོད་པར་བཞག་པ་ཁོ་ནས་སྒྲོ་འདོགས་ཅུང་ཟད་ཀྱང་མི་ཆོད་པས། དཔེར་ན། ཤིང་གཅོད་པ་ལ་སྟ་རེ་ཁ་རྣོན་པོ་དང༌། ཡུ་བ་བརྟན་པོ་གཉིས་ཀ་འཛོམས་དགོས་པ་ལྟར། ཉོན་མོངས་པའི་འཆིང་བ་གཅོད་པ་ལ་ཐོག་མར་གནས་ངན་ལེན་གྱི་འཆིང་བ་སྟེ། ཡུལ་ཕྱིན་ཅི་ལོག་གོང་ནས་གོང་དུ་སྐྱེད་པའི་ནུས་པ་སེམས་རྒྱུད་ལ་གནས་པའི་བག་ཆགས་དང། ཕྱིན་ཅི་ལོག་དེ་ལ་ཞེན་པ་སྔ་ཕྱིར་འབྱུང་བའི་བག་ཆགས་དེ་གསོ་བའི་ཞེན་པ་མངོན་གྱུར་པ་གཉིས་ཀ་བཅོམ་དགོས་པས། དང་པོ་ལྷག་མཐོང་དང༌། གཉིས་པ་ཞི་གནས་ཀྱིས་སྤོང་དགོས་ཏེ། <<ལམ་རིམ་ཆེན་མོ་>>ལས། དེ་ལ་གནས་ངན་ལེན་ནི་ཡུལ་ཕྱིན་ལོག་གོང་ནས་གོང་དུ་སྐྱེད་པའི་ནུས་པ་སེམས་རྒྱུད་ལ་གནས་པའི་བག་ཆགས་དང༌། མཚན་མ་ནི་ཡུལ་ཕྱིན་ཅི་ལོག་ལ་མངོན་པར་ཞེན་པ་སྔ་ཕྱིར་འབྱུང་བའི་བག་ཆགས་དེ་གསོ་བ་དང༌། སྔ་མ་ལྷག་མཐོང་གིས་སྤོང་ལ། ཕྱི་མ་ཞི་གནས་ཀྱིས་སྤོང་བར་ཤེར་ཕྱིན་མན་ངག་ཏུ་བཤད་དོ། །ཞེས་གསུངས་ཤིང༌། དེས་ན་ཐོག་མར་ཞི་གནས་སྒྲུབ་ཚུལ་སོགས་སྒོམ་རིམ་དང༌། ས་སྡེ་ནས་འབྱུང་བ་ལྟར་ཉམས་སུ་བླངས་པས་ལུས་སེམས་ཤིན་སྦྱངས་ཀྱི་ཏིང་ངེ་འཛིན་སྐྱེས། དེ་ནས། དེ་ཁོ་ན་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་རབ་བསྐྱེད་པའི་ལྷག་མཐོང་བསྒོམས་པས་ཉོན་མོངས་པའི་ས་བོན་མ་ལུས་པ་སྤངས་ཏེ། སྲིད་པ་ལས་གྲོལ་བར་འགྱུར་བའི་ཚུལ་ནི། <<དགོངས་འགྲེལ་>>ལས། སྐྱེ་བོ་བ་ཡིས་ལྷག་མཐོང་དང༌། །ཞི་གནས་གོམས་པར་བྱས་ན་ནི། །གནས་ངན་ལེན་གྱི་འཆིང་བ་དང༌། །མཚན་མའི་འཆིང་ལས་རྣམ་གྲོལ་འགྱུར། །ཞེས་གསུངས་པ་དང༌། དེ་ལྟར་དུ་སྒོམ་རིམ་དང་པོ་ལས། དེ་ལྟར་དམིགས་པ་ལ་སེམས་བརྟན་པར་བྱས་ནས་ཤེས་རབ་ཀྱིས་རྣམ་པར་དཔྱད་པར་བྱ་སྟེ། ཞེས་དང༌། <<ལམ་རིམ་>>ལས། ཞི་གནས་མ་གྲུབ་པའི་སྔོན་དུ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་མེད་པའི་དོན་ལ་དཔྱད་ཀྱང་རླུང་ནང་གི་མར་མེ་བཞིན་དུ་སེམས་ཧ་ཅང་གཡོ་བས་བདག་མེད་པའི་དོན་གྱི་སྤྱི་ཡང་གསལ་བར་མི་འགྱུར་ལ། གང་གི་ཚེ་ཞི་གནས་གྲུབ་པའི་ཚེ་དཔྱད་ན་ནི་ཧ་ཅང་གཡོ་བའི་སྐྱོན་ལྡོག་པས་བདག་མེད་པའི་དོན་སྤྱི་གསལ་བར་འགྱུར་བས། ལྷག་མཐོང་གི་སེམས་མི་གཡོ་བའི་ཆ་མི་རྟོག་པའི་ཞི་གནས་ལས་སྐྱེ་བ་ཡིན་གྱི། ཡིན་ལུགས་རྟོགས་པའི་ཆ་ཞི་གནས་ལས་སྐྱེ་བ་མིན་ཏེ། ཞེས་དང༌། ཡང་ཞི་གནས་གྲུབ་ན་བདག་མེད་པ་ལ་ཚུལ་བཞིན་དུ་དཔྱོད་པའི་ཤེས་རབ་ཀྱི་གཡོ་བའི་སྐྱོན་ལྡོག་པར་མ་ཟད་མི་རྟག་པ་དང༌། ལས་འབྲས་དང༌། འཁོར་བའི་ཉེས་དམིགས་དང༌། བྱམས་པ་དང༌། སྙིང་རྗེ་དང༌། བྱང་ཆུབ་ཀྱི་སེམས་སྦྱོང་བ་ལ་སོགས་པའི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་བྱེད་པ་ཐམས་ཅད་ཀྱང་དམིགས་པ་ལ་གཡེང་བའི་སྐྱོན་ལོག་ནས། རང་རང་གི་དམིགས་པ་གང་ཡིན་ལ་གཞན་དུ་མི་གཡེང་བར་འཇུག་པས་དགེ་བ་གང་བྱེད་ཐམས་ཅད་སྟོབས་ཆེ་ལ། ཞི་གནས་མ་རྙེད་པའི་སྔོན་དུ་ནི་ཤས་ཆེར་དམིགས་པ་གཞན་ལ་གཡེང་བས་དགེ་སྦྱོར་བྱས་པ་ཐམས་ཅད་སྟོབས་ཆུང་སྟེ། <<སྤྱོད་འཇུག་>>ལས། སེམས་ནི་རྣམ་པར་གཡེངས་པའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་དང༌། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས། །ཡུན་རིང་དུས་སུ་སྤྱད་བྱས་ཀྱང༌། །སེམས་གཞན་གཡེངས་པས་བྱས་ན་ནི། །དེ་ཉིད་རིག་པས་དོན་མེད་གསུངས། །ཞེས་སོགས་ཀྱིས་ཞི་ལྷག་གི་གོ་རིམ་ངེས་པ་དང༌། དེ་གཉིས་འགལ་ཟླར་མ་སོང་བར་ཕན་ཚུན་གཅིག་གྲོགས་སུ་གཅིག་འགྲོ་བའི་ཚུལ་སོགས་རྒྱས་པར་གསུངས་པ་ལྟར་ཡིན། ཡང་དམིགས་པ་གང་ལ་བརྟེན་ནས་ཞི་གནས་སྒྲུབ་པའི་ཚུལ་ཡང༌། <<ལམ་རིམ་>>ལས། སངས་རྒྱས་ཀྱི་སྐུ་ལ་སེམས་འཛིན་པ་ནི། སངས་རྒྱས་རྗེས་སུ་དྲན་པ་ཡིན་པས་བསོད་ནམས་མཐའ་ཡས་པ་སྐྱེ་བ་དང༌། སྐུ་དེ་རྣམ་པར་གསལ་ཞིང་བརྟན་ན་ཕྱག་དང༌། མཆོད་པ་དང༌། སྨོན་ལམ་ལ་སོགས་པ་ཚོགས་གསོག་པའི་ཞིང་དང༌། བཤགས་བསྡོམས་ལ་སོགས་པ་སྒྲིབ་པ་སྦྱོང་བའི་ཞིང་དམིགས་པར་བྱེད་པ་ལ་ཁྱད་ཤིན་ཏུ་ཆེ་བ་དང༌། སྔར་ཏིང་ངེ་འཛིན་རྒྱལ་པོའི་མདོ་དྲངས་པ་ལྟར། འཆི་བའི་ཚེ་སངས་རྒྱས་རྗེས་སུ་དྲན་པ་ལས་མི་ཉམས་པ་ལ་སོགས་པའི་ཡོན་ཏན་དང༌། གསང་སྔགས་ཀྱི་ལམ་སྒོམ་ན་ལྷའི་རྣལ་འབྱོར་ལ་ཤིན་ཏུ་ཁྱད་ཆེ་བ་ལ་སོགས་པའི་དགོས་པ་མང་པོ་སྣང་སྟེ། ཞེས་དང༌། དམིགས་རྟེན་ཡང་བྲིས་སྐུ་བླུགས་མ་སོགས་ཀྱི་རྣམ་པ་མི་བྱ་བར་སངས་རྒྱས་དངོས་ཀྱི་རྣམ་པ་ཅན་དུ་འཆར་བ་ལ་བསླབ་བོ་ཞེས་དང༌། ཏིང་ངེ་འཛིན་དབང་པོའི་ཤེས་པ་ལ་མི་སྒྲུབ་ཀྱི་ཡིད་ཀྱི་ཤེས་པ་ལ་སྒྲུབ་པ་ཡིན་པས་ཏིང་ངེ་འཛིན་གྱི་དངོས་ཀྱི་དམིགས་པ་ནི་ཡིད་ཀྱི་ཤེས་པའི་དངོས་ཀྱི་ཡུལ་ཡིན་པས་དེ་ལ་སེམས་གཟུང་དགོས་པ་ཡིན་པའི་ཕྱིར། ཞེས་གསུངས་སོ།།

བྱིང་རྨུགས་གཉིས་ཀྱི་ཁྱད་པར་ཇི་ལྟ་བུ་ཡིན་ཞེ་ན། <<ལམ་རིམ་>>ལས། བྱིང་བ་ཁུངས་ཐུབ་པའི་གཞུང་ཆེ་བ་རྣམས་ནས་གསལ་བར་ངོས་མ་བཟུང་བས་ཤེས་དཀའ་བར་སྣང་ཞིང་ཤིན་ཏུ་གལ་ཆེ་བར་སྣང་སྟེ། འདི་ལ་ཏིང་ངེ་འཛིན་སྐྱོན་མེད་དུ་འཁྲུལ་ས་ཆེ་བར་སྣང་བའི་ཕྱིར་རོ། །དེ་ཕྱིར་བློ་ཞིབ་མོས་ཉམས་མྱོང་གི་སྟེང་ནས་སྒོམ་རིམ་དུ་གསུངས་པ་ལྟར་ལེགས་པར་བརྟགས་ནས་ངོས་ཟིན་པར་བྱའོ། །ཞེས་དང༌། ཡང༌། གངས་རིའི་ཁྲོད་ཀྱི་བསམ་གཏན་པ་ཕལ་མོ་ཆེ་རྣམས་ནི་ཡུལ་གཞན་ལ་འཕྲོ་བ་མེད་པར་གནས་ཤིང༌། དྭངས་གསལ་ནི་མེད་པའི་སེམས་རྨུགས་པ་ཞིག་ལ་བྱིང་བར་འདོད་པར་སྣང་ངོ༌། །འདི་ནི་མི་རིགས་ཏེ། རྨུགས་པ་ནི་བྱིང་བའི་རྒྱུར་གསུངས་པས་དེ་གཉིས་སོ་སོ་ཡིན་ཏེ། ཞེས་གསུངས་པ་ལྟར། བྱིང་རྨུགས་སྤྱི་དང་ཁྱད་པར་བྱིང་བ་ཕྲ་རགས་ཀྱི་ཁྱད་པར་ངོས་འཛིན་ཚུལ་དཀའ་ཞིང༌། འདི་གསལ་པོར་ངོས་མ་ཟིན་པས། བོད་སྔ་མ་འགའ་ཡང་བྱིང་བ་ཕྲ་མོ་སྒོམ་དུ་འདོད་པས་ཏིང་ངེ་འཛིན་སྐྱོན་ཅན་དུ་སོང་བར་གསུངས་ཤིང༌། དེ་ལྟ་ན་ལུགས་འདིར་བྱིང་བ་ཇི་ལྟར་ངོས་བཟུང་བ་ནི། <<སྒོམ་རིམ་བར་མ་>>ལས། གང་གི་ཚེ་དམུས་ལོང་ལྟ་བུའམ། མི་མུན་པར་ཞུགས་པ་ལྟ་བུའམ་མིག་བཙུམས་པ་ལྟ་བུར་སེམས་ཀྱི་དམིགས་པ་གསལ་བར་མི་མཐོང་བ་དེའི་ཚེ་བྱིང་བར་གྱུར་པ་རིག་པར་བྱའོ་ཞེས་དང༌། <<ལམ་རིམ་>>ལས། བྱིང་བ་ནི་སེམས་ཀྱི་དམིགས་པ་འཛིན་པའི་འཛིན་སྟངས་ལྷོད་ནས་དམིགས་པ་ཤིན་ཏུ་གསལ་བའམ་དམ་པར་མི་འཛིན་པ་ཡིན་པས་དྭངས་ཆ་ཡོད་ཀྱང་དམིགས་པའི་འཛིན་སྟངས་ཤིན་ཏུ་གསལ་བ་མེད་ན་བྱིང་བར་འགྲོ་སྟེ་ཞེས་གསུངས་པ་ལྟར་ཡིན་ལ། སྤྱིར་བྱིང་བ་ཞེས་པ། ལྟུང་བ་དང༌། ཐིམ་པ་སོགས་དོན་མང་པོ་ལ་སྐབས་ཐོབ་ཀྱིས་གོ་དགོས་པས། དཔེར་ན། ཆུ་ལ་བྱིང༌། འདམ་ལ་བྱིང༌། རིག་པ་བྱིང་འཐིམས་བྱུང་ལྟ་བུ་ཡིན་ཞིང༌། འདིར་ཡང་གོ་དོན་དེའི་སྟེང་ནས་བཙལ་ཏེ་སེམས་དགེ་བ་ལ་དམིགས་པ་རྩེ་གཅིག་ཏུ་གཏད་པའི་འཕང་མཐོ་དམན་དང༌། གསལ་ངར་ཆེ་ཆུང་གི་སྒོ་ནས་བྱིང་བ་ཕྲ་རགས་ཀྱི་ཁྱད་པར་ཞིབ་མོར་འབྱེད་དགོས་ཏེ། <<དྲིན་ལན་བློ་བཟང་བཞད་པའི་སྒྲ་དབྱངས་>>ལས། ཏིང་འཛིན་གཡོ་མེད་སྐྱོང་བའི་ཚེ། །ཅུང་ཟད་དམིགས་པའི་ངར་ཤོར་ན། །བྱིང་བ་ཕྲ་མོས་ཟིན་པ་ཡིན། །ངར་མེད་དྭངས་ཆ་ཡོད་པ་ན། །བྱིང་བ་འབྲིང་ནི་སླེབས་པ་ཡིན། །དྭངས་ཆ་མེད་ན་བྱིང་བ་ཆེ། །གསུངས་པ་ལྟར། སེམས་དགེ་བའི་དམིགས་པ་ལ་རྩེ་གཅིག་ཏུ་གཏད་པའི་ཚེ་རྣམ་པའི་དྭངས་ཆ་ཡོད་ཀྱང༌། འཛིན་སྟངས་ཀྱི་གསལ་ངར་ཅུང་ཟད་ཤོར་བ་བྱིང་བ་ཕྲ་མོ་དང༌། དེའི་ཚེ་འཛིན་སྟངས་ཀྱི་གསལ་ངར་མེད་ལ། རྣམ་པའི་དྭངས་ཆ་ཙམ་ཁོ་ན་ཡོད་པ་ནི་བྱིང་བ་འབྲིང་དང༌། ཡང་དེའི་ཚེ་འཛིན་སྟངས་ཀྱི་གསལ་ངར་དང་དྭངས་ཆ་གང་ཡང་མེད་པར་སེམས་ཀྱི་འཕང་ཧ་ཅང་ལྷོད་དེ་དམའ་བར་གྱུར་པ་བྱིང་བ་ཆེན་པོའམ་རགས་པའི་དོན་དུ་མཁས་པ་རྣམས་ཀྱིས་བཞེད་དོ།།

རྨུགས་པ་ནི། <<ཀུན་བཏུས་>>ལས། རྨུགས་པ་གང་ཞེ་ན། གཏི་མུག་གི་ཆར་གཏོགས་པའི་སེམས་ལས་སུ་མི་རུང་བ་ཉིད་དེ་ཉོན་མོངས་དང་ཉེ་བའི་ཉོན་མོངས་རྣམས་ཀྱི་གྲོགས་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར། དམིགས་པ་གང་ལ་རྣམ་པ་ཇི་ལྟར་བཟུང་ཡང་ལུས་དང་སེམས་ལྕི་ཞིང་ལས་སུ་མི་རུང་བར་ཉག་ཉོག་གི་རྣམ་པ་ཅན་གྱི་སེམས་བྱུང་སྟེ་གཏི་མུག་གི་ཆ་ཤས་སུ་འདོད། བྱིང་བ་ནི་རྨུགས་པ་ལས་བསྐྱེད་པས་དེ་གཉིས་སོ་སོ་ཡིན་ཏེ། བྱིང་བ་ལ་དགེ་བ་དང་ལུང་མ་བསྟན་གཉིས་ཡོད། རྨུགས་པ་ལ་མི་དགེ་བ་དང་བསྒྲིབས་ལུང་མ་བསྟན་གང་རུང་གིས་ཁྱབ་ཅིང་གཏི་མུག་གི་ཆ་ཤས་ཁོ་ནར་འདོད་དོ། །རྒོད་པ་དང༌། འཕྲོ་བའི་ཁྱད་པར་ཡང༌། རྒོད་པ་ནི། <<ཀུན་བཏུས་>>ལས། རྒོད་པ་གང་ཞེ་ན། སྡུག་པའི་མཚན་མའི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པའི་སེམས་རྣམ་པར་མ་ཞི་བ་སྟེ་ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར། དེའི་དམིགས་པ་ནི་ཡུལ་ཡིད་དུ་འོང་ཞིང་སྡུག་པ་དང༌། རྣམ་པ་ནི་སེམས་མ་ཞི་བར་ཕྱི་རོལ་ཏུ་འཕྲོ་བ་སྟེ་འདོད་ཆགས་ཀྱི་ཆ་ཤས་ཡིན་པས། ཡུལ་ལ་སྲེད་པའི་རྣམ་པས་འཇུག་པ་དང༌། བྱེད་ལས་ནི་སེམས་དམིགས་པ་ལ་གནས་པར་བར་དུ་གཅོད་པར་གསུངས་སོ།།

དེས་ན་རྒོད་པ་དང་འཕྲོ་བའི་ཁྱད་པར་ཡང༌། རྒོད་པ་དང་རྣམ་གཡེང་གཉིས་རང་དང་མཚུངས་ལྡན་གྱི་སེམས་གཞན་དུ་འཕྲོ་བའམ་གཡེང་བར་བྱེད་པའི་ལས་ཅན་དུ་འདྲ་ཡང༌། འདོད་ཆགས་ཀྱི་དབང་གིས་འཕྲོ་བ་ནི་རྒོད་པ་དང༌། ཉོན་མོངས་གཞན་གྱི་དབང་གིས་འཕྲོ་བ་རྣམས་ནི་རྣམ་གཡེང་ཡིན་ཏེ། <<ལམ་རིམ་>>ལས། འོ་ན་ཉོན་མོངས་གཞན་གྱི་སྒོ་ནས་སེམས་དམིགས་པ་ལས་གཞན་དུ་གཡེང་བར་བྱེད་པའི་འཕྲོ་བ་དང༌། དེ་བཞིན་དུ་དགེ་བའི་དམིགས་པ་གཞན་ལ་འཕྲོ་བ་དེ་རྒོད་པ་ཡིན་ནམ་ཞེ་ན། རྒོད་པ་ནི་འདོད་ཆགས་ཀྱི་ཆ་ཤས་ཡིན་པས། ཉོན་མོངས་པ་གཞན་གྱི་སྒོ་ནས་གཡེང་བ་ནི་རྒོད་པ་མིན་གྱི། ཉེ་ཉོན་ཉི་ཤུའི་ནང་ཚན་གྱི་སེམས་བྱུང་རྣམ་གཡེང་ཡིན་ཏེ། དགེ་བའི་དམིགས་པ་ལ་འཕྲོ་བ་ནི་དགེ་བའི་སེམས་དང་སེམས་བྱུང་ཅི་རིགས་སུ་འགྲོ་བས་འཕྲོ་བ་ཐམས་ཅད་རྒོད་པ་མིན་ནོ་ཞེས་གསུངས། དེས་ན་ཆགས་པའི་དབང་གིས་སེམས་ཀྱི་ཕྱོགས་གཅིག་དགེ་བའི་དམིགས་པ་ལས་གཞན་དུ་འཕྲོ་བར་བྱེད་པ་ནི་རྒོད་པ་ཕྲ་མོ་དང༌། ཆགས་པའི་དབང་གིས་སེམས་ཀྱི་དགེ་བའི་དམིགས་པ་ཕལ་ཆེར་ཤོར་ནས་སེམས་གཞན་དུ་འཕྲོ་བར་བྱེད་པ་ནི་རྒོད་པ་རགས་པའི་ཐ་སྙད་དུ་མཁས་པ་རྣམས་གསུངས་སོ།།

དེ་ལྟར་ཉེས་པ་ལྔ་སྤོང་བའི་འདུ་བྱེད་བརྒྱད་དང༌། སྟོབས་དྲུག་དང༌། ཡིད་བྱེད་བཞི་དང༌། སེམས་དགུས་ཞི་གནས་ཚུལ་བཞིན་བསྒྲུབས་དགོས་ཤིང༌། དེ་ཇི་ལྟར་ཐོབ་པའི་ཚུལ་ཡང༌། འདྲིས་པའི་སྟོབས་ཀྱིས་སེམས་གནས་དགུ་པ་བསྒྲུབས་ཏེ་རྩོལ་བ་མེད་པའི་སྒོ་ནས་ཡིད་ཏིང་ངེ་འཛིན་ལ་སྦྱོར་བར་བྱེད་ཀྱང་ཤིན་སྦྱངས་མ་ཐོབ་ན་ཞི་གནས་རྗེས་མཐུན་པ་མ་གཏོགས་ཞི་གནས་དངོས་ཐོབ་པར་མི་འཇོག་སྟེ། ལུས་སེམས་ཀྱི་གནས་ངན་ལེན་གྱི་རྒྱུན་མ་བཅད་པས་སེམས་མི་རྟོག་པར་རང་ཤུགས་ཀྱིས་འགྲོ་བ་དང༌། ཤིན་སྦྱངས་ཐོབ་པ་ན་ལུས་སེམས་ཀྱི་གནས་ངན་ལེན་གཉིས་དང་བྲལ་བས། ལུས་སེམས་དགེ་བའི་བྱ་བར་བཀོལ་བ་ལ། ལས་རུང་དུ་གྱུར་པས་ཞི་གནས་དངོས་ཐོབ་པར་འཇོག་པ་ཡིན་ཏེ། <<ཤེར་ཕྱིན་མན་ངག་>>ལས། ཇི་སྲིད་དུས་དང་སེམས་ཤིན་ཏུ་སྦྱངས་པ་མ་སྐྱེས་ཀྱི་བར་དུ་ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཡིན་ལ། གང་གི་ཚེ་སྐྱེས་པ་དེའི་ཚེ་ཞི་གནས་ཡིན་ནོ། །ཞེས་དང༌། <<སྒོམ་རིམ་བར་མ་>>ལས། དེ་ལྟར་ཞི་གནས་གོམས་པར་བྱས་པ་དེའི་ལུས་དང་སེམས་གང་གི་ཚེ་ཤིན་ཏུ་སྦྱངས་པར་གྱུར་པ་དང༌། ཇི་ལྟར་འདོད་པ་བཞིན་དུ་དམིགས་པ་ལ་སེམས་དབང་དུ་གྱུར་པ་དེའི་ཚེ་དེའི་ཞི་གནས་གྲུབ་པ་ཡིན་པར་རིགས་པར་བྱའོ། །ཞེས་དང༌། <<ལམ་རིམ་>>ལས་ཀྱང༌། ཏིང་ངེ་འཛིན་འདི་ཐོབ་པ་ལ་ཤིན་ཏུ་སྦྱངས་པ་ཐོབ་པ་དང་མ་ཐོབ་པ་གཉིས་སུ་ཡོད་པས། གལ་ཏེ་ཤིན་སྦྱངས་མ་ཐོབ་ན་ཞི་གནས་རྗེས་མཐུན་པ་ཡིན་གྱི་ཞི་གནས་དངོས་མིན་པས། ཞི་གནས་དང་རྗེས་སུ་མཐུན་པའི་ཡིད་ལ་བྱེད་པ་ཞེས་བྱ་སྟེ། ཞེས་གསུངས་སོ། །འོ་ན། ལུས་སེམས་ཤིན་ཏུ་སྦྱངས་པ་ཞེས་བྱ་བ་ནི་ཇི་ལྟ་བུ་ཞིག་ཡིན་ཞེ་ན། <<ཀུན་བཏུས་>>ལས། ཤིན་ཏུ་སྦྱངས་པ་གང་ཞེ་ན། ལུས་དང་སེམས་ཀྱི་གནས་ངན་ལེན་རྣམས་ཀྱི་རྒྱུན་གཅོད་པའི་ཕྱིར་ལུས་དང་སེམས་ལས་སུ་རུང་བ་ཉིད་དེ་སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ནོ། །ཞེས་གསུངས་པ་ལྟར། ལུས་དང་སེམས་དགེ་བའི་བྱ་བ་ལ་ཇི་ལྟར་འདོད་པ་བཞིན་བཀོད་མི་ནུས་པས་ཉོན་མོངས་སྤོང་བར་རྩོལ་བ་ན་ལུས་སེམས་ལྕི་བ་ལ་སོགས་པའི་ལས་སུ་མི་རུང་བ་ནི་ལུས་སེམས་ཀྱི་གནས་ངན་ལེན་དང༌། དེ་ལྟ་བུའི་ལུས་སེམས་ལས་སུ་མི་རུང་བ་དེ་ལོག་ནས་སེམས་དགེ་བའི་དམིགས་པ་ལ་ཐོགས་པ་མེད་པར་འཇུག་པ་ལ་ལུས་སེམས་ཤིན་སྦྱངས་ཟེར་ཏེ། <<ལམ་རིམ་>>ལས། ལུས་དང་སེམས་ཀྱི་གནས་ངན་ལེན་ནི་ལུས་དང་སེམས་དགེ་བའི་བྱ་བ་སྒྲུབ་པ་ལ་ཇི་ལྟར་འདོད་པ་ལྟར་དུ་བཀོད་དུ་མི་རུང་བ་ཡིན་ལ། དེའི་གཉེན་པོ་ལུས་དང་སེམས་ཤིན་ཏུ་སྦྱངས་པ་ནི་ལུས་སེམས་ཀྱི་གནས་ངན་ལེན་གཉིས་དང་བྲལ་བས་ལུས་དང་སེམས་དགེ་བའི་བྱ་བར་བཀོལ་བ་ལ་ཤིན་ཏུ་ལས་སུ་རུང་བའོ། །ཞེས་དང༌། ཡང༌། དེ་ལྟ་བུའི་ལུས་དང་སེམས་ལས་སུ་རུང་བ་ཡོངས་སུ་རྫོགས་པ་དེ་ཡང་ཏིང་ངེ་འཛིན་ཐོག་མ་རྙེད་པ་ནས་ཆ་ཕྲ་མོ་རེ་འབྱུང་བས་དེ་ཇེ་ཆེར་སོང་བ་ལས་མཐར་ཤིན་ཏུ་སྦྱངས་པ་དང་རྩེ་གཅིག་པའི་ཞི་གནས་སུ་འགྱུར་ལ། ཞེས་གསུངས་སོ།།

དེ་ལྟ་བུའི་ལུས་སེམས་ཤིན་སྦྱངས་ཀྱི་ཏིང་ངེ་འཛིན་ཐོབ་ན་ཡང༌། ཏིང་ངེ་འཛིན་དེ་ཁོ་ན་ནི་ཐེག་པ་ཆེན་པོ་ལྟ་ཅི། ཐེག་པ་དམན་པའི་ལམ་དུའང་བཞག་ཏུ་མི་རུང་བ་ནི། <<ལམ་རིམ་>>ལས། དེ་ཕྱིར་ཕྱི་རོལ་པའི་དྲང་སྲོང་འཇིག་རྟེན་པའི་ལམ་གྱིས་ཅི་ཡང་མེད་པ་མན་ཆད་ཀྱི་ས་འོག་མ་ལ་ཆགས་པ་དང་འབྲལ་བར་བྱེད་པ་རྣམས་ཀྱིས་ཀྱང༌། འདི་ལ་བརྟེན་ནས་ལམ་གོང་མར་བགྲོད་དགོས་པས་ཕྱི་པ་དང་ནང་པ་གཉིས་ཀའི་ཏིང་ངེ་འཛིན་ཐུན་མོང་བ་ཡིན་ནོ། །ཞེས་དང༌། འདི་ཡང་བདག་མེད་ཕྱིན་ཅི་མ་ལོག་པར་རྟོགས་པའི་ལྟ་བ་དང༌། སྲིད་པ་མཐའ་དག་གི་སྐྱོན་ལེགས་པར་རྟོགས་ནས་འཁོར་བ་ལ་ཡིད་འབྱུང་ཞིང་ཐར་པ་དོན་གཉེར་གྱི་ངེས་འབྱུང་གི་བསམ་པས་ཟིན་ན་ཐར་པའི་ལམ་དུ་འགྱུར་ཞིང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་ཟིན་ན་ནི་ཐེག་པ་ཆེན་པོའི་ལམ་དུ་ཡང་འགྱུར་ཏེ། ཞེས་གསུངས་པ་ལྟར། རང་ཅག་ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་ཏིང་ངེ་འཛིན་དེ་ཙམ་གྱིས་ཆོག་པར་མི་འཛིན་པར་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ངེས་པའི་ཤེས་རབ་བསྐྱེད་ནས་ལྷག་མཐོང་བསྒོམས་ཏེ། ཞི་ལྷག་ཟུང་དུ་འབྲེལ་བའི་རྣལ་འབྱོར་ལ་བརྩོན་པར་བྱ་དགོས་ཤིང༌། དེ་ཡང་ཟུང་འབྲེལ་དུ་བསྒོམ་པའི་ཚུལ་ཇི་ལྟ་བུ་ཡིན་ཞེ་ན། <<ལམ་རིམ་>>ལས། ནམ་ལྷག་མཐོང་ཐོབ་པའི་ཐོག་མ་ནས་ཟུང་འབྲེལ་ཐོབ་པར་འགྱུར་བས། དེའི་ཚུལ་ནི། སྔར་གྱི་ཞི་གནས་ལ་བརྟེན་ནས་དཔྱད་སྒོམ་བྱས་པ་ན་བསྒྲིམས་ཏེ་འཇུག་པ་ལ་སོགས་པའི་ཡིད་བྱེད་བཞིའི་རིམ་པས་སྐྱེས་པ་འདི་ལའང་གསུངས་པས་ཡིད་བྱེད་བཞི་པ་སྔར་བཤད་པ་ལྟར་སྐྱེས་པའི་ཚེ་ན་ཟུང་འབྲེལ་དུ་འགྲོ་སྟེ། ཞེས་དང༌། ཡང༌། དེ་འདྲ་བ་དེ་ལ་ཅིའི་ཕྱིར་ཟུང་དུ་འབྲེལ་བ་ཞེས་བྱ་ཞེ་ན། དེ་འདྲ་བ་དེ་མ་ཐོབ་པའི་གོང་དུ་སོ་སོར་རྟོག་པའི་དཔྱད་སྒོམ་གྱི་རང་སྟོབས་ཀྱིས་མི་རྟོག་པའི་གནས་ཆ་འདྲེན་མི་ནུས་པས། དཔྱད་སྒོམ་དང་འཇོག་སྒོམ་གཉིས་རྩོལ་བ་སོ་སོ་སོ་སོར་བསྒོམ་དགོས་ལ། དེ་གཉིས་ཐོབ་ནས་ནི་སོ་སོར་རྟོག་པའི་དཔྱད་སྒོམ་བྱས་པ་ཉིད་ཀྱིས་ཞི་གནས་འདྲེན་པར་ནུས་པས་ན་ཟུང་དུ་འབྲེལ་བའོ། །འདི་ཡང་དཔྱོད་པ་ནི་ལྷག་མཐོང་ཡིན་ལ། དཔྱད་མཐར་གནས་པ་ནི་ཞི་གནས་ཁྱད་པར་ཅན་སྟོང་པ་ཉིད་ལ་དམིགས་པའོ། །ཞེས་གསུངས་པ་ལྟར་རོ།།

དེ་ལྟར་རྗེ་བླ་མའི་རིང་ལུགས་རི་བོ་དགེ་ལྡན་པའི་བཀའ་སྲོལ། བསྟན་པའི་སྙིང་པོ་ལྷག་པ་ཏིང་ངེ་འཛིན་གྱི་ངོ་བོར་གྱུར་པའི་སྒོམ་པ་བྱིང་རྨུགས་ཀྱི་སྐྱོན་དང་བྲལ་ཞིང་ཤིན་ཏུ་རྣམ་པར་དག་པའི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཚུལ་མཐའ་ཡས་པ་བཤད་དུ་ཡོད་ཀྱང་སྤྲོས་ཆེ་བས་དེ་དག་གི་སྙིང་པོ་མདོར་བསྡུས་ན། རྗེ་འཇིགས་མེད་དབང་པོའི་<<དགེ་ལྡན་ཆོས་འབྱུང་>>ལས། སྒོམ་པའི་སྒོ་ནས་ཁྱད་དུ་འཕགས་ཏེ། བོད་ཀྱི་བསམ་གཏན་པ་རྣམས་ཞི་གནས་གསར་དུ་བསྒྲུབ་པའི་ཚེ་གནས་ཆ་གཙོ་བོར་བྱས་ཏེ་ཤེས་པ་འཕང་ལེགས་པར་བསྟོད་དེ། བསྒྲིམས་ནས་མི་རྟོག་པར་འཇོག་པ་དོར་ནས་རིག་པའི་གཟེངས་ཀྱང་སྨད། ལེགས་པར་བསྒྲིམས་པའང་གློད་པས་གློད་རབ་ལ་སྒོམ་རབ་ཅེས་སྨྲ་བ་ནི་བྱིང་བ་དང་སྒོམ་གཉིས་ཀྱི་ཁྱད་པར་མ་ཕྱེད་པས་དམན་ལ། རྗེ་བདག་ཉིད་ཆེན་པོས། འཕགས་པ་ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་རྗེས་སུ་འབྲངས་ཏེ་ཏིང་ངེ་འཛིན་གསར་དུ་སྒྲུབ་པའི་ཚེ། གནས་ཆ་ཙམ་གྱིས་མི་ཆོག་པར་གསལ་ཆའི་ངར་དང་ལྡན་པ་དགོས་ལ། དེ་ཡང་སེམས་གནས་དགུ། སྟོབས་དྲུག་ཡིད་བྱེད་བཞིའི་སྒོ་ནས་ཏིང་ངེ་འཛིན་གསར་དུ་སྒྲུབ་ཚུལ་དང༌། དྲན་པ་དང༌། ཤེས་བཞིན་གྱིས་བོགས་འདོན་ཚུལ། བྱིང་རྒོད་ཕྲ་རགས་ཀྱི་ངོས་འཛིན། ཞི་ལྷག་ཟུང་འབྲེལ་གྱི་རྣལ་འབྱོར་སྒྲུབ་ཚུལ་སོགས་རྒྱལ་བའི་དགོངས་པ་བཞིན་ལེགས་པར་གཏན་ལ་ཕབ་པས་ལྷག་པ་ཏིང་ངེ་འཛིན་གྱི་ཡོན་ཏན་ཁྱད་པར་དུ་འཕགས་པ་དང་ལྡན་པས་སོ། །ཞེས་གསུངས་སོ།།

 

སྤྱོད་པ་རྣམ་པར་དག་པའི་ཚུལ།

 

གསུམ་པ་སྤྱོད་པ་རྣམ་པར་དག་པ་བཀའ་གདམས་གཙང་མའི་རྣམ་ཐར་སྐྱོང་བའི་ཚུལ་བརྗོད་པ་ལ། <<དཔུང་བཟང་གིས་ཞུས་པ་>>ལས། ཇི་ལྟར་ལོ་ཏོག་ཐམས་ཅད་ས་ལ་ནི། །བརྟེན་ནས་སྐྱོན་མེད་པར་ནི་སྐྱེས་པ་ལྟར། །དེ་བཞིན་ཚུལ་ཁྲིམས་བསྟེན་ནས་ཆོས་དཀར་མཆོག །སྙིང་རྗེའི་ཆུས་བརླན་པས་ནི་རྣམ་པར་སྐྱེས། །ཞེས་དང༌། <<མྱ་ངན་ལས་འདས་པ་ཆེན་པོ་>>ལས། ཚུལ་ཁྲིམས་ནི་དགེ་བའི་ཆོས་ཐམས་ཅད་ཀྱི་ཐེམ་སྐས་སོ། །ཤིང་ལ་སོགས་པའི་རྩ་བ་ས་ཡིན་པ་ལྟར་རྩ་བའོ། །ཞེས་དང༌། <<བཤེས་སྤྲིངས་>>ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་གསུངས་པ་ལྟར། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ནི་མངོན་མཐོ་དང་ངེས་ལེགས་ཀྱིས་བསྡུས་པའི་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ནམ་རྩ་བ་ཡིན་ཞིང༌། འདི་ལ་བརྟེན་ནས་ཏིང་ངེ་འཛིན་དང༌། དེ་ལས་ཤེས་རབ་སྐྱེ་བས་བསླབ་པ་གསུམ་གྱི་གོ་རིམ་ངེས་པ་དང༌། ལྷག་པར་ཏིང་ངེ་འཛིན་གྱི་བསླབ་པ་ལ་ཚུལ་ཁྲིམས་རྣམ་པར་དག་པ་གཞིར་དགོས་པའི་རྒྱུ་མཚན་ཡང༌། <<བསླབ་བཏུས་>>སུ། ཏིང་ངེ་འཛིན་སྒྲུབ་བྱེད་ཀྱི་གཙོ་བོ་དྲན་ཤེས་ཡིན་ལ། དེ་ཡང་ཚུལ་ཁྲིམས་ཀྱི་མཐུ་ལས་འབྱུང་བར་གསུངས་ཤིང༌། <<ལམ་རིམ་>>ལས་ཀྱང༌། ཚུལ་ཁྲིམས་ནི་རྩ་བ་སྟེ་གཞན་གཉིས་དེ་ལས་འབྱུང་བའི་ཕྱིར་རོ། །ཞེས་བསླབ་པ་གོང་མ་གཉིས་ཀྱི་གཞི་རྟེན་ནམ་རྩ་བ་ཚུལ་ཁྲིམས་ཀྱི་བསླབ་པར་གསུངས་པ་དང༌། ཚུལ་ཁྲིམས་གསུམ་གྱི་ནང་ནས་ཀྱང་སྡོམ་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཕྱི་མ་གཉིས་ཀྱི་གཞི་རྩ་ཡིན་ཏེ། <<བྱང་ས་>>ལས། ཚུལ་ཁྲིམས་རྣམ་པ་གསུམ་པོ་དེ་དག་ལས་འདི་ལྟ་སྟེ། སྡོམ་པའི་ཚུལ་ཁྲིམས་འདི་ནི་སྡུད་པར་བྱེད་པ་དང་འབྱོར་བར་བྱེད་པ་སྟེ། དེ་བསྡམས་ཤིང་བསྲུངས་ན་དེ་ལས་གཞན་དག་ཀྱང་སྡོམ་ཞིང་བསྲུངས་བར་འགྱུར་ལ། དེ་མ་བསྡམས་ཤིང་མ་བསྲུངས་ན་དེ་ལས་གཞན་པ་དག་ཀྱང་མི་སྡོམ་ཞིང་མི་བསྲུངས་པར་འགྱུར་བས། ཞེས་དང༌། <<ལམ་རིམ་>>ལས། སྡོམ་པའི་ཚུལ་ཁྲིམས་ནི་ཚུལ་ཁྲིམས་ཕྱི་མ་གཉིས་ཀྱི་གཞི་དང་གནས་སུ་ལན་དུ་མར་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། གཞན་ལ་གནོད་པ་གཞི་དང་བཅས་པ་ལས་ཡིད་ཕྱིར་ལོག་པའི་སྤོང་པའི་སེམས་པ་ནི་ཚུལ་ཁྲིམས་ཀྱི་ངོ་བོ་ཡིན་པས། དེའི་གཞི་རྩ་ཡང་། རང་བཞིན་གྱི་ཁ་ན་མ་ཐོ་བ་རྣམས་ཉེ་བར་སྤོང་བའི་སྡོམ་པའི་ཚུལ་ཁྲིམས་ཁོ་ན་ཡིན་ཞིང༌། དེ་ལ་ཡང་སོ་སོར་ཐར་པ་རིས་བདུན་དུ་ཡོད་པ་ལས། རབ་ཏུ་བྱུང་བའི་སྡོམ་པ་ནི། སྡོམ་པ་ཐམས་ཅད་ཀྱི་མཆོག་དང་བསྟན་པའི་རྩ་བ་ཉག་གཅིག་ཡིན་པས། དེ་ཕྱིར་བསྟན་པའི་རྨང་གཞི་ལ་མེད་དུ་མི་རུང་བ་ནི་ཆོས་འདུལ་བ་ཁོ་ན་ཡིན་པར་དགོངས་ནས། རྗེ་བདག་ཉིད་ཆེན་པོས། ཁ་བ་ཅན་གྱི་ལྗོངས་འདིར་སངས་རྒྱས་བཅོམ་ལྡན་འདས་ཀྱི་བསྟན་པ་རིན་པོ་ཆེ་སྒོ་ཐམས་ཅད་ནས་རྣམ་པར་དག་པའི་སྲོལ་ཆེན་པོ་གཞི་ནས་བཙུགས་ཤིང་ཆེས་ཆེར་རྒྱས་པར་མཛད་པའི་བཀའ་དྲིན་ལས་བསླབ་ཁྲིམས་རྣམ་པར་དག་པའི་ཉམས་ལེན་གཙང་མའི་སྲོལ། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་གྲུབ་མཐའ་ལ་འགྲན་ནུས་པ་གཅིག་ཀྱང་མེད་པ་འཇིག་རྟེན་ཀུན་ཏུ་རླུང་ལྟར་གྲགས་ལ། དེ་ལྟར་དུ་མཁས་གྲུབ་ཐམས་ཅད་མཁྱེན་པས། ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་སློང་གིས། །ཐུབ་བསྟན་མིང་ཙམ་ལྷག་མར་གྱུར་པའི་དུས། །བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། །ཁྱོད་ཀྱིས་ཉིན་མོར་མཛད་ལ་གསོལ་བ་འདེབས། །ཞེས་གསུངས་པ་ལྟར། རྗེ་བླ་མ་མ་བྱོན་པའི་གོང་ཙམ་དུ་ཁ་བ་ཅན་གྱི་ལྗོངས་འདིར་རྒྱལ་བའི་བསྟན་པ་གཟུགས་བརྙན་ཙམ་ཞིག་ལྷག་པར་གྱུར་ཏེ། དཔེར་ན། སྡོམ་པ་འབོག་པའི་སྐབས་བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་ལྟ་ཅི། བསྙེན་རྫོགས་ཙམ་ཡང་མ་སྒྲུབ་པར་གཞན་གྱི་མཁན་པོ་བྱེད་པ་དང༌། མཚམས་ཀྱི་ནང་དེར་ལས་གྲལ་དུ་མ་གཏོགས་པའི་དགེ་སློང་མང་པོ་བསྡད་ནས་བྱ་བ་གཞན་བྱེད་པ་དང༌། ལས་གྲལ་དུ་གཏོགས་པ་རྣམས་ཀྱང་ཆ་ལུགས་དང་སྤྱོད་ལམ་ཐ་དད་པ་སོགས་མི་མཐུན་པ་གཉིས་དང་མ་བྲལ་བ་ཁོ་ན་བྱེད་པ་དང༌། བསྒྲུབ་པ་བྱས་ཀྱང༌། ཐོག་མ་ནས་ཆང་དང༌། ཕྱི་དྲོའི་ཁ་ཟས་ལྟ་བུ་སྤོང་མི་ཐུབ་སྙམ་པའམ་ཞག་གྲངས་ཁ་ཤས་ཙམ་ཁོ་ནར་སྤོང་རྩིས་བྱེད་པ་སོགས་ངེས་པ་ལྔ་དང་མ་བྲལ་བར་བྱེད་པ་དང༌། ལྡན་དགོས་པའི་རྟགས་དང་ཆ་བྱད་བརྙན་པོ་ཚུན་ཆད་ཙམ་ཡང་མེད་པར། ལྷན་པ་རེ་དང༌། ལྷུང་བཟེད་ཀྱི་ཚབ་ཏུ་ཕོར་བ་ཚུན་ཆད་གཏོད་པ་དང༌། ཆོ་ག་ཚིག་ཕྱེད་ཀྱང་མ་འཁྲུལ་བ་དགོས་པ་ལ་ཡང་དཔེ་ཐོག་ནས་ཀློག་པ་སོགས་ལག་ལེན་སྐྱོན་ཆགས་ཤ་སྟག་བྱེད་པ་དང༌། བར་དུ་བསྲུང་ཚུལ་ཡང༌། འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཐོས་བསམ་ལྷུར་ལེན་པའི་དུས་སུ། ཆང་བཏུང་བ་དང༌། དུས་མ་ཡིན་པའི་ཁ་ཟས་ཟ་དང༌། གླུ་དང༌། གཞས་དང༌། བྲོ་གར་བྱེད་པ་ལ་སོགས་པའི་བག་མེད་པའི་རྩེད་མོ་སྣ་ཚོགས་ཁྱིམ་པ་ཡ་རབས་ཀྱིས་ཀྱང་ལག་ཏུ་ལེན་པ་ལ་ངོ་ཚ་བའི་གནས་སུ་བརྩི་བ་ཤ་སྟག་ལག་ལེན་དུ་བྱེད་ཅིང༌། དེ་ནི་ཐོས་བསམ་ལ་ནན་ཏན་ལྷུར་ལེན་པའི་ཕྱིར་དུ་ལུས་གསོ་བ་དང༌། ཁམས་སངས་པའི་ཕྱིར་སྐྱོན་མེད་དོ་ཞེས་ཚུལ་ཁྲིམས་བག་ཡངས་སུ་བྱས་ཆོག་པའི་ངོ་ཚ་ཁྲེལ་བྲལ་གྱི་གཏམ་བཤེས་གཉེན་ཆེན་པོར་རློམ་པ་ནས། ངུར་སྨྲིག་གསར་དུ་འཆང་བ་ཡན་ཆད་ལ་རླུང་ལྟར་གྲགས་པ་དང༌། མྱོས་པར་འགྱུར་བ་བཏུང་བ་དང༌། འཕྱར་གཡེང་སོགས་ཁྱིམ་པ་སུན་འབྱིན་དུ་འགྱུར་བའི་ལས་བག་མེད་དུ་སྤྱོད་པ་དང༌། ཐ་ན་རབ་ཏུ་བྱུང་བའི་ཆ་ལུགས་ཀྱང་ཆེད་དུ་འདོར་བའི་ཤན་རིམས་པར་ཞུགས་ཏེ། གདིང་བ་དང༌། ལྷུང་བཟེད། འཁར་གསིལ་ལ་སོགས་པའི་དགེ་སློང་གི་ཡོ་བྱད་ངོ་ཤེས་པའང་དཀའ་བར་གྱུར་ཅིང༌། བླ་གོས་དང༌། མཐང་གོས། སྣམ་ཕྲན། གླེགས་བུ་སྦྱར་བ་སོགས་ལག་ལེན་ལྟ་ཅི་རྣ་བས་ཀྱང་མ་གོ་བར་གྱུར་པའི་ཚུལ། རྗེའི་རྣམ་ཐར་དད་པའི་འཇུག་ངོགས་དང༌། ཐུབ་བསྟན་བྱི་དོར་སོགས་སུ་གསུངས་པ་ལྟར་ཡིན་ལ། དེ་ལྟར་ཆོས་འདུལ་བའི་བསླབ་ཁྲིམས་ལ་སྙིང་ཐག་པ་ནས་སུན་འབྱིན་པར་བྱེད་པའི་བསྟན་པའི་ཐ་མ་སྙིགས་ལྔའི་རང་མཚང་ཆེས་ཆེར་བརྡོལ་བའི་དུས་ཀྱི་ཡང་མཐའ་འདིར། རྗེ་ཐམས་ཅད་མཁྱེན་པ་འདི་ཉིད་དམ་ཆོས་འཛིན་པའི་སྨོན་ལམ་རླབས་པོ་ཆེའི་མཐུ་མངོན་དུ་གྱུར་ཏེ་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་འདིར་བསྟན་པ་རིན་པོ་ཆེ་གསོ་བའི་སླད་དུ་ཉེ་བར་བྱོན་ནས། ཐུབ་པའི་མདོ་སྔགས་ཀྱི་བསྟན་པ་ཐམས་ཅད་འཕེལ་བ་དང་ཡུན་དུ་གནས་པའི་རྩ་བ་ནི་འདུལ་བསྟན་རིན་པོ་ཆེ་ཁོ་ན་ཡིན་ལ། འདི་ཉིད་བར་སྐབས་སུ་ཧ་ཅང་ཉམས་དམའ་བར་གྱུར་པ་ཐུགས་ཀྱིས་མ་བཟོད་པར། འདི་ཉིད་ཁོ་ན་ཉམས་པ་སོར་ཆུད་ཀྱི་ཆེད་གོང་དུ་བཤད་པ་ལྟར་ཐོག་མར་རྟེན་འབྲེལ་གྱི་སླད་དུ། རྫིང་ཕྱིའི་ཇོ་བོ་བྱམས་པ་ལ་ཞིག་གསོ་གནང་སྟེ། བྱམས་བསྟོད་ཚངས་པའི་ཅོད་པན་མཛད་པ་དང་བཅས་ཆོས་གོས་རྣམ་གསུམ། འཁར་གསིལ། ལྷུང་བཟེད། གདིང་བ། ཆུ་ཚགས་སོགས་དགེ་སློང་གི་ཡོ་བྱད་མ་ཚང་བ་མེད་པ་ཕུལ་བའི་སྒོ་ནས་འདུལ་བསྟན་རྨང་གཞི་ནས་གསོ་བའི་ཐུགས་སྐྱེད་དང་སྨོན་ལམ་རྒྱ་ཆེན་པོ་མཛད་པ་དང༌། གཉལ་དུ་བཞུགས་སྐབས། གསེར་ཕྱེ་འབུམ་པར་མཆོད་པ་ཆེན་པོ་ཕུལ་ཏེ་གདུལ་བྱ་མང་པོ་ལ་འདུལ་བའི་ཆོས་མང་དུ་གསུངས་ཤིང་འདུལ་བའི་བཅས་མཚམས་ཕྲ་ཞིང་ཕྲ་བ་ཐ་ན་རུང་ཆུ་འདེབས་པ་ཚུན་ཆད་ཀྱང་མ་ཉམས་པར་ཕྱག་ལེན་དུ་བསྟར་ཏེ། དཔོན་སློབ་ཚང་མ་ཕེབས་བཞུགས་ཀྱི་གནས་སྐབས་ཀུན་ཏུའང་ཆོས་གོས་རྣམ་གསུམ་གྱིས་གཙོས་དགེ་སྦྱོང་ལ་འོས་པའི་རྟགས་ཆ་ལུགས་འཆང་བར་མཛད་པས། འདུལ་བ་འཛིན་པའི་སྙན་གྲགས་ཕྱོགས་ཐམས་ཅད་དུ་ཁྱབ་པ་དང༌། གནམ་རྩེ་ལྡེང་དུ་ཆོས་རྗེ་རྣམ་གསུམ་ཞལ་འཛོམས་པའི་སྒོ་ནས་འདུལ་བའི་ཕྱག་ལེན། གཞི་བཅུ་བདུན་དང་ལུང་རྣམ་འབྱེད་ནས་གསུངས་པའི་བཅས་པ་ཕྲ་མོ་ཡན་ཆད། ཆོས་འདུལ་བ་ནས་ཇི་ལྟར་བཤད་པ་བཞིན་གྱི་ཕྱག་ལེན་རྣམ་པར་དག་པའི་སྲོལ་ལེགས་པར་བཙུགས་ཏེ། གདུལ་བྱ་རྣམས་ཀྱང་ཚུལ་དེ་ལ་བཀོད་པ་དང༌། ཐ་ན་དགའ་ལྡན་དགོན་པ་ཕྱག་འདེབས་ཀྱི་སྐབས་སུ། མཁར་ལས་མཛད་པའི་ཚེ་ཡང༌། འདུལ་བ་གནས་མལ་གྱི་གཞི་ནས་ཇི་ལྟར་གསུངས་པ་བཞིན་གྱི་ཆོ་ག་རྣམས་མ་ཆད་པར་དངོས་སུ་ལག་ལེན་དུ་བཏབ་པ་སོགས་དུས་ཀྱི་ཐ་མ་འདི་ལའང༌། འདུས་པ་དང་པོ་སླར་བྱོན་པ་དང་མཚུངས་པར་འདུལ་བསྟན་རིན་པོ་ཆེ་འཕེལ་རྒྱས་སུ་མཛད་པའི་བཀའ་དྲིན་དེ་ལྟ་བུ་བསྩལ་བ་ནི། མཁས་གྲུབ་ཐམས་ཅད་མཁྱེན་པའི་ཞལ་ནས། དེང་སང་ཁ་ཆེ་དང་རྒྱ་ནག་གི་བར་ཐམས་ཅད་དུ། དགེ་སློང་གི་རྟགས་དང་ཆ་ལུགས་རྣམ་པར་དག་པ་དེ་ལྟ་བུ་དང༌། ཆང་དང་ཕྱི་དྲོའི་ཁ་ཟས་སྤོང་བ་དང༌། བྱིན་ལེན་དང༌། རུང་ཆུ་འདེབས་པ། ནུབ་ལྷག་ཉལ་སྲུང་བ་སོགས་བསླབ་པའི་གཞི་ཕྲ་མོ་གཅིག་ཡན་ཆད་ལ་ནན་ཏན་དུ་བྱེད་པའི་དགེ་སློང་ཚུལ་དང་མཐུན་པས་ཁྱབ་པར་གྱུར་པ་འདི་འདྲ་བ་ནི། བདག་ཅག་གི་དཔལ་ལྡན་བླ་མ་དམ་པ་རྗེ་བཙུན་རིན་པོ་ཆེ་འདི་པ་འབའ་ཞིག་གི་བཀའ་དྲིན་མ་ཡིན་ན། གཞན་གང་ཞིག་ལ་བརྟེན་ནས་བྱུང་བར་གྱུར་པ་སོམས་ཤིག །ཅེས་གསུངས་སོ།།

དེ་ལྟར་དུ། རྒྱལ་བ་རང་ཉིད་ཀྱི་ལུང་ལས་ཀྱང༌། གང་ན་ལས་ཀྱང་ཡོད། ནན་ཏན་བྱེད་པའང་ཡོད་པ་དེ་ནི་དམ་པའི་ཆོས་གནས་པ་ཞེས་བགྱིའོ། །གང་ན་ལས་ཀྱང་མེད། ནན་ཏན་བྱེད་པའང་མེད་པ་དེ་ནི་དམ་པའི་ཆོས་ཞིག་པ་ཞེས་བགྱིའོ། །ཞེས་བསྟན་པ་གནས་མི་གནས་འདུལ་བའི་ལག་ལེན་ཡོད་མེད་ཀྱི་སྒོ་ནས་འཇོག་པར་གསུངས་ཀྱང༌། གནད་འདི་མ་རྟོགས་པའི་ཕོ་ཚོད་ཅན་མང་པོ་ཞིག་གིས་ལྟ་བ་རྟོགས་པ་དང༌། སེམས་ངོ་མཐོང་བ་གལ་ཆེ་ཡི། སྤྱོད་པ་གལ་མི་ཆེ་སྟེ། དེ་ནི་ལྟ་བ་སྟོན་པའི་སྣོད་རུང་དུ་མ་གྱུར་པའི་གདུལ་བྱ་དབང་རྟུལ་ལ་ཕན་པའི་ཆེད་ཙམ་ཡིན་ཟེར་བ་དང༌། ཁ་ཅིག ཁོ་བོ་ནི་གསང་སྔགས་ཀྱི་རྣལ་འབྱོར་པ་ཡིན་པས་སོ་ཐར་ལ་རེ་མི་དགོས་ཟེར། ལ་ལས། ཐེག་ཆེན་པ་རྣམས་སོ་ཐར་ལ་ལྟོས་མི་དགོས་པར་མ་ཟད་དེ་འདོར་དགོས་ཏེ། སོ་ཐར་གྱི་སྡོམ་པ་ནི་རང་དོན་ཡིད་བྱེད་ཀྱིས་ཀུན་ནས་བསླངས་པའི་སྡོམ་པ་ཡིན་པས་བསམ་པ་དེ་མ་ལོག་ན་བྱང་སྡོམ་མི་སྐྱེ་ཞིང༌། བྱང་སེམས་ལ་བསམ་པ་དེ་སྐྱེས་ན་བྱང་སྡོམ་གཏོང་བའི་ཕྱིར། ཞེས་སོ་ཐར་གྱི་སྡོམ་པ་དང་ཐེག་དམན་གྱི་བསམ་པ་གཉིས་སོ་སོར་མ་ཕྱེད་པའི་འཆལ་གཏམ་སྨྲ་བ་དང༌། དེ་བཞིན་དུ་བསམ་གཏན་ལྷུར་ལེན་པ་ནི་སེམས་ནང་དུ་གཞོལ་དགོས་པས། བསྟན་བཅོས་དག་ལ་ཐོས་བསམ་བྱེད་པ་དང༌། ལྟ་བ་དང༌། ཉན་པ་སོགས་ནི་སྤང་བར་བྱ་བ་ཡིན་ཏེ། དེ་དག་ནི་ཕྱིའི་གོ་རྒྱ་གཅོད་པ་ཙམ་མ་གཏོགས་ནང་སེམས་ཀྱི་གནས་ལུགས་སེམས་པའི་རྣམ་པར་གཡེང་བའི་རྒྱུ་ཡིན་ཞིང༌། དེ་དག་མེད་ཀྱང་བླ་མའི་མན་ངག་ལས་གནས་ལུགས་རྟོགས་པར་འགྱུར་རོ། །ཞེས་སྨྲ་བ་དང༌། གཞན་ཡང༌། དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པ་དང༌། གཟུངས་ཁྱད་པར་ཅན་བཟླ་བ་སོགས་ཁ་ཏོན་བྱེད་པ་དང༌། ཕྱག་འཚལ་བ་དང༌། མཆོད་པ་འབུལ་བ་ལ་སོགས་པ་ནི་སྤྲོས་བཅས་ཀྱི་དགེ་སྦྱོར་ཡིན་པས་དེ་དག་དོར་ནས། སྤྲོས་པ་མེད་པ་གནས་ལུགས་ཀྱི་དོན་འབའ་ཞིག་བསྒོམ་པ་ཟབ་ཟེར་བ་དང༌། ཡང༌། གནས་ལུགས་ཀྱི་དོན་སྒོམ་པ་ལ་རིགས་པའི་རྗེས་སུ་འབྲང་བའི་ངེས་པ་རྙེད་མི་དགོས་ཀྱི། ཅི་ཡང་ཡིད་ལ་མི་བྱེད་པར་ཐ་མལ་གྱི་ཤེས་པ་རང་བབས་སུ་བཞག་པས་ཆོག་ཟེར་བ་སོགས་ཆོས་ཀྱི་གནད་མ་རྟོགས་པའི་གཏམ་བྱུང་རྒྱལ་དུ་སྨྲ་བར་བྱེད་པ་དེ་དག་ནི། བསྟན་པ་དྲི་བཅས་སུ་གཏོང་བའི་གདོན་ཆེན་སྙིང་ལ་ཞུགས་པའི་ཆེས་ཐ་ཆད་ཀྱི་གཏམ་ཤ་སྟག་གོ །དེ་དག་མི་འཐད་དེ། སྔགས་ཀྱི་དངོས་གྲུབ་སྒྲུབ་པ་ལ་རྨང་གཞི་ཚུལ་ཁྲིམས་རྣམ་པར་དག་པ་གལ་ཆེ་བས། དེ་མེད་ན་རྒྱུད་སྡེ་ནས་གསུངས་པ་ལྟར་གྱི་ཕན་ཡོན་མི་འབྱུང་སྟེ། <<འཇམ་དཔལ་རྩ་རྒྱུད་>>ལས། ཟློས་པ་འདི་ལ་ཚུལ་ཁྲིམས་ཉམས། །དེ་ལ་གྲུབ་པ་མཆོག་མེད་ཅིང༌། །གྲུབ་པ་འབྲིང་པོའང་ཡོད་མིན་ཏེ། །གྲུབ་པ་ཐ་མའང་ཡོད་མ་ཡིན། །ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་འགྲུབ་པར་ནི་མ་གསུངས་ཏེ། །ཞེས་དང༌། <<དཔུང་བཟང་གིས་ཞུས་པ་>>ལས། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །ཞེས་དང༌། <<རྒྱུད་>>ལས། ཕྱི་རུ་ཉན་ཐོས་སྤྱོད་བསྐྱངས་ཤིང༌། །ནང་དུ་འདུས་པ་ལ་རབ་དགའ། །ཞེས་གསུངས་པའི་ཕྱིར་རོ། །ཡང༌། སོ་ཐར་གྱི་སྡོམ་པ་མ་བླངས་པའི་སྔགས་འཆང་ཁྱིམ་པས་ཀྱང་བཅས་པ་དམིགས་བསལ་ཅན་འགའ་རེ་མ་གཏོགས་སོ་ཐར་གྱི་སྡོམ་པ་མཐའ་དག་བསྲུང་དགོས་པ་ནི། <<དཔུང་བཟང་གིས་ཞུས་པ་>>ལས། རྒྱལ་བ་ངས་བཤད་སོ་སོ་ཐར་པ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་པ། །སྔགས་པ་ཁྱིམ་པས་རྟགས་དང་ཆོ་ག་སྤངས། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་གསུངས་པ་ལྟར་དང༌། སྔགས་སྡོམ་འཛིན་པའི་ཚེ་ཡང༌། ཕྱི་དང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ཞེས་འོད་དཔག་མེད་ཀྱི་དམ་ཚིག་དང༌། ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་སོ་སོར་གཟུང༌། །ཞེས་དོན་གྲུབ་ཀྱི་དམ་ཚིག་སྟེ། དེ་གཉིས་ཀྱི་སྐབས་སུ་རིམ་པ་བཞིན་ཐེག་པ་གསུམ་གྱི་དམ་ཆོས་མི་སྤོང་བར་འཛིན་པ་དང༌། ཁས་བླངས་པའི་སྡོམ་པ་ཐམས་ཅད་ཡང་དག་པར་འཛིན་པ་སོགས་ནི་རིགས་ལྔའི་དམ་ཚིག་ཏུའང་འདུས་པས། གསང་སྔགས་ཀྱི་ལམ་ཉམས་སུ་ལེན་པའི་རྣལ་འབྱོར་པས་ལྷག་པར་བསླབ་ཁྲིམས་ལ་གཙིགས་ཆེན་བྱེད་དགོས་ཤིང༌། དེ་ལྟར་དུ། དགེ་བཤེས་སྟོན་པའི་ཞལ་ནས། ཚན་ཞིག་གིས་འདུལ་བ་ལ་བརྟེན་ནས་སྔགས་ཅ་འབྱིད། སྔགས་ལ་བརྟེན་ནས་འདུལ་བ་ཅ་འབྱིད་དེ། འདུལ་བ་སྔགས་ཀྱི་གྲོགས། སྔགས་འདུལ་བའི་གྲོགས་སུ་སོང་བ་ངའི་བླ་མའི་བཀའ་བརྒྱུད་མིན་པ་མེད། ཅེས་དང༌། ཡང༌། ཆོས་མང་དུ་བསླབས་ཀྱང་ཆོས་བྱེད་ལུགས་གཞན་དུ་རྩད་གཅོད་དགོས་ན་ནོར་བ་ཡིན། ཞེས་དང༌། དགེ་བཤེས་ཤ་ར་བའི་ཞལ་ནས། སྤྱིར་ལེགས་ཉེས་ཅི་བྱུང་ཡང་ཆོས་ལ་བརྟེན་པ་དང༌། དེའི་ནང་ནས་ཀྱང་འདུལ་བ་ནས་ཇི་ལྟར་འབྱུང་བ་ལ་བརྟེན་ན་བལྡབ་ཀྱང་མི་དགོས་པ། ཞེ་གཙང་བ། བརྟག་ཐུབ་པ། ཉམས་དགའ་བ། མཐའ་བཟང་བ་ཡིན་གསུངས་པ་དང༌། <<ལམ་རིམ་>>ལས་ཀྱང༌། འདི་ལ་གནང་བཀག་མི་འདྲ་བའི་ཆ་ཐན་ཐུན་མཐོང་ནས་ཚ་གྲང་ལྟར་ཐམས་ཅད་དུ་འགལ་བར་འཛིན་པ་ནི་རྟོག་པ་ཤིན་ཏུ་རྩིང་བར་གསལ་ལོ། །དེ་ལྟར་ན་དམིགས་བསལ་ཅན་གྱི་གནང་བཀག་འགའ་རེ་མ་གཏོགས་པ་གསུང་རབ་རྣམས་ཤིན་ཏུ་མཐུན་པས། ཐེག་པ་གསུམ་མམ་ལམ་ལྔ་ལྟ་བུ་གོང་མ་གོང་མར་འཇུག་ན་ཐེག་པ་དང་། ལམ་འོག་མ་འོག་མའི་ཡོན་ཏན་གྱི་རིགས་ཚང་བ་དགོས་སོ། །ཞེས་དང༌། དེ་ལྟ་བུའི་གོ་བ་མ་རྙེད་ན་ཆོས་རེ་རེ་ལ་ངེས་པ་ལྟར་སྣང་རེ་རྙེད་པ་ན་གཞན་རྣམས་སྤོང་ཞིང་ཁྱད་པར་དུ་ཐེག་པ་གོང་མ་ལ་མོས་པ་ལྟར་སྣང་ཞིག་སྐྱེས་ན། རིམ་པ་ལྟར་ཐེག་དམན་གྱི་སྡེ་སྣོད་དང་ཕ་རོལ་ཏུ་ཕྱིན་པ་རྣམས་སྤོང་ཞིང༌། སྔགས་ལ་ཡང་རྒྱུད་སྡེ་འོག་མ་གསུམ་ལ་སོགས་པ་སྤོང་བར་འགྱུར་བས། འབྲེལ་ཆེ་ལ་འབྱུང་ཉེ་ཞིང་རྣམ་པར་སྨིན་པ་ཆེས་ལྕི་བའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ཆེན་པོ་གསོག་པར་འགྱུར་ཏེ། ཞེས་དང༌། གཞུང་ཆེན་མོ་རྣམས་ལ་ཉམས་ལེན་གྱི་གནད་མེད་པའི་བཤད་ཆོས་སུ་བྱས་ཤིང༌། ཉམས་ལེན་གྱི་གནད་སྙིང་པོའི་དོན་སྟོན་པའི་མན་ངག་ཟུར་དུ་ཡོད་པར་གོ་ནས་དམ་པའི་ཆོས་རང་ལ་བཤད་པ་དང་སྒྲུབ་པའི་ཆོས་ལོགས་ལོགས་པ་གཉིས་ཡོད་པར་འཛིན་པ་ནི། དྲི་མ་མེད་པའི་མདོ་རྒྱུད་དང༌། དྲི་མ་མེད་པའི་དགོངས་འགྲེལ་གྱི་བསྟན་བཅོས་ལ་གུས་པ་ཆེན་པོ་སྐྱེ་བའི་གེགས་བྱེད་ཅིང༌། དེ་དག་ལ་ནང་གི་དོན་མི་སྟོན་པར་ཕྱིའི་གོ་རྒྱ་ཙམ་གཅོད་པའོ་ཞེས་བརྙས་པའི་གནས་སུ་འཛིན་པ་ནི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་གསོག་པར་ཤེས་པར་བྱའོ། །ཞེས་གསུངས་པ་ལྟར་རོ།།

དེ་ལྟར་རྗེ་ཐམས་ཅད་མཁྱེན་པའི་རིང་ལུགས་རྨད་དུ་བྱུང་བ་མཉམ་མེད་རི་བོ་དགེ་ལྡན་པའི་གྲུབ་མཐའ་འདི་ནི། ལྟ་བ་རྣམ་པར་དག་པ་འཕགས་པ་ཡབ་སྲས་ཀྱི་དགོངས་པའི་ཡང་སྙིང༌། དཔལ་ལྡན་ཐལ་འགྱུར་བའི་བཞེད་སྲོལ་དྲི་མ་མེད་པའི་རིང་ལུགས་འཛིན་པ། སྒོམ་པ་རྣམ་པར་དག་པ་ཤིང་རྟ་ཆེན་པོ་བ་རྣམས་ཀྱིས་རྒྱལ་བའི་དགོངས་པ་ལེགས་པར་བཀྲལ་བའི་བསྟན་བཅོས་དག་ལས་ཇི་ལྟར་བཤད་པ་དེ་ལྟར་མ་ནོར་བར་ཏིང་ངེ་འཛིན་གྱི་ངོ་བོ་ཞི་ལྷག་གི་རྣལ་འབྱོར་ཚུལ་བཞིན་དུ་སྐྱོང་བ། སྤྱོད་པ་རྣམ་པར་དག་པ་ཕྱི་འདུལ་བའི་ཀུན་སྤྱོད་གཙང་མ་ལ་གནས་བཞིན་པའི་ངང༌། ནང་རིམ་གཉིས་ཀྱི་ཟབ་མོའི་རྣལ་འབྱོར་ཉམས་སུ་བླངས་ཏེ་སྡོམ་པ་གསུམ་གྱི་བཅས་མཚམས་ཕྲ་མོ་ཙམ་ལས་ཀྱང་མི་འདའ་བར་བསླབ་ཁྲིམས་རྣམ་པར་དག་པ་མིག་འབྲས་ལྟར་སྲུང་བ་སོགས་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས། ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་ཁྱད་པར་དུ་འཕགས་པའི་ཚུལ། མདོ་ཙམ་བརྗོད་པ་རེ་ཞིག་དེ་ལྟའོ། །དེ་ལྟར་དུ་ྋགོང་ས་ྋལྔ་པ་ཆེན་པོས། རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་གསུངས་སོ།།

 

 

འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་གཞི་དང་

རིམ་པ་དང་པོའི་ལམ་གྱི་བཞེད་སྲོལ།

 

གཉིས་པ་འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པའི་གཞི་ལམ་འབྲས་བུའི་རྣམ་གཞག་ཇི་ལྟར་འདོད་པའི་ཚུལ་བརྗོད་པ་ལ། ཐོག་མར་གཞིའི་འདོད་ཚུལ་དང་རིམ་པ་དང་པོའི་ལམ་གྱི་རྣམ་གཞག ཕ་རྒྱུད་ལམ་གྱི་སྙིང་པོ་ཀུན་རྫོབ་སྒྱུ་ལུས་ཀྱི་རྣམ་གཞག མ་རྒྱུད་ལམ་གྱི་སྙིང་པོ་དོན་དམ་འོད་གསལ་གྱི་རྣམ་གཞག བདེན་གཉིས་ངོ་བོ་གཅིག་ཏུ་སྦྱོར་བ་ཟུང་འཇུག་གི་རྣམ་གཞག་བཤད་པ་དང་བཞི་ལས།

དང་པོ་ནི། བོད་སྔ་རབས་པ་ཕལ་ཆེར་གྱིས་རྒྱུད་སྡེ་བཞི་སོ་སོར་འཇོག་ཚུལ་གྱི་ཁྱད་པར་དང༌། བླ་མེད་ཀྱི་རྒྱུད་ཇི་ལྟར་འཇོག་པའི་ཚུལ། རང་རང་གི་ལག་རྗེས། ལམ་བསྒོམ་པ་ལ་སྣོད་རུང་དུ་བྱ་བའི་རྒྱུད་སོ་སོའི་དབང་གི་ཁྱད་པར། དབང་གང་ལ་བརྟེན་ནས་འབྲས་བུ་གང་ཞིག་འགྲུབ་པའི་ནུས་པ་འཇོག་ཚུལ་དང༌། སྔགས་སྡོམ་རྒྱུད་ལ་སྐྱེ་བའི་ཚད་སོགས་ལ་རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་ཇི་བཞིན་མ་རྟོགས་ཤིང༌། གང་གཙོ་བོར་བྱེད་དགོས་པའི་གནད་ཀྱང་ངོས་མ་ཟིན་པར་རྟོགས་བཟོའི་བཤད་ཚུལ་མང་དུ་བྱུང་བས། ཕྱི་རབས་པ་ཕལ་ཆེར་གྱིས་གསང་སྔགས་ཀྱི་ལམ་ཉམས་སུ་ལེན་པ་ལའང༌། སྒོས་ཆོས་ཐུན་མོང་མ་ཡིན་པ་གལ་ཆེ་རྣམས་ཆད་པ་དང༌། ལག་ལེན་གྱི་ངོས་ནས་ཀྱང་རྣམ་པར་མ་དག་པའི་སྐྱོན་མང་དུ་བྱུང་ཞིང༌། དེ་ལྟར་ན། རྗེ་ཐམས་ཅད་མཁྱེན་པ་ནི་སྔོན་རྒྱལ་བ་དབང་པོ་ཏོག་གི་སྤྱན་སྔར་སྙིགས་མ་ལྔ་ཤིན་ཏུ་བདོ་བའི་མ་དག་པའི་ཞིང་ཁམས་རྣམས་སུ། གསང་ཆེན་རྡོ་རྗེ་ཐེག་པའི་ལམ་བཟང་གསལ་བར་མཛད་དེ། སྔགས་དང་དབུ་མའི་ལྟ་བ་ཟུང་དུ་འབྲེལ་བའི་བསྟན་པའི་སྙིང་པོ་སྤེལ་བར་དམ་བཅས་པའི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་མངོན་དུ་གྱུར་པས། གངས་ཅན་གྱི་ལྗོངས་འདིར་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་པའི་ཚུལ་སྔོན་དུ་བརྗོད་ཟིན་པ་ལྟར་ཡིན་ལ། ཁྱད་པར་དུ་རྒྱུད་སྡེ་བྱེ་བྲག་པ་རེ་རེའི་བཤད་སྲོལ་དང་ཉམས་ལེན་གྱི་གནད་གསལ་བར་བྱས་པ་ཙམ་མ་ཡིན་པར། གསང་ཆེན་རྒྱུད་སྡེ་རབ་འབྱམས་ཀྱི་གནད་ཡོངས་སུ་རྫོགས་པ་སྤྱི་དོན་གྱི་ཚུལ་དུ་གསལ་བར་བྱེད་པ་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་དང༌། གསང་སྔགས་ལ་འཇུག་པའི་སྒོ་དབང་གི་རྣམ་གཞག་འདུས་པའི་དབང་དོན་དེ་ཉིད་རབ་གསལ་སོགས་ལས། རྒྱུད་སྡེ་བཞི་རང་རང་གི་ལམ་གྱི་རྣམ་གཞག་སྤྱི་དང༌། དཀྱིལ་འཁོར་འབྲི་སྒྲུབ། འཇུག་སྒོ་དབང་དང་བཅས་པ་ལ་རྩོད་མེད་ཚད་ལྡན་གྱི་པཎ་ཆེན་ཤ་སྟག་གི་གཞུང་ལ་ཁུངས་བཅོལ། ཡང་དག་པའི་རིགས་པའི་ལམ་ནས་དྲངས་པའི་དགག་བཞག་དང་བཅས་ཆོ་གའི་ཡན་ལག་མི་གསལ་བ་རྣམས་ཁ་བསྐངས་ཏེ་གསལ་བར་བྱས་པ་དང༌། དངོས་གྲུབ་ཀྱི་རྩ་བ་དམ་ཚིག་དང་སྡོམ་པ་ཇི་ལྟར་བསྲུང་བའི་ཚུལ་དང༌། རྩ་ལྟུང་རྣམ་བཤད་སོགས་སུ་རྒྱུད་སྡེ་གང་ལ་སྔགས་སྡོམ་འཛིན་དགོས་པ་དང་མི་དགོས་པའི་དབྱེ་མཚམས། རྩ་ལྟུང་དང་སྦོམ་པོ་སོ་སོའི་ངོས་འཛིན། དེ་དག་གི་ཡན་ལག་ཚང་མ་ཚང་གི་ཞིབ་ཆ། ཇི་ལྟར་བསྲུང་བའི་ཚུལ། ལྟུང་བ་འདག་པའི་ཐབས་སོགས་མ་ཚང་བ་མེད་པར་གསུངས་པ་དང༌། བདེ་གསང་འཇིགས་གསུམ་གཙོ་བོར་གྱུར་པའི་རིམ་གཉིས་ཀྱི་ལམ་ཇི་ལྟར་ཉམས་སུ་ལེན་ཚུལ་ལ་ཡང༌། བསྐྱེད་རིམ་ལ་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་དགོས་པའི་རྒྱུ་མཚན་དང༌། སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་འཚང་རྒྱ་བའི་རྟེན་ཁམས་དྲུག་ལྡན་འཛམ་བུའི་གླིང་པ་ཁོ་ནར་ངེས་པས་སྐྱེ་ཤི་བར་དོ་གསུམ་སྦྱོར་བའང་མངལ་སྐྱེ་ཁོ་ནར་སྦྱར་དགོས་པའི་རྒྱུ་མཚན། ལམ་འཁྱེར་མི་འདྲ་བ་རྣམས་ལའང་ཕན་ཚུན་ལམ་གྱི་དོད་ཐུབ་བརྩིས་ཏེ། ལག་རྗེས་ཆ་ཚང་བ་འབྱུང་ལུགས། བདག་མདུན་ཐ་དད་དང་ཐ་མི་དད་པ་དང་འཇུག་པ་གཅིག་མི་གཅིག་གི་ཁྱད་པར། སྒོམ་ཚུལ་ཇི་ལྟ་བུ་བྱས་ན་ལུས་དཀྱིལ་དུ་འགྲོ་བའི་ཚུལ་སོགས་སོ་སོའི་ཞིབ་ཆ། དཀྱིལ་འཁོར་བསྲེ་བའི་རྣམ་གཞག་ཇི་ལྟར་འདོད་པའི་ཚུལ། ཡེ་ཤེས་ཀྱི་སའི་སྐབས་སྟོང་ཉིད་སྒོམ་ལུགས་མདོ་ཕྱོགས་ལས་ཁྱད་འབྱེད་ཚུལ་སོགས་དང༌། རྫོགས་རིམ་སྐྱབས་སུ་ཡང་རྡོ་རྗེ་ལུས་ཀྱི་གནས་ལུགས། ཐོག་མར་གང་ལ་གནད་དུ་བསྣུན་པའི་ཡུལ་སོགས་ལམ་བགྲོད་པའི་རིམ་པ། རྒྱུད་སོ་སོའི་སྒོས་ཆོས་མི་འདྲ་བའི་ཁྱད་པར། ཐབས་ཀྱི་ཉམས་ལེན་ཐམས་ཅད་ཀྱི་ལག་རྗེས་སྒྱུ་ལུས་དང༌། ཤེས་རབ་ཀྱི་ཉམས་ལེན་ཐམས་ཅད་ཀྱི་ལག་རྗེས་འོད་གསལ་གཉིས་སོ་སོར་ཇི་ལྟར་བསྒྲུབ་པའི་ཚུལ། དེ་གཉིས་ཟུང་དུ་འཇུག་པ་སྟེ་འབྲས་བུ་གཟུགས་སྐུའི་ཉེ་རྒྱུ་སློབ་པའི་ཟུང་འཇུག་མངོན་དུ་འགྱུར་བའི་ཚུལ། དེས་ཤེས་སྒྲིབ་ཇི་ཚུལ་སྤོང་བའི་ཚུལ། དེ་ནས་མི་སློབ་པའི་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་འགྱུར་བའི་ཚུལ་སོགས། མགོན་པོ་འཇམ་པའི་དབྱངས་ཀྱིས་དགེ་བའི་བཤེས་གཉེན་དངོས་སུ་མཛད་པའི་གསུང་གི་གསང་བ་ཟབ་མོའི་མན་ངག་ལ་བརྟེན་ནས་རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་ཇི་ལྟ་བ་བཞིན་མ་ནོར་བར་གསལ་བར་ཕྱེས་ཤིང༌། རྡོ་རྗེ་ཐེག་པའི་ལམ་གྱི་གནད་མཐའ་དག་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་དྲི་མ་མ་ལུས་པ་དྲུངས་ནས་ཕྱུང་སྟེ་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་མཛད་པའི་བཀའ་དྲིན་ལས། ལམ་འདིའི་བཤད་སྲོལ་ཐུན་མོང་མ་ཡིན་པ་གྲུབ་མཐའ་གཞན་ལས་ཁྱད་པར་དུ་འཕགས་པ་དང༌། ཕྱག་ལེན་ངོས་གཙང་རྣམ་པར་དག་པའི་སྲོལ་རྒྱུན་བཟང་པོ། རི་བོ་དགེ་ལྡན་པ་ལ་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་འདི་ལགས་སོ།།

གསང་སྔགས་ཞེས་པ་དེ་གསང་བ་བྱས་ནས་འགྲིག་པ་དང་གསང་བ་མ་བྱས་ན་མ་འགྲིག་པ་རེད། དེ་གསང་བཞིན་སྦས་པས་སྒྲུབ་པ་ཡིན་པས་གསང་སྔགས་ཞེས་ཟེར། སྔགས་ཟེར་བ་དེ་མཎྚའི་ཟེར་བ་ཕྲལ་ན་མ་ནཊའི་ཟེར་བའི་དོན་ཡིན་ཞིང༌། དེ་ནི་ཡིད་སྐྱོབ་པའི་དོན་ཏེ་ལུས་ངག་ཡིད་གསུམ་གྱི་ཡིད་སྐྱོབ་པའི་དོན་ཡིན། ཡིད་ཇི་ལྟར་སྐྱོབ་པ་ཡིན་ནམ་ཞེ་ན། ཐ་མལ་གྱི་སྣང་ཞེན་ཏེ་དེ་ལ་ཐ་མལ་བདེན་སྒྲུབ་ཀྱི་སྣང་ཞེན་དང་ཐ་མལ་རང་འགའ་བའི་སྣང་ཞེན་གཉིས་ལས་གསང་སྔགས་ཀྱི་སྐྱོབ་རྒྱུ་ནི་ཐ་མལ་རང་འགའ་བའི་སྣང་ཞེན་ཡིན་ཅིང༌། དེ་ནི་ད་ལྟ་བསམ་བློ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འདོད་ཡོན་ལྔ་ལ་ལོངས་སུ་སྤྱོད་པའི་སྤྱིར་བཏང་གི་ཐ་མལ་རང་འགའ་བའི་སྣང་བ་ཞིག་འཁྱེར་ནས་ལོངས་སྤྱོད་པ་ལས་རང་འགའ་བ་མ་ཡིན་པའི་སྣང་བ་ཞིག་འཁྱེར་ནས་ལོངས་སྤྱོད་ཀྱི་མེད། དེར་བརྟེན་གསང་སྔགས་ཀྱིས་གཙོ་བོ་རང་གི་ལུས་ངག་ཡིད་གསུམ་ལ་ཐ་མལ་རང་འགའ་བའི་སྣང་བ་ཞིག་ཡོད་པ་དེ་སྐྱབས་དགོས། དེར་བརྟེན་གསང་སྔགས་ནི་རང་གི་ལུས་ངག་ཡིད་གསུམ་ཐ་མལ་རང་འགའ་བའི་སྣང་བ་མེད་པ་བཟོ་བའི་ལམ་ཞིག་ཡིན་སྟབས་གསང་སྔགས་ཞེས་བརྗོད། རྡོ་རྗེ་ནི་དབྱེར་མ་མཆིས་པའི་དོན་ཡིན། གང་ཞིག་དབྱེར་མ་མཆིས་པ་ཡིན་ནམ་ཞེ་ན། ཐབས་དང་ཤེས་རབ་དབྱེར་མ་མཆིས་པ་དེ་རེད། ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་དབྱེར་མ་མཆིས་པ་ཡིན་སྟབས་རྡོ་རྗེ་ཞེས་ཟེར། གསང་སྔགས་རྡོ་རྗེ་ཐེག་པ་ལ་གཞི། ལམ། འབྲས་བུ་བཅས་གསུམ་ཡོད་པ་རེད། གཞི་གང་ཡིན་ནམ་ཞེ་ན། གཞི་སྐུ་གསུམ་སྟེ། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་ཡིན། དེ་ལ་གཞི་སྐུ་གསུམ་གྱི་རྣམ་གཞག་ཀྱང་ཟེར། ཕར་ཕྱིན་ཐེག་པའི་སྐབས་སུ་ལམ་ཐབས་ཤེས་གཉིས་འབྲས་བུ་ཆོས་སྐུ་ཟེར་བ་དང༌། གསང་སྔགས་ཀྱི་སྐབས་སུ་གཞི་སྐུ་གསུམ་ཟེར། ལམ་དེ་ལ་རིམ་པ་གཉིས་ཟེར། གསང་སྔགས་བླ་མེད་ཀྱི་དབང་དུ་བྱས་ན་སྐྱེད་རིམ་དང་རྫོགས་རིམ་ཡིན། འབྲས་བུ་ནི་ཟུང་འཇུག་རྡོ་རྗེ་འཆང༌། དེ་ཡང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཇི་ལྟར་བརྗོད་པའི་ཚུལ་བརྗོད་པ་ལ། ཐོག་མར་གཞིའི་འདོད་ཚུལ་དང་ལམ་གྱི་འདོད་ཚུལ་འབྲས་བུའི་རྣམ་གཞག་ཅེས་ཟེར་བའི་གཞིའི་འདོད་ཚུལ་དེ་ལ་གཞི་སྐུ་གསུམ་ཟེར་བ་ཞིག་ཡོད། ང་ཚོས་གཞིའི་སྐུ་གསུམ་བེད་སྤྱད་དེ་ལམ་གྱི་སྐུ་གསུམ་སྒོམ། འབྲས་བུའི་སྐུ་གསུམ་ཐོབ་པར་བྱེད་དགོས་པ་ཡིན། གཞིའི་སྐུ་གསུམ་པོ་དེ་ལ་གཞིའི་ཆོས་སྐུ་དང༌། གཞིའི་ལོངས་སྐུ། གཞིའི་སྤྲུལ་སྐུ་བཅས་ཁག་གསུམ་ཡོད། ད་ལྟ་འདིའི་ནང་གཙོ་བོ་གསང་སྔགས་བླ་མེད་ཀྱི་རྒྱུད་བཤད་ཡོད། གསང་སྔགས་ཀྱི་རྒྱུད་ཀྱི་ནང་རིམ་པ་མཐོ་ཤོས་གསང་སྔགས་བླ་མེད་ཀྱི་རྒྱུད་ཡིན། དེ་ཡང་སྐུ་གསུམ་ལས་རང་གི་ལུས་སེམས་དང་བྲལ་ནས་འཆི་བ་དེ་གཞིའི་སྐུ་ཆོས་སྐུ་དང༌། བར་དོ་དེ་གཞིའི་ལོངས་སྐུ། ཚེ་ཕྱི་མར་སྐྱེ་བ་ལེན་པ་དེ་གཞིའི་སྤྲུལ་སྐུ་བཅས་ལ་བཞག་ཡོད། དེ་བསྒོམ་རྒྱུ་དེ་ལ་བསྐྱེད་རིམ་གྱི་སྐུ་གསུམ་ལམ་འཁྱེར་དང་རྫོགས་རིམ་གྱི་སྐུ་གསུམ་ལམ་འཁྱེར་གཉིས་ཡོད། བསྐྱེད་རིམ་གྱི་སྐུ་གསུམ་ལམ་འཁྱེར་དེ་རང་གི་མོས་པ་ཡིད་བྱེད་ཙམ་གྱི་སྐུ་གསུམ་ལམ་འཁྱེར་ཡིན་པ་དང༌། རྫོགས་རིམ་གྱི་སྐུ་གསུམ་ལམ་འཁྱེར་དེ་ཙམ་མ་ཡིན་པར་དངོས་སུ་ཆགས་རྒྱུའི་སྐུ་གསུམ་ལམ་འཁྱེར་ཞིག་ཡིན། དེར་བརྟེན་གཞིའི་སྐུ་གསུམ་དང་ལམ་གྱི་འབྲས་བུ་ནི་རྒྱལ་བ་རྡོ་རྗེ་འཆང་ཡིན། གཞིའི་འདོད་ཚུལ་དང་རིམ་པ་དང་པོའི་ལམ་གྱི་རྣམ་གཞག དེ་ནས་ཕ་རྒྱུད་ལམ་གྱི་སྙིང་པོ་ཀུན་རྫོབ་སྒྱུ་ལུས་ཀྱི་རྣམ་གཞག་ཅེས་པ་དེ་ནི་ཕ་རྒྱུད་དང་མ་རྒྱུད་གཉིས་ལས་ཕ་རྒྱུད་ཀྱི་རྒྱལ་པོ་གསང་བ་འདུས་པ་ཟེར་ཞིང༌། ད་དུང་འདོད་ཆགས་ཀྱི་ཐབས་རྒྱུད་དང༌། ཞེ་སྡང་གི་ཐབས་རྒྱུད། གཏི་མུག་གི་ཐབས་རྒྱུད་སོགས་མང་པོ་ཡོད་པ་ལས་ཞེ་སྡང་གི་ཐབས་རྒྱུད་རྡོ་རྗེ་འཇིགས་བྱེད་ཡིན་ཟེར། ཕ་རྒྱུད་ལམ་གྱི་སྙིང་པོ་ནི་སྒྱུ་ལུས་ཡིན། སྒྱུ་ལུས་དེ་གང་འདྲ་ཞིག་ཡིན་ཞེ་ན། ཤི་ནས་བར་དོ་གྲུབ་སྐབས་སམ་སྐྱེ་བ་ཕྱི་མར་སྐྱེ་བ་མ་བླངས་གོང་སྔོན་ལ་བར་དོ་གྲུབ་སྐབས་རྣམ་ཤེས་དེ་རང་གི་ལུས་པོ་ནས་བྲལ་ཏེ་བར་དོར་སྐྱེ་བ་ལེན་ཁར་རང་གི་འཆི་སེམས་ཕྲ་མོ་དེ་ནས་དྲན་པ་ཕྲན་བུ་གསལ་དུ་ཕྱིན་ཏེ་བར་དོ་གྲུབ་པ་ལྟར་དཔེ་དེ་དང་འདྲ་བར་འཆི་བ་འོད་གསལ་ལས་ཡར་ལངས་ནས་སེམས་དྲན་པ་ཕྲན་བུ་གསལ་དུ་ཕྱིན་པ་དེ་ནས་སྒྱུ་ལུས་གྲུབ་ཀྱི་ཡོད། དེ་ནི་བསྐྱེད་རིམ་དང་རྫོགས་རིམ་གཉིས་ཀའི་སྐབས་བེད་སྤྱོད་ཡོད། སྒྱུ་ལུས་ཀྱི་ལུས་དེ་གང་འདྲ་ཞིག་ཡོད་དམ་ཞེ་ན། ཤ་རུས་གདོས་བཅས་ཀྱི་ལུས་མ་ཡིན་པ། ཤ་རུས་དང་ཁྲག་ལ་སོགས་པ་མེད་པ། ཡིད་ཀྱི་རང་བཞིན་གྱི་ལུས། འཇའ་ཚོན་དྲི་མ་མེད་པ་ལྟ་བུ། སྣང་ལ་རང་བཞིན་མེད་པ། གང་ལ་ཡང་ཐོགས་པ་མེད་པ། གང་བསམ་པ་དེ་ལ་སྐད་ཅིག་གིས་སླེབས་ཐུབ་པ་བཅས་ཀྱི་ལུས་ཤིག་ཡོད། ཕ་རྒྱུད་གསང་བ་འདུས་པའི་ནང་གཙོ་བོ་སྒྱུ་ལུས་སྒྲུབ་སྟངས་བཤད་ཡོད་པ་དང༌། མ་རྒྱུད་འཁོར་ལོ་བདེ་མཆོག་ནང་གཙོ་བོ་དོན་དམ་འོད་གསལ་གྱི་སྐོར་བཤད་ཡོད། གསང་འདུས་ནང་འོད་གསལ་སྐོར་བཤད་ཡོད་ཀྱང་རྒྱས་པོ་དེ་ཙམ་མེད། མ་རྒྱུད་འཁོར་ལོ་བདེ་མཆོག་ནང་སྒྱུ་ལུས་སྐོར་མདོར་བསྡུས་ལས་མེད་ཀྱང་འོད་གསལ་སྐོར་ཧ་ཅང་རྒྱས་པོ་ཡོད། དེར་བརྟེན་ཕ་རྒྱུད་གསང་བ་འདུས་པ་དང་མ་རྒྱུད་འཁོར་ལོ་བདེ་མཆོག་གཉིས་ཟུང་འབྲེལ་གྱིས་ཕན་ཚུན་ཁ་གསབ་བྱ་དགོས། ཡི་དམ་རྡོ་རྗེ་འཇིགས་བྱེད་ལ་ཕ་རྒྱུད་གསང་བ་འདུས་པའི་གཟབ་གནད་དང་མ་རྒྱུད་འཁོར་ལོ་བདེ་མཆོག་གི་གཟབ་གནད་གཉིས་ཀ་ཆ་ཚང་བ་ཡོད། ཕ་རྒྱུད་དང་མ་རྒྱུད་དབྱེ་བ་ཕྱེ་སྟངས་མི་འདྲ་བ་མང་པོ་ཡོད་ནའང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་སྒྱུ་ལུས་གཙོ་བོར་སྟོན་པའི་རྒྱུད་དང་དེའི་ཁོངས་སུ་གཏོགས་པའི་ཡན་ལག་དང་བཅས་པ་ལ་ཕ་རྒྱུད་དང༌། འོད་གསལ་གཙོ་བོར་སྟོན་པའི་རྒྱུད་དང་དེའི་ཁོངས་སུ་གཏོགས་པའི་ཡན་ལག་དང་བཅས་པ་ལ་མ་རྒྱུད་ཅེས་ཕ་རྒྱུད་དང་མ་རྒྱུད་ཀྱི་དབྱེ་བ་ཕྱེ་སྟངས་དེ་ལྟར་བསྟན་གནང་ཡོད། ཟུང་འཇུག་ཅེས་པ་ནི་སྐུ་དག་པ་སྒྱུ་མའི་ལུས་དང་ཐུགས་དག་པ་དོན་གྱི་འོད་གསལ་གཉིས་ཟུང་དུ་འཇུག་པ་ལ་ཟུང་འཇུག་ཟེར། དེར་བརྟེན་ཟུང་འཇུག་གི་རྣམ་བཞག་ཅེས་པ་དེ་འདྲ་རེད། དེ་ནས་རྒྱུད་སྡེ་བཞི་དབྱེ་སྟངས་ཐད་བོད་ཀྱི་མཁས་པ་སྔོན་མའི་གསུངས་སྟངས་དང་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུངས་སྟངས་རྩ་བ་ནས་མི་འདྲ་བ་ཡིན། ང་རང་ཚོའི་བདེ་བ་ལམ་དུ་བྱེད་ཚུལ་ལ་བཞི་སྟེ།བལྟ་བའི་བདེ་བ་ལམ་དུ་བྱེད་པ་དང༌།  རྒོད་པའི་བདེ་བ་ལམ་དུ་བྱེད་པ་དང༌། ལག་བཅངས་ཀྱི་བདེ་བ་ལམ་དུ་བྱེད་པ། གཉིས་གཉིས་འཁྱུད་པའི་བདེ་བ་ལམ་དུ་བྱེད་པའི་ཁྱད་པར་བཅས་བདེ་བ་ལམ་དུ་བྱེད་ཚུལ་གྱི་ཁྱད་པར་ལ་མི་འདྲ་བ་བཞི་ཡོད། ལྟ་བའི་བདེ་བ་ལམ་དུ་བྱེད་པ་དེ་བྱ་རྒྱུད་དང༌། རྒོད་པའི་བདེ་བ་ལམ་དུ་བྱེད་པ་དེ་སྤྱོད་རྒྱུད། ལག་བཅངས་ཀྱི་བདེ་བ་ལམ་དུ་བྱེད་པ་དེ་རྣལ་འབྱོར་རྒྱུད། གཉིས་གཉིས་འཁྱུད་པའི་བདེ་བ་ལམ་དུ་བྱེད་པ་དེ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་བཅས་སུ་བཞག་ཡོད། རྒྱུད་སྡེ་བཞིའི་འཇོག་ཚུལ་འདི་ནི་འཇམ་མགོན་བླ་མའི་བཞེད་པ་ཡིན། རྒྱུད་སྡེ་སོ་སོའི་ལམ་བསྒོམ་ཚེ་ནུས་པ་མི་འདྲ་བ་ཡོད་ཅིང༌། ཡིན་ནའང་བྱ་རྒྱུད་ཀྱི་ལམ་ལ་བརྟེན་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ཐུབ་ཐབས་མེད་པ་དང༌། སྤྱོད་རྒྱུད་དང་རྣལ་འབྱོར་རྒྱུད་ཡིན་ནའང་ངེས་པར་དུ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པ་ལ་ངེས་པར་དུ་བླ་མེད་ཀྱི་ལམ་ལ་བརྟེན་དགོས། ལམ་བསྒོམ་པ་སྣོད་རུང་དུ་བྱ་བ་ཞེས་པ་ནི་རྒྱུད་སྨིན་པ་ཞིག་དགོས་པ་དེ་ཡིན། རྒྱུད་སྨིན་བྱེད་ནི་དབང་ཡིན་ཏེ་དབང་ནི་ལམ་བསྒོམ་པའམ་ཁྲིད་ཞུ་བ་དང་དཔེ་ཆ་བལྟ་བའི་དབང་ཆ་ཞུས་པའི་དོན་ཡིན། དབང་གནང་བ་ནི་དེ་དག་ལ་དབང་ཆ་གནང་བའི་དོན་ཡིན། རྒྱུད་སྡེ་སོ་སོར་དབང་མི་འདྲ་བ་ཡོད་དེ་རྒྱུད་སྡེ་འོག་མ་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་དང་གསང་བའི་དབང་མེད། བུམ་དབང་མ་གཏོགས་ཚིག་གི་དབང་ཡང་མེད། དེ་ཡང་ཚེ་དབང་ཞེས་པ་ནི་དབང་ངོ་མ་མིན་པས་ཞུས་ཆོག་མིན་གྱི་དབྱེ་བ་མེད། ང་རང་ཚོ་དེང་སང་གྲོང་གསེབ་ཕན་ཚུན་དུ་དབང་ཞིག་གནང་མཁན་འདུག་ཟེར་ན་ཞུ་ཆོག་མི་ཆོག་ལ་མ་བལྟས་པར་ཚང་མ་རྒྱུགས་འགྲོ་གི་ཡོད་པ་དང༌། དབང་གནང་མཁན་གྱིས་ཀྱང་གནང་ཆོག་མི་ཆོག་གི་ཁྱད་པར་མེད་པར་ཚང་མར་གནང་རྐྱང་ཡིན་པས། དེ་འདྲ་བྱས་ན་མི་འགྲིག དེ་འདྲའི་སྐབས་ལ་ཐུགས་རྗེ་ཆེན་པོའི་དབང་ཞིག་གནང་བཞག་ན་འགྲིག་པ་རེད། དབང་ཐོབ་བྱེད་པར་བླ་མས་གསུངས་པ་དེ་ལ་རང་གིས་མོས་པ་དེ་ཚོ་ཡག་པོ་མ་བྱུང་ན་དབང་ཞུས་པའི་གོ་མི་ཆོད་ཅིང༌། དེ་འདྲའི་སྐབས་བླ་མས་ལྷ་བསྟིམ་པ་དེ་གནང་རྒྱུ་མེད། དེ་ཚོ་ལ་བུམ་ཆུ་ཞིག་དང༌། སྲུང་མདུད་རེ་གནང་ནས་བཏང་ན་འགྲིག་པ་རེད། ཆུང་དུས་དབང་ཞུ་མྱོང་ན་ཡང་དབང་བརྡ་མ་འཕྲོད་པ་དང་མོས་པ་དེ་ཚོ་ཡག་པོ་མ་བྱུང་ན་དབང་ཐོབ་པའི་གོ་མི་ཆོད་པས་རྗེས་སུ་དབང་སྐྱར་མ་ཞུ་དགོས། སོ་སོས་དམིགས་པ་མ་བྱས་པ་བླ་མ་གཅིག་པུས་མོས་པ་གནང་ནས་དབང་ཐོབ་ཀྱི་མ་རེད། དབང་གི་སྐབས་བླ་མ་ལས་ཀྱི་རྡོ་རྗེ་ཟེར་མཁན་དེ་གང་འདྲ་ཞིག་རེད། དེས་ཕྱག་ལས་ག་རེ་གནང་གི་ཡོད། བླ་མ་དང་དཀྱིལ་འཁོར་ཐ་མི་དད་པས་ཕྱག་ལས་ག་རེ་གནང་གི་ཡོད། སྒྲུབ་པའི་དཀྱིལ་འཁོར་བས་ཕྱག་ལས་ག་རེ་གནང་གི་ཡོད། དེ་དུས་དབང་ངོ་མ་གནང་མཁན་དེ་སུ་རེད། བླ་མ་དང་དཀྱིལ་འཁོར་ཐ་མི་དད་པས་གནང་གི་ཡོད་དམ། བླ་མ་ལས་ཀྱི་རྡོ་རྗེས་གནང་གི་ཡོད་དམ། སྒྲུབ་པའི་དཀྱིལ་འཁོར་བས་གནང་གི་ཡོད་དེ་ཚོ་ཤེས་པ་བྱེད་དགོས། བུམ་ཆུ་སྟེར་བ་དང༌། ཅོད་པན་མགོ་ལ་གཡོག་པ་སོགས་བྱ་བ་དེ་ཚོ་བླ་མ་ལས་ཀྱི་རྡོ་རྗེས་བྱེད་ཀྱི་ཡོད། སྒྲུབ་པའི་དཀྱིལ་འཁོར་བ་དེས་དགོངས་པ་གཏད་ནས་བཞུགས་པ་མ་གཏོགས་དངོས་སུ་དབང་གི་བྱ་བ་གནང་གི་མེད། དབང་གི་གོ་བརྡ་སྤྲོད་རྒྱུ་དེ་བླ་མ་དང་དཀྱིལ་འཁོར་ཐ་མི་དད་པ་དེས་གནང་གི་ཡོད་པ་རེད། གནད་འགག་དེ་ཚོ་མཁྱེན་དགོས། དེང་སང་གནད་འགག་དེ་ཚོ་སློབ་མ་ལྟ་ཅི་བླ་མས་ཀྱང་ཤེས་ཀྱི་མེད་པ་རེད། བུམ་དབང་ཐོབ་པའི་ནུས་པ་གང་ཞིག་ཡིན་པ། གསང་དབང་དང་ཤེས་རབ་ཡེ་ཤེས་སོགས་ཐོབ་པའི་ནུས་པ་གང་ཞིག་ཡིན་པ། དབང་གང་ཞིག་ཐོབ་པ་ལ་བརྟེན་ནས་འབྲས་བུ་གང་ཞིག་ཐོབ་པ་བཅས་བླ་མས་སློབ་མ་ལ་གོ་བརྡ་སྤྲོད་དགོས་པ་སོགས་གལ་ཧ་ཅང་ཆེན་པོ་རེད། སྔགས་སྡོམ་རྒྱུད་ལ་སྐྱེས་པའི་ཚད་ཀྱང་རྡོ་རྗེ་སློབ་དཔོན་གྱི་དྲུང་དུ་ད་ནི་བདག་གི་རྒྱུད་ལ་གསང་སྔགས་ཀྱི་སྡོམ་པ་ཐོབ་བྱུང་སྙམ་པ་དང༌། བདག་གིས་དུས་དེང་ནས་བཟུང་སྟེ་ཇི་སྲིད་སངས་རྒྱས་མ་ཐོབ་ཀྱི་བར་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རྣམས་མིག་གི་འབྲས་བུ་ལྟར་བསྲུང་བར་བྱ་སྙམ་པའི་མོས་པ་ཡག་པོ་བྱེད་དགོས་པ་སོགས་ཤེས་པ་གལ་ཆེན་པོ་ཡིན།

རྒྱུད་སྡེ་སོ་སོའི་སྒོས་ཆོས་ཞེས་པ་དེ་དཔེར་ན་བྱ་རྒྱུད་ལ་ཐུན་མོང་མ་ཡིན་པའི་སྒོས་ཆོས་ཡོད་དེ་བྱ་རྒྱུད་དེ་བདག་སྐྱེད་གཏོང་སྐབས་སྒྲ་ཡི་ལྷ་དང༌། ཚད་མའི་ལྷ། ཡིད་དགའི་ལྷ། དོན་དམ་པའི་ལྷ། སྔགས་ཀྱི་ལྷ། གཟུངས་ཀྱི་ལྷ་སྟེ་ལྷ་དྲུག་ཡོད་པས་ལྷ་དྲུག་གི་བསྐྱེད་ཆོག་མ་ཚང་ན་བྱ་རྒྱུད་བདག་སྐྱེད་ཀྱི་གོ་མི་ཆོད་ཅིང༌། བསྙུང་གནས་ཀྱི་ཆོ་གའི་ནང་ལ་ལྷ་དྲུག་གི་བསྐྱེད་ཆོག་ཆ་ཚང་ཡོད་པ་ཚིག་གཅིག་ཆད་ནའང་མི་འགྲིག དེ་ཡང་བླ་མའི་རྣལ་འབྱོར་དང་མ་འདྲ་བར་བདག་སྐྱེད་ལ་ངེས་པར་ལྷ་དྲུག་གི་བསྐྱེད་ཆོག་ཚང་དགོས། དཔེ་དེ་དང་འདྲ་བར་བྱ་རྒྱུད་དང༌། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་ལ་སོགས་པ་སོ་སོའི་ལྷ་དེ་བདག་སྐྱེད་ལ་ག་རེ་སྒྲུབ་དགོས་པ་དེ་དག་མ་ཚང་ན་ཆོ་ག་ཆད་པའི་སྐྱོན་ཡིན་པ་དེ་གསལ་པོ་ཤེས་དགོས། རྣལ་འབྱོར་བླ་མེད་རྒྱུད་ལ་ཆ་བཞག་ན་དེའི་བསྐྱེད་རིམ་གྱི་ཆོ་གའི་བདག་སྐྱེད་ཀྱི་སྐབས་སྐུ་གསུམ་ལམ་འཁྱེར་ཆ་ཚང་བ་ཞིག་དགོས། དེ་མེད་ན་བདག་སྐྱེད་ཀྱི་གོ་མི་ཆོད། བསྟན་པའི་སྙིང་པོ་སྟེ་མདོའི་བསྟན་པའི་སྙིང་པོ་ཟབ་མོ་དབུ་མའི་ལྟ་བ་དང༌། སྔགས་ཀྱི་བསྟན་པའི་སྙིང་པོ་ནི་སྒྱུ་ལུས་དང་འོད་གསལ་ཡིན། དེ་ཡང་དགེ་ལུགས་ལ་ཆ་བཞག་ན་གསང་སྔགས་སློབ་སྦྱོང་བྱེད་པར་ཐོག་མ་སྔགས་རིམ་ཆེན་མོ་ཉན་དགོས། གལ་ཏེ་སྔགས་རིམ་ཆེན་མོ་རྒྱས་དྲགས་ནས་ཉན་མ་ཐུབ་ན་མཁས་གྲུབ་རྗེས་མཛད་པའི་རྒྱུད་སྡེ་སྤྱིའི་རྣམ་བཤད་དེ་ཉན་དགོས་ཤིང༌། དེའི་ནང་བྱ་རྒྱུད་ཀྱི་འགྲོ་སྟངས་དང༌། བདག་སྐྱེད་ཀྱི་འགྲོ་སྟངས། དབང་གི་འགྲོ་སྟངས། བཟླས་པ་བྱེད་སྟངས། དེ་བཞིན་དབང་དང༌། དམ་ཚིག ལམ་དང་འབྲས་བུ། རྒྱུད་སྡེ་བཞི་སོ་སོའི་ཁྱད་ཆོས་མི་འདྲ་བ། རྒྱུད་སྡེ་སོ་སོའི་ལམ། བསྐྱེད་རིམ་དང་རྫོགས་རིམ་སྐོར་དང་དེ་ཚོའི་ཁྱབ་ཁོངས་སོགས་གསལ་ཐག་ཆོད་གསུངས་ཡོད། དེ་དག་ཉམས་ལེན་ནམ་སྒྲུབ་རྗེས་འབྲས་བུ་ཇི་འདྲ་ཐོབ་མིན། དེ་ཐོབ་པ་ལ་ལོ་ཇི་ཙམ་འགོར་མིན། ནུས་པ་ཇི་འདྲ་ཐོན་མིན་སོགས་གསལ་པོ་ཤེས་ན་གསང་སྔགས་བླ་མེད་ལ་ཁྱད་ཆོས་ཆེན་པོ་ཡོད་པ་གཞི་ནས་ཤེས་ཐུབ། དེ་ནི་རྟ་བཞོན་ནས་འགྲུལ་རྒྱག་མྱོང་ཡོད་པ་ཞིག་གིས་རླབས་འཁོར་ལ་བསྡད་ནས་བསྐྱོད་ཚེ་རྟ་ལས་རླངས་འཁོར་མགྱོགས་པོ་ཡོད་པ་གསལ་པོ་ཤེས་ཐུབ་པ་ལྟ་བུ་ཡིན། སྔགས་རིམ་ཆེན་མོའི་ཁྲིད་ཉན་ཚེ་ཉུང་ཤོས་ལ་ཉིན་རེར་ཆུ་ཚོད་བཞི་རེ་ཁྲིད་ན་ཉིན་ཉི་ཤུ་དགོས་པ་ཡིན།

གྲུབ་མཐའ་གཞན་དག་གི་གསང་སྔགས་སློབ་གཉེར་བྱེད་མཁན་ཚོས་ཐོག་མར་<<རྒྱུད་སྡེ་སྤྱིའི་རྣམ་བཤད་>>ཅེས་པ་དེ་ཉན་དགོས། དེ་ནི་ས་སྐྱ་རྙིང་མ་བཀའ་བརྒྱུད་ཚང་མར་ཡོད། དེ་མ་ཤེས་ན་བསྐྱེད་རྫོགས་ཀྱི་ཁྲིད་ཉན་ཡང་ཡག་པོ་ཤེས་མི་ཐུབ། རྒྱུད་སྡེ་སྤྱི་རྣམ་ཤེས་ན་དེ་རྗེས་བྱ་རྒྱུད་དང༌། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། བླ་མེད་རྒྱུད་བཅས་ཀྱི་འགྲོ་སྟངས་དེ་དག་ཤེས་ཐུབ། དེ་དག་ཡག་པོ་ཤེས་ཚེ་དེ་དག་ལ་དགོས་པ་རྒྱུ་མཚན་གང་ཞིག་ཡོད་མེད་གསལ་པོ་ཤེས་ཐུབ། དེ་ཡང་གསང་སྔགས་སློབ་སྦྱོང་བྱེད་པར་ཕར་ཕྱིན་ཡག་པོ་སྦྱོང་དགོས། དེ་ནི་རྨང་གཞི་གཙོ་བོ་ཡིན། ཕར་ཕྱིན་ཡག་པོ་མ་ཤེས་པར་གསང་སྔགས་བསླབ་ན་ཧ་ཅང་ཁག་པོ་རེད། ཕར་ཕྱིན་དེ་ནང་པ་སངས་རྒྱས་པའི་ཐུན་མོང་མ་ཡིན་པའི་ལྟ་བ་ཞིག་དང་རྨང་གཞི་མེད་དུ་མི་རུང་བ་ཞིག་ཡིན། <<གསང་སྔགས་ལ་འཇུག་པའི་སྒོ་དབང་གི་རྣམ་གཞག་འདུས་པའི་དབང་དོན་དེ་ཉིད་རབ་གསལ་>>ཞེས་པ་ནི་འཇམ་མགོན་བླ་མ་ཙོང་ཁ་པོ་ཆེན་པོས་མཛད་པ་དང༌། དེའི་འགྲེལ་པ་<<དབང་དོན་དེ་ཉིད་ཡང་གསལ་>>ནི་རྒྱལ་བ་བསྐལ་བཟང་རྒྱ་མཚོས་མཛད་དེ་ཁྱོན་པོད་གཅིག་ལ་ཤོག་གྲངས་བཞི་བརྒྱ་ལྷག་ཡོད།

དཀྱིལ་འཁོར་འབྲི་སྒྲུབ་ཟེར་བ་དེ་དེང་སྐབས་དབང་གནང་མཁན་འགའ་ཞིག་གིས་མི་གཞན་ལ་དབང་གནང་བ་ཙམ་ལས་གཞལ་ཡས་ཁང་གི་དཀྱིལ་འཁོར་སྐོར་གཏན་ནས་ཤེས་ཀྱི་མེད་པ་རེད། དབང་གནང་མཁན་གྱི་རྡོ་རྗེ་སློབ་དཔོན་ཡིན་ན་དཀྱིལ་འཁོར་འབྲི་ཤེས་པ་དང་ཐིག་རྒྱག་ཤེས་པ། སྦྱིན་སྲེག་གི་ཁྲིད་ཀྱི་ཐིག་སོགས་རྒྱག་ཤེས་པ་ཞིག་དགོས། དཔེར་ན་དཀྱིལ་འཁོར་གྱི་དུར་ཁྲོད་ནང་ལ་འཇིག་རྟེན་པའི་སྲུང་མ་རྒྱལ་པོ་སྐུ་ལྔ་དང་དམ་ཅན་མགར་ནག་ལ་སོགས་པ་རྣམས་དཀྱིལ་འཁོར་གྱི་ནང་ལ་བཞག་པའི་དབང་མེད་པས་དཀྱིལ་འཁོར་གྱི་ཕྱི་དང་གུ་རུ་ཆོས་རྒྱལ་ལ་སོགས་པ་སྲུང་མ་ཡེ་ཤེས་དེ་དག་རྣམས་དཀྱིལ་འཁོར་གྱི་ནང་གི་བར་སྣང་དུ་བཞུགས་ཡོད། དེ་ཚོ་ཡག་པོ་མཁྱེན་དགོས། དཀྱིལ་འཁོར་ལ་མི་ཏྲའི་དཀྱིལ་འཁོར་བརྒྱ་ལྷག་ཙམ་དང་རྡོ་རྗེ་འཕྲེང་བ་ལ་དཀྱིལ་འཁོར་དྲུག་ཅུ་རེ་ལྔ་སོགས་ཡོད་པས་དཀྱིལ་འཁོར་འབྲི་སྒྲུབ་བྱེད་པར་དེ་དག་གི་ཐིག་རྒྱག་སྟངས་སོགས་གསལ་པོ་ཤེས་དགོས་ཤིང༌། དེ་དག་ཚང་མ་མ་ཤེས་ནའང་གསང་བདེ་འཇིགས་གསུམ་དང༌། ཀུན་རིག ཚེ་དཔག་མེད་ལྷ་དགུ་སོགས་ཀྱི་ཐིག་ངེས་པར་ཤེས་དགོས། གསང་བདེ་འཇིགས་གསུམ་སོགས་ཀྱི་དཀྱིལ་འཁོར་འབྲི་སྟངས་མི་འདྲ་བ་ཡོད་པ་དེ་དག་ཡག་པོ་ཤེས་དགོས། གསང་སྔགས་ཀྱི་དམ་ཚིག་སྐོར་ལ་རྩ་ལྟུང་བཅུ་བཞི་དང་སྦོམ་པོ་བརྒྱད་ཟེར་བ་སོགས་མང་པོ་ཡོད་ཅིང༌། དེ་ཚོ་གཙོ་བོ་དངོས་སྒྲུབ་ཀྱི་རྩ་བ་དམ་ཚིག་དང་སྡོམ་པ་ཇི་ལྟར་སྲུང་བའི་ཚུལ་རྣམས་ཡིན་ཅིང༌། དེའི་ཐད་འཇམ་མགོན་བླ་མ་ཙོང་ཁ་པས་<<རྩ་ལྟུང་རྣམ་བཤད་>>ཟེར་བ་ཞིག་གསུངས་ཡོད་པ་དེའི་ནང་གསལ་ཡོད། རྩ་ལྟུང་དང་སྦོམ་པོ་སོ་སོའི་ངོས་འཛིན། དེ་དག་གི་ཡན་ལག་ཚང་མ་ཚང་གི་ཞིབ་ཆ་སོགས་དབང་ཞུས་ཚར་རྗེས་ངེས་པར་དུ་ཤེས་པ་བྱེད་དགོས། འཇམ་མགོན་བླ་མའི་ཕྱག་བཞེས་ལྟར་ན་དབང་གནང་ཚར་རྗེས་རྩ་ལྟུང་གི་འགྲེལ་པ་དང༌། རྩ་ལྟུང་གི་བཤད་པ། བླ་མ་ལྔ་བཅུ་པའི་བཤད་པ་བཅས་ངེས་པར་དུ་གསུངས་དགོས་པ་ཡིན། ཇི་ལྟར་བསྲུང་བའི་ཚུལ་ནི་གལ་སྲིད་ལྟུང་བ་བྱུང་ཚེ་ལྟུང་བ་དག་ཐབས་དང་བཤགས་ཐབས་ཀྱང་ཆ་ཚང་གསུངས་ཡོད་ཅིང༌། དཔེར་ན། སོ་ཐར་གྱི་སྡོམ་པ་ལ་ལྟུང་བ་བཤགས་ཐབས་ནི་གསོ་སྦྱོང་ཚོགས་ནས་བཤགས་པ་བྱེད་དགོས་པ་དང༌། བྱང་ཆུབ་སེམས་དཔའི་སྡོམ་པ་ལ་ལྟུང་བཤགས་སྐྱོར་ནས་བཤགས་པ་བྱེད་དགོས་པ། གསང་སྔགས་ཀྱི་སྡོམ་པ་ལ་ཡང་ན་བླ་མ་ལ་དབང་ཞུས་པ། ཡང་ན་བདག་འཇུག་བླངས་ནས་སྡོམ་པ་གསབ་ཐབས་བྱེད་དགོས།

བསྐྱེད་རིམ་ལ་སྐུ་གསུམ་ལམ་འཁྱེར་གྱི་གནད་ཚང་དགོས་པའི་རྒྱུ་མཚན་ནི་གསང་སྔགས་བླ་མེད་ཀྱི་ཆོས་དེ་ང་རང་ཚོའི་ལུས་ལ་ཡོད་པའི་དངོས་ཡོད་ཀྱི་གནས་ཚུལ་དེ་བེད་སྤྱད་ནས་སངས་རྒྱས་པའི་ཐབས་ཤེས་ཤིག་ཡིན། དེར་བརྟེན་བདག་བསྐྱེད་ལ་དེ་དང་རྣམ་པ་མཐུན་པའི་སྐུ་གསུམ་ལམ་འཁྱེར་ཏེ་འཆི་བ་དང་རྣམ་པ་མཐུན་པའི་འཆི་བ་ཆོས་སྐུའི་ལམ་འཁྱེར། བར་དོ་དང་རྣམ་པ་མཐུན་པའི་བར་དོ་ལོངས་སྐུའི་ལམ་འཁྱེར། སྐྱེ་བ་དང་རྣམ་པ་མཐུན་པའི་སྐྱེ་བ་སྤྲུལ་སྐུའི་ལམ་འཁྱེར་བཅས་ངེས་པར་ཚང་དགོས། དེ་བྱུང་ན་བདག་བསྐྱེད་དེ་དངོས་འབྲེལ་མཚན་ཉིད་ཚང་བ་ཞིག་ཆགས་པ་རེད། དེ་ཡང་གོང་གི་འཚང་རྒྱ་བའི་རྟེན་ཁམས་དྲུག་ལྡན་ཞེས་པ་དེ་ནི་བྱང་སེམས་དཀར་པོ་དང༌། བྱང་སེམས་དམར་པོ། ཤ རུས་པ། རྩ། ཁམས་བཅས་དྲུག་ཚང་བ་ནི་འཛམ་བུའི་གླིང་པ་ཁོ་ནར་ངེས་པ་ལས་ལྷ་ལ་མེད་ཅིང༌། ཁམས་དྲུག་ལྡན་པ་དེ་ནི་འཛམ་བུ་གླིང་བའི་མི་ལུས་ཀྱི་ཁྱད་ཆོས་ཡིན། ཁམས་དྲུག་པོ་དེ་བེད་སྤྱད་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ཐུབ་པ་དེ་ཡིན། སྐུ་གསུམ་ལམ་འཁྱེར་དེ་ང་ཚོ་མངལ་སྐྱེས་ལ་སྦྱར་དགོས་པའི་རྒྱུ་མཚན་ནི་འཆི་བའི་ཚེ་ན་ཁམས་དཀར་ཐུར་དུ་འབབ་པ་དང་ཁམས་དམར་གྱེན་དུ་རྒྱུགས་ཏེ་དེ་གཉིས་བར་ལ་རྣམ་ཤེས་ཐིམ་འཕྲལ་དྲན་པ་འཐོར་འགྲོ་བ་དང་དུས་ཚོད་གང་འཚམས་ནས་དྲན་པ་ཕྲན་བུ་གསལ་དུ་འགྲོ་སྐབས་འོད་གསལ་འཁྲུངས་ཀྱི་ཡོད། དེར་བརྟེན་ལུས་པོ་ལ་ཁམས་དཀར་དམར་མེད་ཚེ་དེ་བེད་སྤྱོད་གཏོང་ཐབས་མེད། མངལ་སྐྱེས་ཁོ་ནར་སྦྱར་དགོས་པའི་རྒྱུ་མཚན་ལམ་འཁྱེར་མི་འདྲ་བ་རྣམས་ལའང་ཕན་ཚུན་ལམ་གྱི་དོད་ཐུབ་བརྩིས་ཏེ་དཔེར་ན་དུས་འཁོར་དང་གསང་བདེ་འཇིགས་གསུམ་གྱི་ལམ་གྱི་གནད་འགག་ཏོག་ཙམ་མི་འདྲ་བ་ཡོད་ན་ཡང་དུས་འཁོར་གྱི་གནད་འགག་རྣམས་གསང་བདེ་འཇིགས་གསུམ་ལ་ཚང་ཡོད་ལ་གསང་བདེ་འཇིགས་གསུམ་གྱི་གནད་འགག་དེ་དག་ཀྱང་དུས་འཁོར་ལ་ཚང་ཡོད་ཀྱང་མིང་འདོགས་སྟངས་དང་བསྒོམ་སྟངས་ཀྱི་ཐབས་ཤེས་ཡོངས་སུ་ཐ་དད་ཡིན། དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་པོ་དེའི་གནད་འགག་རྣམས་གསང་འདུས་ལ་ཆ་ཚང་ཡོད་པས་གསང་བདེ་འཇིགས་གསུམ་གྱི་སྨོན་ལམ་བློ་ལ་ཡོད་ན་བདག་བསྐྱེད་ཀྱི་ཐོག་ལ་བསྐྱེད་རིམ་གྱི་ངོ་སྤྲོད་བྱེད་སྐབས་སྨོན་ལམ་དང་སྦྱར་ནས་བསམ་བློ་བཏང་ཚེ་བསྐྱེད་རིམ་གྱི་ཁྲིད་རྣམས་བློ་ལ་ངེས་བདེ་བ་ཡོད། བདག་མདུན་ཐ་དད་དང་མི་དད་དང་འཇུག་པ་གཅིག་མི་གཅིག་གི་ཁྱད་པར་ཟེར་བ་དེ་བདག་མདུན་ཐ་དད་དེ་བདག་བསྐྱེད་དང་མདུན་བསྐྱེད་ཐ་དད་ཡིན་པ་དང༌། བདག་བསྐྱེད་དང་མདུན་བསྐྱེད་ཐ་དད་མིན་པ་སོགས་ཀྱི་བདག་བསྐྱེད་དང་མདུན་བསྐྱེད་གཏོང་སྟངས་ཡོད་པ་དང༌། དེ་ཚོ་འཇུག་པ་གཅིག་དང་མི་གཅིག་སྐོར་སོགས་རྣམས་ནི་ཐད་ཀར་ཞུ་ཁག་པོ་ཡིན་པས་དེའི་སྐོར་<<སྔགས་རིམ་ཆེན་མོའི་>>ནང་གསལ་པོ་གསུངས་ཡོད། འོན་ཀྱང་གོ་ཁག་ཙམ་ཡོད། བདག་མདུན་ཐ་དད་དང་མི་དད་དང་འཇུག་པ་གཅིག་མི་གཅིག་སྒོམ་ཚུལ་ཇི་ལྟ་བུ་བྱས་ན་ལུས་དཀྱིལ་དུ་འགྲོ་བའི་ཚུལ་འདི་གསང་འདུས་དང་བདེ་མཆོག་གཉིས་ཀ་ལ་ཡོད་ན་ཡང་གསང་བ་འདུས་པའི་ལུས་དཀྱིལ་ནི་ལུས་ལ་ལྷ་བཀོད་པ་ཙམ་གྱི་ལུས་དཀྱིལ་དང་བདེ་མཆོག་གི་ལུས་དཀྱིལ་ནི་རང་གི་ལུས་དེ་གྲུབ་གཞིར་བྱས་ནས་ལུས་དཀྱིལ་སྒོམ་པ་ཞིག་ཡིན་པས་དེ་གཉིས་གཏིང་ཟབ་ལོས་དང་རྒྱས་ལོས་ཐད་ཁྱད་པར་ཆེན་པོ་ཡོད། དཀྱིལ་འཁོར་བསྲེ་བའི་རྣམ་གཞག་ཇི་ལྟར་འདོད་པའི་ཚུལ་ཏེ་དཀྱིལ་འཁོར་ལ་བསྲེས་ཐབས་མང་པོ་ཡོད་ཅིང༌། དེ་ནི་སོ་སོར་བསྒོམ་པའི་དཀྱིལ་འཁོར་དང༌། སྤྱན་དྲངས་པའི་དཀྱིལ་འཁོར། མདུན་བསྐྱེད་ཀྱི་གྲུབ་གཞིའི་དཀྱིལ་འཁོར་བཅས་གསུམ་བསྲེས་པ་དེ་ལ་གསུམ་བསྲེས་པ་ཟེར་བ་དང༌། ད་དུང་དེ་བཞིན་གཅིག་ནས་བདུན་བར་ཡོད་པ་ཞིབ་ཕྲ་སྔགས་རིམ་ཆེན་མོར་གསལ། ཡེ་ཤེས་ཀྱིས་སྒོམ་པའི་རྣམ་གཞག་ལ་སྟོང་ཉིད་བསྒོམ་ཟེར་བ་དེ་སྐུ་གསུམ་ལམ་འཁྱེར་མ་བསྒོམ་གོང་ཨོཾ་སྭ་བྷ་བ་ཤུ་དྷོ་སརྦ་དྷརྨཱ་སྭ་བྷ་བ་ཤུདྷོ་ཧཾ། སྟོང་པ་ཉིད་དུ་གྱུར་ཟེར་བའི་སྔགས་དེ་འདོན་ཚར་རྗེས་སྟོང་པའི་ངང་ལས་ཞེས་ལམ་སང་རྒྱུགས་མ་ཕྱིན་པར་སྟོང་པ་ཕྲན་བུ་བཞག་ནས་དེའི་བར་བསམ་བློ་གཏོང་རྒྱུ་ཡོད་ཅིང༌། དེ་ལ་ཡེ་ཤེས་ཀྱི་ས་བསྒོམ་པའམ་སྟོང་ཉིད་བསྒོམ་པ་ཞེས་བརྗོད་ན་འགྲིག་ལ་དེའི་བར་བསྒོམ་རྒྱུ་དེ་འཆི་བ་ཆོས་སྐུའི་ལམ་འཁྱེར་ཡིན། ཡེ་ཤེས་ཀྱི་སའི་སྐབས་སྟོང་ཉིད་སྒོམ་ལུགས་མདོ་ཕྱོགས་ལས་ཁྱད་འབྱེད་ཚུལ་ནི་སྟོང་པ་ཉིད་ལ་མདོ་སྔགས་ཀྱི་ལུགས་ལ་ཁྱད་པར་གང་ཡང་མེད། དེར་བརྟེན་དབུ་མ་མ་ཤེས་ན་སྟོང་ཉིད་ཇི་ལྟར་སྒོམ་དགོས་མིན་ཤེས་ཐབས་དབེན་པ་དང༌། དབུ་མ་ཐལ་འགྱུར་བ་དང༌། སེམས་ཙམ་པ། བྱེ་བྲག་སྨྲ་བ། མདོ་སྡེ་པ་བཅས་ཀྱི་སྟོང་པ་ཉིད་ཀྱི་ལྟ་བ་རྣམས་ཕན་ཚུན་སྡུར་རྗེས་དབུ་མ་ཐལ་འགྱུར་བའི་སྟོང་ཉིད་ཀྱི་ལྟ་བ་དེ་ལས་ལེགས་པ་དང༌། གཏིང་ཟབ་པ་མེད་པ་གཞི་ནས་ཤེས་ཐུབ། མདོ་ལུགས་ལ་སྟོང་ཉིད་དང་དེ་དང་རང་གི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོར་སོང་བ་དེས་སྟོང་ཉིད་རྟོགས་པ་མ་ཡིན་པར་རང་སེམས་ཐ་མལ་པ་དེས་སྟོང་ཉིད་རྟོགས་པ་ཞིག་ཡིན། ཡུལ་ཅན་དེས་སྐྱེད་འཚར་བྱས་ནས་སྔགས་ལུགས་ཀྱི་སྟོང་ཉིད་རྟོགས་མཁན་དེ་སེམས་ཐ་མལ་པ་ཞིག་མ་ཡིན་པར་རང་སེམས་བདེ་བ་ཆེན་པོའི་ངོར་སོང་བ་དེས་སྟོང་ཉིད་རྟོགས་པ་ཡིན་པར་བརྟེན་སྟོང་ཉིད་རྟོགས་སྟངས་དང་སྟོང་ཉིད་སྒོམ་སྟངས་ཐད་མདོ་སྔགས་གཉིས་བར་དབྱེ་བ་ཆེན་པོ་ཡོད། རྫོགས་རིམ་སྐབས་སུ་ཡང་རྡོ་རྗེའི་ལུས་ཀྱི་གནས་ལུགས་ཞེས་པ་དེ་ནི་ལུས་ལ་ཕྲ་བ། རགས་པ། ཤིན་ཏུ་ཕྲ་བ་བཅས་གསུམ་དང་སེམས་ལ་རགས་པ། ཕྲ་བ། ཤིན་ཏུ་ཕྲ་བ་བཅས་གསུམ་ཡོད་པ་དེ་དག་ནི་ལུས་ཀྱི་གནས་ལུགས་ཡིན་པ་དང༌། དེ་བཞིན་རྩ་ཆགས་སྟངས། རླུང་ཆགས་སྟངས། རྩའི་ནང་རླུང་གང་དང་གང་འགྲོ་གི་ཡོད་པ་དེ་ཚོ་ནི་རྡོ་རྗེའི་ལུས་ཀྱི་གནས་ལུགས་ཡིན་ཞིང༌། དེ་དག་ཡག་པོ་མ་ཤེས་ན་རླུང་སྒོམ་ཤེས་ཐབས་མེད། དཔེར་ན་མིག་དང༌། རྣ་བ། སྣ་སོགས་སོ་སོའི་རྩའི་ནང་གི་རླུང་མི་འདྲ་བ་ཡོད་པ་དང༌། ད་དུང་ཁམས་ཞེས་རྩ་སོ་སོར་དཔེར་ན། མིག་ལ་གཟུགས་མཐོང་བའི་ནུས་པ་དང༌། རྣ་བར་སྒྲ་ཐོས་ཐུབ་པའི་ནུས་པ་ཡོད་པ་དེ་ཡིན། དེ་ཡང་ཐོག་མར་གང་ལ་གནད་དུ་བསྣུན་པའི་ཡུལ་ཏེ་གནད་དུ་བསྣུན་ས་ནི་སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་བཅས་གནས་ལྔ་ཡོད་པ་དང་གནས་ལྔའི་ནང་གནད་ཆེ་ས་ནི་སྙིང་ཁ་ཡིན། དེ་དག་ནི་དམག་རྒྱག་སའི་དམག་ས་ལྟེ་བ་ཁག་ལྔ་ལྟ་བུར་བརྩིས་ཆོག འོ་ན་ཐོག་མར་དམག་གང་དུ་རྒྱག་དགོས་སམ་ཞེ་ན། དེ་ནི་མི་འདྲ་བ་ཡོད་ཅིང༌། ཐོག་མར་སྙིང་གར་བྱས་པ་དེ་ཅུང་བར་ཆད་ཆེ་བ་དང་བསམ་བློ་གཏོང་སྟངས་ཡག་པོ་མ་བྱུང་ན་སྲོག་རླུང་ཡོང་ཉེན་ཡོད། དེར་བརྟེན་རྒྱུད་སྡེ་གཞན་དག་གསང་འདུས་སོགས་ཀྱི་ནང་ཐོག་མར་གསང་གནས་དང༌། མགྲིན་པ། སྤྱི་བོ་བཅས་ཅུང་སྔོན་ཙམ་ལ་བྱས་ཏེ་དམག་ས་ཙག་ཙིག་རྣམས་གཏོར་ཟིན་རྗེས་མཐར་དམག་ས་ལྟེ་བ་སྟེ་སྙིང་ཁར་རྒོལ་བ་ལྟ་བུ་ཡིན། རྗེ་བཙུན་སྒྲོལ་མ་དང་བདེ་མཆོག་སོགས་ཀྱི་སྐབས་ཐོག་མ་ནས་སྙིང་ཁར་བསྣུན་པ་ཡིན་རུང་སྲོག་རླུང་སོགས་མི་ཡོང་བའི་ཐབས་བྱ་རྒྱུ་ཡོད། དེ་ཡང་ཐོག་མར་གནད་དུ་བསྣུན་པའི་ཡུལ་ནི་གནས་ལྔ་པོའི་མདུད་པ་གྲོལ་ཐབས་བྱ་རྒྱུ་དེ་ཡིན་ཞིང༌། དེ་ནི་སྤྱི་བོ་ལ་མདུད་པ་གསུམ། སྙིང་ཁ་ལ་མདུན་པ་དྲུག ལྟེ་བ་དང་གསང་གནས་སོ་སོར་མདུད་པ་གསུམ་རེ་བཅས་ཡོད་ཅིང༌། དེ་ཡང་རྩ་རོ་མ་དང་རྐྱང་མ་གཉིས་མདུད་པ་ཐེབས་པ་ལྟར་རྩ་དབུ་མ་ལ་དཀྲིས་ནས་བཙིར་འགག་ཐེབས་སྟབས་མདུད་པ་དེ་མ་གྲོལ་ན་རྩ་དབུ་མའི་ནང་རླུང་འགྲོ་མི་ཐུབ་པར་གཡས་གཡོན་གྱི་རོ་རྐྱང་གཉིས་ཀྱི་ནང་རླུང་ཕྱིན་ནས་འདོད་ཆགས། ཞེ་སྡང༌། ཁོང་ཁྲོ་ལ་སོགས་པ་ཡོང་གི་ཡོད་པ་དང༌། རྩ་དབུ་མའི་ནང་རླུང་ཕྱིན་ན་དེ་ལ་ཡེ་ཤེས་ཀྱི་རླུང་ཟེར། དེར་བརྟེན་མདུད་པ་དེ་གྲོལ་དགོས་པར་བརྟེན་མདུད་པ་འགྲོལ་བའི་ཐབས་དེ་ལ་གནད་དུ་བསྣུན་པ་ཞེས་མདུད་པ་ཡོད་ས་གང་ཡིན་ལ་གནད་དུ་བསྣུན་པ་ཟེར། རྒྱུད་སོ་སོའི་སྒོས་ཆོས་མི་འདྲ་བའི་ཁྱད་པར་ནི་གསང་བདེ་འཇིགས་གསུམ་སོ་སོར་དམིགས་བསལ་གྱི་ཁྱད་ཆོས་དང་སྒོམ་སྟངས་མི་འདྲ་བའི་གནད་འགག་དུ་མ་ཡོད་པ་དེ་ཚོ་སྒོས་ཆོས་མི་འདྲ་བའི་ཁྱད་པར་ཡིན། ཐབས་ཀྱི་ཉམས་ལེན་ཐབས་ཅད་ཀྱི་ལག་རྗེས་སྒྱུ་ལུས་དང༌། ཤེས་རབ་ཀྱི་ཉམས་ལེན་ཐམས་ཅད་ཀྱི་ལག་རྗེས་འོད་གསལ་གཉིས་སོ་སོར་བསྒྲུབ་པའི་ཚུལ་ཐད་ཀྱི་ཉམས་ལེན་ནི་བསོད་ནམས་ཀྱི་ཚོགས་བསོག་པ་སྟེ་དཔེར་ན་གསང་བདེ་འཇིགས་གསུམ་གྱི་བདག་བསྐྱེད་ཀྱི་མགོ་ལ་བླ་མའི་རྣལ་འབྱོར་བསྒོམ་པ་དེ་བསོད་ནམས་ཀྱི་ཚོགས་བསགས་པ་ཞིག་རེད། དེར་བརྟེན་བསོད་ནམས་ཀྱི་ཚོགས་བསོག་ཐབས་ཀྱི་ཉམས་ལེན་ཐམས་ཅད་ཀྱི་ལག་རྗེས་དེ་མཐར་ཐུག་སྒྱུ་ལུས་ཐོབ་པར་བྱེད་པའི་ཐོག་ལ་འབབ་ཀྱི་ཡོད་པ་དང༌། ཤེས་རབ་ཀྱི་ཉམས་ལེན་ཐམས་ཅད་ཀྱི་ལག་རྗེས་འོད་གསལ་གྱི་ནུས་པ་དེ་མཐར་ཐུག་དོན་དམ་འོད་གསལ་འཐོབ་རྒྱུའི་ཐོག་ལ་འབབ་ཀྱི་ཡོད། དེ་གཉིས་སོ་སོ་ཇི་ལྟར་སྒྲུབ་པའི་ཚུལ་ནི་ཐོག་མ་ཁག་སོ་སོ་བྱས་ནས་སྔོན་ལ་སྒྱུ་ལུས་སྒྲུབ། དེ་ནས་འོད་གསལ་སྒྲུབ། དེ་ནས་དེ་གཉིས་ཟུང་དུ་འཇུག་པ་སྟེ་འབྲས་བུ་གཟུགས་སྐུའི་ཉེ་རྒྱུ་སློབ་པའི་ཟུང་འཇུག་མངོན་དུ་འགྱུར་བའི་ཚུལ་ཏེ། ཟུང་འཇུག་མངོན་དུ་འགྱུར་བ་སློབ་པའི་ཟུང་འཇུག་ནི་སྒོམ་ལམ་ཡིན། ཐབས་དང་ཤེས་རབ་དེ་གཉིས་གང་ལ་བྱེད་ཅེ་ན། གསང་སྔགས་ཀྱི་ལམ་དེ་བྱ་རྒྱུད་དང༌། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། གསང་སྔགས་བླ་མེད་ཀྱི་རྒྱུད་བཅས་ཚང་མ་ཐབས་ཤེས་དབྱེར་མེད་ཡིན་ལ། དེ་ནི་ཐབས་ཤེས་དབྱེར་མེད་ཀྱི་ཐབས་དང་ཤེས་རབ་ངོས་བཟུང་བ་ཡིན། ཐབས་དང་ཤེས་རབ་ནི་གཙོ་བོ་གཟུགས་སྐུ་སྒྲུབ་བྱེད་སྣང་ཕྱོགས་ཐབས་ཀྱི་ཆ་དང༌། གཙོ་བོར་ཆོས་སྐུ་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་སྟེ་དེ་གཉིས་ལ་ཐབས་ཤེས་གཉིས་ཟེར། གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ནི་སྐུ་ཐུགས་ཟུང་འཇུག་ཡིན་ཏེ། སངས་རྒྱས་ཀྱི་སྐུ་དེ་གདུལ་བྱ་ལ་དངོས་སུ་སྣང་ནས་ཚང་མས་དངོས་སུ་མཇལ་རྒྱུ་ཡོད་པའི་སྤྲུལ་སྐུའི་རྣམ་པ་ཞིག་བསྟན་གནང་བ་དང༌། སངས་རྒྱས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེ་གདུལ་བྱ་ཚང་མའི་ཁམས་དང༌། མོས་པ། བསམ་པ་ཚང་མ་ཇི་ལྟ་བ་བཞིན་དུ་གཟིགས་པའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་གཉིས་ཟུང་དུ་འཇུག་པ་ཞིག་ཡིན་པ་དང༌། སངས་རྒྱས་ཞེས་པ་དེ་འདི་འདྲ་ཞིག་ཡིན། དེར་བརྟེན་འབྲས་བུའི་དུས་སུ་སངས་རྒྱས་ཀྱི་གོ་འཕང་གང་འདྲ་ཞིག་ཡོད་པ་དེ་ལམ་གྱི་དུས་སུ་ཡང་དེ་དང་རྣམ་པ་མཐུན་པ་ཞིག་བསྒོམ་དགོས་པ་ཡིན། སངས་རྒྱས་ཀྱི་སྐུ་དེ་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པའི་མཆོག་གི་སྤྲུལ་སྐུའི་སྐུ་དེ་ཇི་ལྟར་ཐོབ་པ་རེད་དམ་ཞེ་ན། དེ་ནི་བསོད་ནམས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་ཐོབ་པ་ཞིག་ཡིན། སངས་རྒྱས་ཀྱི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དེས་གདུལ་བྱ་རྣམས་ཀྱི་ཁམས་དང་བསམ་པ་དང༌། བག་ལ་ཉལ་ཇི་ལྟ་བ་བཞིན་དུ་གཟིགས་ནས་ཐུགས་མཁྱེན་བརྩེ་གཉིས་དང་ལྡན་པ་དེ་ཡེ་ཤེས་ཀྱི་ཚོགས་བསགས་པ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེར་བརྟེན་གཙོ་བོར་གཟུགས་སྐུ་སྒྲུབ་བྱེད་སྣང་ཕྱོགས་ཐབས་ཀྱི་ཆ་དང༌། གཙོ་བོར་ཆོས་སྐུ་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་གཉིས་པོ་དེ་ལ་ཐབས་དང་ཤེས་རབ་ཟེར། སྟོང་གཞིའི་བཞོན་པའི་རླུང་འོད་ཟེར་ལྔ་སྟེ་སྟོང་གཞི་ནི་སྟོང་པ་ཤིན་ཏུ་སྟོང་པ་དང༌། སྟོང་པ་ཆེན་པོ། འོད་གསལ་ལ་ཐམས་ཅད་སྟོང་པ་ཟེར། སྣང་བ་དཀར་ལམ་ལ་ཞེས་པ་ནི་ཁམས་དཀར་པོ་སྤྱི་བོ་ནས་མར་བབས་ཏེ་་སྙིང་ཁ་ལ་མ་འདྲེས་པའི་སྐབས་ལ་རང་གི་སེམས་ལ་ནམ་མཁའ་གཡའ་དག་པ་ལ་ཟླ་འོད་ཀྱི་ཆ་ལྟ་བུའི་སྣང་བ་ཞིག་ཤར་རྒྱུ་ཡོད་པ་དེ་ལ་སྣང་བ་དཀར་ལམ་པ་ཞེས་དང༌། རང་གི་ལྟེ་བ་ལ་ཡོད་པའི་ཁྲག་དེ་གྱེན་དུ་རྒྱུགས་ནས་ལྟེ་བ་ནས་སྙིང་ཁ་ལ་སླེབས་པའི་བར་དེར་རང་གི་སེམས་ཀྱི་སྣང་བར་ནམ་མཁའ་གཡའ་དག་པ་ལ་ཉི་མའི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་ཤར་རྒྱུ་ཡོད་པ་དེ་ལ་སྣང་བ་དམར་ལམ་པ་ཞེས་བརྗོད་དོ།།

དེ་ཡང་སྤྱིར་ཐེག་པ་ཆེན་པོ་ལ། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་ཡོད། འབྲས་བུ་ཡོངས་དག་བཞི་དང་རྣམ་མཐུན་མེད་པར་སེམས་བསྐྱེད་དང༌། ཕྱིན་དྲུག་ཙམ་གྱིས་རབ་ཏུ་ཕྱེས་པས་ན་ཕ་རོལ་ཏུ་ཕྱིན་པའི་ཐེག་པའམ་རྒྱུའི་ཐེག་པ་དང༌། འབྲས་བུ་སངས་རྒྱས་ཀྱི་གནས། ལུས། ལོངས་སྤྱོད། མཛད་པ་བཞི་སྟེ། ཡོངས་དག་བཞི་དང་རྣམ་པ་མཐུན་པར་སྒོམ་པས་ན་འབྲས་བུའི་ཐེག་པའམ། གསང་ནས་སྤྱད་པས་འགྲུབ་ལ་སྣོད་མིན་ལ་མི་སྟོན་པ་དང༌། ཡིད་སྐྱོབ་པས་ན་གསང་སྔགས་ཀྱི་ཐེག་པ་ཞེས་བྱ་སྟེ། <<སྔགས་རིམ་>>ལས། ཕ་རོལ་ཏུ་ཕྱིན་པ་བ་རྣམས་ལ་ནི། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྤྲོས་པ་དང་བྲལ་བ་བསྒོམས་པས་ཆོས་ཀྱི་སྐུ་དང་རྣམ་པ་རྗེས་སུ་མཐུན་པའི་ལམ་སྒོམ་པ་ཡོད་ཀྱང༌། གཟུགས་ཀྱི་སྐུ་མཚན་དཔེས་སྤྲས་པ་དང་རྣམ་པ་འདྲ་བར་སྒོམ་པའི་ལམ་མེད་ལ་སྔགས་ལ་ནི་ཡོད་དོ། །ཞེས་དང༌། ཡང༌། ཁྱད་པར་དུ་ཐེག་པ་ཆེན་པོ་ལ་གཉིས་སུ་ཕྱེ་བ་ཡང་ཟབ་མོ་རྟོགས་པའི་ཤེས་རབ་ཀྱིས་མི་འབྱེད་ཀྱི་ཐབས་ཀྱིས་འབྱེད་དགོས་ཤིང༌། ཐབས་ཀྱི་གཙོ་བོ་གཟུགས་སྐུ་སྒྲུབ་པའི་ཆ་ཡིན་ལ། གཟུགས་སྐུའི་སྒྲུབ་བྱེད་ཀྱི་ཐབས་ནི་དེ་དང་རྣམ་པ་འདྲ་བར་སྒོམ་པའི་ལྷའི་རྣལ་འབྱོར་ཉིད་ཐེག་པ་གཞན་གྱི་ཐབས་ལས་མཆོག་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། ཕར་ཕྱིན་ཐེག་པ་དང༌། རྡོ་རྗེ་ཐེག་པ་གཉིས་ཀྱི་ཁྱད་པར་ཡང༌། ཤེས་རབ་ཀྱི་ཆ་ལྟ་བའི་སྒོ་ནས་ཀྱང་མི་འབྱེད། གདུལ་བྱ་དབང་པོ་རྣོ་རྟུལ་གྱི་སྒོ་ནས་ཀྱང་མི་འབྱེད་ལ། ཐབས་ཀྱི་ཆ་སེམས་བསྐྱེད་དང་ཕྱིན་དྲུག་ཙམ་གྱིས་ཀྱང་མི་འབྱེད་དེ། དེ་དག་མདོ་སྔགས་གཉིས་ཀ་ལ་ཡོད་པའི་ལམ་ཐུན་མོང་བ་ཡིན། དེས་ན་སྤྱིར་ཐེག་པ་ཆེ་ཆུང་གི་ཁྱད་པར་ཤེས་རབ་ཀྱིས་མི་འབྱེད་པར་ཐབས་ཀྱིས་འབྱེད་པ་ལྟར། མདོ་སྔགས་གཉིས་ཀྱི་ཁྱད་པར་ཡང༌། ཐབས་ཀྱི་གཙོ་བོ་གཟུགས་སྐུ་དང་རྣམ་མཐུན་གྱི་ལམ་སྒོམ་པ་ཡོད་མེད་ཀྱིས་འབྱེད་དགོས་སོ།།

སྔགས་ཀྱི་རྒྱུད་སྡེ་བཞི་སོ་སོར་འཇོག་ཚུལ་ལ་ཡང༌། བོད་ཀྱི་མཁས་པ་སྔ་མ་རྣམས་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང༌། འདིར་ནི། <<ཁ་སྦྱོར་>>ལས། རྒོད་དང་ལྟ་དང་ལག་བཅངས་དང༌། །གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱི་རྒྱུད་བཞིར་གནས། །ཞེས་དང༌། <<སྙེ་མ་ཉེར་ལྔ་པ་>>ལས། བྱ་བ་དང༌། སྤྱོད་པ་དང༌། རྣལ་འབྱོར་དང༌། རྣལ་འབྱོར་བླ་མེད་བཅས་ཀྱི་རྒྱུད་གང་ཡིན་པ་ནི། རྒོད་པ་དང༌། བལྟས་པ་དག་དང༌། འཁྱུད་པ་དང༌། གཉིས་གཉིས་དང༌། ལག་བཅངས་རྣམས་ཀྱིས་མཚོན་པའོ་ཞེས་དང༌། དེ་ལྟར་དུ་<<སྔགས་རིམ་>>ལས་ཀྱང༌། དེའི་ཚེ་རྒྱུད་སྡེའི་མཚན་ཡང༌། རྒོད་པའི་རྒྱུད་དང༌། ལྟ་བའི་རྒྱུད་དང༌། ལག་བཅངས་སམ་འཁྱུད་པའི་རྒྱུད་དང༌། གཉིས་གཉིས་སྦྱོར་བའི་རྒྱུད་ཅེས་པ་བཞིར་འགྱུར་རོ་ཞེས་གསུངས་པ་ལྟར། བསྒོམས་པའི་ལྷ་མོ་དང་ཕན་ཚུན་བལྟས་པ་ལས་བྱུང་བའི་བདེ་བ་ལམ་དུ་བྱེད་པ་ལ་མོས་པའི་རིགས་ཅན་ལ་གཙོ་བོར་གསུངས་པའི་རྒྱུད་ལ་བྱ་བའི་རྒྱུད་དང༌། བསྒོམས་པའི་ལྷ་མོ་དང་ཕན་ཚུན་བལྟས་པ་དང་རྒོད་པ་ཙམ་ལས་བྱུང་བའི་བདེ་བ་ལམ་དུ་བྱེད་པ་ལ་མོས་པའི་རིགས་ཅན་ལ་གཙོ་བོར་གསུངས་པའི་རྒྱུད་ལ་སྤྱོད་པའི་རྒྱུད། བསྒོམས་པའི་ལྷ་མོ་ལ་བལྟས་པ་དང༌། རྒོད་པ་དང༌། འཁྱུད་པའམ་ལག་བཅངས་ཙམ་ལ་བརྟེན་ནས་བདེ་བ་ལམ་དུ་བྱེད་པ་ལ་མོས་པའི་རིགས་ཅན་ལ་གཙོ་བོར་གསུངས་པའི་རྒྱུད་ལ་རྣལ་འབྱོར་རྒྱུད། གཉིས་སྦྱོར་གྱི་ཆགས་པ་ལམ་བྱེད་ལ་མོས་པའི་གདུལ་བྱ་ལ་གཙོ་བོར་གསུངས་པའི་རྒྱུད་ལ་བླ་མེད་ཀྱི་རྒྱུད་ཅེས་ཟེར།

གཞན་ཡང༌། གདུལ་བྱའི་ཁྱད་པར་ནི་སྒོ་ནས་འདོད་ཡོན་ལམ་དུ་བྱེད་པའི་ཐབས་ལྷའི་རྣལ་འབྱོར་མངོན་དུ་བྱེད་པ་ལ། ཕྱིའི་བྱ་བ་གཙོ་བོར་བྱེད་པས་ན་བྱ་རྒྱུད། ཕྱིའི་བྱ་བ་དང་ནང་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པས་ན་སྤྱོད་རྒྱུད། ནང་གི་རྣལ་འབྱོར་ཤིན་ཏུ་གཙོ་བོར་གྱུར་པས་ན་རྣལ་འབྱོར་རྒྱུད། རྣལ་འབྱོར་དེ་ལས་གོང་ན་མེད་པས་ན་རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཅེས་ཀྱང་ཟེར་ཏེ། <<སྔགས་རིམ་>>ལས། དེ་ལྟ་བུའི་འདོད་ཡོན་ལམ་དུ་བྱེད་པའི་ཐབས་ནི་སྟོང་པ་དང་ལྷའི་རྣལ་འབྱོར་ཡིན་ལ། དེ་གཉིས་མངོན་དུ་བྱེད་པ་ལ་ཕྱིའི་བྱ་བ་ཤིན་ཏུ་མང་པོ་ལ་ལྟོས་པ་ནི་བྱ་རྒྱུད་པའི་གདུལ་བྱའོ། །ཕྱིའི་བྱ་བ་དང་ནང་གི་ཏིང་ངེ་འཛིན་གཉིས་ཆ་མཉམ་པའི་བྱ་བ་ཧ་ཅང་མི་མང་བ་ལ་ལྟོས་པ་ནི་སྤྱོད་རྒྱུད་པའི་གདུལ་བྱའོ། །ཕྱིའི་བྱ་བ་དང་ནང་གི་ཏིང་ངེ་འཛིན་གཉིས་ལས་ཏིང་ངེ་འཛིན་གཙོ་བོར་གྱུར་ཅིང་ཕྱིའི་བྱ་བ་ཉུང་ཟད་ལ་ལྟོས་པ་ནི་རྣལ་འབྱོར་རྒྱུད་ཀྱི་གདུལ་བྱའོ། །ཕྱིའི་བྱ་བ་ལ་མི་ལྟོས་ཤིང་རྣལ་འབྱོར་དེ་ལས་གོང་ན་མེད་པའི་རྣལ་འབྱོར་སྐྱེད་ནུས་པ་ནི་རྣལ་འབྱོར་བླ་མེད་ཀྱི་གདུལ་བྱ་སྟེ། ཞེས་གསུངས་པ་ལྟར་རོ།།

དེ་ཡང་རང་རང་གི་གདུལ་བྱའི་གཙོ་བོ་ལམ་ལ་འཇུག་པའི་དབང་གིས་གཙོ་ཆེ་ཆུང་ཙམ་གྱི་དབང་དུ་བྱས་པ་ཡིན་གྱི། མཐའ་གཅིག་ཏུ་ངེས་པ་ནི་མ་ཡིན་ནོ། ། རྒྱུད་སྡེ་འོག་མ་གསུམ་ལ། འབྲས་བུའི་གནས་སྐབས་ཀྱི་ཕུན་སུམ་ཚོགས་པ་ལྔ་དང་རྣམ་པ་མཐུན་པར་སྒོམ་པ་ཡོད་ཀྱང།  སྦྱངས་གཞི་སྐྱེ་འཆི་བར་དོ་གསུམ་དང་རྣམ་པ་མཐུན་པའི་ལམ་སྒོམ་པའི་རྣལ་འབྱོར་མེད་པས་བསྐྱེད་རིམ་མེད། ཡང་དེ་གསུམ་ལ། གནས་ལུགས་ཀྱི་སྟོང་ཉིད་དང་རང་གི་རྣལ་འབྱོར་ཡོད་ཀྱང།  དབུ་མའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་བདེ་སྟོང་གི་ཡེ་ཤེས་དང། དེ་ལས་བྱུང་བའི་ལྷ་སྐུ། དེ་གཉིས་འདྲེན་པའི་ཐབས་ལུས་ལ་གནད་དུ་བསྣུན་པའི་རྣལ་འབྱོར་མེད་པས་རྫོགས་རིམ་གྱི་རྣམ་གཞག་མེད་དོ། །རྒྱུད་སྡེ་འོག་མ་གསུམ་ལ་མཚན་བཅས་དང། མཚན་མེད་ཀྱི་རྣལ་འབྱོར་གཉིས་ཡོད་པས། བྱ་རྒྱུད་ཀྱི་མཚན་བཅས་ལ། བཟློས་བརྗོད་དང་བཅས་པའི་བསམ་གཏན། དེ་ལ་མི་ལྟོས་པའི་བསམ་གཏན། དངོས་གྲུབ་སྒྲུབ་ཚུལ་དང་གསུམ། དེའི་མཚན་མེད་ལ། མེ་གནས། སྒྲར་གནས། སྒྲ་མཐར་ཐར་པ་སྟེར་བའི་བསམ་གཏན་དང་གསུམ། སྤྱོད་རྒྱུད་ལའང།  མཚན་བཅས་དང་མཚན་མེད་གཉིས་ཡོད་པས། དེ་ལ་ཡང།  ཕྱིའི་ཡན་ལག་བཞིའི་བཟློས་བརྗོད་དང།  ནང་གི་ཡན་ལག་བཞིའི་བཟློས་བརྗོད་གཉིས་ཡོད། ཡན་ལག་བཞི་ནི། བདག་གི་གཞི། གཞན་གྱི་གཞི། སེམས་ལ་གཞོལ་བའི་གཞི། སྒྲ་ལ་གཞོལ་བའི་གཞི་དང་བཞིའོ། །རྣལ་འབྱོར་རྒྱུད་ལ། དང་པོའི་སྦྱོར་བ། དཀྱིལ་འཁོར་རྒྱལ་མཆོག ལས་རྒྱལ་མཆོག་སྟེ་རྒྱལ་མཆོག་གསུམ་ལ་རྒྱས་འབྲིང་བསྡུས་པ་རེ་དང། དེ་ཡང་ཕྱག་རྒྱ་བཞི་དང་སྦྱར་ན་སྐུ་ཕྱག་ཆེན། གསུང་ཆོས་རྒྱ། ཐུགས་དམ་རྒྱ། འཕྲིན་ལས་ལས་རྒྱ་སྟེ་བཞི་ཡོད། རྣལ་འབྱོར་བླ་མེད་ལ། བསྐྱེད་རིམ་སྤྱིའི་ཆིངས་ལྟ་བུ་ནི་རྒྱལ་མཆོག་རྣམ་གསུམ་དང། ཡང།  བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་ཏེ་བསྙེན་སྒྲུབ་ཡན་ལག་བཞི་ནི་དགྲ་ནག་སོགས་སྒྲུབ་ཐབས་སྤྱིའི་ཆིངས་ཡིན་ཀྱང།  གསང་བསྐྱེད་ལྟ་བུར། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་སྟེ་རྣལ་འབྱོར་བཞི་ཆིངས་དང། དེ་ཉིད་ཞེ་དགུའི་ཆིངས་མཛད།

དེ་ལྟ་བུའི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དེ་ལ་ཡང༌། བོད་སྔ་མ་དག་གིས་ཐབས་ཀྱི་རྒྱུད། ཤེས་རབ་ཀྱི་རྒྱུད། གཉིས་མེད་ཀྱི་རྒྱུད་དང་གསུམ་དུ་འདོད་པ་དང༌། ཕ་མའི་རྒྱུད་ཀྱི་ཁྱད་པར་འཇོག་ཚུལ་ལ་ཡང་བཞེད་ཚུལ་སྣ་ཚོགས་པ་ཞིག་ཡོད་ཀྱང༌། རྗེ་བླ་མའི་རང་ལུགས་ནི། <<སྡོམ་འབྱུང་>>ལས། རྣལ་འབྱོར་རྒྱུད་རྣམས་ཀྱི་ནི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲགས། །ཞེས་གསུངས་པ་ལྟར། བླ་མེད་ཀྱི་རྒྱུད་ལ་རྣལ་འབྱོར་ཕའི་རྒྱུད་དང༌། རྣལ་འབྱོར་མའི་རྒྱུད་གཉིས་སུ་དབྱེ་བར་འདོད་དེ། སྤྱིར་བླ་མེད་ཀྱི་རྒྱུད་ཡིན་ན་ཐབས་བདེ་བ་ཆེན་པོ་དང༌། ཤེས་རབ་སྟོང་པ་ཉིད་གཉིས་ཟུང་དུ་འབྲེལ་བའི་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་ཡིན་པར་ཁྱབ་ཅིང༌། ཐབས་ཤེས་གཉིས་མེད་ཅེས་པའི་ཐབས་ནི། ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་དང༌། ཤེས་རབ་ནི་སྟོང་ཉིད་རྟོགས་པའི་ཡེ་ཤེས་ལ་བྱེད་དེ། <<རིམ་ལྔ་གསལ་སྒྲོན་>>ལས། དེ་ལ་རྣལ་འབྱོར་མ་བླ་ན་མེད་པ་དང༌། རྣལ་འབྱོར་ཕ་བླ་ན་མེད་པ་གཉིས་ཀའི་རྣམ་འབྱོར་གྱི་དོན་ནི་ཐབས་ཤེས་ཕྱོགས་རེ་བ་མ་ཡིན་པར། ཐབས་ཤེས་མཉམ་པར་སྦྱོར་བར་གསུངས་པའི་ཐབས་ནི་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོ་ཡིན་ལ། ཤེས་རབ་ནི་བདག་མེད་པ་སྟོང་པ་ཉིད་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་བློ་ཡིན་པར་མང་དུ་གསུངས་ཤིང་གྲགས་ཀྱང་ཆེ་བ་ལྟར་ཡིན་ནོ།།

དེ་འདྲ་བའི་བདེ་སྟོང་གི་ཐབས་ཤེས་གཉིས་ཀྱི་ངོ་བོ་དབྱེར་མེད་པར་སྦྱོར་བའི་དབང་དུ་བྱས་ན་ནི། བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་དེ་འདྲ་ཞིག་བརྗོད་བྱའི་དོན་མཆོག་ཏུ་བྱེད་པ་འདྲ་བ་ཡིན་པས། བླ་མེད་ཀྱི་རྒྱུད་ཐམས་ཅད་རང་གི་ངོ་བོའི་གནས་ཚུལ་ནི་གཉིས་སུ་མེད་པའི་རྒྱུད་ཉིད་དུ་གནས་སོ། །ཞེས་གསུངས་པ་ལྟར། དེ་འདྲའི་ཐབས་ཤེས་ཟུང་དུ་འབྲེལ་བའི་བླ་མེད་ཀྱི་རྒྱུད་ལ་ཕ་རྒྱུད་དང༌། མ་རྒྱུད་གཉིས་སུ་གྲངས་ངེས་ཤིང་དེར་མི་འདུ་བ་མེད་པར་བཞེད་དོ། །འོ་ན་རྫོགས་རིམ་གྱི་སྒོ་ནས་ཕ་རྒྱུད་ལ་ཐབས་ཀྱི་རྒྱུད་དང༌། མ་རྒྱུད་ལ་ཤེས་རབ་ཀྱི་རྒྱུད་ཅེས་བཤད་པའི་ཐབས་དང་ཤེས་རབ་དེ་གཉིས་གང་ལ་བྱེད་ཅེ་ན། གཙོ་བོར་གཟུགས་སྐུ་སྒྲུབ་བྱེད་སྣང་ཕྱོགས་ཐབས་ཀྱི་ཆ་དང༌། གཙོ་བོར་ཆོས་སྐུ་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་ལ་བྱེད་དེ། སྟོང་བཞིའི་བཞོན་པའི་རླུང་འོད་ཟེར་ལྔ་ལས། ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་སྟོན་པའི་རྒྱུད་དངོས་དང་དེའི་སྡེར་གཏོགས་པའི་རྒྱུད་ལ་ཕ་རྒྱུད་ཅེས་དང༌། ལྷན་སྐྱེས་ཀྱི་བདེ་བ་དང་སྟོང་པ་གཉིས་དབྱེར་མི་ཕྱེད་པའི་དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་སམ་འོད་གསལ་གཙོ་བོར་སྟོན་པའི་རྒྱུད་དངོས་དང་དེའི་སྡེར་གཏོགས་པའི་རྒྱུད་ལ་མ་རྒྱུད་ཅེས་བྱ་སྟེ། <<རིམ་ལྔ་གསལ་སྒྲོན་>>ལས། ཀུནྟ་ལྟ་བུའི་བྱང་སེམས་སྤྱི་བོ་ནས་ནོར་བུའི་བར་དུ་བྱུང་བའི་ཡས་བབས་དང༌། དེ་ནས་སྤྱི་གཙུག་ནས་ལོག་པའི་མས་བརྟན་གྱི་དགའ་བ་བཞི་སྐྱེ་ཚུལ་དང༌། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་པའི་བདེ་བ་དང་སྟོང་པ་གཉིས་དབྱེར་མེད་མི་ཕྱེད་པར་སྦྱོར་བའི་སྒོ་ནས་དོན་དམ་པའི་དེ་ཁོ་ན་སྟོང་པ་ཉིད་ལ་རབ་ཏུ་འཇུག་པའི་རྟོགས་པ་གོང་ནས་གོང་དུ་བགྲོད་པའི་རིམ་པ་གཙོ་བོར་སྟོན་ཞིང༌། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་བཞོན་པའི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་མི་སྟོན་པ་ནི་རྣལ་འབྱོར་མའི་རྒྱུད་ཅེས་བྱ་སྟེ། ལྷན་སྐྱེས་ཀྱི་ཤེར་ཕྱིན་ཆོས་སྐུ་སྒྲུབ་པའི་ཐབས་འདི་ནི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་ལ། གཙོ་བོར་ཆོས་ཀྱི་སྐུ་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆ་ཡིན་པས་མ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །ཞེས་དང༌། ཡང༌། འོད་གསལ་འཆར་བའི་གནས་སྙིང་གར་རླུང་རིམ་གྱིས་སྡུད་པའི་རིམ་པ་ལས་ལུགས་འབྱུང་གི་སྟོང་པ་བཞི་དང༌། དེ་ནས་ཕྱི་ལ་ལྡང་བའི་རིམ་པ་ལས་ལུགས་ལྡོག་གི་སྟོང་པ་བཞིའི་སྒོ་ནས་སྟོང་པའི་ཡེ་ཤེས་སྐྱེ་ཚུལ་དང༌། འོད་གསལ་གྱི་རླུང་འོད་ཟེར་ལྔ་ལས་ཀུན་རྫོབ་སྒྱུ་མའི་སྐུ་སྒྲུབ་ཚུལ་གཙོ་བོར་སྟོན་པ་ནི་རྣལ་འབྱོར་ཕའི་རྒྱུད་ཅེས་བྱ་སྟེ། དེ་ནི་སྟོང་པའི་ཡེ་ཤེས་དང༌། རླུང་ལས་བསྒྲུབས་པའི་སྐུ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་རྣལ་འབྱོར་ཡང་ཡིན་པས། གཙོ་བོར་གཟུགས་ཀྱི་སྐུ་སྒྲུབ་བྱེད་སྣང་ཕྱོགས་ཐབས་ཀྱི་ཆ་ཡིན་པས་ཕ་ཞེས་ཀྱང་བརྗོད་པའི་ཕྱིར་རོ། །ཞེས་གསལ་བར་གསུངས་པ་ལྟར་རོ།།

ལམ་གྱི་རྣམ་གཞག་ལ་ཡང༌། སློབ་དཔོན་འཇམ་དཔལ་གྲགས་པའི་སྙིང་པོ་རྒྱན་ལས་གསུངས་པ་ལྟར། ཁ་ཅིག་གིས། བསྐྱེད་རིམ་ནི་ཐུན་མོང་བའི་དངོས་གྲུབ་སྒྲུབ་པ་ཙམ་གྱི་གདུལ་བྱ་བློ་དམན་ལ་གསུངས་པ་ཡིན་གྱི། མཆོག་གི་དངོས་གྲུབ་འདོད་པས་ནི་དང་པོ་ཉིད་ནས་རྫོགས་རིམ་བསྒོམ་པར་བྱ་བ་ཡིན་ནོ་ཟེར་བ་དང༌། ལ་ལས། རྫོགས་རིམ་ནི་དབང་བཞི་པའི་དོན་ཁོ་ནར་སྒོམ་པར་འདོད་པ་དང༌། ཁ་ཅིག་གིས། སྟོང་པ་ཉིད་བཤད་པ་གནས་སྐབས་ཀྱི་ལོག་རྟོག་འགོག་ཆེད་ཙམ་ཡིན་པས། སངས་རྒྱས་འཐོབ་པ་ལ་བསྐྱེད་རིམ་གྱི་ཚོགས་རྒྱ་ཆེན་པོ་དང་བཅས་ཏེ་རང་ལྷར་བསྒོམ་པས་ཆོག་ཟེར་བ་སོགས་རིམ་གཉིས་ཡ་བྲལ་དུ་འདོད་པ་དང༌། ཡང་ཁ་ཅིག་གིས། ལྷའི་རྣལ་འབྱོར་དང་ངེས་དོན་ཟུང་འབྲེལ་དུ་སྒོམ་ཟེར་ཡང༌། ངེས་དོན་བསྒོམ་པ་ནི་ཅི་ཡང་མི་སེམས་པར་སེམས་འཇོག་པ་ལ་བྱེད་པས། ཧྭ་ཤང་གི་ལྟ་བ་ཇི་བཞིན་སྐྱོང་བ་དང༌། ལ་ལས། སེམས་བདེ་གསལ་མི་རྟོག་པ་ལ་གནས་པ་འདི་གོམས་པར་བྱས་པ་ཁོ་ནས་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་ཚེ་འདིར་སངས་རྒྱས་འཐོབ་པར་འདོད་པ་སོགས་གསང་སྔགས་ཀྱི་ལམ་གྱི་གཞི་སྟོང་ཞིང་རྒྱུད་དང་གྲུབ་ཆེན་གྱི་དགོངས་པར་ཕྱིན་ཅི་ལོག་ཏུ་སོང་བའི་བཤད་ཚུལ་སྣ་ཚོགས་ཡོད་ཀྱང༌། འདིར་རིམ་གཉིས་ཡ་མ་བྲལ་བ་མེ་ཏོག་དང་དེའི་དྲི་བཞིན་དུ་རྟེན་དང་བརྟེན་པར་གནས་པ་དང༌། དེ་ཡང་རིམ་ཅན་དུ་བསྒོམ་པར་འདོད་དེ། <<འདུས་པ་ཕྱི་མ་>>ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་གནས། །བསྐྱེད་པ་ཡི་ནི་རིམ་པ་དང༌། །རྫོགས་པ་ཡི་ནི་རིམ་ཉིད་དོ། །ཞེས་གསུངས་པ་ལྟར། ཐེག་པ་ཐུན་མོང་བའི་ལམ་གྱི་རིམ་པས་བློ་ལེགས་པར་སྦྱངས་ནས་ཐུན་མོང་མ་ཡིན་པ་རྡོ་རྗེ་ཐེག་པའི་ལམ་ལ་ཞུགས་པ་ལ། འཇུག་སྒོ་དབང་བཞི་རྣམ་པར་དག་པས་རྒྱུད་སྨིན་པར་བྱས་ཤིང༌། དབང་དུས་སུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་ཚུལ་བཞིན་བསྲུངས་པའི་སྒོ་ནས་ཐོག་མར་བསྐྱེད་རིམ་ཕྲ་རགས་ཀྱི་རྣལ་འབྱོར་བསྒོམས་པས་རྫོགས་རིམ་གྱི་ལམ་ཡོངས་སུ་རྫོགས་པ་བདེ་བླག་ཏུ་སྐྱེ་བའི་རྒྱུད་སྨིན་པར་བྱས། དེ་ནས་རྫོགས་རིམ་ཡན་ལག་དང་བཅས་པ་བསྒོམས་པས་གྲོལ་བྱེད་ཀྱི་ལམ་ཆ་ཚང་བར་བྱ་དགོས་ཏེ། <<སྔགས་རིམ་>>ལས། བསྐྱེད་རྫོགས་གཉིས་ནི་མེ་ཏོག་དང་དེའི་དྲི་བཞིན་དུ་རྟེན་དང་བརྟེན་པར་བསྒྲུབས་སོ། །དེ་ཡང༌། ཐུགས་དངོས་པོའི་དེ་ཁོ་ན་ཉིད་ལ་ཞུགས་པ་ནི་རྫོགས་རིམ་གྱིས་སྒྲུབ་ལ། ལུས་གཟུགས་སྐུར་གནས་པ་ནི་བསྐྱེད་རིམ་གྱིས་སྒྲུབ་ཅིང༌། སྐུ་ནི་ཐུགས་ཀྱི་རྟེན་ཡིན་པ་ལ་དགོངས་ནས་རྟེན་དང་བརྟེན་པར་གསུངས་ཏེ། ལམ་དུས་སུའང་དེ་དང་རྗེས་སུ་མཐུན་པའི་རྟེན་དང་བརྟེན་པ་ཡོད་དོ། །ཞེས་དང༌། བསྐྱེད་རིམ་གྱིས་སྨིན་པར་བྱས་པའི་རྒྱུད་ལ་རྫོགས་རིམ་སྐྱེ་ཡི། དེས་མ་ཟིན་ན་རྫོགས་རིམ་གྱི་ཆ་འགའ་ཞིག་སྐྱེ་ཡང༌། ལམ་བགྲོད་ནུས་པའི་རྫོགས་རིམ་མི་སྐྱེ་བས་ཐོག་མར་བསྐྱེད་རིམ་དང༌། དེ་ནས་རྫོགས་རིམ་བསྒོམ་པར་མང་དུ་གསུངས་ཏེ། ཞེས་ལམ་གཉིས་རིམ་ཅན་དུ་བསྒོམ་དགོས་པ་གསལ་བར་གསུངས་པ་དང༌། གཞན་ཡང༌། <<རིམ་ལྔ་>>ལས་ཀྱང༌། བསྐྱེད་པའི་རིམ་པ་ལེགས་གནས་ཤིང༌། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་དང༌། <<སྤྱོད་བསྡུས་>>ལས། སེམས་ཅན་དང་པོའི་ལས་ཅན་རྣམས། །དམ་པའི་དོན་ལ་འཇུག་པ་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་བཞག །ཅེས་གསུངས་སོ། །དེ་ན་རང་འབྲས་རྫོགས་རིམ་གྱི་རྒྱུད་སྨིན་བྱེད་ཀྱང་ཡིན། སྒོམ་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བ་མ་ཡིན་པར། སྐྱེ་ཤི་བར་དོ་གསུམ་པོ་ཅི་རིགས་དང་རྣམ་པ་མཐུན་པར་བློས་གསར་དུ་བཏགས་ནས་སྒོམ་པའི་རྣལ་འབྱོར་དེ་བསྐྱེད་རིམ་གྱི་ངོ་བོ་ཡིན་ཞིང༌། འདི་ལ་བཏགས་པའི་རྣལ་འབྱོར་དང༌། བཅོས་མའི་རྣལ་འབྱོར་ཀྱང་ཟེར་ཏེ། <<སྔགས་རིམ་>>ལས། བསྐྱེད་རིམ་པས་ནི་དབྱངས་གསལ་གྱི་ཡི་གེ་དང༌། དེ་ལས་བྱུང་བའི་ཟླ་ཉི་དང༌། ས་བོན་གྱི་ཡི་གེ་དང༌། ཕྱག་མཚན་སོགས་ཀྱི་ཐབས་ལས་རང་ཉིད་ལྷའི་སྐུར་རྫོགས་པར་བྱེད་དེ་བློས་བསྐྱེད་ཅིང་བཏགས་པ་ཙམ་མོ་ཞེས་དང༌། ཡང༌། བསྐྱེད་རིམ་པའི་སྐུ་རྫོགས་པའི་ཐབས་ཀྱང་བློས་བཅོས་པ་ཡིན་ལ། ཐབས་དེ་ལས་བྱུང་བའི་ལྷ་སྐུ་ཡང་བཅོས་མའོ། །ཞེས་གསུངས་པ་ལྟར། སྒྲ་བཤད་ཙམ་དུ། རྟོག་པས་བཏགས་པའམ་བློས་བཅོས་ཤིང་བསྐྱེད་པའི་སྒོ་ནས་བསྒོམ་པར་བྱ་བའི་རིམ་པ་ཡིན་པས་ན་བསྐྱེད་རིམ་ཞེས་ཟེར་རོ།།

བསྐྱེད་རིམ་པའི་སྤང་བྱའི་གཙོ་བོ་ནི་ཐ་མལ་གྱི་སྣང་བ་དང་ཞེན་པ་གཉིས་ཡིན་པས། ཐ་མལ་དུ་སྣང་བའི་གཉེན་པོར་གསལ་སྣང་དང༌། ཞེན་པའི་གཉེན་པོར་ང་རྒྱལ་བསྒྲུབ་དགོས་ཤིང༌། དེ་གཉིས་ལས་ཀྱང་ཞེན་པ་སྤང་བྱའི་གཙོ་བོ་དང་སྣང་བ་ཕལ་པ་ཙམ་ཡིན་ཏེ། <<སྔགས་རིམ་>>ལས། ཐ་མལ་པའི་ང་རྒྱལ་གྱི་གཉེན་པོར་རྟེན་དང་བརྟེན་པའི་དཀྱིལ་འཁོར་བའི་ང་རྒྱལ་སྒོམ་པ་ནི་གཙོ་བོ་ཡིན་ལ། ཐ་མལ་པའི་སྣང་བ་བཟློག་པའི་རྟེན་དང་བརྟེན་པའི་སྣང་བ་ཁྱད་པར་ཅན་སྒོམ་པ་ནི་དེའི་ཡན་ལག་གོ །ཞེས་གསུངས་ཤིང་། དེ་འདྲའི་ཐ་མལ་པའི་སྣང་བ་དང་ཞེན་པ་ཞེས་པའང་རྟེན་དང་བརྟེན་པའི་དཀྱིལ་འཁོར་ཐ་མལ་རང་ག་བ་ཞིག་ཏུ་སྣང་བ་དང༌། དེ་ལྟ་བུར་ཞེན་པའི་བློ་ལྷན་སྐྱེས་སུ་ཡོད་པ་དེ་ལ་བྱེད་ཅིང༌། དེ་གཉིས་ཇི་ལྟར་འགོག་ཅེ་ན། རྟེན་དང་བརྟེན་པའི་དཀྱིལ་འཁོར་གསལ་བཏབ་པའི་ཚེ་ཇི་ལྟར་གསལ་བཏབ་པ་བཞིན་གྱི་གསལ་བར་སྣང་བའི་བློ་དེ་ཡང་ཡང་གོམས་པར་བྱས་པ་ལས། ཡིད་ངོར་ཐ་མལ་པའི་སྣང་བ་ཟློག་སྟེ། ཡེ་ཤེས་རང་སྣང་ལས་གྲུབ་པའི་དག་པའི་རྟེན་དང་བརྟེན་པའི་སྣང་བ་འགོག་མེད་དུ་བློ་ལ་འཆར་བས་ཐ་མལ་པའི་སྣང་བ་འགོག་པ་དང༌། དེ་ལྟར་དུ། བརྟེན་པ་ལྟར་བསྐྱེད་པ་ན། ལྷའི་ང་རྒྱལ་བརྟན་པོ་གོམས་པས་རང་ལ་ཐ་མལ་དུ་ཞེན་པའི་བློ་ལྷན་སྐྱེས་སུ་ཡོད་པ་དེ་འགོག་པ་ཡིན་ཞིང༌། དེ་ཡང་དབང་ཤེས་ལ་སྣང་བའི་སྣང་བ་དེ་འགོག་པ་མ་ཡིན་པར། ཡིད་ཀྱི་ཤེས་པ་ལ་ཐ་མལ་བའི་སྣོད་བཅུད་དུ་སྣང་བ་དང་ཞེན་པ་དེ་ཉིད་འགོག་དགོས་པ་ཡིན་ཏེ། <<སྔགས་རིམ་>>ལས། སྤང་བྱ་ཐ་མལ་པའི་སྣང་བ་ནི་དབང་པོའི་ཤེས་པ་ལ་སྣང་བའི་སྣོད་བཅུད་མིན་གྱི། ཡིད་ཀྱི་ཤེས་པ་ལ་ཐ་མལ་པའི་སྣོད་བཅུད་དུ་སྣང་བ་དེ་ཡིན་ལ། ཞེས་གསུངས་པ་ལྟར་དང༌། དེ་གཉིས་བསྐྱེད་རིམ་པས་ཇི་ལྟར་སྤོང་པའི་ཚུལ་ཡང༌། <<སྔགས་རིམ་>>ལས། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤོང་བ་ལྟར་ས་བོན་སྤོང་བ་སྐབས་འདིར་འོང་དོན་མེད་ལ། འཇིག་རྟེན་པའི་ལམ་གྱི་སྤོང་བ་ལྟར་ས་བོན་ཉམས་སྨད་ནས་མངོན་གྱུར་སྤོང་བ་ཡང་མིན་ནོ། །འོ་ན་ཇི་ལྟར་འགོག་སྙམ་ན། གློ་བུར་བའི་འགལ་རྐྱེན་གཞན་མེད་ན་རྟེན་དང་བརྟེན་པའི་དཀྱིལ་འཁོར་དེ་དང་དེའི་ང་རྒྱལ་བཟུང་བའི་ཚེ་སྔར་བཤད་པ་ལྟར་གྱི་ང་རྒྱལ་དུ་འཕོ་ནུས་པ་དང༌། དཀྱིལ་འཁོར་གསལ་བཏབ་པའི་ཚེ་གང་གསལ་བཏབ་པ་བཞིན་དུ་ཤིན་ཏུ་གསལ་བར་སྣང་བ་སྐྱེས་ན། ཡིད་ངོར་ཐ་མལ་པའི་སྣང་བ་ཟློག་པའི་ཚུལ་དེས་ཐ་མལ་པའི་སྣང་ཞེན་གཉིས་ཟློག་པ་ཡིན་ནོ། །ཞེས་དང༌། <<བསྐྱེད་རིམ་ཆེན་མོ་>>ལས་ཀྱང༌། དེས་ན་ཐ་མལ་པའི་སྣང་བ་འདི་བློ་ངོར་འགོག་དགོས་ལ། དེ་འགོག་པའང་ཐ་མལ་པའི་སྣང་བ་འདི་ཅང་མེད་དུ་བསྒོམས་ནས་འགོག་པ་མ་ཡིན་གྱི། ཐ་མལ་པའི་སྣང་བ་ཀུན་རྫོབ་ལ་འཇུག་པའི་བློ་འདི་ནང་དུ་བསྡུས་ནས་དོན་དམ་སྟོང་པ་ཉིད་ལ་སེམས་བཟུང་བའི་སྒོ་ནས་ཐ་མལ་པའི་སྣང་བ་བློ་ཡུལ་དུ་འཆར་བ་འགོག་པ་ཡིན་པས། དེའི་ཕྱིར་དུའང་སྟོང་ཉིད་སྒོམ་པ་ཡིན་ཏེ། ཐ་མལ་གྱི་སྣང་བ་བློ་ལ་འཆར་བ་འགོག་པ་དང༌། དོན་ལ་ཡོད་པ་འགོག་པ་གཉིས་ཀྱི་ཁྱད་པར་ཤེས་པར་གྱིས་ཤིག །ཅེས་གསུངས་སོ། །འོན་ཀྱང་ཐ་མལ་པའི་སྣང་བ་དང་ཞེན་པའི་ངོ་བོ་ངོས་འཛིན་ཚུལ་ལ། མཁས་པ་ཁ་ཅིག ཐ་མལ་པའི་སྣང་བ་ཉོན་སྒྲིབ་དང༌། ཞེན་པ་ཤེས་སྒྲིབ་ཏུ་འཇོག་པ་དང༌། ལ་ལས། གཉིས་ཀ་ཉོན་སྒྲིབ་ཏུ་འདོད་པ་དང་མི་འདོད་པའི་ལུགས་སོགས་བཞེད་ཚུལ་སྣ་ཚོགས་ཡོད་ཀྱང༌། སྤྱིར་ཐ་མལ་པའི་སྣང་ཞེན་འདི། དག་པའི་སྣོད་བཅུད་བསྒོམ་པ་ལ་བར་དུ་གཅོད་པའི་གེགས་ཡིན་པས། དག་པའི་སྣང་ཞེན་བརྟན་པོ་ལ་གོམས་པ་ཆེར་ཕྱིན་པས་མ་དག་པའི་སྣང་ཞེན་བློ་ངོར་འགགས་པ་ཙམ་ལ་ཡིན་གྱི། དེ་གཉིས་རང་གི་དངོས་གཉེན་གྱིས་རྫས་རྒྱུན་གཅོད་པས་སྤོང་བ་ལྟ་བུའི་སྒྲིབ་པ་སྤོང་ཚུལ་མིན་པས་སྒྲིབ་པར་མི་འདོད་ཅེས་ཕྱིས་ཀྱི་མཁས་པའི་དབང་པོ་འགའ་ཞིག་བཞེད་དོ།།

ཡིན་ནའང༌། སྣོད་བཅུད་ཐ་མལ་དུ་སྣང་ཞིང་ཞེན་པའི་རྩ་བ་ནི་སྣོད་བཅུད་ལ་བདེན་པར་སྣང་བ་དང་བདེན་པར་ཞེན་པ་འདི་ལ་ཐུག་པ་ཡིན་ཏེ། སྙན་བརྒྱུད་གདམས་པའི་མཛོད་འཛིན་རྗེ་ཤེས་རབ་རྒྱ་མཚོའི་<<བདེ་མཆོག་བསྐྱེད་རིམ་>>ལས། ཐ་མལ་སྣང་ཞེན་གྱི་གཙོ་བོ་བདེན་སྣང་དང་བདེན་ཞེན་ཡིན། ང་བདེན་པར་བཟུང་བས་གནས་ལུས་ལོངས་སྤྱོད་འཁོར་གྲོགས་ཐམས་ཅད་ལ་ངའི་ཞེས་བདེན་ཞེན་སྐྱེས་པའི་རྩ་བ་ཡིན་གསུངས་པ་ལྟར། ཐ་མལ་པའི་ལུས་འདི་ལ་བདེན་ཞེན་གྱིས་ལྷ་སྐུར་བཟུང་བས་འཁོར་བའི་རྩ་བ་གཅོད་པ་ལ་མི་ཕན་ཞིང། སྟོང་ཉིད་ལ་ངེས་པ་དྲངས་ནས་སྣང་ཆ་ལྷའི་རྣམ་པར་ཤར་ན་ངེས་ངོར་སྟོང་ཉིད་བསྒོམས་པས་ཡེ་ཤེས་ཀྱི་ཚོགས་དང༌། སྣང་ཆ་ལྷ་སྐུར་ཤར་བས་བསོད་ནམས་ཀྱི་ཚོགས་ཏེ། བློ་གཅིག་གི་སྟེང་ནས་ཚོགས་གཉིས་ཟུང་དུ་འབྲེལ་བ་ཡོད་པས་ཚོགས་རྫོགས་པའི་ཚབས་ཧ་ཅང་ཆེ་བ་དང༌། ལྷག་པར་ལྟ་བས་ཟིན་ན་འཁོར་རྩ་གཅོད་པ་ལ་ནུས་པ་ཤིན་ཏུ་ཆེ་སྟེ། <<བསྐྱེད་རིམ་ཆེན་མོ་>>ལས། རིམ་པ་དང་པོའི་སྐབས་ཕལ་ཆེར་སྣང་ཕྱོགས་ལྷའི་འཁོར་ལོ་གཙོ་བོར་སྒོམ་པ་ཡིན་མོད་ཀྱི། དེ་འདྲའི་ལྷའི་འཁོར་ལོ་ཐམས་ཅད་ཀྱང་ཆོས་ཐམས་ཅད་རང་བཞིན་མེད་པའི་སྟོང་པ་ཉིད་ལ་ངེས་པ་ཤུགས་ཅན་བསྐྱེད་ནས་ཐམས་ཅད་སྒྱུ་མ་ལྟར་དུ་འཆར་བ་ལ་བསླབ་ཅིང༌། དམིགས་པ་ལྷ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པའི་དོན་ངེས་པའི་བློ་དེའི་གཟུང་རྣམ་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་ཤར་བ་རྣམ་པ་ཐམས་ཅད་དུ་སྒོམ་པའི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ལ་གོམས་པར་བྱའོ། །དེ་ལྟར་བྱས་ན། བསྐྱེད་རིམ་གྱི་སྐབས་སུ་ལྷའི་འཁོར་ལོ་གང་སྒོམ་ཐམས་ཅད་འཁོར་བའི་རྩ་བ་བདག་འཛིན་དང་འཛིན་སྟངས་དངོས་སུ་འགལ་བའི་ལམ་དུ་སོང་ནས་སྲིད་པའི་སྡུག་བསྔལ་མཐའ་དག་ལས་གྲོལ་བའི་རྒྱུར་འགྲོ་བ་ཡིན་པས་དོན་ཆེན་པོ་དཔག་པར་དཀའ་བའི་གནས་འདི་ལ་ངེས་པ་རྙེད་དགོས་སོ། །ཞེས་དང༌། ཡང༌། མ་དག་པའི་བློ་འདི་བདེན་མེད་དུ་གཏན་ལ་ཕབ་ནས་སྒྱུ་མ་ལྟར་སྒོམ་པའི་བློ་དེ་ཉིད་ནི་ཤེས་རབ་རྐྱང་པ་ཡིན་ལ། དཀྱིལ་འཁོར་གྱི་འཁོར་ལོ་ལ་དམིགས་ནས་རྣམ་པ་རང་བཞིན་མེད་པར་སྒོམ་པའི་བློ་དེ་ནི། དཀྱིལ་འཁོར་གྱི་འཁོར་ལོ་ལ་དམིགས་པའི་ཆ་ནས་བསོད་ནམས་ཀྱི་ཚོགས་དང༌། རང་བཞིན་མེད་པའི་འཛིན་སྟངས་ཅན་དུ་སྐྱེས་པའི་ཆ་ནས་ཡེ་ཤེས་ཀྱི་ཚོགས་གཉིས་ཀའི་ངོ་བོར་སྐྱེས་པ་ཡིན་ཞིང༌། དེའི་བསོད་ནམས་ཀྱི་ཚོགས་ནི་སྔགས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་བསོད་ནམས་ཀྱི་ཚོགས་ཡིན་པས། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་བསོད་ནམས་ཀྱི་ཚོགས་ལས་ཆེས་ཁྱད་པར་དུ་འཕགས་ལ། བསོད་ནམས་ཀྱི་ཚོགས་ཇི་ཙམ་ཁྱད་ཞུགས་པ་དེ་ཙམ་གྱིས་ཡེ་ཤེས་ཀྱི་ཚོགས་ཁྱད་ཞུགས་པར་འགྲོ་བ་ཡིན་པས། དམིགས་པ་ལྷའི་འཁོར་ལོ་ལ་དམིགས་ནས་རང་བཞིན་མེད་པར་ངེས་པའི་བློ་དེ། མྱུ་གུ་ལ་དམིགས་ནས་རང་བཞིན་མེད་པར་ངེས་པའི་བློ་ལྟ་བུ་ལས་བདེན་འཛིན་གྱི་གཉེན་པོར་འགྲོ་བའི་ནུས་པ་བརྒྱ་འགྱུར་གྱིས་ལྷག་པ་ཡིན་པས། བློ་གཅིག་ཉིད་འཁོར་བའི་རྩ་བ་གཅོད་པ་ལ་ནུས་པ་མཐུ་ལྡན་གྱི་ཚོགས་གཉིས་ཁྱད་པར་ཅན་གྱི་ངོ་བོར་སྐྱེས་པ་འདི་ལྟ་བུའི་ལམ་ལ་ལེགས་པར་འབད་ནས། དལ་བའི་རྟེན་ལ་སྙིང་པོ་ལེན་པར་གྱིས་ཤིག་ཅེས་གསུངས་པ་ལྟར། ཐ་མལ་པའི་སྣང་བ་ལྡོག་དགོས་པའི་གཙོ་བོ་ཡང༌། སྣང་ཕྱོགས་ལྷའི་འཁོར་ལོ་སྒོམ་པ་ཐམས་ཅད་སྟོང་པ་ཉིད་ཀྱི་རྣམ་འཕྲུལ་དུ་འཆར་བའི་ཆེད་ཡིན་པས། དཔེར་ན། མཉམ་བཞག་ཏུ་ཆོས་ཉིད་ལ་ཡུན་རིང་པོར་མཉམ་པར་བཞག་པ་ལས་ལངས་པའི་རྗེས་ཐོབ་པ་དག་ལ། འཇིག་རྟེན་གྱི་ཆོས་སྣ་ཚོགས་པ་འདི་ཐམས་ཅད་སྣང་ལ་རང་བཞིན་མེད་པ་སྒྱུ་མ་ལྟ་བུར་མཉམ་བཞག་གི་སྟོབས་ཀྱིས་འཆར་བ་ལྟར། འདིར་ཡང་སྔོན་དུ་སྟོང་ཉིད་བསྒོམས་ནས་དེ་ལས་ལངས་པས་བློ་དེའི་རྩི་མ་ཡལ་བར། བར་མ་ཆད་དུ་ལྷའི་འཁོར་ལོ་སྒོམ་པ་ན། དེ་རྣམས་སྣང་བ་རང་བཞིན་མེད་པ་སྒྱུ་མ་ལྟར་འཆར་བར་འགྱུར་བས། དེ་ལྟར་རིམ་པ་དང་པོར་སྣང་ཕྱོགས་ལྷའི་འཁོར་ལོ་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟར་བསྒོམས་པ་འདི་ནི་རྫོགས་རིམ་གྱི་རྟོགས་པ་ཡོངས་རྫོགས་སྐྱེ་བའི་ཐབས་ཀྱི་རྒྱུད་སྨིན་པར་བྱེད་པ་ཡིན་ལ། སྟོང་ཉིད་མ་བསྒོམས་ན་རྫོགས་རིམ་སྨིན་བྱེད་དུ་མི་འགྲོ་སྟེ། <<སྔགས་རིམ་>>ལས། རིམ་པ་དང་པོའི་སྐབས་སུ་སྟོང་ཉིད་སྒོམ་པ་ནི་ཤིན་ཏུ་དགོས་ཏེ། རིམ་པ་དང་པོ་ནི་རྫོགས་རིམ་གྱི་རྟོགས་པ་ཡོངས་རྫོགས་སྐྱེ་བའི་ཐབས་ཀྱི་རྒྱུད་སྨིན་པར་བྱེད་པ་ཡིན་ལ། སྟོང་ཉིད་མ་བསྒོམས་ན་དེ་ལྟ་བུའི་སྨིན་པ་སྒྲུབ་མི་ནུས་པའི་ཕྱིར་རོ། །ཞེས་དང༌། ཡང༌། རྟོག་ལྡན་མཁས་པ་ལ་སྐྱེ་བའི་དོགས་པའི་གནས། འཆིང་བའི་རྩ་བ་བདག་འཛིན་དང་རྣམ་པར་འགལ་བའི་བདག་མེད་རྟོགས་པའི་ལྟ་བ་མེད་ན། འཁོར་བ་ལས་གྲོལ་བྱེད་ཀྱི་ལམ་གྱི་སྙིང་པོ་སྟོར་བར། རྩོད་པ་འདི་དང་འདིའི་ལན་བྱས་ཚུལ་འདི་རྣམས་རིམ་པ་གཉིས་ཀ་ལ་དགོས་པ་ཡིན་པར་ཤེས་རབ་ཅན་གྱིས་ཤེས་པར་བྱོས་ཤིག །ཅེས་གསུངས་པ་ལྟར་རོ།།

ཡང་<<བསྐྱེད་རིམ་ཆེན་མོ་>>ལས། བསྐྱེད་རིམ་གྱི་གཙོ་བོའི་ལམ་གྱི་ཆ་དག་ནི། མར་སྦྱང་གཞི་དང་རྣམ་པ་མཐུན་པ། ཡར་འབྲས་བུ་དང་རྣམ་པ་མཐུན་པ། བར་རྫོགས་རིམ་དང་རྣམ་པ་མཐུན་པ་གསུམ་ནི་གཞི་མཐུན་དུ་གྱུར་པའི་བསྒོམ་ཚུལ་རེ་དགོས་ལ། ཞེས་གསུངས་པ་ལྟར། བསྐྱེད་རིམ་སྐབས་ཀྱི་འཆི་བ་ཆོས་སྐུར་འཁྱེར་བའི་ལམ་འཁྱེར་ཡང༌། སྦྱང་གཞི་གཞི་དུས་ཀྱི་འཆི་བ་ནི་ཕུང་སོགས་ཐིམ་པས་སྤྲོས་པ་རགས་པ་ཐམས་ཅད་ཞི་བར་གྱུར་པ་དེ་དང་རྗེས་སུ་མཐུན་པའི་སྦྱོང་བྱེད་ཡུལ་སྟོང་པ་ཉིད་དང་ཡུལ་ཅན་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་དབྱེར་མི་ཕྱེད་པའི་ཆོས་སྐུའི་བདག་ཉིད་ལ་ང་རྒྱལ་བཞག་པའི་ཆོས་སྐུའི་ལམ་འཁྱེར་སྒོམ་པ་དེ། རྫོགས་རིམ་སྐབས་ཀྱི་སེམས་དབེན་དཔེ་འོད་གསལ་མངོན་དུ་བྱས་པས་ཐ་མལ་གྱི་འཆི་བ་ཁེགས་པའི་ལམ་དུས་ཀྱི་ཆོས་སྐུ་སྨིན་བྱེད་དུ་འགྲོ་བ་དང༌། བར་དོ་ལོངས་སྐུར་འཁྱེར་བའི་ལམ་འཁྱེར་ཡང༌། སྦྱང་གཞི་གཞི་དུས་ཀྱི་བར་དོ་ནི་གཉུག་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་དང༌། དེའི་བཞོན་པའི་རླུང་གིས་ཉེར་ལེན་ལས་བར་དོའི་ལུས་གྲུབ་ཅིང་དེ་ཡང་འཇའ་ཚོན་ལྟར་ཤིན་ཏུ་ཕྲ་བའི་ལུས་ཅན་ཡིན་ཞིང༌། དེ་དང་རྗེས་སུ་མཐུན་པའི་སྦྱོང་བྱེད་ལོངས་སྐུའི་རྣམ་པ་སོགས་བསྒོམས་པས་རྫོགས་རིམ་སྐབས་ཀྱི་ཐ་མལ་བའི་བར་དོ་ཁེགས་པའི་རིམ་པ་གསུམ་པའི་སྒྱུ་ལུས་དང༌། ལམ་དུས་ཀྱི་ལོངས་སྐུ་སྨིན་བྱེད་དུ་འགྲོ་བ་དང༌། སྐྱེ་བ་སྤྲུལ་སྐུར་འཁྱེར་བའི་ལམ་འཁྱེར་ཡང༌། སྦྱང་གཞི་གཞི་དུས་ཀྱི་བར་དོ་བ་དེས་ཕ་མའི་ཁུ་ཁྲག་གི་དབུས་སུ་སྐྱེ་བ་བཟུང་ནས་ཐ་མལ་པའི་ཤའི་མིག་གི་ཡུལ་དུ་གྱུར་ཏེ། དེ་དག་དང་ཐུན་མོང་གི་བྱ་བ་བསྒྲུབ་ནུས་སུ་གྱུར་པ་དེ་དང་རྗེས་སུ་མཐུན་པའི་སྦྱོང་བྱེད་ལོངས་སྐུས་གདུལ་བྱའི་དོན་དུ་ཁམས་རགས་པ་བཟུང་བའི་སྤྲུལ་སྐུའི་ལམ་འཁྱེར་བསྒོམས་པས་རྫོགས་རིམ་སྐབས་ཀྱི་སྐུ་དག་པ་སྒྱུ་མའི་སྐུ་དང་ཐུགས་དག་པ་དོན་གྱི་འོད་གསལ་གཉིས་ཚོགས་པའི་སློབ་པའི་ཟུང་འཇུག་པ་དེས་གདུལ་བྱའི་དོན་དུ་བསམ་བཞིན་ཁམས་རགས་པའི་ལུས་བཟུང་ནས་སེམས་ཅན་གྱི་དོན་བྱེད་པ། ལམ་དུས་ཀྱི་སྤྲུལ་སྐུ་སྨིན་བྱེད་དུ་འགྲོ་བ་སྟེ་རིམ་པ་དང་པོའི་སྐུ་གསུམ་ལམ་དུ་འཁྱེར་བའི་རྣལ་འབྱོར་འདི། རིམ་པ་གཉིས་པའི་སྐུ་གསུམ་སྨིན་བྱེད་དང༌། འབྲས་བུ་སྐུ་གསུམ་ངོ་བོ་དབྱེར་མེད་དུ་ཐོབ་པའི་དགེ་རྩར་སྨིན་པ་ཡང༌། <<སྔགས་རིམ་>>ལས། བསྐྱེད་རིམ་ལ་སྦྱང་གཞི་དང་སྦྱོང་བྱེད་ངོ་འཕྲོད་དགོས་ལ། ངོ་འཕྲོད་ལུགས་ཀྱང་སྐྱེ་འཆི་བར་དོ་གསུམ་ཇི་འདྲ་བ་དེ་བཞིན་དུ་སྒོམ་པ་ཡིན་པས་ཞེས་དང༌། ཡང༌། སྦྱང་གཞི་དང་བསྒྲིགས་ནས་རིམ་གཉིས་ཀྱི་གནད་རྣམས་ཤེས་པར་བྱས་ཏེ་རིམ་པ་དང་པོས་གཉིས་པའི་རྒྱུ་བྱེད་ཚུལ་རྣམས་ལ་ངེས་པ་བརྟན་པོ་བསྐྱེད་པར་བྱ། ཞེས་གསུངས་སོ།།

འོ་ན་སྦྱང་གཞི་ཐ་མལ་པའི་སྐྱེ་ཤི་བར་དོ་གསུམ་སྦྱོང་བྱེད་ལམ་གྱིས་ཇི་ལྟར་སྦྱང་ཞེ་ན། སྦྱང་གཞི་སྐྱེ་ཤི་བར་དོ་གསུམ་འདས་པ་ནི་སྦྱོང་རྒྱུ་མེད། ད་ལྟ་དེ་གསུམ་ཀ་རྒྱུད་ལ་མི་ལྡན་པས་མ་འོངས་པ་ན་འབྱུང་འགྱུར་གྱི་དེ་གསུམ་སྦྱོང་དགོས་པ་ཡིན། དེ་ཇི་ལྟར་སྦྱོང་བའི་ཚུལ་ནི། <<བསྐྱེད་རིམ་ཆེན་མོ་>>ལས། འདིར་ནི་སྐྱེ་ཤི་བར་དོའི་རིགས་འདྲ་ཕྱི་མ་དྲི་བྲལ་དུ་བསྐྱེད་པའི་སྒོ་ནས་སྦྱོང་བ་མ་ཡིན་ཏེ། སྐྱེ་ཤི་བར་དོ་མཚན་ཉིད་པའང་ཡིན། དྲི་བྲལ་ཡང་ཡིན་པ་མི་སྲིད་པའི་ཕྱིར་རོ། །དེ་གསུམ་མངོན་དུ་འགྱུར་བ་ལ་སྒྲིབ་པའི་དྲི་མ་སེལ་བའང་མ་ཡིན་ཏེ། སེམས་ཅན་ཐམས་ཅད་ལ་ཐོག་མེད་ནས་མངོན་དུ་གྱུར་ཟིན་པའི་ཕྱིར་རོ། །བདག་འཛིན་སྦྱོང་བ་ལྟ་བུའང་མ་ཡིན་ཏེ། དེ་ལ་ནི་བདག་འཛིན་དང་རྣམ་པ་མཐུན་པའི་ལམ་བསྐྱེད་མི་དགོས་ཤིང༌། བདག་འཛིན་རྒྱུན་ཆད་པའི་དོད་ལ་གཞན་དེ་དང་རྣམ་པ་འདྲ་བ་ཞིག་བསྐྱེད་པའང་མ་ཡིན་པའི་ཕྱིར་རོ། །དེས་ན་འདིར་ནི་སྦྱང་གཞི་གསུམ་པོ་དང་རྣམ་པ་མཐུན་པའི་ལམ་གྱིས། གསུམ་པོ་དེ་དངོས་མི་འབྱུང་བར་བྱས་ནས་དེའི་དོད་དུ་དེ་དང་ཆོས་མཐུན་པའི་ལམ་དུས་དང་འབྲས་དུས་ཀྱི་སྐུ་གསུམ་འབྱུང་བར་བྱེད་པ་ཉིད་སྦྱོང་བྱེད་རིམ་གཉིས་ཀྱིས་སྦྱང་གཞི་གསུམ་པོ་སྦྱོང་བའི་དོན་དུ་ཤེས་པར་བྱའོ། །ཞེས་དང༌། ཡང༌། བསྐྱེད་རིམ་རྫོགས་རིམ་སྨིན་བྱེད་དུ་འགྲོ་བའི་ཚུལ་ཇི་ལྟ་བུ་ཡིན་སྙམ་ན། ལྷག་པའི་ལྷས་རྒྱུད་བྱིན་གྱིས་རློབས་པ་དང༌། ལས་ཀྱི་སྒྲིབ་པ་ཆེན་པོ་སྦྱོང་ཞིང་བསོད་ནམས་ཀྱི་ཚོགས་རླབས་པོ་ཆེ་བསྐྱེད་པའི་སྒོ་ནས་རྫོགས་རིམ་ཟབ་མོ་རྒྱུད་ལ་སྐྱེ་བའི་མཐུན་རྐྱེན་སྒྲུབ་ཅིང་འགལ་རྐྱེན་སེལ་བ་ཡིན་མོད་ཀྱི། གཙོ་བོ་ནི་གཞི་དུས་ཀྱི་སྐྱེ་ཤི་བར་དོའི་རྣམ་པ་ཇི་བཞིན་དུ་དངོས་སུ་རྒྱུད་ལ་སྐྱེས་པའི་རྫོགས་རིམ་པས་ཐ་མལ་པའི་སྐྱེ་ཤི་བར་དོ་དེའི་སྣང་ཞེན་གྱི་ས་བོན་མ་ལུས་པ་སྦྱངས་ནས་སྐུ་གསུམ་དངོས་སུ་སྒྱུར་བར་བྱེད་པ་ཡིན་ལ། དེའི་སྔོན་དུ་གཞི་དུས་ཀྱི་སྐྱེ་ཤི་བར་དོ་དང་རྣམ་པ་མཐུན་པར་དངོས་སུ་མ་སོང་ཡང་ཡིད་ངོར་མཚུངས་པ་དང༌། དངོས་སུ་སྐུ་གསུམ་མཚན་ཉིད་པར་མ་སོང་ཡང་ཡིད་ངོར་དེ་དང་མཚུངས་པའི་རྣམ་པ་ཅན་རྫོགས་རིམ་དང་རྣམ་པ་རྗེས་སུ་མཐུན་པའི་བསྐྱེད་རིམ་གྱིས། ཐ་མལ་པའི་སྐྱེ་ཤི་བར་དོའི་སྣང་ཞེན་མངོན་གྱུར་པ་མགོ་མནན་པའི་སྒོ་ནས་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བ་ཡིན། ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་རྫོགས་རིམ་སྨིན་བྱེད་དུ་འགྲོ་བའི་སྐུ་གསུམ་ལམ་འཁྱེར་མཚན་ཉིད་ཚང་བ་ཞིག་ལ་བསྐྱེད་རིམ་གྱི་ཐ་སྙད་ཐོབ་ཀྱང༌། སྐད་ཅིག་དཀྲོང་བསྐྱེད་ཙམ་དང༌། ལྷའི་རྣལ་འབྱོར་སྒོམ་པ་ཙམ། ལྷ་དཔའ་བོ་གཅིག་པ། དཔའ་མོ་གཅིག་པ་ལྟ་བུ་སྒོམ་པ་ཙམ་ལ་བསྐྱེད་རིམ་གྱི་ཐ་སྙད་མི་འོང་སྟེ། མ་མཐའ་ཡང་ལྷ་ལྔ་ཡན་ཆད་ཀྱི་དཀྱིལ་འཁོར་ལ་བརྟེན་ན་གདགས་གཞི་ཕུང་པོ་ལྔ་སྦྱོང་བྱེད་ཚང་མས་ཁམས་དང་སྐྱེ་མཆེད་ཀྱང་དེར་འདུས། འོན་ཀྱང་འཇིགས་བྱེད་དཔའ་བོ་གཅིག་པ་ལ་ཕྱག་མཚན་སོགས་ཀྱི་སྐུ་གསུམ་ལམ་འཁྱེར་གྱི་གནད་ཆ་ཚང་བར་ཡོད་པ་རྗེ་བདག་ཉིད་ཆེན་པོའི་དགོངས་པ་བླ་ན་མེད་པ་ཡིན་ནོ།།

བསྐྱེད་རིམ་པས་ཕུང་ཁམས་སྐྱེ་མཆེད་བྱིན་གྱིས་རློབ་པའང་རྫོགས་རིམ་གྱི་སྒྱུ་ལུས་རྩལ་དུ་འདོན་པའི་ཆེད་དང༌། ལུས་ཀྱི་རྩ་ཁམས་བྱིན་གྱིས་རློབ་པའང་འོད་གསལ་རྩལ་དུ་འདོན་པའི་ཆེད་དང༌། ཕྱི་ནང་གི་རྩ་ཁམས་ཐམས་ཅད་ངོ་བོ་དབྱེར་མེད་དུ་བྱས་པས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་ལ་དགོས་པ་ཁྱད་པར་ཅན་ཡོད་པ་ནི། <<བསྐྱེད་རིམ་ཆེན་མོ་>>ལས། གཞན་ཡང་ད་ལྟ་རང་གི་ལུས་སྤྱི་དང༌། ལུས་ཀྱི་ནང་གི་གནས་སོ་སོ་རྣམས་སུ་ལྷ་བཀོད་པ་ཕུང་པོ་དང༌། ཁམས་དང༌། སྐྱེ་མཆེད་དེ་དང་དེའི་ངོ་བོར་མོས་ཤིང་དེ་དག་འོད་གསལ་དུ་འཇུག་པའི་མོས་པ་ཡང་ཡང་བསྒོམས་པས། རྫོགས་རིམ་གྱི་སྐབས་སུ་ལུས་ཀྱི་རླུང་ཐམས་ཅད་གནས་དེ་དང་དེ་ནས་བསྡུ་སླ་བ་དང༌། འདུས་ནས་འོད་གསལ་འཆར་བ་སོགས་ཆེས་སླ་ཞིང་མྱུར་བའི་སྨིན་བྱེད་དུ་འགྲོ། ཞེས་གསུངས་པ་ལྟར་རོ།།

གཞན་ཡང་<<བསྐྱེད་རིམ་>>ལས། རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་དང༌། ཕྲ་བ་རྟོགས་པའི་རྣལ་འབྱོར་གཉིས་ཡོད་པས་དེ་དག་ཐམས་ཅད་རྫོགས་རིམ་སྨིན་བྱེད་དུ་འགྲོ་བ་ཡང༌། <<རིམ་ལྔ་གསལ་སྒྲོན་>>ལས། སྤྱིར་བསྐྱེད་རིམ་ཕྲ་རགས་རྫོགས་པར་སྒོམ་པ་ནི་རྫོགས་རིམ་ཀུན་སྐྱེད་པའི་དགེ་རྩ་སྨིན་བྱེད་ཡིན་པས། རྫོགས་རིམ་གྱི་ལུས་དབེན་སྐྱེ་བའི་སྨིན་བྱེད་དུ་འགྲོའོ། །ཁྱད་པར་དུ་ནོར་བུའི་ནང་དུ་ཕྱག་མཚན་ནམ་ཐིག་ལེ་ཕྲ་མོ་སྒོམ་པ་ནི། རོ་རྐྱང་གི་རླུང་གཉིས་དྷཱུ་ཏཱིར་སྡུད་པའི་ཐབས་ཡིན་པས། དེ་ལ་བརྟེན་ནས་སྔར་བཤད་པའི་བདེ་བ་ཆེན་པོ་དྲངས་ན་རྫོགས་རིམ་གྱི་ལུས་དབེན་སྒོམ་པ་ཡིན་པས། ཕྲ་མོའི་བསྐྱེད་རིམ་དང་དེ་ལྟར་འབྲེལ་བའོ། །ཞེས་དང༌། <<བསྐྱེད་རིམ་ཆེན་མོ་>>ལས་ཀྱང༌། བསྐྱེད་རིམ་པས་དགའ་བཞི་སྒོམ་པའི་སྐབས་ཉིད་དུ། རྫོགས་རིམ་པའི་དགའ་བཞི་འབད་མེད་དུ་དྲངས་པ་དུ་མ་ཞིག་འོང་སྟེ། བསྐྱེད་རིམ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྲོ་བའི་གཙོ་བོའང་འདིའི་སྒོ་ནས་ཡིན། བསྐྱེད་རིམ་པས་འདོད་ཡོན་ལམ་དུ་བྱེད་པ་དང༌། ཉོན་མོངས་ལམ་དུ་བྱེད་པའི་གཙོ་བོ་ཡང་འདི་འབའ་ཞིག་ཡིན་པས། འདི་ཉིད་ལ་གོ་བ་ལེགས་པར་མ་རྙེད་ན་བསྐྱེད་རིམ་གྱི་གཞི་སྟོར་བ་ལྟ་བུ་ཡིན་ནོ། །ཞེས་གསུངས།

གཞན་ཡང་<<དེ་ཉིད་>>ལས། བསྐྱེད་རིམ་པས་བདེ་སྟོང་སྦྱོར་བ་མ་གྲུབ་པར་རྫོགས་རིམ་པས་བདེ་སྟོང་སྦྱོར་བ་མཚན་ཉིད་ཚང་བ་མི་འབྱུང་བ་དང༌། བསྐྱེད་རིམ་གྱི་ལྷའི་རྣལ་འབྱོར་ལ་བརྟན་པ་མེད་ན། རྫོགས་རིམ་པའི་ལུས་དབེན་གྱི་ཚེ་རིགས་བརྒྱ་ནས་རིགས་གཅིག་གི་བར་གྱི་ལྷའི་སྐུར་གང་སྣང་ཐམས་ཅད་འཆར་བ་དང༌། སེམས་དབེན་མན་ཆད་ཀྱི་སྟོང་པ་བཞིའི་མཐར་སྒྱུ་མའི་སྐུ་རྗེས་མཐུན་པར་ཡིད་ངོར་སྐད་ཅིག་གིས་ལྡང་བ་དང༌། སྤྱི་དོན་ནང་ལུས་དབེན་ཟེར་བ་ཞིག་ཡོད་པ་དེ་ནི་ཕུང་པོ་ལྔ་དང༌། ཁམས་དྲུག སྐྱེ་མཆེད་བཅུ་གཉིས་བཅས་ཁག་བགོས་པ་དེ་ལ་རིམ་གཡར་ཟེར། བསྐྱེད་རིམ་ལ་གཙོ་བོ་གཟུགས་ཀྱི་ཕུང་པོ་དང་ཚོར་བའི་ཕུང་པོ་སོགས་ཕུང་པོ་ལྔ་དང༌། གཟུགས་ཁམས་སོགས་ཁམས་དྲུག གཟུགས་ཀྱི་སྐྱེ་མཆེད་ལ་སོགས་སྐྱེ་མཆེད་བཅུ་གཉིས་བཅས་ཚང་མ་ལྷ་ལ་སྒོམ་ཐོག ལྷ་དང་ངོ་བོ་དབྱེར་མེད་དུ་བསྒོམས་ནས་དཔེར་ན། མིག་ལ་ས་ཡི་སྙིང་པོ་དང༌། རྣ་བ་ཕྱག་ན་རྡོ་རྗེ། སྣ་ལ་ནམ་མཁའི་སྙིང་པོ་ལ་སོགས་པ་ལྟ་བུ་དང༌། ཡང་གསང་བ་འདུས་པ་ལ་ཆ་བཞག་ན་གསང་འདུས་ལྷ་ཚོགས་སུམ་ཅུ་སོ་གཉིས་ཡོད་པ་དེ་དག་རང་གི་ལུས་ཀྱི་ཆ་སུམ་ཅུ་སོ་གཉིས་ལ་བསྒོམས་ནས་(དེའི་ཆོ་ག་བློ་ལ་ཡོད་ན་བཤད་བདེ་པོ་ཡོད་)ལུས་ཀྱི་ཆ་སོ་སོ་ལ་ལྷ་དེ་དག་དེ་ཡིན་པའི་མོས་པ་དང་ཡིད་ཆེས་བྱས་ནས་སྒོམ་པ་དེ་ལ་ལུས་དབེན་ཞེས་ཟེར། ལུས་དབེན་སྒོམ་པའི་དགོས་པ་གང་ཡིན་ཞེ་ན། དཔེར་ན་རིགས་བརྒྱ་ནས་རིགས་གཅིག་ལ་འདུས་ཏེ་རིགས་བརྒྱ་ནས་རྒྱལ་བ་རིགས་ལྔ་ལ་འདུས། དེ་ནས་རྒྱལ་བ་རྡོ་རྗེ་འཆང་ལ་འདུས་ནས་དེ་ལྟར་རིགས་བརྒྱའི་ལུས་དབེན་དང༌། རིགས་ལྔའི་ལུས་བདེན། རིགས་གསུམ་གྱི་ལུས་དབེན། རིགས་གཅིག་གི་ལུས་དབེན་སོགས་ལུས་དབེན་ཁག་མང་པོ་ཡོད། རྫོགས་རིམ་པའི་ལུས་དབེན་གྱི་ཚེ་རིགས་བརྒྱ་ནས་རིགས་གཅིག་གི་བར་གྱི་ལྷའི་སྐུར་གང་སྣང་ཐམས་ཅད་འཆར་བ་དང༌། སེམས་དབེན་མན་ཆད་ཀྱི་སྟོང་པ་བཞིའི་མཐར་སྒྱུ་མའི་སྐུ་རྗེས་མཐུན་པར་ཡིད་ངོར་སྐད་ཅིག་གི་ལྡང་བ་དང༌། སེམས་དབེན་མན་ཆད་ཟེར་བ་ནི་དང་པོ་ལུས་དབེན་དང༌། དེ་ནས་ངག་དབེན། དེ་ནས་སེམས་དབེན་ཞེས་བརྩི་དགོས་ལ། སེམས་དབེན་མན་ཆད་ཀྱི་སྟོང་པ་བཞིའི་རྗེས་སུ་སྒྱུ་མའི་སྐུ་ལ་ལངས་དགོས། དེ་ཡང་སེམས་དབེན་མན་ཆད་དུ་སྒྱུ་མའི་སྐུ་ཆ་འདྲ་བ་ཞིག་ལས་སྒྱུ་མའི་སྐུ་ལ་ལངས་མི་ཐུབ། དེ་ནི་རང་གི་མོས་པ་ཡིད་ཆེས་ཀྱིས་ལངས་དགོས་པ་དང་ཡིད་སྨོན་གྱིས་ལངས་དགོས། དེ་བཞིན་སེམས་དབེན་མན་ཆད་ལ་ལས་ཀྱི་ཕྱག་རྒྱ་དངོས་ལ་དཔྱད་པ་བྱས་པ་དེ་མེད་པར་སྒོམ་པའི་ཕྱག་རྒྱ་ལ་བརྟེན་ནས་དཔྱད་པ་བྱ་རྒྱུ་ཞིག་དང༌། སྒོམ་པའི་ཕྱག་རྒྱ་དེ་ལ་བརྟེན་ནས་དགེ་བ་བསྒྲུབ་རྒྱུ་ཞིག་ཡིན།

དེ་མན་ཆད་ཡེ་རྒྱ་ལ་བརྟེན་པའི་སྤྱོད་པ་ཐམས་ཅད་ཀྱི་གཞི་མེད་ཅིང༌། དེ་མེད་ན་དེ་ལས་མཐོ་བའི་རྫོགས་རིམ་རྣམས་དེ་བས་ཀྱང་མི་འོང་བས། རྫོགས་རིམ་རྒྱུད་སྡེ་ལས་གསུངས་པ་བཞིན་སྐྱེ་བར་འདོད་ན། སྔོན་དུ་བསྐྱེད་རིམ་མཐར་ཕྱིན་པ་ལ་བསླབ་པར་བྱའོ། །ཞེས་གསུངས་པ་ལྟར། རྫོགས་རིམ་དེ་བཅོམ་ལྡན་འདས་ཀྱིས་རྒྱུད་ལས་གསུངས་པ་ལྟར་རྟོགས་པ་རྒྱུད་ལ་སྐྱེ་འདོད་ན་ངེས་པར་དུ་རིམ་པ་དང་པོ་བསྐྱེད་རིམ་མཐར་ཕྱིན་པ་བྱེད་དགོས་པ་དང༌། སྤྱིར་ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་ལ་བསྐྱེད་རིམ་གྱི་ཆ་དང་རྫོགས་རིམ་གྱི་ཆ་གཉིས་ཡོད་པས། དང་པོ་ལའང་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་དང་མ་ཤར་བ་གཉིས། ཤར་བ་ལ་ཐུན་མོང་མ་ཡིན་པའི་བདེ་བས་སྟོང་ཉིད་རྟོགས་པ་ཡིན་མིན་གཉིས། བདེ་བ་དེས་སྟོང་ཉིད་རྟོགས་པ་ལའང་རོ་རྐྱང་གི་རླུང་གཉིས་དབུ་མར་བཙུད་ནས་ཐིམ་པ་ལས་བྱུང་བའི་བདེ་བ་ཡིན་མིན་གཉིས་ཡོད་པས། བསྒོམས་སྟོབས་ཀྱིས་རླུང་གཉིས་དབུ་མར་ཐིམ་པས་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་ཁྱད་པར་ཅན་སྐྱེས་པ་དེས། ཡུལ་སྟོང་པ་ཉིད་མངོན་དུ་བྱེད་པ་ནས་རྫོགས་རིམ་པར་འགྲོ་བ་ཡིན་ཏེ། <<རིམ་ལྔ་གསལ་སྒྲོན་>>ལས། འོ་ན་ལུས་དབེན་ལ་རིམ་པ་གཉིས་སུ་འབྱེད་ཚུལ་ཇི་ལྟར་ཡིན་སྙམ་ན། ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་འདི་ལ་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་མ་ཤར་གྱི་སྒོམ་ཚུལ་གཉིས་དང༌། ཤར་བ་ལ་ཡང་ཐུན་མོང་མ་ཡིན་པའི་བདེ་བས་སྟོང་ཉིད་རྟོགས་པ་ཡིན་མིན་གཉིས་དང༌། བདེ་བས་སྟོང་ཉིད་རྟོགས་པ་ལ་ཡང་རོ་རྐྱང་གི་རླུང་གཉིས་དྷཱུ་ཏཱིར་བཙུད་ནས་ཐིམ་པ་ལས་བྱུང་བའི་བདེ་བ་ཡིན་མིན་གཉིས་ཡོད་དོ། །ཞེས་པ་ནས། ཐ་མ་གཉིས་ཀྱི་དང་པོའི་སྒོ་ནས་ཕུང་སོགས་ལྷར་སྒོམ་པའི་ལུས་དབེན་ནི་རྫོགས་རིམ་ཉིད་ལ་འཇོག་གོ །ཞེས་དང༌། ཡང༌། ལྷན་སྐྱེས་རྫོགས་རིམ་པའི་བདེ་ཆེན་དུ་འཇོག་པ་ནི་རླུང་ཐིམ་པའི་དབང་གིས་གནས་པ་ཞིག་དགོས་སོ། །ཞེས་གསལ་བར་གསུངས་པ་ལྟར། བསྐྱེད་རིམ་ཕྲ་མོའི་རྣལ་འབྱོར་དང་རྫོགས་རིམ་གྱི་དབྱེ་མཚམས་ཀྱང་ལྷན་སྐྱེས་ཀྱི་བདེ་བས་འབྱེད་པ་དང༌། མདོ་སྔགས་ལམ་གྱི་མྱུར་བུལ་ཀྱང་གཙོ་བོ་འདིའི་སྟེང་ནས་བྱུང་སྟེ། ཕར་ཕྱིན་ཐེག་པ་དང༌། རྒྱུད་སྡེ་འོག་མའི་ལམ་གྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེས། བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་གྲོགས་བྱས་པ་ལ་བརྟེན་ནས་ཤེས་སྒྲིབ་རགས་པ་རྣམས་སྤོང་ནུས་ཀྱང༌། ཕྲ་མོ་སྤོང་མི་ནུས་པས་འཚང་རྒྱ་བ་ལ་དུས་ཡུན་རིང་པོ་འགོར་ཞིང༌། <<བླ་མེད་ཀྱི་ལམ་>>ལས། སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཤེས་སྒྲིབ་མ་ལུས་པ་སྤོང་བར་ནུས་པའི་མྱུར་ཁྱད་ནི་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་ཁྱད་པར་ཅན་དེས་ཡུལ་སྟོང་པ་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་ཐོབ་པ་ན་རླུང་ཕྲ་མོ་མ་ལུས་པ་ཐིམ་པས་ཤེས་སྒྲིབ་ཕྲ་ཞིང་ཕྲ་བ་སྤངས་ཏེ་མི་སློབ་པའི་ཟུང་འཇུག་མངོན་དུ་བྱེད་པའང་གནད་འདི་ལ་ཐུག་པ་ཡིན་ནོ།།

ཞེས་སྟོང་ཉིད་རྟོགས་པའི་ཡེ་ཤེས་དེ་ལྷ་ལ་ཤར་བ་དང་མི་ཤར་བ་གཉིས་ལས། ལྷ་ལ་ཤར་ཚུལ་ནི་སྣང་བའི་ཆ་ནས་ལྷ་སྐུ་ལ་སྣང་རུང༌། སོ་སོའི་མོས་པ་ཡིད་བྱེད་ཀྱི་ཐོག་ནས་ལྷ་སྐུ་དེ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱི་རྣམ་འཕྲུལ་ཡིན་པ་དང་བདེ་སྟོང་དབྱེར་མེད་ཀྱི་རྣམ་འཕྲུལ་ཡིན་པ་ཞིག་ལ་བསམ་བློ་གཏོང་དགོས། དེ་འདྲ་ཡིན་དུས་སྟོང་ཉིད་རྟོགས་པའི་གཟུང་རྣམ་ལྷར་ཤར་བ་དང་མ་ཤར་བ་གཉིས་ལས། ཤར་བ་དེ་ལ་ཐུན་མོང་མ་ཡིན་པའི་བདེ་བས་སྟོང་ཉིད་རྟོགས་པ་ཡིན་མིན་གཉིས། ཐུན་མོང་མ་ཡིན་པའི་བདེ་བ་ནི་སྔགས་ལུགས་ཀྱི་བདེ་བས་སྟོང་ཉིད་རྟོགས་པ་ཡིན་པ་གཅིག་དང་མིན་པ་གཅིག་སྟེ་གཉིས་ཡོད། ཐུན་མོང་མ་ཡིན་པའི་བདེ་བ་དེ་ལ་སྟོང་ཉིད་རྟོགས་པ་ཅིག་ཡོད་ཅིང། བདེ་བ་འདིས་སྟོང་ཉིད་རྟོགས་པ་དེ་ལ་ཡང་རོ་རྐྱང་གི་རླུང་གཉིས་དབུ་མར་བཙུད་ནས་ཐིམ་པ་ལས་བྱུང་བའི་བདེ་བ་ཡིན་པ་ཅིག་དང་མིན་པ་ཅིག་སྟེ་གཉིས་ཡོད། རོ་མ་དང་རྐྱང་མའི་རླུང་དེ་དབུ་མ་ལ་བཙུད་ནས་ཐིམ་པ་ལས་བྱུང་བའི་བདེ་བ་མིན་པ་དེ་བསྐྱེད་རིམ་གྱི་བདེ་བ་དང་ཡིན་པ་དེ་རྫོགས་རིམ་གྱི་བདེ་བ་ཡིན། བདེ་བ་དེས་སྟོང་ཉིད་རྟོགས་པ་ལ་རོ་རྐྱང་གི་རླུང་གཉིས་དབུ་མར་བཙུད་ནས་ཐིམ་པ་ལས་བྱུང་བའི་བདེ་བ་ལ་གཉིས་ཡོད། བསྒོམས་སྟོབས་ཀྱི་རླུང་གཉིས་དབུ་མར་ཐིམ་པ་ཟེར་བའི་བསྒོམས་སྟོབས་དེ་ནི་དཔེར་ན་ཤི་དུས་རོ་རྐྱང་གི་རླུང་གཉིས་རང་བཞིན་གྱིས་ཐིམ་པ་མ་ཡིན་པར་མ་ཤི་གོང་ནས་རོ་རྐྱང་གི་རླུང་གཉིས་དབུ་མ་ལ་ཐིམ་པ་སྟེ་དེ་ཡང་བསྒོམས་པའི་སྟོབས་ཀྱིས་ཐིམ་པ་ལ་ཟེར་ཞིང༌། བསྒོམས་པའི་སྟོབས་ཀྱིས་ཐིམ་པ་དེ་ལ་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་ཁྱད་པར་ཅན་སྐྱེས་པ་དེས་ཡུལ་སྟོང་པ་ཉིད་མངོན་སུམ་དུ་གྱུར་པ་ནི་སྒོམ་ལམ་ལ་ཆ་བཞག་པ་ཡིན། སེམས་དབེན་མན་ཆད་ཀྱི་སྐབས་ལ་རླུང་དབུ་མ་ལ་ཐིམ་མེད། སེམས་དབེན་གྱི་སྐབས་ལ་ཐབས་ཤེས་གཉིས་ཡོད་དེ་གཅིག་ནི་དངོས་ཀྱི་རིག་མ་ལ་བརྟེན་ནས་རླུང་དབུ་མ་ལ་ཐིམ་པར་བྱེད་པའི་ཐབས་ཤེས་ཤིག་དང༌། ཡང་མ་ཤི་བར་སྒུག་ནས་ཤི་དུས་རང་བཞིན་གྱིས་རླུང་ཐིམ་སྟེ་ལྷན་སྐྱེས་ཀྱི་བདེ་བ་ལ་བརྟེན་ནས་སྟོང་པ་ཉིད་བསྒོམས་ཐབས་བཅས་ཐབས་ཤེས་གཉིས་ཡོད། བསྒོམས་སྟོབས་ཀྱིས་རླུང་དབུ་མ་ལ་ཞུགས་ན་ཡང་སྙིང་ཁར་ཐིམ་དགོས་པ་ལས་སྤྱི་བོ་ལ་ཐིམ། མགྲིན་པ་ལ་ཐིམ། དཔྲལ་བ་ལ་ཐིམ་པ་བཅས་ཀྱིས་གོ་མི་ཆོད། དང་པོ་གནས་གཞན་དག་ལ་ཐིམ་ནའང་སྙིང་ཁར་ཐིམ་པ་དེ་ཧ་ཅང་ཁག་ཤོས་ཡིན། རླུང་ལ་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་ཟེར་བ་སོགས་རིགས་ཧ་ཅང་མང་པོ་ཡོད་པའི་ནང་ཐིམ་ཁག་ཤོས་ཁྱབ་བྱེད་ཀྱི་རླུང་དེ་ཡིན། ཁྱབ་བྱེད་ཀྱི་རླུང་དེ་ཐིམ་དགོས་ན། ཡང་ན་དངོས་ཀྱི་རིག་མ་བརྟེན་པ་དང༌། ཡང་ན་ཤི་དུས་བར་སྒུག་དགོས་ཤིང༌། ཤི་དུས་ཁྱབ་བྱེད་ཀྱི་རླུང་དེ་རང་བཞིན་གྱིས་ཐིམ་གྱི་ཡོད། དེར་བརྟེན་གསང་སྔགས་ཀྱི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཞེས་པའི་བདེ་བ་དེ་བདེ་བ་ཡིན་པ་ཙམ་གྱིས་མི་འགྲིག དཔེར་ན་ལུས་སེམས་ཤིན་སྦྱངས་ཀྱི་བདེ་བ་ཞེས་ཞི་གནས་ཐོབ་དུས་ཀྱི་བདེ་བ་ཞིག་ཡོང་རྒྱུ་ཡོད་པ་དེས་ཀྱང་གོ་མི་ཆོད་པ་ཡིན།

གཞན་ཡང་རྒྱུད་སྡེ་འོག་མའི་སྲོག་རྩོལ་སྒོམ་པ་ལ་བརྟེན་ནས་བདེ་བ་ཡོང་ཐབས་ཤིག་ཡོད། སྲོག་རྩོལ་ཞེས་པ་ནི་རླུང་ཕྱི་ལ་འགྲོ་བ་དེ་བཀག་ནས་རླུང་ཟིན་ཏེ་བདེ་བ་ཐོབ་ཐབས་བྱེད་པ་ཞིག་ཡིན། དེས་ཀྱང་གོ་མི་ཆོད། དེ་ནི་ལུས་ཀྱི་གནས་དྲུག་སོ་སོ་ནས་རླུང་དབུ་མའི་ནང་ཐིམ། དེ་ནས་ཐ་མ་དེར་སྙིང་ཁའི་དབུ་མའི་ནང་དུ་རླུང་ཐིམ་པའི་བདེ་བ་དེ་ཡིན་དགོས། དེ་ཡང་སྙིང་ཁའི་དབུ་མའི་ནང་ལ་རླུང་ཐིམ་པའི་བདེ་བ་དེ་དེ་ལྟར་གསལ་བཤད་མདོར་བསྡུས་བྱས་པ་ཙམ་ལས་དབང་ཞུ་མ་མྱོང་མཁན་ལ་གསལ་པོ་བཤད་ཐུབ་ཐབས་མེད། ཡང་རྙིང་རླུང་ཐིམ་པ་ལ་སེམས་དེ་དབང་དུ་བསྡུ་དགོས་པ་དང༌། སེམས་དབང་དུ་བསྡུ་དགོས་ན་སེམས་དེས་བསམ་བློ་གཏོང་སའི་དམིགས་རྟེན་ཞིག་དགོས་པ་དང༌། དམིགས་རྟེན་དེ་ཆེན་པོ་མ་ཡིན་པར་ཆུང་ཆུང་ཞིག་དགོས་པ་སྟེ་ཆེ་ཤོས་ལའང་སྲན་རིལ་ཆེ་ཆུང་ལྟ་བུ་ལས་དེ་ལས་ཆེ་བ་བྱས་ན་མི་འགྲིག་ཅིང༌། ཆེ་བ་ལ་སྲན་རིལ་ཆེ་ཆུང་དང་དེ་ནས་ད་དུང་ཆུང་དུ་བཏང་སྟེ་ཡུངས་དཀར་ཙམ་ཞིག་བྱས་ནས་དེའི་ནང་གཞལ་ཡས་ཁང་དང་ལྷ་ཚོགས་གཙོ་འཁོར་དང་བཅས་པ་ཚང་མ་ཆ་ཚང་ཡོད་པ་དེ་འདྲ་ཞིག་བསྒོམས་དགོས། ཆེ་ཆུང་ཡུངས་དཀར་ཙམ་ཞིག་ཡིན་པ་དེ་ཡང་ནག་མུག་མུག་མ་ཡིན་པར་འོད་ཡོད་པ་དེ་འདྲ་ཞིག་བསམ་བློ་བཏང་ནས་དེ་དམིགས་རྟེན་དུ་བྱས་ནས་བསྒོམས་ཏེ་སེམས་ཟིན་ནས་མ་ཤོར་བ་བྱས་ཏེ་རྒྱུན་རིང་པོ་སྦྱངས་ཚེ་ལྟེ་བ་ལ་བསམ་བློ་བཏང་ན་རླུང་དེ་ལྟེ་བ་ལ་འདུ་ཐུབ་པ་དང༌། མགྲིན་པ་ལ་བསམ་བློ་བཏང་ན་རླུང་དེ་མགྲིན་པ་ལ་འདུ་ཐུབ་པ། མདོར་ན་སེམས་ཀྱི་བསམ་བློ་གང་དུ་བཏང་ནའང་དེར་རླུང་ཚུར་འདུ་ཐུབ་པ་ཡོང་གི་ཡོད། དེར་བརྟེན་དེ་ནི་རླུང་ཞུགས་པའི་རྟགས་རེད། ཐིམ་པའི་རྟགས་ལ་རྟགས་བརྒྱད་ཡོང་རྒྱུ་ཡོད་པ་དེ་ཚོ་ཤི་དུས་རང་བཞིན་གྱིས་ཡོང་དགོས་པ་ཞིག་ཡིན། ཤི་དུས་རང་བཞིན་གྱིས་ཡོང་བ་བྱེད་པར་ཐོག་མར་བསྐྱེད་རིམ་སྐབས་ནས་སོ་སོས་བསམ་བློ་བཏང་སྟེ་མོས་པ་ཡིད་བྱེད་ཀྱིས་བསྒོམས་དགོས། བསྐྱེད་རིམ་དང་རྫོགས་རིམ་གྱི་གནད་འགག་དེ་ལྟར་ཡིན། དེར་བརྟེན་གསང་སྔགས་དང་མདོ་ཕྱོགས་གཉིས་ཀྱི་ལམ་ནས་སངས་རྒྱས་པ་ལ་མྱུར་བུལ་གྱི་ཁྱད་པར་དེ་དེ་ནས་བྱུང་བ་རེད། གསང་སྔགས་ཀྱི་ལམ་སྒོམ་སྐབས་རང་གི་ལུས་ཀྱི་དངོས་ཡོད་གནས་ཚུལ་བེད་སྤྱོད་བྱས་ནས་སྟོང་ཉིད་བསྒོམས་པ་དང༌། དངོས་ཡོད་གནས་ཚུལ་ལ་བརྟེན་ནས་སེམས་དབང་དུ་བསྡུ་བ་དང་རླུང་དབང་དུ་བསྡུ་བ་སོགས་ཀྱི་ཐབས་ཤེས་དུ་མ་ཡོད་པ་དེ་དག་མདོ་ལུགས་ཀྱི་སྐབས་སུ་མེད། གསང་སྔགས་ལ་ཡག་པོ་བྱུང་ན་ཞི་གནས་དང་ལྷག་མཐོང་གཉིས་མཉམ་དུ་སྒྲུབ་ཐུབ་པའི་ཐབས་ཤེས་ཡོད། འོན་ཀྱང་མདོ་ལུགས་ལ་སྔོན་ལ་ཞི་གནས་སྒྲུབ། དེ་ནས་ལྷག་མཐོང་སྒྲུབ་པ་ལས་མཉམ་དུ་སྒྲུབ་ཐུབ་ཐབས་མེད། ཞི་གནས་དང་ལྷག་མཐོང་མཉམ་དུ་སྒྲུབ་ཐུབ་པའི་ཐབས་ཤེས་ཡོད་པ་དེ་གསང་སྔགས་ཀྱི་ཁྱད་ཆོས་ཡིན། ཞི་གནས་སྒྲུབ་སྐབས་བསམ་བློ་གཏོང་སའི་དམིགས་རྟེན་དེ་ཡི་གེ་ཧུཾ་ཡིག་གམ། བྷྲུཾ་ཡིག་གམ། ཡང་ན་རང་གི་སེམས་དང་ངོ་བོ་དབྱེར་མེད་ཀྱི་བླ་མ་རྡོ་རྗེ་འཆང་སོགས་གང་ཡང་བྱེད་ཆོག འོན་ཀྱང་གཅིག་རང་ལ་གཏན་འཁེལ་དགོས་པ་ལས་ཡང་ཡང་སྤོ་བསྒྱུར་བྱེད་མི་རུང༌། གཅིག་རང་ལ་གཏན་འཁེལ་བྱས་ནས་རྟགས་མ་ཐོན་བར་བསྒོམས་དགོས། སྒོམ་སྟངས་ནི་<<ལམ་རིམ་>>ནང་གསལ་བའི་ཞི་གནས་སྒྲུབ་སྟངས་ཀྱི་མན་ངག་དེ་ཆ་ཚང་འཁྱེར་ནས་སྒྲུབ་དགོས། དེ་ལྟར་མིན་པར་རང་གི་སེམས་ལ་བསམ་བློ་བཏང་ནས་སེམས་ལ་དམིགས་པའི་ཞི་གནས་བསྒོམས་པ་སོགས་བྱས་ཚེ་དེས་ནུས་པ་ཐོན་མི་ཐུབ། དེ་ནི་ཅི་ཡང་ཡིད་ལ་མ་བྱས་པར་དེ་ལྟ་བུའི་ལྟ་བ་བསྒོམ་པར་འགྲོ་དགོས་པ་དེ་ཅི་ཡང་མ་དྲན་པའི་ཐོག་ལ་བསམ་བློ་བཏང་ནས་བཞག་པ་དེ་ལྟ་བུ་བྱས་ན་ནུས་པ་ཐོན་གྱི་མེད། བསྐྱེད་རིམ་གྱི་སྐབས་སུ་ལྷ་སྐུ་ཕར་སྤྲོས། དེ་ནས་ཡང་ཚུར་བསྡུས་ཏེ་དེ་ལྟར་ལན་མང་བྱས་ནས་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད་པ་རེད། བསྐྱེད་རིམ་ལ་རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་ཞེས་པ་ཞིག་ཡོད་ཅིང༌། དེ་ནི་བསམ་བློ་བཏང་མ་ཐག དཔེར་ན། ཡི་དམ་བསྒོམས་པར་ཆ་བཞག་ན་གསང་བ་འདུས་པར་ལྷ་སུམ་ཅུ་སོ་གཉིས་ཡོད་པ་ནས་དཀྱིལ་གྱི་གཙོ་བོ་དེ་ལ་བསམ་བློ་བཏང་འཕྲལ་ལམ་སང་རང་གི་ལུས་པོའི་ཆ་སོ་སོ་ལ་ཡོད་པའི་ལྷ་དེ་དག་ཚང་མ་ཁྲ་ལྷམ་མེར་དྲན་ཐུབ་པ་དང༌། དྲན་ཐེངས་གཅིག་ལ་གཙོ་བོ་དང་འཁོར་གཞལ་ཡས་ཁང་ལ་སོགས་པ་ཡོངས་སུ་རྫོགས་པ་དུས་གཅིག་ཏུ་དྲན་ཐུབ་པའི་གནས་པ་བརྟན་པོ་བྱུང་ན་རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་ཟེར་བ་ཞིག་ཆགས་པ་རེད། དེ་ཡང་བསམ་བློ་གཏོང་ཐེངས་གཅིག་ལ་གཙོ་བོ་དང༌། གཞལ་ཡས་ཁང༌། འཁོར་བཅས་དྲན་ཐུབ་པ་བྱེད་དགོས་པ་ལས་ཆ་མ་ཚང་ན་མི་འགྲིག དེ་ཡང་དེ་ལྟར་དྲན་ཐུབ་པ་བྱེད་པར་སྔོན་ལ་སྦྱོང་བརྡར་བྱེད་དགོས་ཤིང༌། ཐོག་མ་བཟླས་པ་མ་བྱས་གོང་སྟེ། སྔགས་མ་བགྲང་གོང་རང་གི་གཙོ་བོ་སྟེ་གསང་པ་འདུས་པར་ཆ་བཞག་ནས་སྔོན་ལ་གསང་བ་འདུས་པ་མི་བསྐྱོད་པ་དེ་རྒྱན་ཆ་མེད་པ་དང་ཕྱག་མཚན་མེད་པ། ཞལ་གཅིག་ཕྱག་གཉིས་པ་ཞིག་བསྒོམ་ནས་སྦྱོང་བརྡར་བྱེད་དགོས་ཤིང༌། དེ་ནི་གསང་བ་འདུས་པར་ཞལ་གསུམ་ཕྱག་དྲུག་ཡོད་ན་ཡང་ཐོག་མར་ལམ་སང་དེ་ལྟར་སེམས་ལ་འཆར་ཐུབ་ཐབས་མེད་པས་ཐོག་མར་དེ་འདྲ་ཞིག་བསྒོམས་ནས་གསལ་པོ་བྱུང་ན་དེ་ནས་གཞི་ནས་རྒྱན་ཆ་ཡོད་པ་ཞིག་བསྒོམས་ནས་སྦྱོང་བརྡར་བྱས། དེ་ནས་ཡག་པོ་བྱུང་ན་ཕྱག་དྲུག་བསྒོམ། དེ་ནས་ཡག་པོ་བྱུང་ན་རིམ་བཞིན་ཞལ་གསུམ་ཕྱག་དྲུག དེ་ནས་མདུན་གྱི་རྣམ་པར་སྣང་མཛད་བསྣན། དེ་ནས་རྒྱལ་བ་རིགས་ལྔ་བསྣན། དེ་ནས་གསང་བ་འདུས་པ་ལ་རིགས་ལྔ། ཡུམ་བཞི། སེམས་དཔའ་བརྒྱད། ཁྲོ་བོ་བཅུ་སོགས་ལྷ་སུམ་ཅུ་སོ་གཉིས་ཡོད་པ་དེ་དག་ཁག་རེ་རེ་བྱས་ནས་བསྣན་ཏེ་བསྒོམ། དེ་ནས་གཞལ་ཡས་ཁང་རྒྱ་ཕིབས་ཀྱི་ཏོག་ནས་ཐེམ་སྐས་བར་བསྒོམ། དེ་ནས་པདྨའི་འདབ་མ་སུམ་ཅུ་སོ་གཉིས་བསྒོམ། དེ་ནས་སྲུང་འཁོར་བསྒོམ། དེ་ནས་བདེ་མཆོག་ཡིན་ན་དུར་ཁྲོད་བསྒོམ་(བདེ་མཆོག་ལས་གསང་འདུས་ལ་དུར་ཁྲོད་མེད་)དེ་ལྟར་རྒྱ་ཕིབས་ཀྱི་རྩེ་ནས་ཡེ་ཤེས་ཀྱི་མེ་རི་བར་ཕར་བསྒོམ་ཚུར་བསྒོམ་བྱས་ནས་སྦྱོང་བརྡར་མང་པོ་བྱས་མཐར་རང་ཉིད་གཙོ་བོ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ་ཞིག་བསྒོམ་མ་ཐག་ལམ་སང་གཞལ་ཡས་ཁང་གི་རྒྱ་ཕིབས་ནས་འོག་བར་ཆ་ཚང་དྲན་ཐུབ་པ་ཞིག་ཡོང་གི་རེད། དེར་བརྟེན་དྲན་པ་གཅིག་ལ་བརྟེན་ནས་གཞལ་ཡས་ཁང་དང་དཀྱིལ་འཁོར་གཙོ་བོ་འཁོར་དང་བཅས་པ་ཆ་ཚང་དུས་གཅིག་ཏུ་དྲན་ཐུབ་པ་དེ་ལ་རགས་པ་དྲན་པ་གཅིག་པའི་རྣལ་འབྱོར་ཞེས་ཟེར།

གཞན་ཡང་བསྐྱེད་རིམ་ཕྲ་མོའི་སྐབས་སུ་ཞི་ལྷག་གཉིས་ཇི་ལྟར་འགྲུབ་པའི་ཚུལ་ཡང༌། སྤྱིར་སྔགས་ཀྱི་སྐབས་སུ་ཞི་ལྷག་གཉིས་ཅིག་ཅར་དང༌། རིམ་ཅན་དུ་ཐོབ་ཚུལ་གཉིས་གསུངས་པས། དང་པོ་ནི། མདོ་ལུགས་ལ་ཞི་གནས་སྔོན་དུ་མ་སོང་བར་ལྷག་མཐོང་འགྲུབ་མི་སྲིད་ཀྱང༌། བསྐྱེད་རིམ་པས་དམིགས་རྟེན་ཕྲ་བ་དང་སྤྲོ་བསྡུ་ལ་དཔྱད་འཇོག་གི་ཉམས་ལེན་གཉིས་ཚང་བ་སོགས་སྔགས་ཀྱི་ཁྱད་ཆོས་ལ་བརྟེན་ནས་སེམས་གནས་བརྒྱད་པ་དང་དགུ་པ་ལྟ་བུའི་མཚམས་ནས་ཞི་ལྷག་གཉིས་ཅིག་ཅར་དུ་འགྲུབ་པའང་ཡོད་དེ། <<སྔགས་རིམ་>>ལས། དེ་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྤྲོ་བསྡུ་ཡང་ཡང་བྱེད་པ་ནི་གཞུང་གཞན་དང་བསྟུན་ན་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་སྐྱོང་བ་དང་འདྲ་བས་དེ་ལྟར་བྱས་པ་དེས། ཞི་ལྷག་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ཕུལ་དུ་ཕྱིན་པ་རྙེད་དོ། །ཞེས་དང༌། <<བསྐྱེད་རིམ་ཆེན་མོ་>>ལས། དེའི་ཚེ་ལྷ་སྐུ་དང་སྤྲོ་བསྡུ་སོགས་ལ་དམིགས་པ་ལ་ཇི་སྙེད་པའི་ལྷག་མཐོང་དང༌། སྟོང་ཉིད་ལ་ངེས་པ་ཤུགས་ཅན་བསྐྱེད་ནས་གཙོ་བོ་དོན་དམ་དུ་གཞུག་པ་སོགས་ཀྱི་སྐབས་སུ། ཇི་ལྟ་བ་ལ་དམིགས་པའི་ལྷག་མཐོང་མཚན་ཉིད་ཚང་བ་འབྱུང་བས་སྐབས་འདི་ནས་ཞི་ལྷག་ཟུང་འབྲེལ་མཚན་ཉིད་ཚང་བ་ཁྱད་པར་ཅན་ཐོབ་པ་ཡིན་ནོ། །ཞེས་གསུངས།

རིམ་ཅན་དུ་ཐོབ་པའི་ཚུལ་ཡང༌། <<སྔགས་རིམ་>>ལས། ཕྲ་མོ་བརྟན་པ་ན་ཟླ་བ་གཉིས་དང༌། སྤྲོ་བསྡུ་ལ་ཟླ་བ་གཅིག་བྱ་བར་བཤད་དེ། འདི་ནི་ཕྲ་མོ་ལ་དམིགས་ནས་ཞི་གནས་གྲུབ་པའི་དབང་དུ་མཛད་དོ། །ཞེས་དང༌། <<བསྐྱེད་རིམ་ཆེན་མོ་>>ལས་ཀྱང༌། ཕྱག་མཚན་ཕྲ་མོ་ལ་སེམས་བརྟན་པའི་མཚན་མ་རྙེད་པ་ན་ལུས་སེམས་ཤིན་ཏུ་སྦྱངས་པ་ཐོབ་པར་སློབ་དཔོན་ཆེན་པོ་ཤཱཀྱ་བཤེས་གཉེན་གྱིས་བཤད་ཅིང༌། ས་སྡེ་དང་གཞུང་ཆེན་མོ་དུ་མ་ཞིག་ལས། དེ་ཉིད་ཞི་གནས་མཚན་ཉིད་ཚང་བ་ལེགས་པར་གྲུབ་པའི་ཚད་དུ་བཤད་པས་སྐབས་འདིར་ཞི་གནས་མཚན་ཉིད་ཚང་བ་གྲུབ་པ་ཡོན་ནོ། །དེའི་ཕྱིར་རྒྱུད་སྡེ་འདི་དག་ཏུ་ལྷའི་རྣལ་འབྱོར་སྒོམ་པ་ལས་ལོགས་སུ་ཞི་གནས་སྒྲུབ་པ་མ་གསུངས་སོ། །ཞེས་ཞི་ལྷག་གཉིས་རིམ་ཅན་དུ་ཐོབ་པའི་ཚུལ་ཡང་གསུངས་པ་དེ་ལྟར་ཡིན་ལ། འོན་ཀྱང་ཕྱིས་ཀྱི་མཁས་པ་རྣམས་བཞེད་ཚུལ་སྣ་ཚོགས་ཡོད་པས། འདིར་མི་སྤྲོ་ཞིང་རྒྱས་པར་གཞུང་གཞན་ལས་ཤེས་པར་བྱའོ།།

དེ་ནས་ཕྲ་མོའི་རྣལ་འབྱོར་ཟེར་བ་དེའི་ཐོག་སླེབས་དུས་ཁག་ཏུ་སོང་བ་རེད། དེ་ནི་སྟེང་གི་སྣ་རྩེ་སྟེ་སྣ་ཁུག་རྩེ་དང༌། འོག་གི་སྣ་རྩེ་སྟེ་སྐྱེས་པའི་ཕོ་རྟགས་ཀྱི་རྩེ། ལྟེ་བའི་སྣ་རྩེ་བཅས་གསུམ་པོ་དེར་རྡོ་རྗེ་སྔོན་པོ་ཕྲ་མོ་ཡུངས་དཀར་ཙམ་ཞིག་ལ་རྡོ་རྗེའི་ལྟེ་བ་སྟེ་མགོ་མཇུག་རྭ་གཉིས་བར་གྱི་སྐེད་པ་དབྲིལ་དབྲིལ་ཡོད་ས་དེར་གསང་དབང་འདུས་པ་་ལྷ་ཚོགས་སུམ་ཅུ་སོ་གཉིས་གཞལ་ཡས་ཁང་དང་བཅས་པ་ཆ་ཚང་མེ་ལོང་ནང་གཟུགས་བརྙན་ཤར་བ་ལྟར་བློ་ལ་འཆར་ཐུབ་པ་མ་ཟད། དེའི་ནང་གི་ལྷ་སྐུ་ཆུང་ཆུང་དེ་ཚོ་ཡང་སྤྱན་དང༌། སྤྱན་གྱི་རྫི་མ། དེ་བཞིན་དབུ་སྐྲ་རྐང་རེ་རེ་ཡང་གསལ་ཐུབ་པའི་དམིགས་རྟེན་ཧ་ཅང་ཆུང་ཆུང་ཞིག་སྒོམ་དགོས་པ་དེ་ལ་ཕྲ་མོའི་རྣལ་འབྱོར་ཟེར།

ཡང་སྣ་རྩེ་གསུམ་ལ་ཕྲ་མོའི་རྣལ་འབྱོར་བསྒོམས་སྲོལ་ཞིག་ཡོད། དེ་སྒོམ་སྐབས་གཞི་ནས་རླུང་དེ་ཚུར་བསྡུ་རྒྱུའི་གྲ་སྒྲིག་ཡིན་ཅིང༌། ཤི་དུས་རླུང་བསྡུ་སྟངས་ལྟར་མ་ཤི་གོང་ནས་ཚུར་བསྡུ་བའི་ཐབས་ཤེས་དེ་བསྐྱེད་རིམ་གྱི་ཕྲ་མོའི་རྣལ་འབྱོར་སྒོམ་པ་ནས་འགོ་བཙུགས་ཏེ་ཆུ་ཚད་རིམ་བཞིན་མཐོ་རུ་བཏང་ནས་རྗེས་སུ་རྫོགས་རིམ་གྱི་སྐབས་ལ་དངོས་སུ་བསྡུ་ཐུབ་པ་ཡོང་གི་ཡོད། དེ་ལྟར་བསམ་བློ་བཏང་དུས་ཞི་གནས་སྒྲུབ་སྟངས་དེ་ཡག་པོ་མ་ཤེས་ན་མི་འགྲིག་ཅིང༌། ཞི་གནས་ཀྱི་སེམས་གནས་པའི་ཐབས་དགུ་དང༌། སྟོབས་དྲུག ཡིད་བྱེད་བཞི་ཟེར་བ་དེ་དག་བྱང་ཆུབ་པ་ཤེས་དགོས། དེ་མ་ཤེས་ན་དམིགས་པ་བྱེད་དུས་ལམ་ལ་མི་འགྲོ་བ་ཡིན། ཕྲ་མོའི་རྣལ་འབྱོར་སྒོམ་སྐབས་བསམ་བློ་གཏོང་སྟངས་ཡག་པོ་མ་བྱུང་ན་བར་ཆད་འདྲ་མིན་ཡོང་ཉེན་ཡོད་ཅིང༌། དེ་བྱུང་ཚེ་སེལ་ཐབས་དེ་ཞི་གནས་ཀྱི་ནང་ལ་ཡོད་པས་དེ་ཚུར་འཁྱེར་ནས་བྱེད་པ་ལས་ཐོལ་པ་གཞན་མེད།

དེ་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་རྩ་བ་འདི་ཡང་ལྟ་བ་རྣམ་པར་དག་པ་ལ་ཐུག་པ་ནི། <<འཇམ་དཔལ་རྩ་རྒྱུད་>>ལས། ཆོས་གཅིག་ཡང་དག་པར་བསམ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྔགས་འགྲུབ་པར་འགྱུར་ཏེ། གཅིག་པོ་གང་ཞེ་ན། འདི་ལྟ་སྟེ། ཆོས་ཐམས་ཅད་སྤྲོས་པ་མེད་པའི་རྣམ་པར་རྗེས་སུ་མཐོང་བའོ། །ཞེས་གསུངས་ལ། ངན་སོང་སྦྱོང་རྒྱུད་དང་སྒྲོན་གསལ་སོགས་སུའང་། སྔགས་ཀྱི་དངོས་གྲུབ་ཐམས་ཅད་འགྲུབ་པ་ཡང་དག་པའི་ལྟ་བ་ལ་རག་ལས་པར་གསུངས་པ་དང༌། <<སྔགས་རིམ་>>ལས་ཀྱང༌། འཁོར་བའི་རྩ་བ་བདག་འཛིན་ཡིན་པ་འདི་ཐེག་པ་ཆེ་ཆུང་སྔགས་མཚན་ཉིད་ཐམས་ཅད་ཀྱི་ལུགས་ཡིན་པས། བདག་མེད་རྟོགས་པའི་ཤེས་རབ་ནི་འཁོར་བར་འཆིང་བའི་རྩ་བ་གཅོད་བྱེད་དུ་ཆེས་ཤིན་ཏུ་གསལ་ལོ། །ཞེས་དང༌། <<བསྐྱེད་རིམ་ཆེན་མོ་>>ལས། ཕར་ཕྱིན་ཐེག་པའི་གདུལ་བྱ་དབང་པོ་རྣོན་པོ་ནི། དང་པོར་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ལེགས་པར་གཏན་ལ་ཕབ་ནས་དེ་རྟོགས་པའི་རྗེས་སུ་བྱང་ཆུབ་ཀྱི་སེམས་བསྐྱེད་པར་གསུངས་པས། སེམས་མ་བསྐྱེད་པའི་གོང་རོལ་ནས་སྟོང་པ་ཉིད་ལེགས་པར་ངེས་པ་འོང་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་ཆེན་གྱི་གདུལ་བྱ་དབང་པོ་རྣོན་པོ་ལས་ཀྱང་སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དབང་པོ་ཆེས་རྣོ་བ་ཡིན་ལ། ཞེས་གསུངས་པ་ལྟར། སྔགས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་ཕར་ཕྱིན་ཐེག་པའི་གདུལ་བྱ་དབང་རྣོན་ལས་ཀྱང་རྣོ་བ་ཞིག་དགོས་པས། དེ་འདྲའི་རིན་པོ་ཆེ་ལྟ་བུའི་གདུལ་བྱ་དེས་བདེ་སྟོང་སྦྱོར་བའི་སྟོང་པ་ནི། དབུ་མ་པས་ཇི་ལྟར་གཏན་ལ་ཕབ་པ་ལྟར་གྱི་སྟོང་ཉིད་ཕྲ་མོ་ཁོ་ན་ཡིན་དགོས་ཏེ། <<ལེགས་བཤད་སྙིང་པོ་>>ལས། དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཤིང་རྟའི་སྲོལ་གཉིས་པོ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་སྐབས་སུ་རྒྱས་མོད་ཀྱང༌། གསང་སྔགས་ཀྱི་གཞུང་འགྲེལ་པའི་པཎྜི་ཏ་དང་གྲུབ་ཐོབ་རྣམས་ཀྱིས་ཀྱང༌། དེ་གཉིས་གང་རུང་ཞིག་དང་མཐུན་པར་དེ་ཁོ་ན་ཉིད་ཀྱི་དོན་གཏན་ལ་འབེབས་པ་ལས་གཞན་པའི་ཕུང་སུམ་མེད་པས། ཚུལ་འདི་ནི་གསུང་རབ་མདོ་སྔགས་མཐའ་དག་གི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་གནད་དུ་ཤེས་པར་བྱའོ། །ཞེས་གསུངས་སོ། །གཞན་ཡང༌། རྒྱུད་སྡེ་འོག་མའི་ལམ་གྱི་རྣམ་གཞག་དང༌། དབང་དང་དམ་ཚིག བསྙེན་པ་དང༌། དཀྱིལ་འཁོར་འབྲི་སྒྲུབ་སོགས་གང་དང་གང་གི་སྐབས་སུ་ཡང༌། རྗེ་བླ་མ་ཡབ་སྲས་ཀྱི་བཞེད་ཚུལ་ཐུན་མོང་མ་ཡིན་པ། མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་ཁྱད་པར་དུ་འཕགས་པའི་ཚུལ་མཐའ་ཡས་པ་ཞིག་བརྗོད་དུ་ཡོད་ཀྱང༌། འདིར་ཡིག་ཚོགས་ལ་འཇིགས་པས་མི་སྤྲོ་ལ། རྗེ་ཡབ་སྲས་ཀྱི་གསུང་རབ་ལ་རིང་དུ་འདྲིས་པ་ལས་ཤེས་པར་བྱའོ།།

དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་བསྐྱེད་རིམ་དང་རྫོགས་རིམ་གང་ལའང་དབུ་མའི་ལྟ་བ་ངེས་པར་དུ་དགོས་ཤིང༌། དེ་མེད་ན་བསྐྱེད་རིམ་དང་རྫོགས་རིམ་གང་ཞིག་སྒོམ་ནའང་བདག་འཛིན་གྱི་གཉེན་པོ་ལ་འགྲོ་མི་ཐུབ། དབུ་མའི་ལྟ་བ་ཤེས་པ་ལ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡག་པོ་ཤེས་དགོས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་ལྟ་བ་འདི་དབུ་མ་ཐལ་འགྱུར་བའི་ལྟ་བ་རྣམ་པར་དག་པ་ལ་ཐུག་པ་ཡིན་ཟེར། དེ་ཡང་ཞི་གནས་སྒྲུབ་སྟངས་དེ་ཕར་ཕྱིན་ནང་གསུངས་ཡོད་པ་དང༌། ལྟ་བ་དེ་དབུ་མའི་སྐབས་ལ་གསུངས་ཡོད་སྟབས་དེ་ཡག་པོ་ཤེས་པར་ཕར་ཕྱིན་དང་དབུ་མ་ཡག་པོ་ཤེས་དགོས་པ་ཡིན། སྔོན་མ་གྲྭ་སའི་ནང་དབུ་མ་ལོ་གཉིས་དང་ཕར་ཕྱིན་ལོ་བརྒྱད་(འགའ་ཞིག་ལ་དབུ་མ་ལོ་བཞི་ཡིན་)སྦྱངས་ཏེ་ཁྱོན་བསྡོམས་ཉུང་ཤོས་ལའང་དབུ་ཕར་གཉིས་ལོ་བཅུ་སྦྱངས་དགོས། མདོར་ན་ཆོས་ཀྱི་སྙིང་པོ་དེ་བསམ་བློ་གཏོང་རྒྱུ་དེ་རང་ལ་ཐུག་ཡོད་པ་ལས་ཌ་མ་རུ་དང༌། དྲིལ་བུ། བུམ་པ་སོགས་ལ་ཐུག་མེད། དེར་བརྟེན་གནད་འགག་དེ་ཚོ་བཤད་དུས་དབུ་མ་དང་ཕར་ཕྱིན་གཉིས་གལ་ཆེན་པོ་ཡིན་པ་ཤེས་ཀྱི་རེད། ད་དུང་ལས་རུང་གཏོང་སྐབས་ཀྱང་བྱེད་སྒོ་ཧ་ཅང་མང་པོ་ཡོད་པ་སྟེ། བསམ་བློ་གཏོང་རྒྱུ་ཤོད་མི་དགོས། ཐོག་མར་འགོ་འཛུགས་སྐབས་གང་འདྲ་བྱེད་དགོས་མིན་དང༌། བསམ་བློ་གང་འདྲ་གཏོང་དགོས་མིན། དངོས་གཞིའི་ལས་རུང་སྐབས་གང་འདྲ་བྱེད་དགོས་མིན། སྔགས་གང་འདྲ་བསོག་དགོས་མིན་སོགས་མང་པོ་ཡོད། ད་ལྟ་ལས་རུང་བཏང་མྱོང་གསུང་མཁན་མང་པོ་ཞིག་གིས་སྔགས་ཀྱི་གྲངས་ཚད་ཁོ་ན་ལས་བསམ་བློ་གཏོང་རྒྱུ་དེར་སྣང་ཆེན་བྱས་མེད། ལས་རུང་གཏོང་སྐབས་བདག་བསྐྱེད་ཀྱི་ནང་བཤད་པའི་དམིགས་པ་བྱེད་ཐབས་མང་པོ་ཞིག་ཡོད་པ་དེ་དག་ཤེས་དགོས། ལས་རུང་མ་བཏང་གོང་སྔོན་ལ་དེ་ཚོའི་ཁྲིད་བསམ་བློ་གཏོང་སྟངས་དེ་ཚོ་ཧ་ཅང་རྒྱས་པོ་མ་བྱུང་ནའང་འགྲོ་སྟངས་དེ་ཚོ་ཤེས་པ་བྱས་ཏེ་སྔགས་འདྲེན་སྐབས་བདག་བསྐྱེད་ནང་ལ་གསལ་བ་ལྟར་དམིགས་པ་བྱེད་དགོས་པ་དང༌། གཙོ་ཆེ་ཤོས་ལམ་རིམ་བསྒོམས་བཞག་ན་འགྲིག་ཅིང༌། དེ་མིན་ན་གཉིད་ཁུག་པའམ་སེམས་དེ་གར་སོང་མེད་པར་ཕྱིན་ཏེ་སྔགས་གྲངས་ཀ་ཇི་ཙམ་སོང་མིན་ཡང་ཤོད་རྒྱུ་མེད་ན་དེ་ལྟ་བུའི་ལས་རུང་བཏང་ཚེ་གོ་ག་ལ་ཆོད། དེ་ཡང་སྔགས་འདྲེན་པ་དེ་ལ་ནུས་པ་དང་ཕན་ཐོགས་མེད་ཟེར་བ་མ་ཡིན་པར་གཙོ་བོ་བདག་བསྐྱེད་ནང་ལ་ཡོད་པ་ནང་བཞིན་དམིགས་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན། དགེ་ལུགས་པ་ལ་ཆ་བཞག་ན་བསྙེན་ཆེན་གྱི་ཁྲིད་དང་སྦྱིན་སྲེག་གི་ཁྲིད་སོགས་ཞུ་སྲོལ་ཡོད་ནའང་ད་ལྟ་བོད་ལ་དེ་རིགས་ཞུ་མྱོང་མཁན་མི་གཅིག་ལས་ལྷག་མེད། དེ་བཞིན་རི་བོ་དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་སྙན་རྒྱུད་མན་ངག་རྣམ་གསུམ་དང༌། རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་གྱི་ལུང༌། བཀའ་འགྱུར་གྱི་ལུང་སོགས་ཀྱང་ཆད་ཉེར་ཡོད། དེ་བཞིན་ྋརྒྱལ་བ་སྐུ་ཕྲེང་རིམ་བྱོན་དང༌། པཎ་ཆེན་སྐུ་ཕྲེང་རིམ་བྱོན། འཇམ་དབྱངས་བཞད་པ་སྐུ་ཕྲེང་རིན་བྱོན་གྱི་གསུང་འབུམ་སོགས་ཀྱི་ལུང་སོགས་ཆད་ཉེར་ཡོད་པ་རེད།

 

ཀུན་རྫོབ་སྒྱུ་ལུས་ཀྱི་རྣམ་གཞག

 

ཕ་རྒྱུད་ལམ་གྱི་སྙིང་པོ་ཀུན་རྫོབ་སྒྱུ་ལུས་ཀྱི་རྣམ་གཞག་བཤད་པ་ལ། སྒྱུ་ལུས་ནི་སྒྱུ་མ་དང་འདྲ་བའི་ལུས་ཏེ་ཡིད་ཀྱི་རང་བཞིན་གྱི་ལུས་ལ་ཟེར་བ་སྟེ། དེ་ཡང་ཡིད་ཀྱི་རང་བཞིན་གྱི་ལུས་ནི་ཤ་དང༌། རུས་པ། ཁྲག་ལ་སོགས་པ་མེད་པར་སྒྱུ་མ་མཁན་གྱི་མི་ལྟ་བུའམ་སྤྲུལ་པ་ལྟ་བུའི་ལུས་ཤིག་གྲུབ་པ་དེ་ལ་སྒྱུ་མའི་ལུས་ཟེར། དགེ་ལུགས་ཀྱིས་སྒྱུ་ལུས་ཞེས་བརྗོད་པ་ལས་གྲུབ་མཐའ་གཞན་ཕྱོགས་ཀྱིས་འཇའ་ལུས་ཟེར། རྣལ་འབྱོར་མའི་ནང་འཇའ་ལུས་གསུང་སྲོལ་བྱུང་བ་དེ་ས་སྐྱ་ནས་བྱུང་བ་རེད། ས་སྐྱ་ནས་དགེ་ལུགས་དང་གྲུབ་མཐའ་གཞན་ཚང་མར་ཁྱབ་འགྲོ་བ་རེད། རྣལ་འབྱོར་མའི་ནང་མ་གཏོགས་གསང་འདུས་དང༌། བདེ་མཆོག འཇིགས་བྱེད་བཅས་ལ་སྒྱུ་ལུས་ལས་འཇའ་ལུས་ཞེས་གསུང་སྲོལ་མེད། སྒྱུ་ལུས་སྒྲུབ་སྟངས་ཐད་ཐོག་མ་སྒྱུ་ལུས་སྒྲུབ། དེ་ནས་འོད་གསལ་སྒྲུབ། དེ་གཉིས་སོ་སོ་བསྒྲུབས་ཟིན་རྗེས་དེ་གཉིས་ཟུང་དུ་འབྲེལ་བའི་ཟུང་འཇུག་བསྒྲུབ་དགོས། དེའི་སྐོར་གསང་བ་འདུས་པའི་ནང་རྒྱས་ཐག་ཆོད་ཡོད་ཅིང༌། དེ་ལས་རྒྱས་པ་མེད།

དེ་ཡང༌། ཕ་རྒྱུད་སྟོང་ཕྲག་སུམ་ཅུ་རྩ་གསུམ་གྱི་ཕྱི་མོ་ལྟ་བུར་གྱུར་པ་ནི། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱུད་ཉིད་ཡིན་ཞིང༌། རྒྱུ་མཚན་གང་ཞེ་ན་གསང་བ་འདུས་པ་ཡག་པོ་ཤེས་ན་རྒྱུད་ཐམས་ཅད་ཀྱི་ལྡེ་མིག་ལག་ཏུ་བྱུང་བ་ལྟ་བུ་ཞིག་ཡིན། དེར་བརྟེན་ཐོག་མ་གསང་བ་འདུས་པ་སྦྱངས་ནས་དེས་ལྡེ་མིག་བྱས་ཏེ་བདེ་མཆོག་དང༌། འཇིགས་བྱེད། དེ་མ་ཡིན་པའི་རྒྱུད་གང་འདྲ་ཞིག་བལྟས་ནའང་ནང་དོན་གལ་ཆེ་བ་རྣམས་ཚང་མ་གསང་བ་འདུས་པ་དང་འབྲེལ་བ་མེད་པ་སྤྱིར་ན་མེད། དེར་བརྟེན་གསང་བ་འདུས་པ་དེ་“གང་ཞིག་རྟོགས་ན་མཐའ་དག་གསུང་རབ་དོན། །མི་འཇིགས་སྤོབས་པ་ཕྱོགས་དེ་འདུས་པའི་ལམ། །”ཞེས་གསུངས་ཡོད། རྒྱུད་མཐའ་དག་ལ་མིག་ཕྱེ་བ་ལྟ་བུར་ཡོང་ཐུབ་པའི་རྒྱུད་དེ་གསང་བ་འདུས་པ་ཡིན་ཞེས་ཟེར་ཞིང༌། གསང་བ་འདུས་པའི་རྒྱུད་ཀྱི་ནང་ལའང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང༌། གསུང་དང༌། ཐུགས་ཀྱི་སྙིང་པོ་ཐམས་ཅད་གཅིག་ཏུ་འདུས་པ་གསང་བ་འདུས་པ་ཞེས་འཁོད་ཡོད་པས་མིང་དང་དོན་མཚུངས་པ་ཞིག་ཡིན། གསང་བ་འདུས་པའི་རྒྱུད་སློབ་སྦྱོང་བྱེད་པར་ཐོག་མར་གསང་འདུས་རྒྱུད་ཀྱི་དབང་ཞུས། དེ་ནས་བསྐྱེད་རིམ་གྱི་ཁྲིད་དང་རྫོགས་རིམ་གྱི་ཁྲིད་ཞུས། དེ་ནས་གཞི་ནས་སློབ་སྦྱོང་བྱེད་དགོས། དེ་ལྟར་མ་བྱས་ན་ཤེས་ཐབས་མེད། རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ཡིན་ཟེར་དོན་ནི། དེ་ལ་ཡང་རྒྱུད་རྒྱས་པ་ཉི་ཁྲི་ལྔ་སྟོང་པ་དང༌། བསྡུས་པའི་རྒྱུད་སྟོང་བརྒྱད་བརྒྱ་པ་ལེའུ་བཅོ་བརྒྱད་ཀྱི་བདག་ཉིད་ཅན་དང་གཉིས་ཡོད་པས། ཕྱི་མ་འདི་ལ་འདུས་པའི་རྩ་རྒྱུད་ཀྱང་ཟེར། འདིའི་ལེའུ་བཅོ་བརྒྱད་པ་ནི་འདུས་པའི་རྒྱུད་དང་བཤད་རྒྱུད་གཉིས་ཀ་ཡིན་ཞིང༌། འདི་ལ་ལེའུ་བཅོ་བརྒྱད་ཡོད་པའི་ནང་ལེའུ་བཅུ་བདུན་པ་དེ་རྩ་རྒྱུད་དང་བཅོ་བརྒྱད་པ་དེ་བཤད་རྒྱུད་ཀྱི་དཔེ་ཡིན། རྩ་རྒྱུད་ཟེར་བ་ནི་བཅོམ་ལྡན་འདས་ཀྱིས་གསང་སྔགས་ཀྱི་ཉམས་ལེན་བྱེད་སྟངས་དེ་རིགས་གོ་རིམ་ཇི་མ་ཇི་བཞིན་མ་གསུངས་པར་གོ་རིམ་དཀྲུག་ནས་གསུངས་པ་དང༌། སྐབས་རེ་མིང་དང་ཚིག་དེ་དག་ཀྱང་ལོགས་སུ་གཞན་བཏགས་ནས་འགྲེལ་བཤད་རྒྱག་མཁན་མེད་ན་མ་ཤེས་པ་བཟོས་ཏེ་གསུངས་པ་ལ་རྩ་རྒྱུད་དང༌། བཤད་རྒྱུད་ནི་བཅོམ་ལྡན་འདས་ཀྱིས་རྩ་རྒྱུད་ནང་གསུངས་པ་དེ་དག་གི་དགོངས་པ་འདི་དང་འདི་ཡིན་ཞེས་འགྲེལ་བཤད་གནང་བ་སྟེ་རང་གི་དགོངས་པ་རང་གི་བཤད་པ་ལ་བཤད་རྒྱུད་ཟེར། བཤད་རྒྱུད་ལ་<<ལྷ་མོ་བཞིས་ཞུས་པ་>>དང༌། <<དགོངས་པ་ལུང་སྟོན་>><<རྡོ་རྗེ་འཕྲེང་བ་>> <<ཡེ་ཤེས་རྡོ་རྗེ་ཀུན་བཏུས་>>དང་བཞི་ནི་བཤད་པའི་རྒྱུད་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་དང༌། སྒྱུ་འཕྲུལ་དྲ་བ་གཉིས་འདུས་པའི་ཕྱོགས་མཐུན་གྱི་རྒྱུད་ཡིན་པར་<<རིམ་ལྔ་གསལ་སྒྲོན་>>ལས་གསུངས། གོང་གསལ་<<ལྷ་མོ་བཞིས་ཞུས་པ་>>དང་<<དགོངས་པ་ལུང་སྟོན་>>སོགས་བཤད་རྒྱུད་ཀྱི་ནང་གང་དང་གང་གསུངས་པ་རྣམས་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་འབུམ་ནང་གསང་བ་འདུས་པའི་རྣམ་གཞག་གི་རིམ་པ་དང་དེ་བཞིན་རྒྱུད་ཀྱི་འགྲེལ་པའི་ནང་གསུངས་ཡོད། རྒྱུད་དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་ཀྱང༌། སྒེག་པའི་རྡོ་རྗེའི་སློབ་མ་སློབ་དཔོན་ཡེ་ཤེས་ཞབས་ཀྱིས་མཛད་པའི་བསྐྱེད་རིམ་སྟོན་པ་སྒྲུབ་ཐབས་ཀུན་ཏུ་བཟང་པོ་དང༌། རྫོགས་རིམ་སྟོན་པ་རྗེ་བཙུན་གྱི་ཞལ་ལུང༌། གྲོལ་བའི་ཐིག་ལེ་སོགས་དང༌། འཕགས་ལུགས་ལ། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བསྐྱེད་རིམ་སྟོན་པ་མདོ་བྱས་དང༌། མདོ་བསྲེ་གཉིས། རྫོགས་རིམ་སྟོན་པ་རིམ་པ་ལྔ་པ་དང༌། འཕགས་པ་ལྷས་མཛད་པའི་སྤྱོད་བསྡུས་སྒྲོན་མ། སློབ་དཔོན་ཀླུའི་བྱང་ཆུབ་ཀྱིས་མཛད་པའི་རྣམ་གཞག་རིམ་པ་དང༌། དཀྱིལ་ཆོག་ཉི་ཤུ་པ། སློབ་དཔོན་ཟླ་བ་གྲགས་པས་མཛད་པའི་སྒྲོན་གསལ། སྦྱོར་བ་ཡན་ལག་དྲུག རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་སོགས་མང་དུ་ཡོད་དོ། །ཞེས་པ་ནི་གསང་བ་འདུས་པ་ལ་འགྲེལ་པ་གང་དང་གང་ཡོད་པ་དང༌། རྒྱ་གར་གྱི་མཁས་པ་ཚོས་འགྲེལ་པ་གང་དང་གང་མཛད་ཡོད་པ་སོགས་དཔེ་ཆའི་ནང་གི་ལུང་ཤ་སྟག་ཡིན། འོན་ཀྱང༌། འདུས་པའི་ལམ་སྤྱི་དང་ཁྱད་པར་རིམ་ལྔའི་མན་ངག་གི་གནད་མཐར་ཐུག་པ་རྣམས་ཤིན་ཏུ་སྦས་པའི་ཚུལ་དུ་ཡོད་པས་རྩ་བཤད་མ་སྦྱར་བར་རྟོགས་མི་ནུས་ལ། རྩ་བཤད་སྦྱོར་ཚུལ་ཡང་བླ་མའི་མན་ངག་མེད་ན་རྟོགས་པར་མི་འགྱུར་ཏེ། <<རིམ་ལྔ་>>ལས། དཔལ་ལྡན་འདུས་པའི་རྒྱུད་དུ་ནི། །དེ་ཉིད་འདི་དག་རྒྱས་བཏབ་གནས། །བཤད་པའི་རྒྱུད་ཀྱི་རྗེས་འབྲངས་ཏེ། །བླ་མའི་ཁ་ལས་རྟོགས་པར་བྱ། །ཞེས་གསུངས་པ་ལྟར། ཤིན་ཏུ་གསང་བའི་གནད་མཐའ་དག་མི་མངོན་པར་བྱ་བའི་ཕྱིར་མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་པ་རྣམས་བླ་མའི་མན་ངག་ལ་བརྟེན་ནས་གསལ་བར་བྱེད་དགོས་ཤིང༌། སྤྱིར་མན་ངག་གི་སྐད་དོད་ཨུ་བ་དེ་ཤ་ཞེས་པ་ཉེ་བར་རྟོགས་པར་བྱེད་པའམ་བདེ་བླག་ཏུ་རྟོགས་པར་བྱེད་པ་ཞེས་པ་ཡིན་པས། སྔོན་གྱི་རྒྱུད་འགྲེལ་རྣམས་སུ་གསལ་བར་བཀྲལ་ཡོད་ནའང༌། དུས་ཀྱི་དབང་གིས་གདུལ་བྱའི་བློ་གྲོས་ཇེ་ཉམས་ཇེ་ཉམས་སུ་སོང་བའི་རྐྱེན་གྱིས་ཕྱི་རབས་ཀྱི་གདུལ་བྱ་ཕལ་མོ་ཆེས་རྩ་བཤད་སྦྱོར་ཚུལ་སོགས་རྒྱུད་དང་དགོངས་འགྲེལ་གྱི་དོན་བདེ་བླག་ཏུ་རྟོགས་པར་མ་ནུས་པ་ལ། རྗེ་བདག་ཉིད་ཆེན་པོས་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་དང༌། ལྷག་པར་མགོན་པོ་འཇམ་པའི་དབྱངས་ཀྱིས་དངོས་སུ་དགེ་བའི་བཤེས་གཉེན་མཛད་པ་ལ་བརྟེན་ནས་རྒྱུད་དང་དགོངས་འགྲེལ་གྱི་བསྟན་བཅོས་མཐའ་དག་གི་དོན་མ་ནོར་བར་ཡོངས་སུ་རྫོགས་པ་ཐུགས་ལ་ཆུད་ཅིང༌། དེ་ཡང་གོང་དུ་རྩ་བཤད་སྦྱོར་ཚུལ་ཟེར་བ་ནི་རྩ་རྒྱུད་དང་བཤད་རྒྱུད་གཉིས་སྦྱོར་སྟངས་ཀྱི་སྐོར་ཡིན། དེ་ནི་བླ་མའི་མན་ངག་མེད་ན་རྟོགས་པར་མི་འགྱུར་ཞེས་གསུངས་ཡོད། རྩ་རྒྱུད་བཤད་དུས་བཤད་རྒྱུད་ཟུང་འབྲེལ་བྱས་ནས་བཤད་དགོས་པ་དང༌། བཤད་དུས་བླ་མའི་མན་ངག་ལ་བརྟེན་ནས་ངག་ཁོ་ན་ནས་ཤོད་དགོས་པ་སྟེ། ཤིན་ཏུ་གསང་བའི་གནད་མཐའ་དག་མི་མངོན་པར་བྱེད་ཆེད་རྩ་རྒྱུད་ནང་སྦས་ནས་གསུངས་པ་དེ་དག་བཤད་རྒྱུད་དང་བླ་མའི་མན་ངག་གཉིས་ལ་བརྟེན་ནས་རྩ་རྒྱུད་ཀྱི་དགོངས་པར་འགྲེལ་བཤད་བྱེད་དགོས། འགྲེལ་བཤད་བྱེད་སྟངས་དེ་མཐའ་དྲུག་དང་ཚུལ་བཞིའི་ཐོག་ནས་འགྲེལ་བཤད་རྒྱག་དགོས་ཤིང༌། མཐའ་དྲུག་ནི་དྲང་དོན་དང་ངེས་དོན་གཉིས་དང༌། དགོངས་པས་བཤད་པ་དང་དགོངས་པ་མ་ཡིན་པས་བཤད་པ། སྒྲ་ཇི་བཞིན་པས་བཤད་པ་དང་སྒྲ་ཇི་བཞིན་པ་མ་ཡིན་པས་བཤད་པ་བཅས་དྲུག་དང༌། ཚུལ་བཞི་ནི་ཡིག་དོན། སྤྱི་དོན། སྦས་དོན། མཐར་ཐུག་གི་དོན་དེ་བཞི་ཡིན། དེ་ནི་ཡི་གེའི་དོན་གྱི་ཐོག་ནས་འགྲེལ་བཤད་བརྒྱབ་པ་ལ་ཡིག་དོན་དང༌། སྤྱི་དོན་གྱི་ཐོག་ནས་འགྲེལ་བཤད་བརྒྱབ་པ་ལ་སྤྱི་དོན། སྦས་དོན་གྱི་ཐོག་ནས་འགྲེལ་བཤད་བཏབ་པ་ལ་སྦས་དོན། མཐར་ཐུག་གི་དོན་གྱི་ཐོག་ནས་འགྲེལ་བཤད་བརྒྱབ་པ་ལ་མཐར་ཐུག་གི་དོན་ཞེས་ཟེར་ཞིང༌། དེ་དག་ཁ་ཤས་བསྐྱེད་རིམ་ལ་སྦྱར་དགོས་པ་དང༌། ཁ་ཤས་རྫོགས་རིམ་ལ་སྦྱར་དགོས་པ། ཁ་ཤས་ཟུང་འཇུག་ལ་སྦྱར་དགོས་པ། ཁ་ཤས་ལས་ཚོགས་ཀྱི་སྐོར་ལ་སྦྱར་དགོས་པ། ཁ་ཤས་ཡན་ལག་ལ་སྦྱར་དགོས་པ་སོགས་ཁག་མང་པོ་ཡོད་པ་དེ་དག་ལ་འགྲེལ་བཤད་རྒྱག་སྟངས་ཀྱང་མང་པོ་ཡོད་སྟབས་འགྲེལ་བཤད་རྒྱག་སྟངས་དེ་ཚོར་མཐའ་དྲུག་དང་ཚུལ་བཞི་ཞེས་བཏགས་པ་རེད། མཐའ་དྲུག་དང་ཚུལ་བཞིའི་སྐོར་འཇམ་མགོན་བླ་མ་ཙོང་ཁ་ཆེན་པོའི་གསུང་འབུམ་ནང་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་འགྲེལ་པ་ཞེས་པའི་ནང་གསལ་འགྲེལ་ཧ་ཅང་རྒྱས་པོ་གནང་ཡོད་པ་དང༌། ད་དུང་དགའ་ལྡན་ཁྲི་ཐོག་དོན་བདུན་པ་ངག་དབང་ཆོས་འཕེལ་གྱིས་མཛད་པའི་མཐའ་དྲུག་ཚུལ་བཞིའི་བསྡོམས་ཚིག་ཞེས་པའི་ནང་གསང་བ་འདུས་པའི་ལེའུ་བཅུ་བདུན་གྱི་ཚིག་རེ་རེར་མཐའ་དྲུག་གི་ནང་ནས་འགྲེལ་བཤད་གང་དང་གང་འགྲོ་མིན་ཚང་མ་ཚིགས་བཅད་ཀྱི་ཐོག་ནས་བསྡོམས་ཚིག་གནང་ཡོད། གཞན་ཡང་གསང་བ་འདུས་པའི་འགྲེལ་པ་སྒྲོན་གསལ་ཞེས་པར་འཇམ་མགོན་བླ་མས་མཆན་འགྲེལ་ཞིག་གནང་ཡོད། དེ་ལྟ་དུས་གསང་བ་འདུས་པའི་རྒྱུད་བཞི་ལྟ་དགོས་ཤིང༌། དེ་ལ་འགྲེལ་པ་བཞི་སྦྲགས་ཞེས་ཟེར་བར་འགྲེལ་བཤད་བྱེད་པར་དུས་ཡུན་ཟླ་བ་བཞི་ཙམ་འགོར་གྱི་རེད། འགྲེལ་པ་བཞི་སྦྲགས་ཁྲིད་སྐབས་ཐོག་མ་རྩ་རྒྱུད་དང༌། དེ་ནས་དེའི་འགྲེལ་པ་དཔལ་ལྡན་ཟླ་བ་གྲགས་པས་མཛད་པ། དེའི་འགྲེལ་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་གསུངས་པ་ཞིག དེ་དག་ནང་མ་གསལ་བ་མཐའ་དཔྱོད་ཅེས་ཟུར་དུ་ཡོད་པ་དེ་བཅས་འགྲེལ་པ་ཁག་བཞི་སྦྲགས་ནས་གསལ་བཤད་བྱེད་དགོས། འགྲེལ་པ་བཞི་སྦྲགས་མ་ཉན་གོང་སྔོན་ལ་བསྐྱེད་རིམ་དང་རྫོགས་རིམ་གྱི་ཁྲིད་ཉན་དགོས། སྔོན་མ་སེ་འབྲས་ཀྱི་སྔགས་པ་གྲྭ་ཚང་དང༌། བཀྲ་ཤིས་ལྷུན་པོའི་སྔགས་ཁང༌། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྒྱུད་པ་གྲྭ་ཚང༌། ལྷ་སའི་རྒྱུད་གྲྭ་སྟོད་སྨད་བཅས་ལ་ལོ་ལྟར་འགྲེལ་པ་བཞི་སྦྲགས་ཀྱི་བཤད་པ་ཐེངས་རེ་གནང་སྲོལ་ཡོད། ད་ཆ་དེའི་སྲོལ་ཉམས་ནས་ལོ་མང་སོང་བ་མ་ཟད། གནང་ཐུབ་མཁན་ཡང་གཅིག་གཉིས་ལས་མེད་སྟབས་རྒྱུན་རྩ་བ་ནས་ཆད་ཉེན་ཡོད་ལ། བདེ་མཆོག་རྩ་རྒྱུད་ཀྱི་འགྲེལ་པ་སྦས་དོན་ཀུན་གསལ་གྱི་བཤད་པ་ཡང་རྩ་བ་སྟོང་ཉེར་ཐུག་ཡོད་ཅིང༌། གཞན་ཡང་ད་དུང་གསང་སྔགས་སྐོར་གྱི་དབང་ལུང་ཁྲིད་ལ་སོགས་པ་ཧ་ཅང་མང་པོ་ཡོད་པ་དེ་དག་ཀྱང་ཆད་ཉེན་ཡོད། འདུས་པའི་ལམ་གྱི་དཀའ་གནད་ཤིན་ཏུ་སྦས་པའི་གསང་དོན་ཕྲ་ཞིང་ཕྲ་བ་རྣམས་གསལ་བར་བྱེད་པའི་བསྟན་བཅོས་རིམ་ལྔ་གསལ་སྒྲོན། སྒྲོན་གསལ་མཆན། མཐའ་དཔྱོད་མྱུ་གུ་རིམ་ལྔ་གདན་རྫོགས་ཀྱི་ཁྲིད། རྣམ་གཞག་རིམ་པའི་རྣམ་བཤད་སོགས་མཛད་པས། རྒྱུད་དོན་གྱི་གསང་བ་མ་ལུས་པ་ལེགས་པར་བཀྲོལ་ཏེ། འཕགས་པ་ཡབ་སྲས་ཀྱིས་ཇི་ལྟར་འགྲེལ་པའི་དགོངས་དོན་རྣམས་ཕྱིན་ཅི་མ་ལོག་པར་གཏན་ལ་ཕབ་པས། ཁ་བ་ཅན་གྱི་ལྗོངས་འདིར་གསང་སྔགས་ཀྱི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་བྱས་སོ།།

དེས་ན་སྤྱིར་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སློབ་པའི་རྒྱུད་ཀྱི་རྣལ་འབྱོར་དེ་རྫོགས་རིམ་སྤྱིའི་ངོ་བོ་ཡིན་ནའང༌། དུས་འཁོར་ལུགས་ལ་འདི་བཞག་ཏུ་མི་རུང་སྟེ། དེའི་ལུགས་ལ་སོར་བསམ་གཉིས་རླུང་དབུ་མར་འཛུད་པའི་སྔོན་འགྲོ་ཙམ་དང༌། སྲོག་རྩོལ་རླུང་ཞུགས་པ་དང༌། འཛིན་པ་རླུང་གནས་པ་ལ་འཇོག་པ་སོགས་རྒྱུད་སྡེ་གཞན་དང་བཤད་སྲོལ་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་པར་མང་དུ་ཡོད་པས་ལུགས་དེའི་རྣམ་གཞག་འདིར་མི་སྤྲོ་ཞིང་གཞུང་གཞན་ནས་ཤེས་པར་བྱ། འོན་ཀྱང༌། གཞིའི་འཆི་སྲིད་ཕྲ་མོའི་ཉེར་ཐོབ་མངོན་དུ་བྱས་པའི་སྐབས་དང༌། བསྐྱེད་རིམ་སྐབས་སུ་ཡང་ཕྱག་རྒྱའི་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་ཙམ་ཡོད་ཀྱང༌། དེ་དག་ནི་སྒོམ་སྟོབས་ལས་བྱུང་བ་མ་ཡིན་ཞིང༌། རྫོགས་རིམ་པའི་ཁྱད་ཆོས་ནི་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པའི་ཐབས་ཀྱིས་རྩ་མདུད་གྲོལ་ཏེ་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱེད་པ་ཞིག་ཡིན་པས་བསྐྱེད་རིམ་སྐབས་ཀྱི་དེ་དང་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད། སྤྱིར་རྫོགས་རིམ་ལ། མ་བརྟགས་པའི་རྣལ་འབྱོར་དང༌། རྣལ་མའི་རྣལ་འབྱོར་ཞེས་ཟེར་བ་ནི། བློས་བཏགས་པ་ལ་མ་ལྟོས་པར་རང་གྲུབ་ཙམ་ནས་ཡོད་པའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་ནས་བསྒོམ་པར་བྱ་བའི་རིམ་པ་ཡིན་པས་དེ་ལྟར་བརྗོད་པ་ཡིན་ཏེ། <<སྔགས་རིམ་>>ལས། རྫོགས་པའི་རིམ་པས་ནི་དབྱངས་གསལ་ཀྱི་ཡི་གེ་དང༌། ཟླ་ཉི་སོགས་ཀྱིས་མཚོན་པའི་དོན་བྱང་སེམས་དཀར་དམར་དང༌། རླུང་ལས་སུ་རུང་བའི་མཐུས་སྣང་མཆེད་ཐོབ་གསུམ་གྱི་ཡེ་ཤེས་མངོན་དུ་བྱས་པའི་དབང་གིས་རླུང་སེམས་ཙམ་ལས་སྒྱུ་མའི་སྐུར་ལྡང་བ་ཡིན་པས། བློས་མ་བཏགས་ཤིང༌། མ་བཅོས་པར་ལྷའི་སྐུར་རྫོགས་པའོ། །ཞེས་གསུངས་སོ།།

ཕ་རྒྱུད་ཐམས་ཅད་ཀྱི་ལམ་གྱི་སྲོག་རྩ་རིམ་ལྔའི་རྣམ་གྲངས་ལའང༌། ལམ་རིམ་པ་ལྔ་དང༌། དྲུག་ཏུ་མཛད་པ་གཉིས་ཡོད་པས། དང་པོ་ནི། འཕགས་པ་ཀླུ་སྒྲུབ་ཀྱིས་བཤད་རྒྱུད་རྡོ་རྗེ་ཕྲེང་བའི་ལེའུ་ཐ་མའི་རྗེས་སུ་འབྲངས་ནས་གསུངས་ཏེ། དེ་ཉིད་ལས། རྡོ་རྗེ་བཟླས་པ་རབ་སྦྱོར་བས། །རླུང་གི་མཚན་ཉིད་ཤེས་ནས་ནི། །རྣམ་རྟོག་རླུང་རྣམས་རྣམ་པར་གཅོད། །སེམས་ལ་དམིགས་པ་འཐོབ་པར་འགྱུར། །བདག་ལ་བྱིན་རླབས་རིམ་པས་ཀྱང་། །དངོས་གྲུབ་བརྒྱད་ནི་འཐོབ་པར་འགྱུར། །སྣང་བ་ལ་སོགས་དབྱེ་བ་ཤེས། །མངོན་པར་བྱང་ཆུབ་པ་ནི་ཐོབ། །ཟུང་འཇུག་རིམ་པ་ལ་གནས་པ། །དངོས་གྲུབ་ཐམས་ཅད་བསྡུས་པ་ནི། །ཚེ་འདི་ཉིད་ལ་འགྲུབ་འགྱུར་བར། །རྣལ་འབྱོར་པས་ནི་ཐེ་ཚོམ་མེད། །ཅེས་རྫོགས་རིམ་གྱི་ལུས་དབེན་དང་ངག་དབེན་ལ་རྡོ་རྗེ་བཟླས་པའི་རིམ་པ། སེམས་དབེན་ལ་སེམས་ལ་དམིགས་པའམ་དགོངས་པ་བླ་ན་མེད་པའི་རིམ་པ། སྒྱུ་ལུས་ལ་བདག་བྱིན་རླབས་ཀྱི་རིམ་པ། འོད་གསལ་ལ་མངོན་པར་བྱང་ཆུབ་པའི་རིམ་པ། ཟུང་འཇུག་གི་རིམ་པ་དང་ལྔའོ། །རིམ་པ་དྲུག་ཏུ་མཛད་པ་ནི། འདུས་པའི་རྩ་རྒྱུད་པ་ཚབ་ཀྱིས་བསྒྱུར་བའི་ལེའུ་དྲུག་པ་ལས། སྔགས་ལ་ངེས་རྟོག་ལུས་ཀྱི་ནི། །ངག་གིས་ཡིད་ལ་བསྐུལ་གྱུར་པས། །བསྒྲུབ་བྱ་རབ་མཆོག་དངོས་གྲུབ་དང༌། །ཡིད་ནི་དགའ་ཞིང་མགུ་བའོ། །ཞེས་པའི་རྗེས་སུ་འབྲངས་ཏེ། ལུས་དབེན། ངག་དབེན། སེམས་དབེན་གསུམ་དང༌། སྒྱུ་འོད་ཟུང་གསུམ་སྟེ་དྲུག་ཏུ་མཛད་པ་ཡིན་པས། དབྱེ་བསྡུ་ཙམ་ཡིན་གྱི་དགོངས་པ་མི་འགལ་བར་གསུངས་སོ།།

ཡང་རིམ་ལྔ་དང༌། སྦྱོར་བ་ཡན་ལག་དྲུག་གི་ལམ་ཕན་ཚུན་བསྡུ་ཚུལ་ནི། <<རིམ་ལྔ་གསལ་སྒྲོན་>>ལས། སྡུད་བྱེད་ལུས་དབེན་དང་བཅས་པའི་རིམ་པ་དྲུག་དང༌། བསྡུ་བྱ་ནི་སྦྱོར་བ་ཡན་ལག་དྲུག་ཡིན་པས། དེ་ལའང་བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་གྱི་ལུགས་དང༌། འཇམ་དཔལ་ཞལ་ལུང་རྗེས་འབྲངས་དང་བཅས་པའི་ལུགས། སྙིམ་པའི་མེ་ཏོག་གི་ལུགས་དང༌། མན་ངག་སྙེ་མའི་ལུགས། བདེ་མཆོག་ལཱུ་ཨི་པའི་དབང་དུ་བྱས་ནས་དེ་བཞིན་གཤེགས་པའི་རྡོ་རྗེས་བཤད་པའི་སྦྱོར་བ་ཡན་ལག་དྲུག་ལ་སོགས་པ་ནི་མིང་འདྲ་ཡང་དོན་མི་མཐུན་པ་དུ་མ་ཞིག་ཡོད་པས། ཞེས་གསུངས་པ་ལྟར། འདི་ལ་འཕགས་ཡུལ་གྱི་པཎ་གྲུབ་དང༌། བོད་ཀྱི་འགོས་ལུགས་པ་རྣམས་བཤད་ཚུལ་མི་འདྲ་བ་སྣ་ཚོགས་ཡོད་ཀྱང་རྗེ་བདག་ཉིད་ཆེན་པོའི་བཞེད་སྲོལ་རི་བོ་དགེ་ལྡན་པའི་རིང་ལུགས་ནི། <<རིམ་ལྔ་གསལ་སྒྲོན་>>ལས། སོར་བསམ་གཉིས་ལུས་དབེན། སྲོག་རྩོལ་ངག་དབེན། འཛིན་པ་འོད་གསལ། རྗེས་དྲན་ནི་འོད་གསལ་ལས་ལུགས་ལྡོག་ཏུ་ལངས་པའི་སྣང་བ་གསུམ་གྱི་འཆར་ཚུལ་དང༌། ཏིང་ངེ་འཛིན་ནི་ཟུང་འཇུག་གོ །དེ་ལྟར་སྦྱོར་བ་ཕྱི་མ་གཉིས་ཟུང་འཇུག་གིས་བསྡུས་སོ། །ཞེས་གསུངས་པ་ལྟར་ཡིན་ལ། སེམས་དབེན་ནི། བསམ་གཏན་གྱི་རྩེ་གཅིག་པ་དང་འོད་གསལ་དུ་འཇུག་པའི་སྔོན་གྱི་སྟོང་པ་གསུམ་དང་མཚན་ཉིད་མཚུངས་ཤིང༌། རིམ་པ་གསུམ་པའི་སྒྱུ་ལུས་ནི། ཟུང་འཇུག་གི་སྒྱུ་མའི་སྐུ་དང་མཚན་ཉིད་མཚུངས་པས་དེ་གཉིས་ཚིག་ཟིན་ལ་མ་ཐོན་ཀྱང་ཡན་ལག་དྲུག་གི་ནང་དུ་མ་འདུས་པ་མིན་ནོ།།

རིམ་ལྔའི་གོ་རིམ་ཡང་ལམ་བགྲོད་པའི་རིམ་པ་དང་རྗེས་སུ་མཐུན་ཏེ། <<རིམ་ལྔ་གསལ་སྒྲོན་>>ལས། དེས་ན་གཞིའི་རིམ་ལྔ་ཇི་བཞིན་དུ་བྱེད་དེ། སྙིང་གར་མི་ཤིགས་པ་བསྒོམ་པ་དང་སྙིང་གར་དམིགས་ནས་རླུང་འབྱུང་འཇུག་གནས་གསུམ་ལ་རྡོ་རྗེའི་བཟླས་པ་བྱས་པས། དེའི་མཐར་རླུང་ཕྱི་ནང་དུ་རྒྱུ་བ་ལོག་ནས་སྙིང་གར་རིམ་གྱིས་ཐིམ་པ་ལས་སྟོང་པ་བཞི་ཤར་བའི་འོག་ཏུ་རགས་པའི་ལུས་ཀྱི་ནང་ན་གནས་པའི་རླུང་སེམས་ཙམ་ལས་ཤིན་ཏུ་ཕྲ་བའི་སྒྱུ་མའི་སྐུ་འགྲུབ་སྟེ། དེ་ཡང༌། དོན་གྱི་འོད་གསལ་གྱི་མཇུག་ཏུ་ཟུང་འཇུག་གི་སྐུ་དང༌། དཔེའི་འོད་གསལ་གྱི་མཇུག་ཏུ་སྒྱུ་མའི་སྐུ་འགྲུབ་བོ། །ལོངས་སྐུ་དེ་མིག་ཐ་མལ་པས་མཐོང་དུ་མི་རུང་བས་དེས་རགས་པའི་ཕུང་པོའི་ལུས་བཟུང་བ་ན་ཤའི་མིག་གི་ཡུལ་དུའང་འགྱུར་ཏེ། དེ་ནི་སྤྲུལ་པའི་སྐུའོ། །ཞེས་གསུངས་པ་ལྟར་རོ། །སྤྱིར་ཐེག་ཆེན་རིགས་ཅན་རྣམས་ཀྱིས་དོན་དུ་གཉེར་བྱའི་གཙོ་བོ་གཞན་དོན་ཡིན་ལ། དེ་ཡང་གདུལ་བྱ་ལ་དངོས་སུ་སྣང་ནས་དེ་དག་གི་དོན་སྒྲུབ་པར་བྱེད་པ་ནི་ཆོས་ཀྱི་སྐུ་མ་ཡིན་པར་གཟུགས་ཀྱི་སྐུ་ཉིད་ཡིན་པས། གཟུགས་སྐུ་དང་རྣམ་པ་མཐུན་པའི་རྒྱུ་སྒྲུབ་དགོས་པར་མ་ཟད་གཟུགས་སྐུ་གཙོ་བོར་བསྒྲུབ་དགོས། དེས་ན་ལུགས་འདི་ལ་བརྟེན་ནས་ཐ་མལ་པའི་རྟེན་འདི་མ་བརྗེས་པར་ཕུང་པོ་འདིའི་སྟེང་ནས་ཚེ་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བྱེད་ན། དེ་ཡང་ཟག་བཅས་ཉེར་ལེན་གྱི་ཕུང་པོ་འདི་མཚན་དཔེས་བརྒྱན་པའི་སངས་རྒྱས་ཀྱི་སྐུར་བསྒྱུར་དུ་མི་རུང་ཞིང༌། ཚེ་འཕོས་ནས་འཚང་རྒྱ་ན། སྔགས་ལམ་གྱི་ནུས་པས་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་བའི་རྣམ་གཞག་ཉམས་པར་འགྱུར་བས། འོ་ན་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཐ་མལ་པའི་སྡུག་བདེན་གྱི་ཕུང་པོ་འདི་ལམ་གྱིས་སྦྱངས་ནས། རླུང་སེམས་ཙམ་ལས་གྲུབ་པའི་གཉུག་མའི་ལུས་ཤིན་ཏུ་ཕྲ་བ་དེས་ཉེར་ལེན་བྱས་ཏེ་འབྲས་བུ་གཟུགས་སྐུའི་ཐུན་མོང་མ་ཡིན་པའི་ཉེ་རྒྱུ་སློབ་པའི་ཟུང་འཇུག་འགྲུབ་པ་སྔོན་དུ་འགྲོ་དགོས། དེ་བསྒྲུབ་པ་ལ་གང་ཟུང་དུ་འཇུག་རྒྱུའི་ཡ་གྱལ་ཐབས་ཤེས་གཉིས་པོ་སོ་སོར་བསྒྲུབ་དགོས་པས། ཐབས་ཀྱི་ཉམས་ལེན་ཐམས་ཅད་ཀྱི་ལག་རྗེས་སྒྱུ་ལུས་ཚེ་འདིར་མངོན་དུ་གྱུར་ན་རྟེན་དེ་ལ་འཚང་རྒྱ་བར་ངེས་པར་གསུངས་སོ། །དེ་ཡང་ཕ་རྒྱུད་སྤྱི་དང༌། དུས་འཁོར་ལས་གཞན་པའི་བདེ་ཀྱེ་སོགས་མ་རྒྱུད་སྐོར་གྱི་ལམ་གང་ཉམས་སུ་ལེན་ནའང༌། ཀུན་རྫོབ་སྒྱུ་མའི་རྫོགས་རིམ་གྱི་རྣམ་གཞག་འདུས་པ་དང་མཐུན་ཞིང༌། མ་རྒྱུད་རང་གཞུང་ཁོ་ན་ལ་བརྟེན་ནས་སྒྱུ་མའི་སྐུ་ཇི་ལྟར་བསྒྲུབ་པའི་གདམས་པ་ཆ་ཚང་བ་རྟོགས་མི་ནུས་པས། འདུས་པའི་སྐབས་སུ་གསལ་བར་བསྟན་པའི་སྒྱུ་ལུས་བསྒྲུབ་ཚུལ་གྱི་མན་ངག་གིས་ཁ་བསྐང་དགོས་ཏེ། <<གསལ་སྒྲོན་>>ལས། བདེ་སྟོང་དབྱེར་མེད་ཀྱི་ལམ་དང་སྒྱུ་མའི་སྐུ་གཉིས་ལས། ཕྱི་མ་འདི་ཆེས་རྟོགས་དཀའ་ལ། དེའང་ལུགས་མཆོག་ཏུ་གྱུར་པ་འདི་ནས་རྩད་བཅད་ནས་གཞན་ལ་འཁྱེར་ཤེས་དགོས་སོ། །ཞེས་གསུངས་པ་ལྟར་ཡིན།

འོ་ན་རིམ་པ་གསུམ་པའི་སྒྱུ་ལུས་འདི་ཇི་ལྟར་སྒྲུབ་དགོས་ཟེར་ན། སྔོན་བཤད་པ་ལྟར་འདུས་པའི་རྩ་རྒྱུད་དུ་ཆེས་ཆེར་སྦས་ཤིང་དཀྲུགས་པས། རྩ་བཤད་སྦྱར་ན་མ་གཏོགས་རིམ་གཉིས་ཀྱི་རྣམ་གཞག་སྤྱི་དང་ལྷག་པར་རིམ་པ་གསུམ་པའི་སྒྱུ་ལུས་ཀྱི་རྣམ་གཞག་གསལ་བར་རྟོགས་མི་ནུས་ལ། དེ་ཡང་མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་སྟེ་བླ་མའི་མན་ངག་ལ་བརྟེན་ན་མ་གཏོགས་རྟོགས་མི་ཐུབ་པ་ནི། <<རིམ་ལྔ་>>ལས། བདག་བྱིན་བརླབས་པའི་རིམ་ཤེས་པ། །ཀུན་རྫོབ་བདེན་པར་བསྟན་པ་སྟེ། །དེ་ནི་བླ་མའི་དྲིན་དག་གིས། །འཐོབ་པར་འགྱུར་གྱི་གཞན་དུ་མིན། །ཞེས་དང༌། <<སྤྱོད་བསྡུས་>>ལས། ལྷའི་དེ་ཁོ་ན་ཉིད་བསམ་གྱིས་མི་ཁྱབ་པ་དང༌། སངས་རྒྱས་ཐམས་ཅད་ཀྱིས་བཤད་པ། བླ་མ་བརྒྱུད་པའི་རིམ་པ་ལས་འོངས་པ། ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་ཡུལ་མ་ཡིན་པ་དེ་ངས་ཁོང་དུ་ཆུད་པར་བྱས་སོ། །ཞེས་དང༌། <<གསལ་སྒྲོན་>>ལས། རྒྱུད་ཀྱི་དོན་མཐའ་དྲུག་གིས་ལེགས་པར་མ་བཤད་པར། སྒྲ་ཇི་བཞིན་པའི་ཡི་གེའི་རྗེས་སུ་འབྲངས་པ་རྣམས་ཀྱི་ཡུལ་མིན་པའི་སྒྱུ་མའི་སྐུ་བླ་མའི་མན་ངག་ལས་ཤེས་དགོས་པར་གསུངས་ཤིང༌། དེ་འདྲ་བ་དེ་མགོན་པོ་ཀླུ་སྒྲུབ་གྱི་ཞལ་སྔ་ནས་འཆད་དོ། །ཞེས་དང༌། ཡང༌། སྔགས་ཀྱི་དཀའ་གནད་ཕལ་ཆེར་བླ་མའི་མན་ངག་ལ་ལྟོས་དགོས་པར་གསུངས་པའི་ནང་ནས་སྒྱུ་ལུས་ཀྱི་གདམས་པ་བླ་མའི་མན་ངག་ལ་ལྟོས་པ་ནི་གཞན་དང་ཡེ་མི་འདྲ་བའི་ལྟོས་ཚབས་ཤིན་ཏུ་ཆེ་བ་ཞིག་སྣང་ངོ༌། །ཞེས་གསུངས་པ་ལྟར། བླ་མའི་མན་ངག་ཟེར་བའང༌། མན་ངག་ཐ་ཐོར་ཡི་གེ་བྲིས་པ་དང༌། གཏེར་ནས་བླངས་པ་ལྟ་བུ་མ་ཡིན་པར། <<རིམ་ལྔ་>>དང༌། <<སྤྱོད་བསྡུས་>>སོགས་ཕན་ཚུན་བསྡུར་ཞིང་ཁ་བསྐངས་ནས་འཕགས་པ་ཡབ་སྲས་ཀྱི་དགོངས་པ་མ་ནོར་བར་རྟོགས་པ་ལ་ཟེར་ཏེ། <<གསལ་སྒྲོན་>>ལས། སྒྱུ་མ་བླ་མའི་མན་ངག་འབའ་ཞིག་ལས་ཤེས་དགོས་པའི་མན་ངག་གི་མཐར་ཐུག་ནི། <<རིམ་ལྔ་>>དང༌། <<སྤྱོད་བསྡུས་>>ཡིན་ལ། སྲས་རྣམས་ཀྱི་མན་ངག་གཞན་ལས་ཀྱང་ཅུང་ཟད་འབྱུང་ངོ༌།།

དེ་ཡང་<<རིམ་ལྔར་>>མི་གསལ་བ་<<སྤྱོད་བསྡུས་>>སུ་གསལ་བར་སྟོན་པས་<<སྤྱོད་བསྡུས་>>ལས་རྟོགས་དགོས་སོ། །ཞེས་དང༌། གཞུང་གིས་བསྟན་ཚོད་ཀྱི་དོན་ལེགས་པར་གོ་ན་མན་ངག་གི་གནད་འགངས་ཆེ་བ་རྣམས་མི་འཕྱུག་ལ། དེ་དག་ལ་འབད་པ་ཡུན་རིང་དུ་མ་བྱས་པར་མན་ངག་ཕྲ་མོ་གཞན་ལ་འབད་པ་ནི་བླ་མའི་མན་ངག་ལས་ཤེས་དགོས་པར་གསུངས་པའི་མན་ངག་གི་གནད་ཀྱི་ཕྱོགས་མཐོང་འོང་སྙམ་པའང་མི་སྣང་ངོ༌། །ཞེས་གསུངས་པ་ལྟར། ཤིན་ཏུ་རྟོགས་དཀའ་བའི་སྒྱུ་ལུས་ཀྱི་རྣམ་གཞག་འདི་ལ། རྒྱུད་དང་གྲུབ་ཆེན་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་དུ་མ་སོང་བའི་རྒྱ་བོད་ཀྱི་བསྟན་བཅོས་ཕྱོགས་རེ་བ་ལ་བརྟེན་ནས་བོད་སྔ་རབས་པ་ཕལ་ཆེར་འདིའི་སྐོར་ལ་གོ་བ་ཆུ་ཤིང་གི་སྙིང་པོ་བཞིན་དུ་གྱུར་ཏེ། ཁ་ཅིག་སྒྱུ་མའི་སྐུའི་དོན་རང་བཞིན་གྱིས་གྲུབ་པས་སྟོང་ཡང་ཐ་སྙད་ཙམ་དུ་སྣང་བ་བདེན་སྟོང་སྒྱུ་མ་ལྟ་བུ་ལ་འདོད་པ་དང༌། ལ་ལས། དེ་ཙམ་བྱས་ན་སྔགས་ལུགས་སུ་མི་འགྲོ་བས་ཞལ་ཕྱག་རྒྱན་ཆ་ལུགས་སོགས་ཀྱི་རྣམ་པར་སྣང་ཡང༌། དོན་དམ་པར་མ་གྲུབ་པའི་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུ་ཞིག་ལ་འདོད་པ་དང༌། ཡང་ཁ་ཅིག་གིས། ཨ་ཡིག་འོད་ཟེར་ལྔ་ལྡན་དང་མི་ཤིགས་པའི་ཐིག་ལེ་ཡོངས་སུ་གྱུར་པ་ལས་ལྷ་སྐུ་སྣང་སྟོང་གཉིས་ཚོགས་སུ་སྐྱེད་པ་ཡིན་ཟེར་བ་སོགས་བཤད་ཚུལ་མང་དུ་བྱུང་ཡང༌། དེ་དག་ནི་འཕགས་པ་ཡབ་སྲས་ཀྱི་དགོངས་པར་མ་སོང་ཞིང༌། སྒྱུ་ལུས་ཀྱི་དོན་དུའང་མི་འགྲོ་སྟེ། <<སྤྱོད་བསྡུས་>>ལས། གང་མདོ་སྡེ་ལ་སོགས་པའི་ཚུལ་ལ་ཞུགས་པ་དང༌། བསྐྱེད་པའི་རིམ་པ་ལ་གནས་པའི་སྒོམ་པ་པོ་རྣམས་ཀྱང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་དང༌། རྨི་ལམ་ལྟ་བུ་དང༌། གཟུགས་བརྙན་ལྟ་བུ་དཔེར་བརྗོད་ཅིང་ལྷག་པར་མོས་ཀྱང༌། དེ་རྣམས་དཔེས་བདག་ལ་བྱིན་གྱིས་བརླབ་པའི་མན་ངག་ཡེ་ཤེས་ཙམ་གྱིས་ཡིད་ཀྱི་རང་བཞིན་གྱི་ལྷའི་སྐུ་རྫོགས་པར་འགྱུར་བ་ཤེས་པར་མི་འགྱུར་རོ། །ཞེས་བདེན་སྟོང་སྒྱུ་མ་ལྟ་བུའི་དོན་ཕུ་ཐག་ཆོད་པར་གོ་བ་དེ་ཙམ་གྱིས་སྐབས་འདིའི་སྒྱུ་མའི་དོན་མི་རྟོགས་པ་དང༌། བསྐྱེད་རིམ་གྱི་སྐབས་སྒྱུ་ལུས་ཀྱི་དོན་མི་ཚང་ཞིང༌། དེའི་ཚེ་འཁོར་གསུམ་བདེན་མེད་དུ་ངེས་པའི་ངེས་ཤེས་ཁྱད་པར་ཅན་དང་མ་བྲལ་བའི་ངང་ནས་ལྷའི་རྣལ་འབྱོར་བསྐྱངས་པས་འཇའ་ཚོན་བཞིན་དུ་ཐོགས་པ་མེད་པར་སྣང་བ་ལའང་སྒྱུ་ལུས་ཀྱི་དོན་མེད་པ་དང༌། རྒྱུད་སྡེ་འོག་མར་ཡང་འཇའ་ཚོན་ལྟ་བུའི་ལྷ་སྐུ་སྒྲུབ་པར་བཤད་ཀྱང༌། བསྒྲུབ་གཞི་ཕུང་པོ་ཕྲ་རགས་འབྱེད་ཚུལ་གྱི་རྣམ་གཞག་ཟུར་ཙམ་ཡང་མེད་ལ། བླ་མེད་ཀྱི་བསྐྱེད་རིམ་སྐབས་སུ་ཕུང་པོ་ཕྲ་རགས་འབྱེད་པ་དང༌། དེ་ལས་ལྷ་སྐུར་ལྡང་བར་བཤད་པའང་མོས་ངོ་ཙམ་དང༌། ལོངས་སྐུའི་ལམ་འཁྱེར་སྐབས་སུ་མི་ཤིགས་པའི་ཐིག་ལེ་དང༌། ཨ་ཡིག་དང༌། ཧཱུཾ་ཡིག་འོད་ཟེར་ལྔ་ལྡན་སོགས་ལས་ལྷ་སྐུའི་རྣམ་པར་བཞེངས་ཚུལ་བཤད་པ་དེ་དག་ཐམས་ཅད་སྐབས་འདིའི་སྒྱུ་ལུས་ཀྱི་དོན་དུ་མི་འགྱུར་བར་གསུངས་སོ། །དེས་ན་རྗེ་བླ་མ་མ་བྱོན་པའི་བར་དུ་མདོ་ལུགས་དང་ཐུན་མོང་བ་བདེ་སྟོང་སྒྱུ་མ་ཙམ་དང༌། ཡང་ན་བསྐྱེད་རིམ་དང་ཐུན་མོང་བ་ལྷ་སྐུ་སྣང་ལ་རང་བཞིན་མེད་པ་ཙམ་སྒྱུ་ལུས་ཀྱི་དོན་དུ་བྱེད་དེ། སྤྱི་དོན་གྱི་སྒྱུ་མའི་དོན་བཤད་ཚུལ་ཙམ་ལས། སྦས་དོན་གྱི་སྒྱུ་མ་རིམ་པ་གསུམ་པའི་སྒྱུ་མའི་སྐུ་དང༌། མཐར་ཐུག་གི་སྒྱུ་མ་ཟུང་འཇུག་གི་ཡ་གྱལ་ཀུན་རྫོབ་སྒྱུ་མའི་སྐུ་རྣམས་སོ་སོའི་ངོ་བོ། རླུང་གི་ཉེར་ལེན་གྱིས་སྒྲུབ་ཚུལ། དག་མ་དག་གི་ཁྱད་པར། མ་དག་པའི་སྒྱུ་ལུས་འོད་གསལ་གྱིས་སྦྱོང་ཚུལ། ལྡང་བའི་མཚམས་དང༌། དཔེ་བཅུ་གཉིས་ཀྱིས་མཚོན་པའི་གནད་མི་འདྲ་བ་ཇི་ལྟ་བུ་ཞིག་ཡོད་པ་སོགས་འཇོག་མ་ཤེས་ཤིང༌། རྗེ་བདག་ཉིད་ཆེན་པོས། <<རིམ་ལྔ་>>དང༌། <<སྤྱོད་བསྡུས>><<སྒྲོན་གསལ་>>གྱི་ལེའུ་བཅུ་གཉིས་པ་དང༌། བཅོ་ལྔ་པ་སོགས་ནས་བསྟན་པའི་མན་ངག་ལ་བརྟེན་ནས་འདུས་པའི་རྩ་བཤད་ཀྱི་དགོངས་པ་ལེགས་པར་བཀྲལ་བ་འདིས་དཔལ་གསང་བ་འདུས་པ་ཙམ་དུ་མ་ཟད། ཕ་རྒྱུད་མཐའ་དག་གི་ལམ་གྱི་སྲོག་རྩ་བཟུང་སྟེ། གང་གི་སྒོ་ནས་ཕ་རྒྱུད་དུ་འཇོག་པའི་འཇོག་བྱེད་ཐུན་མོང་མ་ཡིན་པ་སྒྱུ་མའི་སྐུ་སྒྲུབ་ཚུལ་འདི་ཉིད་ཡིན་པའི་རྒྱུ་མཚན་དང༌། ཁྱད་པར་དུ་རིམ་པ་གསུམ་པའི་སྒྱུ་ལུས་ནི་གཟུགས་སྐུའི་ཉེ་རྒྱུ་ཐུན་མོང་མ་ཡིན་པའི་སྒོ་ནས་སྒྲུབ་པ་དང༌། སྦྱང་གཞིའི་གནད་ཐུན་མོང་མ་ཡིན་པའི་སྒོ་ནས་སྒྲུབ་པ་དང༌། ལྷ་བསྐྱེད་ཚུལ་གྱི་གནད་ཐུན་མོང་མ་ཡིན་པ་ལ་བརྟེན་ནས་སྒྲུབ་པ་དང༌། ཐབས་ཤེས་ངོ་བོ་དབྱེར་མེད་ཀྱི་གནད་ལ་བརྟེན་ནས་སྒྲུབ་ཚུལ་སོགས་ཁ་བ་ཅན་གྱི་ལྗོངས་འདིར་སྔོན་ཆད་མཁས་པ་སུས་ཀྱང་ལྗགས་རྩེར་མ་སོན་པའི་མན་ངག་གི་གསང་བའི་གནད་ཕྲ་ཞིང་ཕྲ་བ་ཐམས་ཅད་འཕགས་པ་ཡབ་སྲས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་ལེགས་པར་བཀྲལ་བའི་བཤད་པ་འདི་ལྟ་བུ། རྒྱལ་བ་རྡོ་རྗེ་འཆང་དངོས་སུ་ཕེབས་ཀྱང༌། གདམས་པའི་ཉིང་ཁུ་འདི་ལས་ལྷག་པ་སྟོན་རྒྱུ་མེད་པར་ཐུགས་ཀྱི་དགོངས་པའི་ཡང་སྙིང་གཅིག་པུར་གྱུར་པ་ཡིན།

དེ་ལྟར་དུ་གྲུབ་མཐའ་གཞན་ཕྱོགས་ཀྱི་མཁས་པའི་དབང་ཕྱུག་སྟང་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་ཀྱང༌། སྔོན་ཆད་རྗེ་བླ་མར་མི་འཚམ་པའི་དགག་པ་འགའ་རེ་གནང་ན་ཡང༌། ཕྱིས་སུ་ལེགས་པར་བཤད་པ་འདི་ལྟ་བུ་གཟིགས་པའི་རྐྱེན་གྱིས་མི་ཕྱེད་པའི་དད་པ་བཅོས་མིན་ཐུགས་ལ་འཁྲུངས་ཏེ། རྗེ་བླ་མར་བསྟོད་པ་མཛད་པ་ལས། མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། །ཅེས་དང༌། གཞན་ཡང་<<དུས་འཁོར་སྤྱི་དོན་>>དུའང་རྗེའི་གསུང་གི་སྒྱུ་ལུས་ཀྱི་བཤད་པའི་སྐོར་ལ་བསྔགས་བརྗོད་ཡང་ཡང་མཛད་པ་ནི། གཟུར་གནས་མཁས་པ་ཆེན་པོའི་ཁྱད་ཆོས་བླ་ན་མེད་པ་ཡིན། དེ་བཞིན་དུ། ཀུན་གཟིགས་ལྔ་པ་ཆེན་པོས་ཀྱང༌། སྒྱུ་ལུས་སིནྡྟུ་ཝཱ་རའི་འདབ་མའི་སྒོ། །མཁས་རློམ་ཉི་ཟླའི་འོད་ཀྱིས་ཕྱེད་མིན་པ། །ལེགས་གསུང་སྐེད་མེད་ཁ་ཡི་ཟེགས་མའི་ཆང༌། །འཐོར་ཚེ་འདབ་བརྒྱ་པ་དེ་རང་དབང་ཅི། །ཅེས་གསུངས་པའང་རང་བཞིན་བརྗོད་པ་ཁོ་ནར་གནས་སོ། །དེས་ན་སྒྱུ་ལུས་ཀྱི་ཐུན་མོང་མ་ཡིན་པའི་བསྒྲུབ་གཞི་ལ་གང་ཞིག་འཇོག་ཅེ་ན། སེམས་ཅན་རྣམས་ལ་རང་ཆས་སུ་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་གཉིས་སྒྱུ་ལུས་ཀྱི་སྒྲུབ་གཞི་ཡིན་ཏེ། <<གསལ་སྒྲོན་>>ལས། འདི་ནི་གཙོ་བོ་སྒྱུ་མའི་ལྷ་སྐུ་གང་ལས་བསྒྲུབ་པའི་སྒྲུབ་གཞི་གཉུག་མའི་ལུས་ངོས་འཛིན་པའི་ཕྱིར་རོ། །ཞེས་དང༌། ཡང་<<དེ་ཉིད་>>ལས། སེམས་ཅན་གྱི་ཐ་སྙད་འདོགས་པའི་གཞིར་གྱུར་པའི་གཉུག་མའི་ལུས་ནི་རླུང་སེམས་ཙམ་གྱི་ལུས་སུ་ཟད་པས་དེ་ལས་ངོ་བོ་ཐ་དད་པའི་ལུས་མེད་པར་སྟོན་པ་ཡིན་ནོ། །ཞེས་གསུངས་པ་ལྟར། སེམས་ཅན་གྱི་ལུས་ལ་རགས་པ་གནས་སྐབས་པའི་ལུས་དང༌། ཕྲ་བ་གཉུག་མའི་ལུས་གཉིས་ཡོད་པས། དང་པོ་ནི་རྣམ་སྨིན་གྱི་འབྱུང་ལུས་རགས་པ་འདི་དང༌། ཕྱི་མ་ནི་ཤིན་ཏུ་ཕྲ་བའི་རླུང་སེམས་དང་དེ་བཞིན་ལག་གི་རྣམ་ཅན་དུ་ཤར་བའི་བར་དོའི་ལུས་དང༌། རྨི་ལམ་གྱི་ལུས་ལྟ་བུ་ཡིན། རླུང་སེམས་ཙམ་ཞེས་པའི་སེམས་ནི་དབང་ཤེས་མ་ཡིན་པར་ཡིད་ཀྱི་རྣམ་ཤེས་ཙམ་དང༌། རླུང་ཡང༌། རྩ་བའི་རླུང་བཞི་དང་ཡན་ལག་གི་རླུང་ལྔ་ལྟ་བུ་མ་ཡིན་པར་སྲོག་འཛིན་ལ་ཕྲ་རགས་གཉིས་སུ་ཕྱེས་པའི་ཕྲ་བ་དེ་ཡིན་པར་གསུངས་སོ།།

དེས་ན་སྒྱུ་མའི་སྐུའི་སྒྲུབ་གཞི་གཉུག་མའི་ལུས་ནི་སྙིང་གའི་མི་ཤིགས་པའི་སྲོག་འཛིན་ཤིན་ཏུ་ཕྲ་བའི་རླུང་དེ་ཡིན་ཞིང༌། གཉུག་མའི་སེམས་ནི་དེ་ལ་བརྟེན་པའི་ཡིད་ཤེས་ཤིན་ཏུ་ཕྲ་བ་ཞིག་ཡོད་པ་དེ་ཡིན། འོ་ན་སྒྲུབ་གཞི་དེ་ལྟ་བུ་ཀུན་རྫོབ་སྒྱུ་མའི་སྐུར་ཇི་ལྟར་བསྒྲུབ་ཅེ་ན། ཐ་མལ་པའི་བར་དོ་འགྲུབ་པ་ལའང་ལས་ཉོན་གྱིས་ལུས་ཕྲ་རགས་གཉིས་སོ་སོར་འབྱེད་པ་ལ་ལྟོས་དགོས་པ་ལྟར། སྒྱུ་ལུས་འགྲུབ་པ་ལ་བསྒོམས་སྟོབས་ཀྱིས་ལུས་ཕྲ་རགས་གཉིས་སོ་སོར་འབྱེད་ནུས་པ་ཞིག་དགོས་ཤིང༌། དེ་ཡང་རྫོགས་རིམ་རིམ་པ་ལྔའི་རིམ་པ་དང་པོ་རྡོ་རྗེའི་བཟླས་པའི་རིམ་པ་ལ་བརྟེན་ནས་རླུང་སེམས་ལྷ་སྐུར་འགྲུབ་པ་ཡིན་པས། དེ་ནི་ལུས་ཕྲ་རགས་འབྱེད་པའི་ཐབས་ཀྱི་མཆོག་ཡིན་པར་གསུངས་ཤིང༌། ཕྱི་ནང་གི་སྲོག་རྩོལ་ལ་བརྟེན་ནས་རླུང་འཆི་རིམ་ཇི་ལྟ་བ་བཞིན་དུ་སྙིང་གར་ཐིམ་པའི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་གྱི་བཞོན་པའི་རླུང་འོད་ཟེར་ལྔ་པས་ཉེར་ལེན་དང༌། སེམས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་སྒྱུ་མའི་སྐུར་ལྡང་བ་ཡིན་ནོ། །སྒྱུ་མའི་ལུས་དེ་བསྒྲུབ་པ་ལ་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་སྔོན་དུ་འགྲོ་དགོས། དེ་ལ་སྣ་རྩེ་གསུམ་གྱི་སྲོག་རྩོལ་གྱིས་སྙིང་གའི་རྩ་མདུད་ཕལ་ཆེར་གྲོལ་ཏེ་རླུང་རགས་པ་རྣམས་དབུ་མར་ཐིམ་པའི་ངག་དབེན་ནམ་རྡོ་རྗེ་བཟླས་པའི་རིམ་པ་སྔོན་དུ་འགྲོ་དགོས། དེ་ལ་ནོར་བུའི་རྩ་འདབ་བརྒྱད་པའི་དྷཱུ་ཏཱིའི་དབུས་ཀྱི་དམིགས་རྟེན་ཕྱག་མཚན་ནམ་ཐིག་ལེ་ཕྲ་མོ་གང་རུང་ལ་སེམས་བརྟན་པར་བྱེད་པའི་ལུས་དབེན་ཕྲ་མོའི་རྣལ་འབྱོར་སྔོན་དུ་འགྲོ་དགོས་པས། དེ་ཡང༌། བསྐྱེད་རིམ་ཕྲ་རགས་མཐར་ཕྱིན་པའི་རྣལ་འབྱོར་པས། གསང་འདུས་འཕགས་ལུགས་ལྟར་ན། ལུས་དང༌། ཡུལ་དང༌། རླུང་གི་གནད་དང་ལྡན་པའི་སྒོ་ནས་ཡུལ་གྱི་གནད་དྷཱུ་ཏཱིའི་མར་སྣེའམ་ནོར་བུའི་དབུས་ཀྱི་དམིགས་རྟེན་ཕྲ་མོ་ལ་དམིགས་པ་རྩེ་གཅིག་ཏུ་བསྒོམས་པས། རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་རྟགས་རྣམས་འབྱུང་ཞིང༌། དེའི་ཚེ་སྟོང་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་སྟོབས་ཀྱིས་རྗེས་ཐོབ་ཏུའང་གང་སྣང་སྟོང་པ་དང་སྟོང་པ་བདེ་བའི་རྣམ་རོལ་ཏུ་འཆར་བ་དང༌། ཡང་དེས་བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་གཏུམ་མོ་འབར་ནས་བྱང་སེམས་ནོར་བུའི་རྩེར་ཕབ་པས་ཡས་བབས་ཀྱི་དགའ་བཞི་དང༌། བྱང་སེམས་ལུགས་ལྡོག་གིས་སྤྱི་གཙུག་ཏུ་བརྟན་པར་བྱས་པས་མས་བརྟན་གྱི་དགའ་བཞི་འདྲེན་དགོས་ཤིང༌། མས་བརྟན་གྱི་དགའ་བ་ནི་ལྷན་ཅིག་སྐྱེས་པའི་དགའ་བ་ཡིན། ཡས་བབས་མས་བརྟན་གྱི་དགའ་བཞི་དྲངས་པ་དེའི་ཚེ་བྱང་སེམས་དབུ་མར་བབས་པའི་རེག་བྱ་ཁྱད་པར་ཅན་སྐྱེ་ཞིང༌། དེ་ལ་བརྟེན་ནས་ལུས་ཚོར་བདེ་བ་དང༌། དེས་དེ་མ་ཐག་རྐྱེན་བྱས་ནས་ཡིད་བདེ་ཁྱད་པར་ཅན་སྐྱེ། དེ་དང་སྟོང་ཉིད་ཕྲ་མོ་གཉིས་ཡུལ་ཡུལ་ཅན་དུ་ངོ་བོ་དབྱེར་མེད་དུ་སྦྱར་བས་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཁྱད་པར་ཅན་སྐྱེ་བ་ཡིན།

དེ་ལྟར་དུ་<<གསལ་སྒྲོན་>>ལས། ནོར་བུའི་རྩ་འཁོར་གྱི་དབུས་སམ་དྷཱུ་ཏཱིའི་མར་སྣེ་ལུས་ཀྱི་གནད་ཆེ་སར་དམིགས་པ་གཏད་དེ་བསྒོམས་པས་རླུང་སེམས་འཇུག་པ་གཅིག་པའི་གནད་ཀྱིས་དེར་ཟིན་པ་ན། རོ་རྐྱང་དུ་རླུང་རྒྱུ་བ་འགགས་ནས་དྷཱུ་ཏཱིའི་རྒྱུ་ལ། དེའི་རྗེས་སུ་དེར་ཐིམ་པར་རྩོམ་པ་ན་སྔ་རོལ་ཏུ་རྟགས་ལྔ་འཆར་ཏེ། ཞེས་དང༌། ཡང་རིམ་པ་གཉིས་པའི་སྐབས་སུ་གང་ཤར་ཐམས་ཅད་བདེ་བ་ཆེན་པོའི་རྣམ་འགྱུར་དུ་འཆར་བ་ཞིག་དགོས་ཤིང༌། དེ་ཡང་རྫོགས་རིམ་པའི་བདེ་ཆེན་ལྷན་སྐྱེས་རྙེད་ཕྱིན་ཆད་ནས་ཡིན་པས། འདིར་ལུས་དབེན་གྱི་སྒོ་ནས་གང་ཤར་ཐམས་ཅད་བདེ་ཆེན་གྱི་རྣམ་རོལ་ཏུ་ལྟ་བར་གསུངས་པ་ནི། གང་སྣང་ཐམས་ཅད་བདེ་བར་འཆར་བའི་ཆེད་དུའོ། །ཞེས་གསུངས་པ་དང༌། གཞན་ཡང་<<དེ་ཉིད་>>ལས། འོག་སྒོར་ཐིག་ལེ་ཕྲ་མོ་སྒོམ་པ་འདི་ལ་ནི་ཐུར་སེལ་གྱི་རླུང་གྱེན་དུ་ལྡོག་སླ་བས་གཏུམ་མོ་འབར་སྟོབས་ཆེ་བ་དང༌། ཡས་བབས་ཀྱི་ལྷན་སྐྱེས་ལེགས་པར་མཚོན་ནུས་པ་ལ། ནོར་བུར་བྱང་སེམས་གནས་པ་ཡུན་རིང་དགོས་ལ། ཞེས་དང༌། <<བསྐྱེད་རིམ་ཆེན་མོ་>>ལས། ལུགས་འདི་ལ་འོག་སྒོའི་ཕྲ་མོ་སྒོམ་པ་ལ་རྫོགས་རིམ་དུ་འགྲོ་ལུགས་ཤིག་ཡོད་པ་དེ་མ་བསྒོམས་པར་བཞག་ན། ཕྲ་མོའི་ནུས་པ་མི་རྫོགས་ཤིང་ལུས་དབེན་སྒོམ་པའི་གནད་སྟོར་ནས་འགྲོ་བས། ཞེས་གསུངས་སོ།།

དེ་ལྟ་བུའི་ལུས་དབེན་གྱི་སྐབས་སུ་དབུ་མའི་མར་སྣ་ལ་གནད་དུ་བསྣུན་པ་སོགས་རྩ་འཁོར་གཞན་ལ་གནད་དུ་བསྣུན་པས། དབུ་མའི་ནང་དུ་རླུང་བསྡུས་ནས་ཐིམ་པའི་ལྷན་སྐྱེས་ཀྱི་བདེ་བ་ཁྱད་པར་ཅན་སྐྱེས་པ་དེའི་དགོས་པ་གཙོ་བོ་ནི། ཕྱིས་སུ་སྙིང་གའི་རྩ་མདུད་འགྲོལ་སླ་བར་འགྱུར་བའི་ཆེད་ཡིན་པར་གསུངས་སོ། །དེ་ལྟར་ལུས་དབེན་གྱི་སྐབས་སུ་རོ་རྐྱང་གི་རླུང་གི་རྒྱུ་བ་བཀག་ནས་དབུ་མའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་བྱས་པས། བདེ་ཆེན་སྐྱེས་པ་སྟོང་ཉིད་དང་སྦྱར་ཏེ་བདེ་སྟོང་དབྱེར་མེད་ཀྱི་མཉམ་བཞག་གི་ཏིང་ངེ་འཛིན་སྐྱོང།  རྗེས་ཐོབ་ཏུ། མཉམ་བཞག་དེའི་ངང་ལས་དམ་པ་རིགས་བརྒྱ། རིགས་ལྔ། རིགས་གསུམ། གསང་ཆེན་རྡོ་རྗེ་རིགས་གཅིག་སོགས་གང་སྣང་བདེ་ཆེན་ལྷའི་རྣམ་རོལ་དུ་འཆར་བ་ལ་བསླབ་དགོས། དེ་ནས་ངག་དབེན་གྱི་སྙིང་གའི་སྣ་རྩེར་སྔགས་ཀྱི་ཐིག་ལེའི་སྲོག་རྩོལ། གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེའི་སྲོག་རྩོལ། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེའི་སྲོག་རྩོལ་ཏེ་སྲོག་རྩོལ་གསུམ་གྱི་རྣལ་འབྱོར་བསྒོམས་པས། སྔ་མ་གཉིས་ཀྱིས་རླུང་སྙིང་གར་བསྡུ་མ་ནུས་པ་སྡུད་པར་བྱེད་པ་དང་སྙིང་གའི་རྩ་མདུད་དབྱེ་དཀའ་བ་དེ་ཉིད་ལྷོད་པོ་བྱེད་ཅིང༌། ཕྱི་མ་ནི། སྐབས་འདིར་རླུང་སྙིང་གར་སྡུད་པའི་བོགས་འདོན་མཆོག་ཏུ་གྱུར་པ་ཡིན་ཞིང༌། དེས་སྙིང་གའི་རྩ་མདུད་ལྷག་མེད་དུ་གྲོལ་ནས་འོད་གསལ་འཆར་བར་བྱེད། དེ་ཡང་གཞིའི་འཆི་རིམ་དང་མཐུན་པའི་སེམས་དབེན་མཐར་ཐུག་པའི་འོད་གསལ་འཆར་བ་ལ། སྙིང་གའི་མ་རིག་སྒོ་ངའི་སྦུབས་འབྱེད་པའི་ཐབས་རླུང་འབྱུང་འཇུག་གི་རྡོར་བཟླས་བྱེད་དགོས་ཤིང༌། དེ་མ་བྱས་པར་རོ་རྐྱང་གི་མདུད་པས་དམ་དུ་བཅིངས་པའི་སྙིང་གའི་རྩ་མདུད་འགྲོལ་ཐབས་མེད་ལ། ཀུན་རྟོག་གཡོ་བྱེད་ཀྱི་རླུང་འགོག་པའི་ཕྱིར་དུ་རླུང་སྔགས་དབྱེར་མེད་ཀྱི་རྡོར་བཟླས་བྱས་པས་རླུང་ཐམས་ཅད་སྙིང་གའི་མི་ཤིགས་པ་ལ་བསྡུས་ནས་ཟུང་འཇུག་གི་སྐུ་བསྒྲུབ་དགོས་པ་ཡིན། སྤྱིར་མི་ཤིགས་པའི་ཐིག་ལེ་ལ་སེམས་ཀྱི་རྟེན་སྙིང་གའི་ཁམས་དཀར་དམར་དང༌། གཞིའི་འོད་གསལ། སྲོག་འཛིན་ཤིན་ཏུ་ཕྲ་བ་དུ་མ་ཡོད་ཅིང༌། སྙིང་གའི་མི་ཤིགས་པའི་ཐིག་ལེ་སྲོག་འཛིན་ཕྲ་མོ་དེ་རླུང་ཐམས་ཅད་ཀྱི་རྩ་བར་ཤེས་ནས་རླུང་རྣམས་དེར་སྡུད་པ་ནི་འོད་གསལ་མངོན་དུ་འགྱུར་བའི་ཐབས་གཙོ་བོ་ཡིན་ནོ།།

ངག་དབེན་གྱི་རྗེས་སུ་སེམས་དབེན་ལ་བསླབ་དགོས་ཏེ། ཚེ་འདིར་འཚང་རྒྱ་བ་ལ་ཤིན་ཏུ་ཕྲ་བའི་སེམས་ཀྱིས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་དགོས་ཤིང༌། ཆོས་ཉིད་དེ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པ་དེའི་མཐུས་ཤེས་སྒྲིབ་མྱུར་བར་སྤོང་ནུས་པ་ཡིན་ཏེ། ཤེས་སྒྲིབ་སྤོང་བའི་ནུས་པ་ཆེ་ཆུང་གྲོགས་ཐབས་ཀྱི་ཆ་ལ་རག་ལས་པས་ཡེ་ཤེས་དེའི་སྟེང་ནས་གཟུགས་སྐུའི་རིགས་འདྲའི་ཐུན་མོང་མ་ཡིན་པའི་རྒྱུ་བསྒྲུབ་ནུས། དེའི་ཕྱིར་དུ་རྡོར་བཟླས་ལ་བརྟེན་ནས་སྙིང་གའི་རྩ་མདུད་རྫོགས་པར་གྲོལ་ནས་རྩ་བའི་རླུང་བཞི་མི་ཤིགས་པ་ལ་སྡུད་ནུས་པ་ན་སེམས་དབེན་གྱི་རྟོགས་པ་འདྲེན་པ་ཡིན་ཏེ། <<གསལ་སྒྲོན་>>ལས། རྡོར་བཟླས་ཀྱིས་སྤྱིར་སྟོང་པ་རྣམས་འདྲེན་ཚུལ་ནི་བཤད་ཟིན་ལ། ཁྱད་པར་དུ་སེམས་དབེན་གྱི་སྟོང་པ་རྣམས་འདྲེན་པའི་མཚམས་ནི་སྙིང་གའི་རྩ་མདུད་ལེགས་པར་གྲོལ་ནས་རླུང་རྣམས་སྙིང་གའི་མི་ཤིགས་པ་ལ་སྡུད་ནུས་པའི་མཚམས་ནས་ཡིན་གྱི་དེའི་གོང་དུ་མིན་ནོ། །ཞེས་གསུངས་སོ།།

གཞན་ཡང༌། སྟེང་འོག་ཉི་རླུང་ཁ་སྦྱོར་བུམ་པ་ཅན་དང། རིལ་འཛིན་དང་རྗེས་གཞིག་གི་སྡུད་རིམ་ཡང་དགོས་ལ། ལྷག་པར་ཁྱབ་བྱེད་ལ་དམིགས་པའི་རྡོར་བཟླས་བྱེད་དགོས་པས། ཁྱབ་བྱེད་ཀྱི་རླུང་ལྷག་མ་མེད་པར་བསྡུས་ཏེ་སེམས་དབེན་མཐར་ཐུག་པ་འདྲེན་པ་ལ་ཕྱིའི་རྐྱེན་ལས་རྒྱ་ལ་བརྟེན་དགོས་ཏེ། <<ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་>>ལས། སྒྱུ་མའི་སྐུ་འགྲུབ་པ་ཕྱིའི་ཕྱག་རྒྱ་ལ་ལྟོས་པར་བྱས་ཏེ་ཚེ་འདིར་སྒྱུ་ལུས་འགྲུབ་པའོ་ཞེས་དང༌། <<གསལ་སྒྲོན་>>ལས། སྒྱུ་ལུས་ཀྱི་སྒྲུབ་གཞིའི་སེམས་དབེན་གྱི་ཡེ་ཤེས་གསུམ་རྫོགས་པར་སྐྱེད་པ་ལ་ཕྱིའི་ཕྱག་རྒྱ་དགོས་སོ། །ཞེས་གསུངས་སོ། །འོན་ཀྱང་རྟོགས་པའི་ཚད་ལ་མ་སླེབས་ན་འཆི་བའི་དུས་ཁྱབ་བྱེད་ཀྱི་རླུང་རང་ཤུགས་སུ་ཐིམ་པ་དེས་སྤྱོད་པའི་དོད་ཐུབ་ཅིང་དཔེའི་འོད་གསལ་ལས་བར་དོའི་དོད་ལ་མ་དག་པའི་སྒྱུ་མའི་སྐུར་བཞེངས་ཏེ། སྒྱུ་ལུས་པ་དེས་རྟེན་གང་ཡང་རུང་བ་ཞིག་ལ་བརྟེན་ནས་ལམ་ལྷག་མ་མངོན་དུ་བྱེད་པར་གསུངས་སོ།།

དེ་ལྟ་བུའི་ཕྱི་ནང་གི་རྐྱེན་ལ་བརྟེན་ནས་སྟོང་པ་གསུམ་དྲངས་ཏེ་ཡེ་ཤེས་དེ་གསུམ་དགའ་བཞིའི་ངོ་བོར་བསྐྱེད་པ་དང༌། སྣང་བ་གསུམ་གྱི་དུས་སུ་ངེས་ངོར་སྣང་བ་དེ་བཀག་ནས་སྟོང་པ་སྒོམ་པ་ཡིན་ཀྱང་ཁྱད་པར་དུ་སྟོང་པ་བཞི་པ་འོད་གསལ་དང་དགའ་བ་བཞི་པ་ལྷན་སྐྱེས་ཀྱི་དགའ་བའི་དུས་སུ་བདེ་སྟོང་གཙོ་བོར་སྦྱོར་བ་ཡིན། སྤྱིར་སེམས་དབེན་མ་ཐོབ་པའི་གོང་གི་སྟོང་པ་གསུམ་གྱི་ཡེ་ཤེས་དང༌། སེམས་དབེན་གྱི་སྟོང་པ་ཡེ་ཤེས་ལ་ཁྱད་ཆེ་ཆུང་ཤིན་ཏུ་ཆེ་སྟེ། འདིའི་སྐབས་བྱང་སེམས་དང་རླུང་ཐམས་ཅད་ལུས་ཀྱི་སྟོད་སྨད་ནས་སྙིང་གའི་མི་ཤིགས་པ་ལ་ལྷག་མ་མེད་པར་བསྡུས་པས་ལུགས་འབྱུང་གི་དགའ་བ་སྟོབས་ཆེ་ཞིང༌། རྟགས་དང་རྟགས་ཅན་བརྒྱད་ཆ་འདྲ་ཙམ་མ་ཡིན་པར་འཆི་རིམ་ཇི་ལྟ་བ་བཞིན་ཤར་བས་གཉུག་སེམས་ལྷན་སྐྱེས་ཀྱི་བདེ་བའི་ངོ་བོར་སྐྱེས། དེས་སྟོང་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་འོད་གསལ་ནི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་ཡིན། དེའི་སྐབས་ཤིན་ཏུ་ཕྲ་བའི་སེམས་ཀྱིས་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པའི་བློ་དང༌། དོན་གྱི་འོད་གསལ་མཚོན་པའི་དཔེའི་འོད་གསལ་དང༌། ཐ་མལ་གྱི་འཆི་བ་ཁེགས་ནས་ཆོས་སྐུའི་བསྲེ་བ་དངོས་སུ་འགྲུབ་པས་ལམ་དུས་ཀྱི་ཆོས་སྐུ་འགྲུབ་པ་ཡིན།

འོ་ན་རིམ་པ་གསུམ་པའི་སྒྱུ་ལུས་དེ་ཇི་ལྟར་འགྲུབ་ཅེ་ན། དེ་ལྟར་དབེན་པ་གསུམ་གྱི་ཕྱི་ནང་གི་སྲོག་རྩོལ་ལ་བརྟེན་ནས་ཀུན་རྫོབ་སྐྱེད་པའི་རླུང་རྣམས་འཆི་རིམ་ཇི་ལྟ་བ་བཞིན་དུ་སྙིང་གར་ཐིམ་པའི་སེམས་དབེན་མཐར་ཐུག་གི་དཔེའི་འོད་གསལ་གྱི་བཞོན་པའི་རླུང་འོད་ཟེར་ལྔས་ཉེར་ལེན་དང༌། འོད་གསལ་གྱི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་ཕུང་པོ་རྙིང་པ་ལས་གོ་ས་ལོགས་སུ་སྒྱུ་མའི་སྐུར་བཞེངས་པ་ཡིན། དེ་ནི་ཉོན་སྒྲིབ་མ་སྤང་བས་མ་དག་པའི་སྒྱུ་མའི་སྐུ་ཡིན་ཞིང༌། དེ་དུས་ཐ་མལ་པའི་བར་དོ་ཁེགས་ནས་ལོངས་སྐུའི་བསྲེ་བ་དངོས་སུ་འགྲུབ་པ་ཡིན་པས། ལམ་དུས་ཀྱི་ལོངས་སྐུ་དང༌། ཡེ་ཤེས་ཀྱི་སྐུ་མཚན་ཉིད་པ། རྡོ་རྗེ་སྐུ་རྗེས་མཐུན་པ་ཐོབ་པ་ཡིན་ནོ། །དེ་ལྟར་དུ་<<གསལ་སྒྲོན་>> ལས། ཤེས་རབ་སྣང་བ་དང་ཐབས་མཆེད་པ་གཉིས་རླུང་འོད་ཟེར་ལྔ་དང་བཅས་པ་ལས། ཕྱག་ཞབས་ལ་སོགས་པའི་མཚན་གྱི་ཡོན་ཏན་དང་ལྡན་པའི་སྒྱུ་མའི་སྐུ་འབྱུང་ངོ༌། །དེ་དག་གི་དོན་བསྡུས་ན། རླུང་མེད་པར་སེམས་རྐྱང་པ་ཡིན་ན། དེ་ལས་ཞལ་ཕྱག་སོགས་དང་ལྡན་པའི་ལྷའི་སྐུ་མི་འགྲུབ་ཅིང༌། འོད་ཟེར་ལྔའི་རླུང་དང་སེམས་གཉིས་ངོ་བོ་གཅིག་ཏུ་ཡོད་པས་ལྷའི་གཟུགས་འགྲུབ་པ་ལ་སྐྱོན་མེད་ཅེས་དང༌། ཡང༌། སྒྱུ་ལུས་འགྲུབ་པའི་ཐུགས་ཀྱི་ཉེར་ལེན་གྱི་རྒྱུ་ནི་སེམས་སྔ་མ་དང༌། ལྷན་ཅིག་བྱེད་རྐྱེན་ནི་རླུང་ཡིན་ལ། དེའི་སྐུའི་ཉེར་ལེན་ནི་རླུང་དང༌། སེམས་སྔ་མ་ནི་ལྷན་ཅིག་བྱེད་རྐྱེན་ནོ་ཞེས་གསུངས་སོ།།

དེ་ལྟ་བུའི་སྒྱུ་ལུས་དེ་ལུགས་འབྱུང་ལྡོག་གི་སྟོང་པ་གང་གི་མཚམས་ནས་འགྲུབ་ཅེ་ན། འདི་ལ་<<སྔགས་རིམ་>>དང༌། <<དབང་དོན་དེ་ཉིད་རབ་གསལ་>><<རྣམ་བཞག་རིམ་པ་>>རྣམས་སུ་སྟོང་པ་གསུམ་གྱི་མཐར་ལུགས་ལྡོག་ཏུ་ཤར་བའི་འོད་གསལ་གྱི་སེམས་རླུང་དང་བཅས་པ་ལས་འགྲུབ་པར་གསུངས་པ་ནི་མཁས་པ་སྔ་མ་རྣམས་ཀྱི་འཆད་ཚུལ་ཙམ་བཀོད་པ་ཡིན་པར་མཁས་གྲུབ་ཐམས་ཅད་མཁྱེན་པས་གསུངས་ལ། རང་ལུགས་ཀྱི་བཞེད་པ་མཐར་ཐུག་ནི། <<རིམ་ལྔ་གསལ་སྒྲོན་>>ལས། སེམས་དབེན་གྱི་སྣང་བ་གསུམ་གྱི་རླུང་སེམས་ལས་སྒྱུ་མའི་སྐུ་སྒྲུབ་ཅེས་བཤད་པ་མ་གཏོགས་ལུགས་མཐུན་དང་ལུགས་ལྡོག་གི་སྟོང་པ་རྣམས་ཀྱི་མཚམས་གང་དུ་སྒྱུ་མའི་སྐུ་བསྒྲུབ་པ་ཡབ་སྲས་ལྔའི་གཞུང་ན་མི་གསལ་ལོ། །ལག་སྨིན་སོགས་ཀྱིས་འོད་གསལ་གྱི་ངང་ནས་ཆུ་ལས་ཉ་ལྡང་བ་བཞིན་དུ་ཅིག་ཅར་དུ་རྡོ་རྗེ་འཆང་གི་སྐུར་ལངས་པ་ནི་ཅིག་ཅར་གྱི་རིམ་པ་དང༌། འོད་གསལ་ལས་ཉེར་ཐོབ། དེ་ལས་མཆེད་པ། དེ་ལས་སྣང་བར་སོང་བའི་མཚམས་ནས་རྡོ་རྗེ་འཆང་གི་སྐུར་ལངས་པ་ནི་ཉེར་ཐོབ་ལ་སོགས་པའི་རིམ་པའི་ཐབས་ཞེས་བཤད་དོ། །རང་ལུགས་ནི་ཟུང་འཇུག་གི་སྐབས་སུ་འཆར་པར་འགྱུར་རོ། །ཞེས་དང༌། <<རིམ་ལྔ་གསལ་སྒྲོན་>>གྱི་བདེན་གཉིས་དབྱེར་མེད་རྫོགས་རིམ་གྱི་ཐད་དུ། འོན་ཀྱང་དཀའ་བའི་གནས་འདི་ཞིབ་ཏུ་མཐའ་བཅད་ན། <<རིམ་ལྔ་>>ལས། རང་བཞིན་བཅས་འོད་དེ་དང་དེ། །རྣམ་ཤེས་རླུང་དང་བདེན་པ་ཡི། །བདག་བྱིན་བརླབས་པའི་རིམ་གྱིས་ཀྱང༌། །སེམས་ཅན་དོན་དུ་ལན་འགའ་འགྱུར། །ཇི་ལྟར་དྭངས་པའི་ཆུ་ཀླུང་ལས། །ཉ་དག་མྱུར་དུ་ལྡང་བར་འགྱུར། །དེ་བཞིན་ཐམས་ཅད་སྟོང་གསལ་ལས། །སྒྱུ་འཕྲུལ་དྲ་བ་འབྱུང་བར་འགྱུར། །ཞེས་སྐུ་འདི་ཡང་རླུང་སེམས་ཙམ་ལས་བདག་བྱིན་བརླབས་ཀྱི་རིམ་པས་འབྱུང་བ་དང༌། ཆུ་ཀླུང་དྭངས་པ་དང་འདྲ་བའི་འོད་གསལ་ལས་ཉ་གློ་བུར་དུ་འཕར་བ་དང་འདྲ་བའི་དག་པའི་སྒྱུ་མའི་སྐུ་འབྱུང་བར་བཤད་པའི་དཔེ་དོན་ནི། འོད་གསལ་ལས་གཞན་གྱིས་བར་མ་ཆོད་པར་བྱུང་བ་ལ་འགྲིག་གོ་ཞེས་པ་ནས་སྟོང་པ་བཞི་གཅིག་ཏུ་གྱུར་པ་ཡང་ལུགས་མཐུན་གྱི་ཚེ། སྔ་མ་ཕྱི་མར་ཐིམ་ནས་མཐར་འོད་གསལ་དུ་གཅིག་ཏུ་སོང་བའི་དོན་ལ་འགྲིག་གི ལུགས་ལྡོག་ལ་མི་འགྲིག་པ་དང༌། སྦྱང་གཞིའི་རིམ་པ་ལ་འཆི་བའི་འོད་གསལ་གྱི་དེ་མ་ཐག་ཉེར་ཐོབ་གྲུབ་པ་དང་མཉམ་དུ་བར་དོ་འགྲུབ་པ་དང་ཤིན་ཏུ་མཐུན་པས། ཞེས་གསུངས་པ་ལྟར། གཞི་དུས་སུ་འོད་གསལ་འགགས་པ་དང་སྒྱུ་ལུས་གྲུབ་པ་དུས་མཉམ་དགོས་པས་སྐབས་འདིར་ཡང་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་དུས་མཉམ་དུ་མ་དག་པའི་སྒྱུ་ལུས་གྲུབ་པར་བཞེད་པ་ཡོན་ནོ། །དེ་ལྟ་བུའི་སྒྱུ་ལུས་སུ་ལྡང་པ་ལ། ཕྱི་ལྡང་དང་ནང་ལྡང་གི་བཞེད་ཚུལ་གཉིས་ལས། དང་པོ་ནི། དེ་ཐོག་མར་གྲུབ་པའི་ཚེ་རྣམ་སྨིན་གྱི་ཕུང་པོ་རྙིང་པའི་ཕྱི་རོལ་ཏུ་འགྲུབ་དགོས་པས་ཕྱི་ལྡང་དང།  དྷུ་ཏཱིའི་ཕྱི་རོལ་ཏུ་གྲུབ་པར་བཞེད། ནང་ལྡང་ནི། ཐོག་མར་གྲུབ་ཚེ་དྷུ་ཏཱིའི་ནང་ནས་འགྲུབ་པར་འདོད་པ་སྟེ་བཞེད་ཚུལ་མི་འདྲ་བ་གཉིས་ཡོད། གཞན་ཡང་དེ་འདྲའི་སྒྱུ་ལུས་ལ་ཁྱད་པར་བཅོ་ལྔ་ལྡན་པ་དང༌། སྒྱུ་མའི་དཔེ་བཅུ་གཉིས་ཀྱིས་ཇི་ལྟར་མཚོན་པའི་ཚུལ། སྐུ་གསུམ་གྱི་བསྲེ་བ་དང༌། བསྲེ་བ་སྐོར་དགུའི་ཉམས་ལེན། མཉམ་བཞག་སྒྱུ་མ་དང༌། རྨི་ལམ་སྒྱུ་མ་སོགས་ཇི་ལྟར་སྐྱོང་བའི་ཚུལ། རྨི་ལམ་བཟུང་བ་དང༌། སྦྱངས་པ། རྨི་ལམ་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་ཐར་སྐྱོང་བའི་ཚུལ། བར་དོའི་སྒྱུ་མ་ཇི་ལྟར་འཛིན་པ་དང་སྦྱང་བའི་ཚུལ། སྒྱུ་མ་དངོས་དང༌། སྒྱུ་མ་རྗེས་མཐུན་པ་སོགས་ཀྱི་ཁྱད་པར་རྣམས་རྒྱས་པར་འདིར་མི་སྤྲོ་ཞིང༌། <<རིམ་ལྔ་གསལ་སྒྲོན་>>སོགས་ལས་ཤེས་པར་བྱའོ།།

དེས་ན་ཕར་ཕྱིན་ཐེག་པར་གཟུགས་སྐུའི་རྒྱུར་བསོད་ནམས་ཀྱི་ཚོགས་དུ་མ་ཞིག་བསག་པ་དང༌། ཁྱད་པར་དུ་མཚན་དཔེ་སོ་སོའི་རྒྱུ་ཡང་བསྐལ་ཆེན་དུ་མའི་བར་དུ་བསག་དགོས་ལ། སྔགས་བླ་མེད་ཀྱི་སྐབས་འདིར་བསགས་སྦྱང་གཞན་ལ་མི་ལྟོས་པར་བདེ་སྟོང་ཡེ་ཤེས་ཁོ་ན་ཆིག་དྲིལ་དུ་བསྐྱངས་པས་ཚོགས་གཉིས་རྫོགས་ཚབས་ཆེ་བ་ནི། བདེ་སྟོང་གི་ཡེ་ཤེས་དེའི་བཞོན་པའི་རླུང་ལས་གཟུགས་སྐུའི་རྒྱུ་བསྒྲུབས་པ། འདིར་བསོད་ནམས་ཀྱི་ཚོགས་མཐའ་ཡས་པ་གསོག་པའི་དོད་ཐུབ་ཅིང་དེའི་གནད་ཐམས་ཅད་ཚང་བའི་སྟོབས་ཡིན་པས། མ་དག་པའི་སྒྱུ་ལུས་དངོས་སུ་གྲུབ་པ་དེས། ཕར་ཕྱིན་ཐེག་པའི་གྲངས་མེད་གསུམ་གྱི་ཚོགས་ཀྱི་དོད་ཐུབ་པར་གསུངས་སོ། །སྒྱུ་ལུས་ཀྱི་རྣམ་གཞག་འདི་མ་ནོར་བར་གསལ་བར་རྟོགས་པ་གལ་ཆེ་ན་ཡང༌། འདུས་པའི་རྩ་བཤད་ཀྱི་རྒྱུད་འགྲེལ་རྒྱ་གཞུང་རྣམས་སུ་ཆེར་མི་གསལ་ཞིང༌། ཕྱིས་ཀྱི་རྒྱུད་འགྲེལ་འགའ་ཞིག་ལ་གཏད་སོ་ཆེར་མ་བྱུང་བས། རྗེ་བདག་ཉིད་ཆེན་པོས་རྩ་བཤད་གུང་བསྒྲིགས་ཏེ། <<རིམ་ལྔ་>>དང༌། <<སྤྱོད་བསྡུས་>>སོགས་ཚད་མར་གྱུར་པའི་རྒྱུད་འགྲེལ་རྣམས་ཀྱི་ལེགས་ཆ་བསྡུས་ཏེ་སྒྱུ་ལུས་ཀྱི་རྣམ་གཞག་ལ། མ་རྟོགས་པ་དང༌། ལོག་པར་རྟོག་པའི་དྲི་མ་ཐམས་ཅད་བསལ་ནས་སྔོན་མེད་ལེགས་བཤད་ཀྱི་སྲོལ་ཕྱེས་པ་ལ་བརྟེན་ནས། མཉམ་མེད་རི་བོ་དགེ་ལྡན་པ་ལ་རྫོགས་རིམ་སྤྱི་དང༌། ཁྱད་པར་དུ་སྒྱུ་ལུས་ཀྱི་རྣམ་གཞག་ཕྲ་ཞིང་ཞིབ་པ་རྒྱུད་ཀྱི་དགོངས་པ་མཐར་ཐུག་ཏུ་གནས་པ། སྔོན་ཆད་གངས་ཅན་གྱི་ལྗོངས་འདིར་སུས་ཀྱང་རྟོགས་པར་མ་གྱུར་པའི་བཤད་སྲོལ་དྲི་མ་མེད་པའི་རིང་ལུགས་ཁྱད་པར་དུ་འཕགས་པ་འདི་བྱུང་ངོ༌།།

ད་དེ་ནས་རྨི་ལམ་སྒྱུ་མ་དང་བར་དོ་སྒྱུ་མ་ཟེར་བ་འདི་ཡིན། རྨི་ལམ་དང་སྒྱུ་ལུས་ཀྱི་འབྲེལ་བ་དེ་གང་འདྲ་ཞིག་རེད་དམ་ཟེར་ན། དེ་ཡང་བར་དོའི་ལུས་དང༌། སྒྱུ་ལུས་ཀྱི་ལུས། རྨི་ལམ་གྱི་ལུས་དེ་གསུམ་ཧ་ཅང་འདྲ་པོ་ཡོད། དེར་བརྟེན་རྨི་ལམ་སྐབས་ལ་རྨི་ལམ་ལ་རྩལ་སྦྱངས། རྨི་ལམ་བཟུང་ནས་རྨི་ལམ་གྱི་ལུས་དེ་སྒྱུ་ལུས་ལ་ལངས་ཐུབ་པའི་སྦྱོང་བརྡར་བྱེད་དགོས་ཀྱི་ཡོད་པ་རེད། རྨི་ལམ་དེ་ཟིན་ཐུབ་པ་བྱེད་པ་ལ་ཐབས་གཉིས་ཡོད་དེ་མོས་པ་ཡིད་བྱེད་ཀྱིས་ཟིན་པ་གཅིག་དང༌། རླུང་ཐབས་ཀྱིས་རྨི་ལམ་བཟུང་བ་གཅིག་སྟེ་གཉིས་ཡོད། རླུང་ཐབས་ཀྱིས་རྨི་ལམ་ཟིན་པ་དེ་རླུང་སྙིང་ཁ་ལ་ཐིམས་པའི་རྗེས་སུ་མ་གཏོགས་རྨི་ལམ་ཟིན་མི་ཐུབ། རླུང་རྙིང་ཁ་ལ་འདུས་པའི་རྗེས་ལ་རླུང་ཐབས་ཀྱིས་འཕོ་བ་དང་རླུང་ཐབས་ཀྱི་རྨི་ལམ་ཟིན་པ་གཉིས་ཀ་ཡོང་ཐུབ། འོན་ཀྱང་ང་ཚོ་ད་ལྟ་རླུང་སྙིང་ལ་འདུས་མེད་པར་བརྟེན་རླུང་ཐབས་ཀྱིས་རྨི་ལམ་བཟུང་ཐུབ་ཐབས་མེད་པས་མོས་པ་ཡིད་བྱེད་ཀྱིས་ཟིན་དགོས། སྤྱིར་བཏང་གི་རྨི་ལམ་ཟིན་པར་རླུང་སྙིང་ག་ལ་འདུས་མི་དགོས་ཀྱང་རླུང་ཐབས་ཀྱིས་ཟིན་པར་རླུང་སྙིང་ག་ལ་འདུས་དགོས། རྨི་ལམ་ཟིན་ནས་ཕན་ཐོགས་ག་རེ་ཡོད་དམ་ཞེ་ན། རྨི་ལམ་གྱི་ལུས་དེ་སྒྱུ་ལུས་ལ་ལངས་ཐུབ་པ་བྱས་ཏེ་རྨི་ལམ་སྐབས་དགེ་སྦྱོར་སྐྱོང་རྒྱུ་དེ་ཡིན། དཔེར་ན་གཉིད་སད་པའི་དུས་ལ་སྐུ་གསུམ་ལམ་འཁྱེར་བྱེད་པ་ནང་བཞིན་རྨི་ལམ་མ་བཏང་གོང་གཉིད་ཁུག་པ་དེ་ཆོས་སྐུ་དང་སྦྱར། རྨི་ལམ་བཏང་བ་དེ་ལོངས་སྐུ་དང་སྦྱར། གཉིད་སད་པ་དེ་སྤྲུལ་སྐུ་དང་སྦྱར་ནས་གཉིད་དུས་ཀྱི་དགེ་སྦྱོར་གསུམ་ཟེར་བ་ཞིག་བྱེད་རྒྱུ་ཡོད་པ་རེད། རླུང་སྙིང་ག་ལ་འདུས་ཟིན་ཚེ་གཉིད་དུས་ཀྱི་དགེ་སྦྱོར་གསུམ་པོ་དེ་རླུང་ལ་བརྟེན་ནས་བསྐྱངས་ཐུབ་ཀྱི་ཡོད། རླུང་སྙིང་ག་ལ་འདུས་མེད་ན་མོས་པ་ཡིད་བྱེད་ཀྱིས་མ་གཏོགས་བསྐྱངས་མི་ཐུབ། སྤྱིར་ན་མི་ལོ་དྲུག་ནས་སུམ་ཅུ་ཡས་མས་བར་གྱི་མི་ཁག་ཅིག་རྨི་ལམ་གསལ་པོ་དང་རྨི་ལམ་ཟིན་ཐུབ་པ་ཡོང་བ་དེ་ནི་ལུས་ཀྱི་རྩ་དང་ཁམས་ཀྱི་ནུས་པ་ཉམས་མེད་པའི་དབང་གིས་ཡིན། འོན་ཀྱང་དེ་བརྟན་པོ་ཞེ་དྲག་མེད། རྨི་ལམ་གྱི་ལུས་དེ་ཡིད་ཀྱི་རང་བཞིན་གྱི་ལུས་ཡིན་པ་དང༌། སྒྱུ་ལུས་དེ་ཡང་ཡིད་ཀྱི་རང་བཞིན་གྱི་ལུས་ཡིན་པ་དེ་ཧ་ཅང་འདྲ་པོ་ཡོད། གཉིད་ཧ་ཅང་མཐུག་པོ་ཁུག་སྐབས་རྨི་ལམ་མེད་ཅིང༌། དེ་དུས་རང་གི་སེམས་དེ་ལྟེ་བ་ལ་གནས་ཡོད་པ་དང༌། ལྟེ་བ་ནས་མགྲིན་པར་སླེབས་སྐབས་རྨི་ལམ་གཏོང་གི་ཡོད་པ་རེད། དེ་ནས་ལྟེ་བ་ལ་ལོག་ནའང་འདྲ། དཔྲལ་བར་ཡར་ཕྱིན་པ་ཡིན་ནའང་འདྲ། གང་ལྟར་གཉིད་སད་ཀྱི་ཡོད་པ་རེད། དེར་བརྟེན་གཉིད་ལམ་གཏོང་ཉེར་ཡོད་པའི་སྐབས་སུ་གཉིད་མཐུག་པོ་མིན་པར་གཉིད་སྲབ་པོ་ཆགས་ཐོག་རང་གི་སེམས་དེ་ཕྲན་བུ་གཉིད་མཐུག་པོ་ཁུག་པ་དེ་ནས་དྲན་པ་ཅུང་གསལ་དུ་ཕྱིན་ནས་དྲན་པ་དེར་འགུལ་སྐྱོད་ཐེབས་སྐབས་ཡིད་ཀྱི་ལུས་སམ་རྨི་ལམ་གྱི་ལུས་དེ་ཆགས་ཀྱི་ཡོད་པ་རེད། དེར་བརྟེན་དེ་བེད་སྤྱོད་བཏང་ནས་གཉིད་སྲབ་པོ་ཆགས་ཏེ་དྲན་པ་གསལ་དུ་འགྲོ་བའི་དུས་སྐབས་དེ་བེད་སྤྱད་ནས་རྨི་ལམ་གྱི་ལུས་དེ་སོ་སོ་ནམ་རྒྱུན་བསྒོམས་རྒྱུའི་ཡི་དམ་གང་ཡིན་ཡང་དེ་སྐུ་མདོག་དཀར་པོ་གཅིག་ལ་ལངས་དགོས། དེ་ལ་རྨི་ལམ་གྱི་སྒྱུ་ལུས་ཟེར་ཞིང༌། དེ་ནི་ཤ་དང༌། རུས་པ། པགས་པ་ལ་སོགས་པ་གང་ཡང་མེད་པར་ཡིད་ཀྱི་རང་བཞིན་གྱི་ལུས་གང་བསམ་པ་དེར་སླེབས་མཁན་དེ་འདྲ་ཞིག་ཡོད། རྨི་ལམ་གྱི་ལུས་དེ་བེད་སྤྱོད་བཏང་ནས་སྒྱུ་ལུས་ལ་ལངས་པའི་སྐབས་སུ་ཡང་སྒྱུ་ལུས་ཀྱི་ལོངས་སྐུའམ་རྨི་ལམ་གྱི་ལོངས་སྐུ་དེ་ཡང་རྡོ་རྗེ་འཆང་སྐུ་མདོག་དཀར་པོའམ་རྗེ་བཙུན་སྒྲོལ་མ་སྐུ་མདོག་དཀར་པོའམ་ཡང་ན་ཡི་དམ་རྡོ་རྗེ་འཇིགས་བྱེད་སྐུ་མདོག་དཀར་པོ་སོགས་གང་ལྟར་རྨི་ལམ་གྱི་ལུས་དེ་ལྷ་སྐུ་དེ་འདྲ་ཞིག་ལ་ལངས་དགོས་པར་བརྟེན་རྨི་ལམ་བེད་སྤྱོད་བྱས་པ་རེད། རྨི་ལམ་བེད་སྤྱོད་བྱས་ནས་རྨི་ལམ་ཟིན་ཐུབ་པ་བྱེད་པ་ལ་གཉིད་སད་པའི་དུས་སྐབས་ལ་རང་གི་སྣང་བ་ཐམས་ཅད་རྨི་ལམ་ཡིན། སྒྱུ་མ་ཡིན། རང་བཞིན་གྱིས་མ་གྲུབ་པ་ཡིན་བསམ་པའི་ལྟ་བ་དེ་དྲན་ཤེས་བརྟན་པོ་ཞིག་བྱུང་ཚེ་རྨི་ལམ་བེད་སྤྱོད་བྱས་ནས་རྨི་ལམ་གྱི་ལུས་དེ་ལྷ་སྐུ་ལ་ཡར་ལངས་ཐུབ་པ་ཡོང་གི་རེད། རྨི་ལམ་ལ་རྩལ་སྦྱང་རྒྱུ་ཡོད་ཅིང༌། རྨི་ལམ་ཟིན་ཐུབ་ཚེ་རང་གི་རྨི་ལམ་གྱི་ལུས་དེ་རི་དང་བྲག་ལ་སོགས་པར་ཐོགས་པ་མེད་པར་འགྲོ་ཐུབ་པ་དང༌། དེ་བཞིན་ས་ཆུ་མེ་རླུང་ནང་འཛུལ་བའི་རྩལ་སྦྱངས་ནས་རྨི་ལམ་གྱི་ནང་ལ་འབྱུང་བ་བཞིས་རང་གི་ལུས་ལ་མ་གནོད་པའི་རྩལ་མང་པོ་སྦྱང་རྒྱུ་ཡོད། རྩལ་དེ་སྦྱངས་ཟིན་རྗེས་རང་གི་སྔོན་མའི་ལུས་དེ་དག་པའི་ཞིང་ཁམས་བདེ་བ་ཅན་དང༌། དག་པ་མཁའ་སྤྱོད། པོ་ཏཱ་ལ་སོགས་ལ་ཕྱིན་ནས་སངས་རྒྱས་བྱང་སེམས་ཀྱི་དྲུང་ནས་ཆོས་ཉན་པ་ལ་སོགས་པའི་རྩལ་སྦྱོང་མང་པོ་སྦྱོང་བརྡར་བྱེད་རྒྱུ་ཡོད། དེ་ཡང་སྦྱོང་བརྡར་བྱེད་དོན་ནི་གཙོ་བོ་རྨི་ལམ་གྱི་ལུས་དེ་ལྷ་སྐུ་ལ་བཞག་རྒྱུའི་སྦྱོར་བརྡར་བྱས་པ་དང༌། རྨི་ལམ་གྱི་ལུས་ལྷ་སྐུ་ལ་བཞག་པའི་དགོས་པ་ནི་རྗེས་མ་ང་ཚོ་ཤི་ནས་འོད་གསལ་དེ་སེམས་དྲན་པ་ཕྲན་བུ་གསལ་འཕྲལ་སྐྱེ་བ་ཕྱི་མའི་བར་དོ་གྲུབ་ཀྱི་ཡོད་པས་སྐབས་དེ་དུས་བར་དོའི་ལུས་དེ་ལོངས་སྐུ་ལ་ཡར་ལངས་རྒྱུའི་ཆེད་དུ་མ་ཤི་གོང་ནས་རྨི་ལམ་ལ་སྦྱོང་བརྡར་བྱས་པ་ཞིག་རེད། དེར་བརྟེན་བར་དོ་དང་རྨི་ལམ་གཉིས་ཧ་ཅང་འདྲ་པོ་ཡོད་པ་དང༌། བར་དོའི་ལུས་དང་རྨི་ལམ་གྱི་ལུས་ཀྱང་ཧ་ཅང་འདྲ་པོ་ཡོད། བར་དོའི་ལུས་ཀྱི་ཁྱད་ཆོས་དང་རྨི་ལམ་གྱི་ལུས་ལྷ་སྐུ་ལ་ལངས་པའི་ཁྱད་ཆོས་དེ་གཉིས་ཀྱང་ཧ་ཅང་འདྲ་པོ་ཡོད་པ། དེའི་གོང་གི་ཡོང་སྟངས་ཆ་རྐྱེན་ཡང་ཧ་ཅང་འདྲ་པོ་ཡོད་པས་རྨི་ལམ་སྦྱོང་བརྡར་ཡག་པོ་བྱུང་ན་བར་དོར་འགྲོ་སྐབས་རྨི་ལམ་བཏང་བ་ལྟ་བུ་ཞིག་ཡོད། དེ་རྨི་ལམ་ལྟ་བུ་ཞིག་ཡོད་སྟབས་མི་ཡུལ་དུ་རང་གིས་སྡིག་པ་ཆེན་པོ་བསགས་ཡོད་ན་སྐྱེ་བ་ཕྱི་མ་འགྲོ་བ་རིགས་དྲུག་གི་སྡུག་བསྔལ་གང་འདྲ་མྱོང་དགོས་མིན་སོགས་སྐྱེ་བ་ཕྱི་མའི་གནས་ཚུལ་རྣམས་བར་དོའི་སྐབས་སུ་བར་དོའི་དབང་ཤེས་ཀྱིས་མཐོང་བ་ཙམ་དུ་མ་ཟད། སྐྱེ་བ་སྔོན་མ་དང་ཕྱི་མ་གཉིས་ཀ་གློག་བརྙན་བསྟན་པ་ལྟར་དབང་ཤེས་ཀྱིས་འཆར་ཐུབ་ཀྱི་ཡོད་པ་རེད། བར་དོའི་སེམས་དེ་ལ་ཁྱད་ཆོས་གང་ཡོད་ཅེ་ན། དཔེར་ན་མི་ལ་སྐྱེ་བ་བླངས་པར་ཆ་བཞག་ན་རང་གི་ཨ་མ་དེའི་ཕྲུ་གུ་སྐྱེ་ས་དེ་དང་སངས་རྒྱས་བྱང་སེམས་ཀྱི་སྐུ་གསུང་ཐུགས་རྟེན་རབ་གནས་ཧ་ཅང་ཡག་པོ་ཡོད་པ་དེ་ཚོར་ཁ་གཏུགས་བརྟོལ་ནས་འགྲོ་བ་མ་ཐུབ་པ་ཕུད། དེ་མིན་རི་རབ་དང༌། བྲག་དང༌། ཆུ་དང༌། རྩིག་པ་ལ་སོགས་པ་གང་ལ་ཐུག་ནའང་འཇའ་ཚོན་གྱི་ལུས་ལྟར་ཐོགས་མེད་པར་བརྟོལ་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་མི་ཁ་ཤས་ཤི་ཚར་རྗེས་གསོན་པོ་ལྟར་མི་དང་ཐུག་ནས་སྐད་ཆ་ཤོད་པའི་གནས་ཚུལ་ཡོང་མྱོང་ཡོད་པ་དེ་བར་དོའི་ཡིད་ལུས་ཀྱི་འཆར་སྣང་ལ་བརྟེན་ནས་བྱུང་བ་ཞིག་ཡིན། བར་དོ་ཟེར་བ་དེ་མངོན་ཤེས་ཀྱང་ཕྲན་བུ་ཡོད་པ་ཞིག་ཡིན། ང་རང་ཚོར་ཆ་བཞག་ན་སྐྱེ་བ་འདིར་མངོན་ཤེས་མེད་སྟབས་རང་གི་སྐྱེ་བ་སྔ་ཕྱི་གཏན་ནས་ཤེས་ཀྱི་མེད་ནའང་བར་དོ་གྲུབ་ཟིན་རྗེས་རང་གི་སྐྱེ་བ་སྔ་མ་དང་རྗེས་མ་ཚང་མ་མཐོང་ཐུབ་པ་མ་ཟད། ཚེ་སྔོན་མ་ལས་དགེ་སྡིག་གང་བྱས་མིན་ཚང་མ་ཁྲ་ལྷམ་མེར་མཐོང་ཐུབ་ཀྱི་ཡོད་པས་མངོན་ཤེས་དང་རྫུ་འཕྲུལ་ཐོབ་པ་ཙམ་ལ་ཧ་ལས་རྒྱུ་གང་ཡང་མེད། བར་དོ་གྲུབ་སྐབས་བར་དོའི་ལུས་དེ་ལྷ་སྐུ་ལ་ལངས་དགོས་ཤིང༌། དེ་ཡོང་བ་བྱེད་པ་ལ་མ་ཤི་གོང་ནས་རྨི་ལམ་ལ་རྩལ་སྦྱངས་ནས་རྨི་ལམ་གྱི་ལུས་དེ་ལྷ་སྐུ་ལ་ལངས་ཐུབ་པའི་སྦྱོང་བརྡར་བྱེད་དགོས། དེར་བརྟེན་སྒྱུ་ལུས་དང་རྨི་ལམ་གཉིས་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད་པ་དང༌། བར་དོ་དང་ཡང་འབྲེལ་བ་ཤིན་ཏུ་ཆེན་པོ་ཡོད། རྨི་ལམ་ཟིན་སྟངས་སྐོར་དེ་ན་རོ་ཆོས་དྲུག་ནང་ལའང་ཡོད། ན་རོ་ཆོས་དྲུག་ཟེར་བ་ནི་པཎ་ཆེན་ན་རོ་པའི་ཆོས་དྲུག་ཅེས་པའི་དོན་ཡིན། རྨི་ལམ་སྐོར་དེ་གསང་འདུས་དང༌། བདེ་མཆོག འཇིགས་བྱེད་སོགས་ཕན་ཚུན་ཁ་སྣོན་བྱེད་དགོས་པ་ཡོད། བར་དོའི་ལུས་དེ་ཡིད་ཀྱི་རང་བཞིན་གྱི་ལུས་ཡིན་ཟེར་དོན་ནི། དེ་རླུང་དང་སེམས་ལས་གྲུབ་པའི་ལུས་ཤིག་ཡིན་པ་ལས་ཤ་རུས་ལས་གྲུབ་པའི་ལུས་གཏན་ནས་མིན་པ་དེ་རེད། དེར་བརྟེན་དེ་བེད་སྤྱོད་བྱས་ནས་སྒྱུ་ལུས་གྲུབ་སྐབས་སྒྱུ་ལུས་དེ་ཡང་ཡིད་ཀྱི་རང་བཞིན་གྱི་ལུས་རླུང་སེམས་ཙམ་ལས་གྲུབ་པའི་ཡི་དམ་གྱི་སྐུ་ཞིག་ལ་ལངས་འགྲོ་གི་ཡོད་སྟབས་གཉིད་སད་སྐབས་སད་དུས་ཀྱི་སྐུ་གསུམ་ལམ་འཁྱེར་དེ་སྦྱོང་བརྡར་ཡག་པོ་བྱུང་ན་གཉིད་དུས་ཀྱི་སྐུ་གསུམ་ལམ་འཁྱེར་ཡག་པོ་ཡོང་ཐུབ་པ་དང༌། གཉིད་དུས་ཀྱི་སྐུ་གསུམ་ལམ་འཁྱེར་ཡག་པོ་བྱུང་ན་ཤི་དུས་ཀྱི་སྐུ་གསུམ་ལམ་འཁྱེར་ཡག་པོ་ཡོང་ཐུབ།

འཕོ་བ་ཞེས་པ་འདི་གང་འདྲ་ཞིག་རེད་དམ་ཞེ་ན། གལ་ཏེ་མ་ཤི་གོང་ལ་ལམ་སྣ་ཟིན་པ་དང་རྟོགས་པ་རྒྱུད་ལ་སྐྱེ་བ་ཞིག་མ་བྱུང་བར་ཤི་དགོས་བྱུང་ཚེ་འཕོ་བ་རྒྱག་དགོས། འཕོ་བ་ལ་རླུང་ཐབས་ཀྱིས་འཕོ་བ་རྒྱག་ཚུལ་ཞིག་དང་མོས་པ་ཡིད་བྱེད་ཀྱིས་འཕོ་བ་རྒྱག་སྟངས་ཤིག་སྟེ་གཉིས་ཡོད། དེ་ཡང་གཙོ་བོ་རང་གིས་རང་ལ་འཕོ་བ་རྒྱག་རྒྱུ་དེ་ཡིན་པས་དེ་ཨེ་ཐུབ་ལྟ་དགོས། རང་གིས་རང་ལ་འཕོ་བ་རྒྱག་མ་ཐུབ་ན་མི་གཞན་ལ་འཕོ་བ་བརྒྱབ་ནས་བདེ་བ་ཅན་དུ་སྐྱེས་ག་ལ་ཐུབ། འཕོ་བ་རྒྱག་སྐབས་རླུང་ཟིན་ཐུབ་མཁན་ཡིན་ན་རླུང་ཐབས་ཀྱིས་འཕོ་ཐུབ་པ་ཐེ་ཚོམ་མེད། ཚེ་འདི་ལ་ཆོས་བྱས་ཏེ་རླུང་བསྒོམ་རྒྱུ་དེ་ཚོ་ཡག་པོ་བྱུང་ན་མི་སྡིག་ཆེན་མཚམས་མེད་ལྔ་བྱས་པ་ཞིག་ཡིན་ནའང་རླུང་བསྒོམ་ཐུབ་ན་དག་པའི་ཞིང་ཁམས་ལ་འཕོ་བ་རྒྱག་ཐུབ། དེ་ཡང་འཕོ་བ་རྒྱག་པར་བསོད་ནམས་ཀྱི་སྟོབས་དང་འཕེན་པའི་སྟོབས་སོགས་སྟོབས་ལྔ་ངེས་པར་ཚང་དགོས། བླ་མ་མཆོད་པའི་ནང“ལམ་སྣ་མ་ཟིན་འཆི་བའི་དུས་བྱེད་ན། །བཙན་ཐབས་འཚང་རྒྱ་བླ་མའི་འཕོ་བ་ནི། །སྟོབས་ལྔ་ཡང་དག་སྦྱར་བའི་གདམས་ངག་གིས། །དག་པའི་ཞིང་དུ་འགྲོད་པར་བྱིན་གྱིས་རློབས”ཞེས་གསུངས་ཡོད། སྟོབས་ལྔ་མ་ཚང་ན་དཔེར་ན་དཀར་པོ་ས་བོན་གྱི་སྟོབས་ཀྱིས་རང་གིས་སྔོན་ཆད་བསགས་པའི་སྡིག་པར་འགྱོད་བཤགས་བྱས་ཏེ་བསོད་ནམས་ཀྱི་ཚོགས་གསོག་པ་དང་སྡིག་པ་བཤགས་པ་དེ་ཚོ་ཚང་མ་ཡག་པོ་བྱས་ཚེ་ཤི་ཁར་སོ་སོའི་རྒྱུད་ལ་རྟོགས་པ་མ་སྐྱེས་པར་ཤི་དགོས་བྱུང་ནའང་འཕོ་བ་རྒྱག་ཐུབ་ཀྱི་རེད། དེར་བརྟེན་རྨི་ལམ་དང༌། བར་དོ། འཕོ་བ་བཅས་རྣམས་སྒྱུ་ལུས་དང་འབྲེལ་བ་ཡོད་པ་རེད། གཞན་ཡང་འཕོ་བ་རྒྱག་དུས་བསམ་བློ་གང་འདྲ་གཏོང་དགོས་མིན་དང༌། རྨི་ལམ་ཟིན་དུས་བསམ་བློ་གང་འདྲ་གཏོང་དགོས་མིན། རླུང་ཇི་འདྲ་བྱས་ནས་ཟིན་དགོས་མིན་སོགས་ཞིབ་ཕྲ་དབང་ཞུ་མ་མྱོང་མཁན་ལ་བཤད་མི་ཆོག

 

དོན་དམ་འོད་གསལ་གྱི་རྣམ་གཞག

 

མ་རྒྱུད་ལམ་གྱི་སྙིང་པོ་དོན་དམ་འོད་གསལ་གྱི་རྣམ་གཞག་བཤད་པ་ལ། དེ་ཡང་ཕ་རྒྱུད་གཉིས་སུ་ཕྱེས་པའི་རྣལ་འབྱོར་མའི་རྒྱུད་ཇི་ལྟར་འཇོག་པའི་ཚུལ་སྔོན་དུ་བརྗོད་ཟིན་པ་ལྟར་ཡིན་ལ། མ་རྒྱུད་ཐམས་ཅད་ཀྱི་རྩ་བར་གྱུར་པ་ནི་དཔལ་འཁོར་ལོ་བདེ་མཆོག་གི་རྒྱུད་ཡིན་པས། འདི་ལ་རྒྱུད་རྒྱས་པ་ཤླཽ་ཀ་འབུམ་ཕྲག་གསུམ་པ་དང༌། འབྲིང་བ་འབུམ་ཕྲག་གཅིག་པའམ་བདེ་མཆོག་ནམ་མཁའ་དང་མཉམ་པའི་རྒྱུད་འདི་གཉིས་བོད་དུ་མ་འགྱུར་ལ། ཉུང་བའི་རྒྱུད་རྩ་རྒྱུད་ལེའུ་ང་གཅིག་པ་ཅན་དང༌། བཤད་པའི་རྒྱུད་ལ་རྡོ་རྗེ་མཁའ་འགྲོ། སྡོམ་འབྱུང༌། མཁའ་འགྲོ་མ་ཀུན་སྤྱོད། མངོན་བརྗོད་བླ་མ་སྟེ་ཐུན་མོང་མ་ཡིན་པའི་རྒྱུད་བཞི་དང༌། བདེ་ཀྱེ་ཐུན་མོང་གི་རྒྱུད། སམྦུ་ཊའམ་ཁ་སྦྱོར་དང་ལྔ་ཡོད། ཧེ་རུ་ཀ་མངོན་འབྱུང༌། རྣལ་འབྱོར་མ་བཞི་ཞལ་སྦྱོར་བའི་རྒྱུད། མཁའ་འགྲོ་རྒྱ་མཚོ་དང་གསུམ་ཕྱོགས་མཐུན་གྱི་རྒྱུད་ཡིན། དེ་ལྟ་བུའི་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་བརྗོད་བྱའི་གཙོ་བོ་ནི། ཆོས་ཀྱི་སྐུ་སྒྲུབ་བྱེད་སྟོང་ཕྱོགས་ཤེས་རབ་ཀྱི་ཆར་གྱུར་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དོན་དམ་འོད་གསལ་གྱི་ལམ་ཇི་ལྟར་བསྒྲུབ་པའི་ཚུལ་སྟོན་པ་ཡིན། སྤྱིར་རྫོགས་རིམ་གྱི་སྤྱིའི་ཆིངས་ལ། གསང་འདུས་འཕགས་ལུགས་ལྟར་ན། དབེན་གསུམ་དང་སྒྱུ་འོད་ཟུང་གསུམ་སྟེ་དྲུག་གམ། ཡང་ན་དང་པོ་གཉིས་གཅིག་ཏུ་གྲངས་པའི་རིམ་པ་ལྔ། ཡེ་ཤེས་ཞབས་ལུགས་ལ། མི་ཤིག་པའི་ཐིག་ལེ། སྤྲུལ་བའི་ཐིག་ལེ། སྔགས་ཀྱི་ཐིག་ལེ། དེ་ཁོ་ན་ཉིད་ཀྱི་ཐིག་ལེ་སྟེ་ཐིག་ལེ་བཞི་ལྡན། འཁོར་ཆེན་ལ། ལུས་བྱིན་རླབས། ངག་བྱིན་རླབས། སེམས་བྱིན་རླབས། དེ་ཁོ་ན་ཉིད་བྱིན་རླབས་ཏེ་བྱིན་རླབས་བཞི་ལྡན། དམར་ནག་འཇིགས་གསུམ་ལ། སྔགས་ཀྱི་རྣལ་འབྱོར། དམ་ཚིག་གི་རྣལ་འབྱོར། དབྱིབས་ཀྱི་རྣལ་འབྱོར། རྣམ་དག་ཡེ་ཤེས་ཀྱི་རྣལ་འབྱོར་ཏེ་རྣལ་འབྱོར་བཞི་ལྡན། བདེ་མཆོག་ལཱུ་ཨི་པ་ལ། ལྟེ་བའི་སྤྲིན་སྒྲ་ལ་སེམས་གཏོད་པ། དེ་ལས་རྡོ་རྗེ་བཟླས་པ་བྱེད་ཚུལ། ལག་རྗེས་དང་གསུམ། དྲིལ་བུ་བ་ལ། བདག་བྱིན་རླབས། སྣ་ཚོགས་རྡོ་རྗེ། ནོར་བུ་འགེངས་པ། ཛ་ལནྡྷ་ར། བསམ་གྱིས་མི་ཁྱབ་པའི་རིམ་པ་དང་ལྔ། བདེ་ཀྱེ་ཐུན་མོང་དུ། གཏུམ་མོ། སྒྱུ་ལུས། འོད་གསལ། བར་དོ། འཕོ་བ། གྲོང་འཇུག་སྟེ་ནཱ་རོ་ཆོས་དྲུག དུས་འཁོར་ལ། སོར་བསམ་སོགས་སྦྱོར་བ་ཡན་ལག་དྲུག་དེ་ལ་ཡང་དམིགས་བཅས་སྟོང་གཟུགས་ཕྱག་རྒྱ་ཆེན་པོ་དང། དམིགས་མེད་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་གཉིས་སོགས་གསུངས་སོ། །དེ་ལྟར་རྒྱུད་སོ་སོའི་སྒོས་ཆོས་ཐུན་མོང་མ་ཡིན་པ་དང༌། གྲུབ་ཆེན་སོསོའི་རྟེན་ཁུངས་ཀྱི་རྒྱུད་མི་འདྲ་བའི་ཁྱད་པར་ལ་བརྟེན་ནས་རྩ་མདུད་གྲོལ་བའི་ཐབས་མི་འདྲ་བ་མང་དུ་གསུངས་ཀྱང༌། སྒྱུ་ལུས་ཡན་ཆད་ལག་རྗེས་གཉིས་ཀྱི་རྣམ་གཞག་ཕལ་ཆེར་མི་འདྲ་བ་མེད།

དེས་ན། ཤེས་རབ་ཀྱི་ཉམས་ལེན་ཐམས་ཅད་ཀྱི་ལག་རྗེས་དོན་དམ་འོད་གསལ་གྱི་ཁྱད་ཆོས་ཇི་ལྟ་བུ་ཞིག་ཡིན་ཞེ་ན། སྔར་བཤད་པའི་སྒྱུ་ལུས་དེ་འོད་གསལ་དུ་བཅུག་པ་ན་ཤིན་ཏུ་ཕྲ་བའི་རླུང་དེ་ཟག་མེད་ཀྱི་རླུང་དུ་གྱུར་ནས་གཟུགས་སྐུ་འགྲུབ་པའི་ཉེར་ལེན་དང༌། དེ་དང་ངོ་བོ་གཅིག་པའི་ཤིན་ཏུ་ཕྲ་བའི་སེམས་དེ་ཟག་མེད་ཀྱི་སེམས་སུ་གྱུར་ནས་ཆོས་སྐུའི་ཉེར་ལེན་བྱེད་ཅིང༌། སྐུ་གཉིས་ཀྱི་རིགས་འདྲའི་རྒྱུ་ལ་མཉམ་བཞག་ཆིག་དྲིལ་དུ་བསྐྱངས་པས་ཤེས་སྒྲིབ་ཕྲ་མོ་སྤོང་བ་ལ་ཆེས་ཤིན་ཏུ་མྱུར་བའི་ནུས་པ་དང་ལྡན་པར་གྱུར་པ་ཡིན་ཏེ། <<གསལ་སྒྲོན་>>ལས། དེས་ན་ལམ་འདིར་ཡང་ལྷན་ཅིག་སྐྱེས་པའི་བདེ་བས་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པ་ཙམ་གྱི་ཡེ་ཤེས་སྐྱེད་པའི་ཕྱིར་དུ་སྒྱུ་ལུས་སྐྱེད་པ་མིན་གྱི། དོན་གྱི་འོད་གསལ་གྱི་ཡེ་ཤེས་ཀྱིས་ཤེས་སྒྲིབ་སྦྱོང་བ་ལ་ནུས་པ་ཁྱད་པར་ཅན་དུ་འགྱུར་བའི་དོན་ཡིན་ཏེ། གཟུགས་སྐུའི་ཐུན་མོང་མ་ཡིན་པའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་ཡུལ་དུ་བྱས་པ་ལ། ཡུལ་ཅན་གྱི་སྒོ་ནས་ཤེས་སྒྲིབ་སྦྱོང་བ་ལ་ནུས་པ་ཁྱད་པར་ཅན་སྐྱེ་བའི་སྒོ་ཞིག་ཀྱང་ཡོད་མོད་ཀྱང༌། ཐེག་པ་གཞན་གྱི་བསོད་ནམས་ཀྱི་ཚོགས་མཐའ་ཡས་པའི་དོད་ནི་རྫོགས་རིམ་གྱི་སྐབས་འདིར་སྒྱུ་མའི་སྐུ་ཡིན་པས་དེ་གཉིས་སྤེལ་ཤེས་པ་གནད་མཐར་ཐུག་པ་ཡིན་ནོ། །ཞེས་གསུངས་པ་ལྟར། སྤྱིར་ཉོན་སྒྲིབ་དང་ཤེས་སྒྲིབ་རགས་པ་ཕར་ཕྱིན་ཐེག་པ་དང༌། རྒྱུད་སྡེ་འོག་མ་གསུམ་གའི་ལམ་གྱིས་སྤོང་ནུས་ཀྱང༌། ཤེས་སྒྲིབ་ཕྲ་མོ་སྔགས་ལམ་ནས་མ་གཏོགས་ཕར་ཕྱིན་ཐེག་པས་སྤོང་མི་ནུས་པར་གསུངས་པའང་བླ་མེད་ཀྱི་ལམ་ཁོ་ནའི་ཁྱད་ཆོས་ཡིན་ཞིང་དེ་ཡང་དོན་དམ་བདེ་བ་ཆེན་པོའི་ཡེ་ཤེས་འདིས་ཤེས་སྒྲིབ་སྤོང་བ་དང༌། ཟག་མེད་ཀྱི་རླུང་འོད་ཟེར་ལྔ་ལས་དག་པའི་སྒྱུ་ལུས་འགྲུབ་པ་ཡང༌། དོན་གྱི་འོད་གསལ་འདི་ལ་ལྟོས་པ་ཡིན། བདེ་བ་ཆེན་པོ་དེ་ཡང་གནས་ལུགས་རྟོགས་པའི་ལྟ་བ་དང་མ་སྦྱར་ན་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་མི་འབྱུང་སྟེ། བདེ་ཆེན་དེ་ཉོན་མོངས་ཀྱི་གཉེན་པོ་མཐར་ཐུག་ཏུ་འགྲོ་བྱེད་ཀྱི་གནད་མ་ཤེས་ན། རྡོ་རྗེ་འཆང་གི་གོ་འཕང་ལྟ་ཅི། མ་མཐའ་འཁོར་བའི་རྩ་བ་གཅོད་བྱེད་དུའང་མི་འགྲོ་བར་མ་ཟད། འཁོར་བར་འཆིང་བྱེད་ཀྱི་ཆགས་པ་དང་སྲེད་པ་ཇེ་འཕེལ་དུ་འགྲོ་བའི་རྒྱུར་འགྱུར་ཏེ། <<དོ་ཧ་>>ལས། ཁྱིམ་དང་ཁྱིམ་ན་དེ་ཡི་གཏམ་སྨྲ་ཡང༌། །བདེ་ཆེན་གནས་འདི་ཡོངས་སུ་ཤེས་པ་མེད། །ཅེས་དང༌། <<གསལ་སྒྲོན་>>ལས། འཁོར་འདས་མ་ལུས་པའི་རང་བཞིན་སྟོང་ཉིད་ཤེས་པའི་སྟོང་པ་དང་སྦྱོར་རྒྱུ་མེད་པར། དབང་པོ་གཉིས་སྦྱོར་ལས་བྱང་སེམས་མི་འཕོ་བ་ཙམ་གྱི་བདེ་བ་སྒྲུབ་པ་ནི། སྲིད་པའི་རྩ་བ་བདེན་འཛིན་གྱི་མ་རིག་པ་ལ་ཅི་ཡང་མི་གནོད་པས་བདེ་བ་ཅི་ཙམ་སྤྱད་པ་བཞིན་བདེན་འཛིན་དེས་དྲངས་པའི་སྲེད་པ་ཇེ་འཕེལ་དུ་འགྲོ་བས། སྐོམ་སྲེད་ཅན་གྱི་སྨིག་རྒྱུ་ལ་ཆུར་འདུ་ཤེས་ནས་ཞུགས་པ་དང་འདྲ་བས་དེ་འདྲ་བའི་སྨད་ལ། ཞེས་གསུངས་སོ།།

དེས་ན་སྔོན་བཤད་པ་ལྟར་སྟོང་ཉིད་ཀྱི་ལྟ་བ་ནི་སྔགས་དང༌། ཕར་ཕྱིན་ཐེག་པ་གཉིས་ཀའི་ཐུན་མོང་བ་ཡིན་པར་མ་ཟད། ཁྱད་པར་དུ་སྔགས་ལམ་གྱི་ལྟ་བའི་གནད་ཐམས་ཅད་དབུ་མ་ཐལ་འགྱུར་བའི་ལྟ་བ་དང་མཐུན་དགོས་པ་ཡང༌། <<སྟོང་ཐུན་སྐལ་བཟང་མིག་འབྱེད་>>ལས། རྡོ་རྗེ་ཐེག་པས་འགྲོ་བ་རྣམས་ཀྱིས་ཀྱང་ཐབས་མཁས་པའི་ཁྱད་པར་མཐའ་ཡས་པ་དག་གིས་ཟིན་པའི་སྒོ་ནས་བསྒོམ་པར་བྱ་བའི་དེ་ཁོ་ན་ཉིད་ནི། དབུ་མ་རིགས་ཚོགས་ཀྱིས་གཏན་ལ་ཕབ་པའི་སྟོང་པ་ཉིད་འདི་ཁོ་ན་ཉིད་ཡིན་གྱི། འདི་ལས་ཁྱད་པར་དུ་གྱུར་པ་ཅི་ཡང་མེད་པས་ཐེག་པ་གསུམ་གྱི་གང་ཟག་མཆོག་དམན་ཐམས་ཅད་ཀྱིས་བསྒོམ་བྱའི་དེ་ཁོ་ན་ཉིད་ནི་གཅིག་པུ་འདིར་ཟད་པ་ཡིན་ལ། ཞེས་དང། རྗེ་ས་པཎ་གྱི་<<སྡོམ་གསུམ་རབ་དབྱེ་>>ལས། སྔགས་དང་ཕ་རོལ་ཕྱིན་པ་ལ། །ལྟ་བའི་ཁྱད་པར་བཤད་པ་མེད། །ཞེས་གསུངས་པ་ལྟར་རོ། །དེ་ལྟ་བུའི་ལྟ་བས་རྒྱས་འདེབས་ཁྱད་པར་ཅན་ཡོད་ན། འདོད་ཡོན་ལ་རོལ་པ་ཇི་ཙམ་ཆེ་བ་དེ་ཙམ་གྱིས་མེ་ལ་བུད་ཤིང་བསྣན་པ་ལྟར་སྲེད་པ་སོགས་ཉོན་མོངས་སྤོང་བའི་ནུས་པ་ཇེ་ཆེར་འགྲོ་བས་དུག་སྨན་དུ་སྒྱུར་བྱེད་ལྟ་བུའི་ཉོན་མོངས་པའི་གཉེན་པོ་ཡང་དག་པར་འགྲོ་བ་དང༌། ཆགས་པ་ལམ་བྱེད་ཅེས་པའང་འདིའི་སྟེང་ནས་གོ་བ་ལེན་དགོས། དེ་ལྟ་བུའི་ཟབ་མོའི་ལྟ་བ་དང་སྦྱོར་རྒྱུ་མེད་པར་ལྷའི་རྣལ་འབྱོར་དང༌། རྩ་རླུང་སོགས་ཀྱི་ཉམས་ལེན་ཟབ་མོར་གྲགས་པ་ཇི་འདྲ་བ་ཞིག་ལ་འབད་ཀྱང་མཐར་ཐུག་གི་འབྲས་བུ་གང་ཡང་མི་འབྱུང་སྟེ། <<གསང་བ་གྲུབ་པ་>>ལས། དེ་བཞིན་དེ་ཉིད་མེད་བཞིན་དུ། །ངོ་མཚར་ཆེ་བ་ལྟར་བྱེད་པ། །ཇི་སྲིད་ནམ་མཁའ་གནས་པའི་བར། །ཤི་བའི་འོག་ཏུ་དམྱལ་བར་འགྲོ །ཅེས་གསུངས་སོ། །དེས་ན་དོན་དམ་འོད་གསལ་དེ་མངོན་དུ་བྱེད་ཚུལ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། སྔར་བཤད་པའི་རིམ་པ་གསུམ་པའི་སྒྱུ་ལུས་མངོན་དུ་གྱུར་པ་དེས། རང་ཉིད་ཀྱི་སྒོ་གསུམ་ཁམས་གསུམ་གྱི་འགྲོ་བ་ཀུན་གྱི་སྒོ་གསུམ་དང་དབྱེར་མེད་པའི་སེམས་དཔའ་དགུ་བརྩེགས་སྒོམ་པའི་རྣལ་འབྱོར་སྐྱོང་བ་དང༌། དེ་རིལ་འཛིན་དང༌། རྗེས་གཞིག་གི་བསམ་གཏན་གཉིས་ཀྱི་སྡུད་རིམ་ལ་བརྟེན་ནས་མཐར་ལུགས་འབྱུང་གི་ཉེར་ཐོབ་འགགས་པ་དེའི་ཚེ། མ་དག་པའི་སྒྱུ་ལུས་ནམ་མཁའ་ལ་འཇའ་ཡལ་བ་ལྟར་འགགས་པ་དང༌། ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་རིམ་པ་བཞི་པའི་དོན་གྱི་འོད་གསལ་མངོན་དུ་བྱས་པ། ཐེག་ཆེན་མཐོང་ལམ་ཐོབ་པ། ཉོན་སྒྲིབ་གྱི་དངོས་གཉེན་བར་ཆད་མེད་ལམ་རྒྱུད་ལ་སྐྱེས་པ་རྣམས་དུས་མཉམ་པར་འབྱུང་ངོ༌།།

འདིའི་ཕྱི་ནང་གི་མངོན་བྱང་གཉིས་ཇི་ལྟར་འཇོག་ཅེ་ན། ཕྱི་རོལ་གྱི་ནམ་མཁའ་སློད་བྱེད་ཀྱི་སྐྱོན་ཟླ་ཉི་སྨག་གསུམ་སངས་པའི་ཐོ་རངས་ཀྱི་དུས་ཁྱད་པར་ཅན་དེར་འོད་གསལ་མངོན་དུ་བྱས་པ་ཕྱིའི་མངོན་བྱང་དང༌། ནང་རྣལ་འབྱོར་པའི་ཤེས་པ་སློད་བྱེད་ཀྱི་སྐྱོན་སྣང་མཆེད་ཐོབ་གསུམ་གྱི་དཀར་དམར་ནག་ལམ་འདས་པའི་དུས་སམ་ལུགས་འབྱུང་གི་སྣང་བ་གསུམ་འདས་ནས་ལུགས་ལྡོག་གི་ཉེར་ཐོབ་མ་ཤར་བའི་གོང་དུ་འོད་གསལ་མངོན་དུ་བྱས་པ་ལ་ནང་གི་མངོན་བྱང་ཞེས་བཤད་དོ། །འོ་ན། ལྷན་སྐྱེས་ཀྱི་བདེ་ཆེན་དེས་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་དང་དག་པའི་སྒྱུ་མའི་སྐུ་ཡན་ཆད་ཀྱི་ཆོག་མོད། མ་དག་པའི་སྒྱུ་ལུས་ཀྱིས་ཅི་བྱ་སྙམ་ན། སྟོང་ཉིད་རྟོགས་པའི་ཡེ་ཤེས་ཀྱིས་སྤང་བྱ་སྤོང་བའི་ནུས་པ་ནི། ཐབས་ཀྱི་ཆ་དང་ཤེས་རབ་ཀྱི་ཆའི་ནུས་པ་ཆེ་ཆུང་གིས་ཁྱད་འབྱེད་དགོས་པར་མདོ་སྔགས་གཉིས་ཀ་མཐུན་ལ། དོན་གྱི་འོད་གསལ་གྱིས་ཉོན་སྒྲིབ་ཅིག་ཅར་གཞོམ་པ་དང༌། དེས་ཤེས་སྒྲིབ་སྤོང་བར་ནུས་པ་མཐུ་ཅན་དུ་འགྱུར་བ་ལ། དེའི་སྔོན་ཕར་ཕྱིན་ཐེག་པའི་གྲངས་མེད་གསུམ་གྱི་རིང་ལ་ཚོགས་གསོག་པའི་དོད་ཐུབ་པ། མ་དག་པའི་སྒྱུ་མའི་སྐུ་སྔོན་དུ་འགྲོ་དགོས་པ་ཡིན། དེར་མ་ཟད། དཔེའི་འོད་གསལ་གྱི་སེམས་དེ་ལས་ཕྲ་བ་གཞི་དུས་ན་མེད་ཅིང༌། ལམ་དུས་སུ་དོན་སྤྱི་དང༌། ཀུན་རྫོབ་ཀྱི་གཉིས་སྣང་ནུབ་སྟེ་དོན་གྱི་འོད་གསལ་མངོན་དུ་གྱུར་པ་ན་སྔ་མ་ལས་ཆེས་ཕྲ་བར་འགྱུར་ལ། དེ་ལྟར་འགྱུར་བ་ལ་སྔོན་དུ་སྟོང་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པའི་དཔེའི་འོད་གསལ་དང༌། དེའི་བཞོན་པའི་རླུང་ལས་གྲུབ་པའི་མ་དག་པའི་སྐུ་བསྒྲུབས་ཏེ་རླུང་སེམས་གཉིས་རིམ་གྱིས་ཇེ་ཕྲར་སོང་བ་ན། དོན་གྱི་འོད་གསལ་དང༌། དག་པའི་སྒྱུ་ལུས་ཀྱི་ངོ་བོར་སོང་བ་ཡིན་ཞེས་མཁས་པ་རྣམས་གསུངས་སོ།།

དེ་ལྟ་བུའི་བདེ་སྟོང་དབྱེར་མེད་དུ་སྦྱོར་བའི་ལམ་འདི་ཉིད་རྣལ་འབྱོར་མའི་རྒྱུད་ཐམས་ཅད་ཀྱི་སྙིང་པོ་ཡིན་ཀྱང༌། གཙོ་ཆེ་བ་འཁོར་ལོ་བདེ་མཆོག་གི་སྐོར་འདི་ལས་ཤིན་ཏུ་གསལ་ཞིང་རྒྱས་པར་གཏན་ལ་ཕབ་པ་ཡིན་པས། རྒྱུད་འདི་ནི་མ་རྒྱུད་བྱེ་བ་ཕྲག་བཅུ་དྲུག་གི་ཏོག་ལྟར་གཙོ་བོར་བསྔགས་པ་ཡང༌། རྗེ་རེད་མདའ་བའི་དྲིས་ལན་ལས། བདེ་སྟོང་གི་རྣམ་གཞག་ཀྱེ་རྡོར་སོགས་ནས་དངོས་སུ་བསྟན་ཀྱང༌། བདེ་བ་གང་ནས་བྱུང་བའི་རྒྱུ་ཤེས་དགོས་ལ། དེ་ལ་སྤྱིར་བདེ་སྟོང་སྦྱར་ནས་ཉམས་སུ་ལེན་པ་ལ་བདེ་བ་མཚན་ཉིད་པ་ཁྱད་པར་ཅན་འབར་ཞིང་འཛག་དགོས་ལ། བདེ་བའི་ངོ་བོ་ལ་ཆེ་ཆུང་དང༌། གང་དུ་འབབ་པའི་ཚད་དམ། མཚམས་གང་ནས་དགའ་བ་བཞིར་འཇོག་ཅིང༌། དགའ་བ་བཞི་པོ་རེ་རེ་ལའང་བཞི་བཞིར་ཡོད་ཅིང༌། ཡས་བབས་ཀྱི་དགའ་བ་དང་མས་བརྟན་གྱི་དགའ་བ། བདེ་བ་ཆེ་ཆུང་དང༌། ལུགས་འབྱུང་དང་ལུགས་ལྡོག་འོང་ཚུལ་སོ་སོའི་རྣམ་གཞག་རྒྱས་པར་ཤེས་དགོས་ཤིང༌། སྟོང་པ་ལ་མཚན་ཉིད་ཐེག་པ་ནས་བཤད་པ་ལས་ཟུར་དུ་མེད་ཀྱི། དེ་སྟོང་ཚུལ་མཚན་ཉིད་ཐེག་པ་ལས་ཕུལ་དུ་བྱུང་བའོ།།

བདེ་བའི་ངོ་བོ་བྱང་སེམས་དེ་ལྟ་བུ་འབེབས་བྱེད་ནི། ངེས་དོན་གྱི་མཁའ་འགྲོ་མ་གཏུམ་མོ་རྡུལ་གྱི་མེ་སྦར་བས་འབེབས་དགོས་ཤིང༌། དེར་འབར་ཞིང་འཛག་པ་ལ་ཕྱག་རྒྱ་དང་མཉམ་པར་སྦྱར་དགོས་པས་ཕྱག་རྒྱ་ལའང་བཞི་ཡོད་ཅིང༌། དེ་བཞི་པོ་སོ་སོའི་ངོ་བོ་བསྟེན་ཚུལ། མཉམ་པར་སྦྱོར་ཚུལ། སྦྱར་ནས་བདེ་ཆེན་འདྲེན་ཚུལ། བདེ་ཆེན་རེ་རེས་སྤང་བྱ་ཇི་ལྟར་སྤོང་ཞིང་གང་སྤངས་པའི་རྟགས་ཐོབ་པ། དགའ་བ་བཞི་པོའི་ཁྱད་པར། གཏུམ་མོའང་རྩ་གང་རུང་གི་ནང་ནས་འབར་བས་སྙིང་ག་སོགས་ཀྱི་རྩ་མདུད་གྲོལ་མི་ཐུབ་པས། རོ་རྐྱང་གི་རླུང་དབུ་མའི་ནང་དུ་ཞུགས་དགོས། ཞུགས་གནས་ཐིམ་གསུམ་བྱས་པས་སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་སོགས་ཀྱི་རྩ་མདུད་གྲོལ་འོང་བ་ཡིན་ནོ། །རྩ་རླུང་དེ་དག་ལས་རུང་དུ་འགྲོ་བ་ལ་སྤྱི་བོ་ལ་སོགས་པའི་རྩ་གནས་རྣམས་སུ་ཡུལ་ཉེར་བཞིའི་དཔའ་བོ་དང་དཔའ་མོ་བསྒོམས་པས་རྩ་རླུང་ལས་རུང་དུ་འགྱུར་བ་ཡིན་ནོ། །དེས་ན་ཕྱག་རྒྱ་བཞིའི་སྐོར། ལུས་ཀྱི་རྩ་གཉིས་ཕྲ་རགས་ཀྱི་གནས་ཚུལ། དེ་དག་གི་རླུང་དབུ་མར་འཇུག་པ། རིག་མ་དང་སྙོམས་པར་ཞུགས་ནས་བདེ་ཆེན་འདྲེན་ལུགས་སོགས་དཔལ་འཁོར་ལོ་བདེ་མཆོག་གིས་སྟོན་པས། དེས་ན་དཔལ་འཁོར་ལོ་བདེ་མཆོག་གི་སྐོར་ལ་མཁས་པར་བྱས་ཤིང་རྒྱུད་ལ་སྐྱེད་དགོས་ཏེ། རྒྱ་གར་འཕགས་ཡུལ་དང་བོད་རྣམས་སུ་ལམ་འདི་ལ་བརྟེན་པའི་གྲུབ་ཆེན་སའི་རྡུལ་ལྟར་ཤིན་ཏུ་མང་ཞིང་རྣལ་འབྱོར་བྱེད་པ་ཤ་སྟག་གོ་ཞེས་གསུངས་པ་ལྟར་རོ།།

དེ་ལྟ་ན་དོན་དམ་འོད་གསལ་གྱི་རྫོགས་རིམ་གཙོ་བོར་སྟོན་པའི་མ་རྒྱུད་ཐམས་ཅད་ཀྱི་སྙིང་པོ་དཔལ་འཁོར་ལོ་བདེ་མཆོག་གི་བཤད་རྒྱུད་ཀྱིས་རྩ་རྒྱུད་འཆད་པའི་དོན་གྱི་གཙོ་བོ་ནི་རྫོགས་རིམ་ཡིན་ལ། དེའི་ཚུལ་ཡང་ནག་པོའི་དཔྱིད་ཐིག་ཏུ་ལེགས་པར་བསྟན་པ་མ་གཏོགས། ལཱུ་དྲིལ་སོགས་ཀྱི་གཞུང་ན་རྩ་རྒྱུད་ཀྱི་གཞུང་འདིས་རིམ་གཉིས་སྟོན་པའི་གསལ་ཁ་མ་བྱུང་བས། རྗེ་བདག་ཉིད་ཆེན་པོས། <<རྒྱུད་འགྲེལ་སྦས་དོན་ཀུན་གསལ་>>དང༌། <<སྒྲུབ་ཐབས་བདེ་ཆེན་གསལ་བ་>><<བསྐྱེད་རིམ་འདོད་འཇོ་>><<རྫོགས་རིམ་ཆེ་ཆུང་>>སོགས་མཛད་དེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་བཤད་རྒྱུད། ཕྱོགས་མཐུན་གྱི་རྒྱུད་དང་བཅས་པའི་ངོས་འཛིན། རྩ་བཤད་སྦྱར་བའི་ཚུལ། དེ་ལས་རིམ་གཉིས་ཀྱི་རྣམ་གཞག་ཇི་ལྟར་བསྟན་པ། ཁྱད་པར་དུ་ལེའུ་ང་གཅིག་པའི་སྟེང་ནས་ལམ་གྱི་གནད་རྣམས་གཅིག་ཏུ་དྲིལ་བའི་ཚེ། གྲུབ་ཆེན་སོ་སོའི་རྟེན་ཁུངས་ཀྱི་རྒྱུད་མི་འདྲ་བའི་དབང་གིས་རྟེན་དང་བརྟེན་པ་རིམ་ཅན་དང༌། ཅིག་ཅར་དུ་བསྐྱེད་ལུགས་མི་འདྲ་བའི་ཁྱད་པར་སོགས་སྤྱི་དང༌། བྱེ་བྲག་ཏུ་བདེ་སྟོང་སྦྱོར་བའི་ཡུལ་དང༌། བདེ་སྟོང་དབྱེར་མེད་ཀྱི་བདེ་བའི་ཆ་ཇི་ལྟར་འདྲེན་པའི་ཚུལ། བདེ་བའི་ངོ་བོ། བདེ་ཆེན་རེ་རེས་སྤང་བྱ་ཇི་ལྟར་སྤོང་བ་དང༌། གང་སྤངས་པའི་རྟགས་ཀྱི་ཁྱད་པར། ཡས་བབས་མས་བརྟན་གྱི་དགའ་བཞི་མཚམས་གང་ནས་འཇོག་པ་དང༌། དགའ་བཞི་འདྲེན་པའི་ཚུལ། གཏུམ་མོའི་རྣལ་འབྱོར་ལ་བརྟེན་ནས་སྙིང་ག་སོགས་ཀྱི་རྩ་མདུད་ཇི་ལྟར་དགྲོལ་བའི་ཚུལ་དང༌། ལུས་ཀྱི་རྩ་རླུང་ལས་རུང་དུ་འགྱུར་ཚུལ་སོགས། རྒྱུད་དང་གྲུབ་ཆེན་གྱི་དགོངས་པ་ཇི་ལྟ་བ་བཞིན་ཕྲ་ཞིང་ཞིབ་པར་གསུངས་ཏེ། གསང་མཐའི་ལམ་གྱི་སྙིང་པོ་མཁའ་འགྲོའི་ཁ་རླངས་ཐོལ་བའི་མན་ངག་ཡོངས་སུ་རྫོགས་པའི་གནད་གསལ་བར་ཕྱེས་པས། མ་རྒྱུད་ཀྱི་ལམ་སྤྱིའི་གནད་གང་ལའང་ཕྱིན་ཅི་ལོག་ཏུ་གོལ་སའི་གནས་མེད་པར་མཛད་པའི་བཀའ་དྲིན་ལས། དཔལ་འཁོར་ལོ་བདེ་མཆོག་གི་བཤད་སྒྲུབ་རྣམ་པར་དག་པའི་སྲོལ་རྒྱུན། མཉམ་མེད་རི་བོ་དགེ་ལྡན་པ་ལ་ད་ལྟའི་བར་དུ་མ་ཉམས་པར་ཡོད་པ་འདི་ལགས་སོ། །དོན་འདི་ལ་གཟིགས་ནས་རྗེ་ཐམས་ཅད་མཁྱེན་པས། རྣལ་འབྱོར་དབང་ཕྱུག་བྱེ་བས་བགྲོད་གྱུར་པ། །བདེ་མཆོག་བཤད་སྒྲུབ་ཤིན་ཏུ་ཉམས་པ་འདི། །ཆེས་ཆེར་རྒྱས་ཤིང་ཐར་འདོད་འཇུག་ངོགས་སུ། །ནམ་ཡང་མི་ནུབ་རིང་དུ་གནས་གྱུར་ཅིག །ཅེས་གསུངས་སོ།།

དེ་ཡང་དོན་དམ་འོད་གསལ་ཞེས་པ་ནི་ལམ་ལྔའི་ནང་གི་མཐོང་ལམ་ཡིན། སྟོང་ཉིད་མངོན་སུམ་དུ་རྟོགས་པ་དོན་གྱི་འོད་གསལ་ཏེ་དེ་ནི་སྔོན་ལ་མ་དག་པའི་སྒྱུ་ལུས་ཐོབ་རྗེས་འོད་གསལ་ལ་སྦྱངས་ནས་ཤིན་ཏུ་ཕྲ་བའི་རླུང་དེ་ཟག་མེད་ཀྱི་རླུང་དུ་གྱུར། ཤིན་ཏུ་ཕྲ་བའི་སེམས་དེ་ཟག་མེད་ཀྱི་སེམས་སུ་འགྱུར་དགོས། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་དོན་གྱི་འོད་གསལ་དེ་ཐོབ་པ་ལ་ངེས་པར་དུ་དབུ་མ་ཐལ་འགྱུར་བའི་ལྟ་བ་མེད་ན་སེམས་ཙམ་དང་དབུ་མ་རང་རྒྱུད་པའི་ལྟ་བས་གོ་མི་ཆོད་ཅིང༌། ངེས་པར་དུ་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཉམས་ལེན་བྱ་དགོས། རིམ་པ་བཞི་པའི་དོན་གྱི་འོད་གསལ་ལ་སླེབས་ཚེ་སེམས་ཙམ་པ་དང་དབུ་མ་རང་རྒྱུད་པའི་ལྟ་བ་བཟུང་མཁན་རྣམས་ལྟ་བ་རང་ཤུགས་སུ་འགྱུར་འགྲོ་གི་ཡོད་པ་རེད།

གཉུག་མའི་སེམས་ཏེ་གཉུག་སེམས་ཟེར་བ་ནི་རང་ཉིད་འཁོར་བ་ཐོག་མ་མེད་པ་ནས་སངས་མ་རྒྱས་བར་དུ་མཉམ་དུ་འགྲོ་མཁན་གྱི་སེམས་དེ་ལ་ཟེར་ཞིང༌། དེ་ལ་རོགས་རམ་བྱེད་མཁན་རླུང་ཞིག་ཡོད་པ་དེ་ལ་གཉུག་མའི་རླུང་ཟེར། ཤ་དང༌། རུས་པ། པགས་པ་བཅས་ལས་གྲུབ་པའི་ལུས་པོ་རགས་པ་དེ་མིག་གིས་མཐོང་རྒྱུ་ཡོད་པ་དང༌། ལུས་པོ་ཕྲ་མོ་ཞིག་ཡོད་པ་སྟེ་གཉུག་མའི་རླུང་ངམ་རླུང་ཤིན་ཏུ་ཕྲ་བ་དང་ལུས་ཤིན་ཏུ་ཕྲ་བ་ཞིག་ཡོད། དེ་ཡང་དབང་པོ་ལྔ་ལ་སེམས་རགས་པ་དང་རྣམ་ཤེས་རགས་པ་ཉོན་མོངས་དུག་གསུམ་གྱི་དྲེག་པ་དང་དྲི་མས་འཐུམས་པའི་སེམས་དེ་སེམས་རགས་པ་དང་དེ་དག་གི་དྲི་མས་མ་འགོས་པའི་སེམས་དེ་གཉུག་སེམས་ཡིན། དེར་བརྟེན་གྲུབ་མཐའ་གཞན་ཚོས་དེ་ལ་ཐོག་མའི་སངས་རྒྱས་ཀུན་ཏུ་བཟང་པོ་ཞེས་གསུངས་ཡོད་ཅིང༌། རྒྱུ་མཚན་ནི་ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ་ཞིག་ཡིན་ཏེ། ཐོག་མ་ནས་ཁོ་རང་གི་རང་བཞིན་ལ་དྲི་མས་མ་གོས་པ་ཡིན་པས་ཐོག་མར་དགེ་བ། བར་དུ་འགྲོ་བ་རིགས་དྲུག་གི་སྐྱེ་གནས་གང་དུ་སྐྱེ་རུང་སེམས་དེ་ལ་ཉོན་མོངས་དུག་གསུམ་གྱི་དྲི་མས་མ་གོས་པ་ཞིག་ཡིན་པས་བར་དུ་དགེ་བ། ཐ་མ་མངོན་པར་རྫོགས་པར་སངས་རྒྱས་པའི་སྐབས་ལ་ཡང་སེམས་འདིས་གྲུབ་གཞི་བྱས་ནས་སངས་རྒྱས་པས་མཐའ་མ་དགེ་བ་བཅས་ལ་བརྟེན་ཐོག་མཐའ་བར་གསུམ་དུ་བཟང་པོ་ཡིན་སྟབས་ཀུན་ཏུ་བཟང་པོ་ཞེས་ཟེར། གཉུག་མའི་སེམས་འདིས་སྟོང་ཉིད་རྟོགས་པ་ཞིག་དང༌། དེ་ཡང་སེམས་འདིའི་སེམས་བྱུང་དེ་རང་བཞིན་མ་ཡིན་པ། སེམས་འདིའི་བདེ་བ་ཆེན་པོ་དང༌། སེམས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་གསུངས་པ་དེ་རེད། རིམ་པ་བཞི་པའི་དོན་གྱི་འོད་གསལ་ཐོབ་པ། རང་རྒྱུད་ལྡན་གྱི་གང་ཟག་འཕགས་པ་ལ་སོང་བ། མཐོང་སྤང་སྤངས་པ་དེ་དག་དུས་མཉམ་ཡིན་ཟེར། གཉུག་སེམས་བདེ་བ་ཆེན་པོ་ཟེར་བའི་བདེ་བ་ཆེན་པོ་དེ་སྟོང་པ་ཉིད་དང་ཟུང་འབྲེལ་བྱེད་མ་ཐུབ་ན་འདོད་ཆགས་ལ་སོང་བ་དང། འདོད་ཆགས་ལ་སོང་ཚེ་སྤྱིར་བཏང་གི་འདོད་ཆགས་རགས་པ་ལ་ཕྱིན་ཏེ་འཁོར་བ་ལ་འཁྱམས་བྱེད་ཀྱི་རྒྱུ་མ་གཏོགས་འཁོར་བ་སྤོང་བྱེད་ཀྱི་རྒྱུ་ལ་འགྲོ་མི་ཐུབ་ཅིང༌། བདེ་བ་ཇི་ཙམ་ཆེ་བ་དེ་ཙམ་གྱིས་འདོད་ཆགས་ཆེ་རུ་ཕྱིན་ཏེ་ཉེན་ཁ་ཡོད་པ་ཞིག་རེད། དེར་བརྟེན་སྟོང་པ་ཉིད་དང་ཟུང་འབྲེལ་བྱས་ནས་བདེ་བ་དེ་བེད་སྤྱོད་བྱས་ཚེ་འཁོར་བ་མེད་པ་བཟོ་བྱེད་ཀྱི་གཉན་པོ་ལ་འགྲོ་ཐུབ་པ་ཡོང་གི་ཡོད། སྟོང་ཉིད་རྟོགས་པའི་ཤེས་རབ་མེད་ཚེ་བདེ་བ་ག་ཚོད་ཆེ་བ་དེ་རྩིས་ཀྱི་འདོད་ཆགས་ཆེ་བ་དང་དབང་ཤུགས་ཆེ་བ་ཆགས་འགྲོ་གི་ཡོད། གསང་སྔགས་བླ་མེད་ཀྱི་གཞུང་ལ་འདོད་ཆགས་ལམ་འཁྱེར་ཟེར་དོན་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ཅིག་ཡོད་སྟབས་འདོད་ཆགས་ལ་མ་ཕྱིན་པར་ལམ་ལ་ཕྱིན་པ་དེ་ལ་བརྟེན་ནས་འདོད་ཆགས་ལམ་འཁྱེར་ཟེར་བ་ལས་འདོད་ཆགས་རང་གི་ངོ་བོ་འགྱུར་བའི་དོན་མིན། དེ་ལྟར་བྱས་ཚེ་སངས་རྒྱས་པའི་སྐབས་རང་གི་འདོད་ཆགས་དེ་བསྡད་ཡོད་པ་ལྟ་བུ་ཞིག་ཆགས་འགྲོ་གི་ཡོད་པ་རེད། འདོད་ཆགས་ལམ་འཁྱེར་ཞེས་པའི་འདོད་ཆགས་དེ་ནི་འདོད་ཆགས་ཀྱང་ཡིན་ལ་ལམ་ཡང་ཡིན་པ་གཉིས་ཀ་ཡིན་པ་ཞིག་ཆགས་འགྲོ་གི་ཡོད། དེ་ཡང་གསང་སྔགས་བླ་མེད་ཀྱི་གཞུང་དེས་འདོད་ཆགས་སྨན་དུ་བསྒྱུར་བ་རེད་ཅེས་བཤད་པ་ཡིན། ཡིན་ནའང་འདོད་ཆགས་ཁོ་ན་སྨན་ཆགས་པའི་དོན་ལ་གོ་བ་བླངས་ན་མི་འགྲིག རྩ་དང་རླུང་བསྒོམ་སྲོལ་དེ་ཚོ་ང་ཚོ་གཅིག་པུ་མ་ཡིན་པར་མུ་སྟེགས་པ་ལའང་ཡོད། <<བསྟན་འགྱུར་>>ནང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་ནག་ཚོ་ལོ་ཙཱ་བ་གཉིས་ཀྱིས་མངའ་རིས་སུ་བསྒྱུར་གནང་བའི་དབུ་མའི་གཞུང་<<རྟོག་གེ་འབར་བ་>>ཞེས་པའི་ནང་གཟིགས་ཚེ་མུ་སྟེགས་པ་ལ་ཡང་ལྷ་དང་རྩ་རླུང་སོགས་བསྒོམ་སྲོལ་ཡོད་པ་མ་ཟད། ནང་པ་དང་མུ་སྟེགས་དབྱེ་འབྱེད་མི་ཐུབ་པ་ལྟ་བུ་ཡོད་པ་རེད། འོན་ཀྱང་སྟོང་ཉིད་རྟོགས་པའི་ཤེས་རབ་མེད་པ་དང་བྱང་ཆུབ་ཀྱི་སེམས་མེད་ཚེ་རྩ་རླུང་བསྒོམ་རུང་བསྒོམ་ནས་ནུས་པ་ཇི་ཙམ་ཆེན་པོ་ཡོད་ནའང་འཕྱི་བ་དང་སྦྲུལ་གྱིས་བསྒོམ་རྒྱག་པ་དང་ཁྱད་པར་མེད་དེ་དཔེར་ན་འཕྱི་བས་ཟླ་བ་གསུམ་དང་སྦྲུལ་ཟླ་དྲུག་རིང་ལྟོ་མ་བཟས་པར་ཚང་ནང་རླུང་བསྒོམ་ནས་ཉལ་བ་ལྟ་བུ་ཞིག་རང་ཡིན།

 

ཟུང་འཇུག་གི་རྣམ་གཞག

 

བདེན་གཉིས་ངོ་བོ་གཅིག་ཏུ་སྦྱོར་བ་ཟུང་འཇུག་གི་རྣམ་གཞག་བཤད་པ་ལ། <<རིམ་ལྔ་>>ལས། དེ་ཉིད་ཤེས་པས་རིམ་པ་བཞིན། །བདག་བྱིན་བརླབ་དང་འོད་གསལ་ཤེས། །དེ་དག་ཁོ་ན་འདུས་པ་གང༌། །འདི་ནི་ཟུང་འཇུག་རིམ་པའོ། །ཞེས་དང༌། ཀུན་རྫོབ་དང་ནི་དོན་དམ་གྱི། །རྣམ་དབྱེ་སོ་སོར་ཤེས་ནས་ནི། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་གསུངས་པ་ལྟར། སྐུ་དག་པ་ཀུན་རྫོབ་སྒྱུ་མའི་སྐུ་དང༌། ཐུགས་དག་པ་དོན་དམ་འོད་གསལ་གྱི་ཡེ་ཤེས་གཉིས་དུས་གཅིག་ཏུ་ཚོགས་པ་ལ་ཟུང་དུ་འཇུག་པ་ཞེས་ཟེར། འོ་ན་དེ་ལྟ་བུའི་ཟུང་འཇུག་དེ་ཇི་ལྟར་སྒྲུབ་ཟེར་ན། བཤད་མ་ཐག་པའི་དོན་གྱི་འོད་གསལ་གྱི་བཞོན་པའི་རླུང་གིས་ཉེར་ལེན་དང༌། འོད་གསལ་གྱི་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་དོན་གྱི་འོད་གསལ་འགགས་ཏེ་ལུགས་ལྡོག་གི་ཉེར་ཐོབ་གྲུབ་པ་དང་དུས་མཉམ་དུ་དག་པའི་སྒྱུ་ལུས་གྲུབ་པ། དགྲ་བཅོམ་པའི་གོ་འཕང་ཐོབ་པ། ཐེག་ཆེན་སྒོམ་ལམ་ཐོབ་པ། འཁོར་བ་ཇི་སྲིད་ཀྱི་བར་དུ་རིགས་འདྲའི་རྒྱུན་མི་ཆད་པའི་རྡོ་རྗེའི་སྐུ་མཚན་ཉིད་པ་རྣམས་དུས་མཉམ་དུ་ཐོབ་བོ། །འོན་ཀྱང་དེས་ཉོན་སྒྲིབ་ཟད་པར་སྤངས་པས་སྤངས་པ་ཟུང་འཇུག་ཐོབ་ན་ཡང༌། ཟུང་འཇུག་གི་གཙོ་བོ་རྟོགས་པ་ཟུང་འཇུག་མ་ཐོབ་པས། དེ་ལ་སློབ་པའི་ཟུང་འཇུག་པ་མི་ཟེར། དེ་ལྟ་བུའི་སྤངས་པ་ཟུང་འཇུག་ཐོག་མར་ཐོབ་པའི་དག་པའི་སྒྱུ་ལུས་པ་དེས་སླར་ཡང་འོད་གསལ་མངོན་དུ་བྱས་ཏེ་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་སྟོང་པ་ཉིད་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པ་དེའི་ཚེ། ཟུང་འཇུག་གི་གཙོ་བོ་རྟོགས་པ་ཟུང་འཇུག་གམ་སློབ་པའི་ཟུང་འཇུག་མངོན་དུ་བྱས་པ་ཡིན་ཏེ། <<གསལ་སྒྲོན་>>ལས། དཔལ་གསང་བ་འདུས་པའི་བརྗོད་བྱའི་གཙོ་བོ་ཟུང་འཇུག་ལེགས་པར་རྟོགས་པ་ལ། ཐོག་མར་སློབ་པའི་ཟུང་འཇུག་འགྲུབ་ལུགས་དཔྱིས་ཕྱིན་པར་རྟོགས་དགོས་ལ། དེ་ལ་དོགས་པ་དེ་འདྲ་བ་རྣམས་བཀོད་ནས། མཐའ་གཞན་དུ་སྲིད་པའི་དོགས་པ་བཅད་ནས་ངེས་དགོས་པ་ཤིན་ཏུ་ལེགས་སོ། །འདི་ལ་ཡབ་སྲས་ཀྱི་རྗེས་འབྲང་རིམ་ལྔ་སོགས་ཀྱི་འགྲེལ་བཤད་རྣམས་ཀྱིས་ནི་དེ་ལྟར་མཐའ་བཅད་པ་མི་སྣང་ལ། ཞེས་པ་ནས། ཆུ་ཀླུང་དྭངས་པ་དང་འདྲ་བའི་འོད་གསལ་ལས་ཉ་གློ་བུར་དུ་འཕར་བ་དང་འདྲ་བའི་དག་པའི་སྒྱུ་མའི་སྐུ་འབྱུང་བར་བཤད་པའི་དཔེ་དོན་ནི། འོད་གསལ་ལས་གཞན་གྱིས་བར་མ་ཆོད་པར་བྱུང་བ་ལ་འགྲིག་གོ་ཞེས་གསུངས་པ་སྔར་སྒྱུ་ལུས་ཀྱི་ཐད་དུ་བཀོད་པ་དེ་ལྟར་ཡིན་ཞིང༌། འདིར་འོད་གསལ་ལས་ལངས་མ་ཐག་པའི་དག་པའི་སྒྱུ་མའི་སྐུར་བཞེངས་པའི་སྒྱུ་ལུས་པ་དེ་ལ་ཟུང་འཇུག་པ་མི་ཟེར་བའི་དོན་ནི། དེ་ལ་ཟུང་དུ་འཇུག་རྒྱུའི་ཡ་གཅིག་ལས་མེད་པ་སྟེ། དེ་ནི་རིམ་པ་བཞི་པའི་འོད་གསལ་ལས་ལངས་མ་ཐག་པའི་སྒྱུ་མའི་སྐུ་ཡིན་ཞིང༌། དེའི་དུས་ན་འོད་གསལ་གྱི་ཡེ་ཤེས་དངོས་སུ་མེད་པས་ཡ་གཅིག་དངོས་སུ་མ་བྱུང་བས་ཟུང་འཇུག་ཅེས་པའི་ཐ་སྙད་མི་ཐོབ་པར་མཁས་པ་རྣམས་གསུངས་སོ། །ཟུང་འཇུག་ཅེས་པ་ནི་སྔོན་བཤད་པ་ལྟར་ཀུན་རྫོབ་སྒྱུ་ལུས་དང༌། དོན་དམ་འོད་གསལ་གཉིས་ཡ་མ་བྲལ་བར་ཟུང་དུ་འཇུག་པ་ལ་བྱེད་དགོས་ཏེ། <<གསལ་སྒྲོན་>>ལས། དེ་ལ་དོན་གྱི་འོད་གསལ་མ་ཐོབ་གོང་དུ་རླུང་འོད་ཟེར་ལྔ་ལས་བསྒྲུབས་པའི་སྒྱུ་མའི་སྐུ་ཡོད་དུས་སུ་སེམས་དོན་དམ་བདེན་པ་དང་རོ་གཅིག་ཏུ་སོང་བའི་འོད་གསལ་མེད་ལ། ཟུང་འཇུག་མ་ཐོབ་པའི་གོང་དུ་བདེ་བའི་སེམས་དོན་དམ་དང་རོ་གཅིག་ཏུ་སོང་བའི་འོད་གསལ་ཡོད་དུས་སུ། ལུས་སྒྱུ་མའི་སྐུར་སོང་བའི་ཀུན་རྫོབ་མེད་པས་རེས་འཇོག་ཏུ་གྱུར་པའི་ཕྱིར་ཟུང་འཇུག་མེད་དོ། །ནམ་ཞིག་ལུས་རང་བྱིན་བརླབ་ཅེས་པ་ཀུན་རྫོབ་སྒྱུ་མའི་སྐུའི་མཐར་སོན་པ་དང༌། སེམས་འོད་གསལ་ཞེས་པ་དོན་དམ་བདེན་པའི་མཐར་སོན་པ་གཉིས་དུས་གཅིག་ཏུ་རྒྱུད་གཅིག་ལ་འཚོགས་པ་ན་རེས་འཇོག་མེད་པར་མཉམ་དུ་འདུས་པས་ན་ཟུང་འཇུག་ཐོབ་བོ། །ཞེས་དང༌། ཡང་<<དེ་ཉིད་>>ལས། ཡ་གྱལ་གཉིས་རེས་འཇོག་ཚུལ་གྱིས་གཉིས་མིན་པར་དུས་གཅིག་ཏུ་ཚོགས་པ་ནི་སྔར་བཤད་པ་ལྟར་ཟུང་འཇུག་གོ །འདི་ནི་ལུགས་ལྡོག་གི་སྣང་བ་ཐ་མ་ལས་ལངས་པའི་འོག་ཏུ་སླར་ཡང་འོད་གསལ་དུ་ཞུགས་ཚེ་འཐོབ་བོ། །ཞེས་གསུངས་སོ། །འདི་ལ། བོད་སྔ་རབས་པ་ཕལ་མོ་ཆེས། རིམ་པ་ལྔ་པའི་ཟུང་འཇུག་གི་དོན་འཆད་པ་ན། ཤེས་རབ་ཀྱི་ཆ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དང༌། ཐབས་ཀྱི་ཆ་ཀུན་རྫོབ་སྒྱུ་མའི་ལུས་གཉིས་ཟུང་དུ་འཇུག་དགོས་པའི་གནད་མ་རྟོགས་པར། རིམ་པ་གསུམ་པའི་སྒྱུ་མའི་དོན་བདེན་སྟོང་སྒྱུ་མ་ཙམ་ལ་བྱས་པའི་དབང་གིས་དེ་ལ་བདེ་སྟོང་དབྱེར་མེད་ཀྱི་སྟོང་པ་ཁོ་ནའི་དོན་ཙམ་ལས་མ་བྱུང་བས། གང་ཟུང་དུ་འཇུག་རྒྱུ་ཡང༌། བདེན་སྟོང་དང༌། བདེ་བ་ཆེན་པོ་གཉིས་ལ་བྱེད་དེ། དེ་གཉིས་ཟུང་དུ་འཇུག་པ་ཙམ་ཟུང་འཇུག་གི་དོན་མཐར་ཐུག་ཏུ་བཤད་པ་ལས་གཞན་འཇོག་རྒྱུ་མ་བྱུང་ངོ༌།།

སྤྱིར་བདེ་བ་ཆེན་པོ་དང་དེ་ཁོ་ན་ཉིད་ཟུང་དུ་འཇུག་པ་ལ་ཟུང་འཇུག་གི་ཐ་སྙད་བྱས་པ་མ་རྒྱུད་སྐོར་ན་མང་ཡང༌། དེ་འདྲའི་བདེ་སྟོང་དབྱེར་མེད་ཙམ་ལ་སྐབས་འདིའི་ཟུང་འཇུག་གི་དོན་མི་ཚང་སྟེ། <<གསལ་སྒྲོན་>>ལས། བདེ་སྟོང་དབྱེར་མེད་དེ་ཉིད་ལ་རྣལ་འབྱོར་མའི་རྒྱུད་ཀྱི་བཤད་པ་མཛད་པ་མང་པོས་བདེ་སྟོང་ཟུང་འཇུག་དང༌། བདེན་གཉིས་ཟུང་འཇུག་ཅེས་བཤད་ཅིང༌། འཕགས་ལུགས་ཀྱི་ཟུང་འཇུག་གི་དོན་ཡང་དེ་ལ་འཆད་མོད་ཀྱང༌། མགོན་པོ་ཀླུ་སྒྲུབ་ཀྱི་ལུགས་ཀྱིས་ནི། སྔར་བཤད་པའི་དོན་གྱི་ལྷན་སྐྱེས་ཀྱི་བདེ་སྟོང་དབྱེར་མེད་ཙམ་ལ་ཟུང་འཇུག་ཏུ་མི་བྱེད་དོ། །ཞེས་གསུངས་པ་ལྟར། རང་དོན་ཆོས་སྐུ་སྒྲུབ་བྱེད་རང་བཞིན་མེད་པའི་སྟོང་པ་དང་བདེ་བ་ཆེན་པོའི་ཡེ་ཤེས་གཉིས་ཀ་ལ་ཐུགས་ཀྱི་ཁྱད་པར་དུ་བྱས་ཏེ་ཡུལ་དང་ཡུལ་ཅན་གཉིས་ལྷན་དུ་བསྡོམས་ནས། དོན་དམ་པའི་བདེན་པ་ཞེས་ཡ་གཅིག་ཏུ་བཞག གཞན་དོན་གཟུགས་སྐུ་སྒྲུབ་བྱེད་སྒྱུ་མའི་སྐུ་ལ་ཀུན་རྫོབ་བདེན་པ་ཞེས་ཡ་གཅིག་ཏུ་བཞག་སྟེ། དེ་གཉིས་ཀ་ཟུང་དུ་འཇུག་པ་ལ་སྐབས་འདིའི་ཟུང་འཇུག་གི་གཙོ་བོར་ངོས་བཟུང་བ་ནི། རྗེ་ཐམས་ཅད་མཁྱེན་པའི་རིང་ལུགས་དྲི་མ་མེད་པ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་བཞེད་སྲོལ་ཁྱད་པར་དུ་འཕགས་པའི་ཆེ་བ་བླ་ན་མེད་པའོ།།

འབྲས་བུ་མངོན་དུ་བྱེད་ཚུལ་ཀྱང༌། དེ་ལྟ་བུའི་སློབ་པའི་ཟུང་འཇུག་པ་དེས་སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་པོའི་གང་རུང་ལ་བརྟེན་ནས། བདེ་སྟོང་གི་ཡེ་ཤེས་ཆེས་ཆེར་འཕེལ་བ་ལས་སྟོང་པ་གསུམ་མངོན་དུ་བྱས་ཏེ་སློབ་པ་མཐའི་དོན་གྱི་འོད་གསལ་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ནམ་རྒྱུན་མཐའི་བར་ཆད་མེད་ལམ་མངོན་དུ་བྱས། དེའི་སྐད་ཅིག་གཉིས་པར་ཤེས་སྒྲིབ་ཕྲ་ཞིང་ཕྲ་བ་ལྷག་མ་མ་ལུས་པ་ཟད་པར་སྤངས་ཏེ། དྲི་མ་མཐའ་དག་དང་བྲལ་བའི་དོན་དམ་འོད་གསལ་ཆོས་ཀྱི་སྐུ་དང༌། མཚན་དཔེས་སྤྲས་པའི་ལོངས་སྤྱོད་རྫོགས་པའི་སྐུ་གཉིས་ངོ་བོ་དབྱེར་མེད་པ། མི་སློབ་པའི་ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་གོ་འཕང་མངོན་དུ་བྱས་ནས་སྐད་ཅིག་དེ་ཉིད་ལ་གདུལ་བྱའི་དོན་དུ་སྤྲུལ་པའི་སྐུ་བྱེ་བ་ཕྲག་བརྒྱ་འཁོར་བ་མ་སྟོང་བར་དུ་འགྱེད་དེ། འཕྲིན་ལས་ལྷུན་གྱིས་གྲུབ་པའི་འཇུག་པ་སྲིད་པ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་མི་འཆད་པར་འཇུག་གོ །དེ་ལྟར་དུ་<<གསལ་སྒྲོན་>>ལས། རྫོགས་རིམ་གྱི་ལམ་དེའི་སྤྱོད་པ་ལ་བསླབས་པའི་མཐར་མི་སློབ་པའི་ཟུང་འཇུག་འགྲུབ་ལུགས་ནི་སྔར་བཤད་པ་ལྟར་ཕྱི་ནང་གི་བྱང་ཆུབ་གཉིས་ཀྱི་སྒོ་ནས་ཐོ་རངས་འོད་གསལ་མངོན་དུ་བྱས་པ་ན། ཆོས་ཀྱི་སྐུ་མཐར་ཐུག་པ་མངོན་དུ་གྱུར་པའི་ཚེ་སློབ་པའི་ཟུང་འཇུག་སྒྱུ་མ་ལྟ་བུའི་སྐུ། མི་སློབ་པའི་ཟུང་འཇུག་གི་སྐུར་འགྱུར་ཞིང༌། འཁོར་བ་ཇི་སྲིད་བར་དུ་སྐུ་དེ་གཉིས་ལས་མི་གཡོ་བར་བཞུགས་སོ། །ཞེས་གསུངས་སོ།།

 

བསྟན་པ་ཡོངས་རྫོགས་ཀྱི་གནད་གསལ་བར་བྱེད་པའི་ཚུལ།

 

མདོ་སྔགས་འགལ་མེད་གྲོགས་སུ་འཁྱེར་བའི་ལམ་གྱིས་བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་གྱི་གནད་གསལ་བར་བྱེད་པའི་ཚུལ་བརྗོད་པ་ལ། <<བདེན་པ་པོའི་ལེའུ་>>ལས། འཇམ་དཔལ་ངས་སེམས་ཅན་རྣམས་ལ་ཆོས་གང་དང་གང་བསྟན་པ་དེ་དག་ཐམས་ཅད་ནི། འདི་ལྟ་སྟེ། ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་བྱ་བའི་ཕྱིར། བྱང་ཆུབ་ལ་གཞོལ་བ། ཐེག་པ་ཆེན་པོར་འབབ་པ། ཐམས་ཅད་མཁྱེན་པ་ཉིད་སྒྲུབ་པ། ཡུལ་གཅིག་ཏུ་ཡང་དག་པར་ཕྱིན་པར་བྱེད་པ་སྟེ། དེ་བས་ན། ང་ལ་ཐེག་པ་ཐ་དད་པ་རྣམ་པར་འགོད་པ་མེད་དོ། །ཞེས་གསུངས་པ་ལྟར། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། གདུལ་བྱ་རིགས་ཅན་གསུམ་ལ་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་བཀའ་བསྩལ་བ་དེ་དག་ཐམས་ཅད་ཀྱང༌། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པའི་ལམ་དུ་འཁྲིད་པའི་ཐབས་ཁོ་ན་སྟེ། གདུལ་བྱ་སོ་སོའི་ཁམས་དང༌། བསམ་པ་དང་མཐུན་པར་གནས་སྐབས་འཁོར་བའི་སྡུག་བསྔལ་ཙམ་ཞི་བའི་གོ་འཕང་དོན་དུ་གཉེར་བའི་གདུལ་བྱ་ལ་ཐེག་དམན་གྱི་ཆོས་དང༌། ཐོབ་བྱ་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བའི་གདུལ་བྱ་ལ་ཐེག་པ་ཆེན་པོའི་ཆོས་བསྟན་པས། ཐོག་མར་སེམས་ཅན་མ་སྨིན་པ་རྣམས་སྨིན་པ་དང༌། སྨིན་པ་རྣམས་གྲོལ་བ་དང༌། ཐམས་ཅད་མཁྱེན་པའི་ལམ་ལ་རིམ་གྱིས་འཇུག་པའི་ཆེད་དུ་ཐབས་མཁས་པའི་སྒོ་ནས་བསྟན་པ་ཡིན་ཞིང༌། དོན་དེ་ལ་གཟིགས་ནས་<<མཚན་བརྗོད་>>དུ། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པ་དང༌། <<ལམ་རིམ་>>ལས། དེ་ཐམས་ཅད་འགལ་བ་མེད་པར་རྟོགས་པ་ནི། འདིར་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་གོ་བ་སྟེ། དེ་ཡང་ཁ་ཅིག་ནི་ལམ་གྱི་གཙོ་བོ་དང༌། ཁ་ཅིག་ནི་ལམ་གྱི་ཡན་ལག་ཅི་རིགས་པར་འགྱུར། ཞེས་དང༌། <<སྔགས་རིམ་>>ལས། སངས་རྒྱས་ཀྱིས་ཆོས་གང་གསུངས་ཐམས་ཅད་ཐད་ཀ་ཐད་ཀའི་གདུལ་བྱ་ལ་ལྟོས་ཏེ་སངས་རྒྱས་ཀྱི་སར་འཁྲིད་པའི་ཐབས་ཁོ་ནར་གོ་བར་བྱའོ། །འོན་ཀྱང་ཐབས་དེ་ལ་གདུལ་བྱའི་མཆོག་དམན་གྱི་དབང་གིས་ཐབས་རྫོགས་མ་རྫོགས་དང༌། ལམ་མྱུར་བུལ་ལ་སོགས་པའི་ཁྱད་པར་ཡང་འཐད་པས་སངས་རྒྱས་ཀྱི་སར་འཁྲིད་པའི་ཡན་ལག་ཏུ་གྱུར་པའི་ལམ་དང༌། ཐེག་ཆེན་གྱི་ལམ་གཉིས་ནི་མི་གཅིག་གོ་ཞེས་རྣམ་མཁྱེན་སྒྲུབ་པའི་ལམ་གྱི་གཙོ་བོ་དང༌། དེའི་ཡན་ལག་ཏུ་གྱུར་པའི་ཚུལ་གཉིས་གསལ་བར་གསུངས་པ་ལྟར་ཡིན་ལ། ཁྱད་པར་དུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཕན་ཚུན་འགལ་བ་མེད་པར་རྒྱུ་འབྲས་སུ་འགྲོ་བའི་ཚུལ་ཡང༌། <<འགྲེལ་ཆེན་དྲི་མེད་འོད་>>ལས། སྔགས་ཀྱི་ཚུལ་དང་ཕ་རོལ་ཏུ་ཕྱིན་པའི་ཚུལ། འབྲས་བུ་དང་རྒྱུའི་བདག་ཉིད་གཅིག་ཏུ་འདྲེས་པར་གྱུར་པའོ། །ཞེས་དང༌། <<ལམ་རིམ་>>ལས་ཀྱང༌། གལ་ཏེ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོར་འཇུག་པ་ལ། ཐེག་དམན་གྱི་སྡེ་སྣོད་ནས་བཤད་པའི་ལམ་རྣམས་དགོས་ནའང༌། རྡོ་རྗེ་ཐེག་པར་འཇུག་པ་ལ་ནི་ཕར་ཕྱིན་གྱི་ཐེག་པའི་ལམ་རྣམས་ཐུན་མོང་བར་མི་འགྱུར་ཏེ། ལམ་མི་མཐུན་པའི་ཕྱིར་རོ་ཞེ་ན། དེ་ཡང་ཆེས་མི་རིགས་ཏེ། ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ངོ་བོ་ནི་བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང༌། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་འདུ་བ་ཡིན་ལ། དེ་ནི་རྣམ་པ་ཐམས་ཅད་དུ་བསྟེན་དགོས་པར། <<དཔལ་རྡོ་རྗེ་རྩེ་མོ་>>ལས། ཇི་སྐད་དུ། འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་དོར་མི་བྱ། །ཞེས་དང༌། ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །ནམ་ཡང་དོར་བར་མི་བྱའོ། །ཞེས་གསུངས་ཤིང༌། གཞན་ཡང་སྔགས་ཀྱི་གཞུང་དུ་མར་གསུངས་སོ། །ཞེས་དང༌། ཡང་<<དེ་ཉིད་>>ལས། འདི་དག་ལ་གནང་བཀག་མི་འདྲ་བའི་ཆ་ཐན་ཐུན་མཐོང་ནས་ཚ་གྲང་ལྟར་ཐམས་ཅད་འགལ་བར་འཛིན་པ་ནི་རྟོག་པ་ཤིན་ཏུ་རྩིང་བར་གསལ་ལོ།།

དེ་ལྟར་ན་དམིགས་བསལ་ཅན་གྱི་གནང་བཀག་འགའ་རེ་མ་གཏོགས་པ་གསུང་རབ་རྣམས་ཤིན་ཏུ་མཐུན་པས། ཐེག་པ་གསུམ་མམ་ལམ་ལྔ་ལྟ་བུ་གོང་མ་གོང་མར་འཇུག་པ་ན་ཐེག་པ་དང་ལམ་འོག་མ་འོག་མའི་ཡོན་ཏན་གྱི་རིགས་ཚང་བ་དགོས་སོ། །ཞེས་གསུངས་པ་ལྟར། ཐོག་མར་ཕར་ཕྱིན་ཐེག་པ་ནས་བཤད་པའི་མི་རྟག་པ་དང་སྡུག་བསྔལ་ཚུན་ཆད་ལ་ངེས་པ་རྙེད་ནས་སྲིད་པ་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་གི་བསམ་པ་དང༌། དེ་ནས་ཐབས་ཀྱི་ཆ་འཁོར་བར་འཁྱམས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཆེན་པོས་རྒྱུ་བྱས་པའི་བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་དང༌། དེ་ནས་ཤེས་རབ་ཀྱི་ཆ་རྟེན་འབྲེལ་ཟབ་མོའི་ལམ་གྱི་གནས་ལུགས་ཚུལ་བཞིན་རྟོགས་པ་ནི། གསང་སྔགས་ཀྱི་ལམ་ཉམས་སུ་ལེན་པ་ལ་མེད་དུ་མི་རུང་བ་ཡིན་ཏེ། བྱང་ཆུབ་ཀྱི་སེམས་མེད་ན་ཐེག་པ་ཆེན་པོའི་ཆོས་སུ་མི་འགྲོ་ཞིང༌། ཐེག་པ་ཆེན་པོའི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡོད་ནའང་གཞན་ལྔས་རང་སྟོབས་ཀྱིས་འཁོར་བ་ལས་ཕ་རོལ་ཏུ་ཕྱིན་མི་ནུས་པས་དེ་དག་ཕ་རོལ་ཏུ་ཕྱིན་པར་འཇོག་པའང་ཟབ་མོའི་རྟེན་འབྲེལ་རྟོགས་པ་ལ་རག་ལས་ཏེ། <<སྡུད་པ་>>ལས། ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་དང༌། དཔལ་ལྡན་དཔའ་བོས། སྦྱིན་ལ་སོགས་པའི་བསོད་ནམས་འདི་དག་ནི། །ཤེས་རབ་མགོན་བཅས་ལྷག་པར་མཐུ་དང་ལྡན། །ཞེས་གསུངས་པ་ལྟར་དང༌། གཞན་ཡང་<<སྤྱོད་འཇུག་>>ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པས་ཤེས་རབ་དོན་དུ་གསུངས། །ཞེས་པ་ལྟར། རགས་པའི་མི་རྟག་སྡུག་བསྔལ་སོགས་རྟོགས་པའི་བློ་དང༌། བྱམས་སྙིང་རྗེ་སོགས་ཐབས་ཀྱི་ཆ་ཐམས་ཅད་ཀྱང་རྟེན་འབྲེལ་ཟབ་མོའི་ཤེས་རབ་འདིའི་ཡན་ལག་ཏུ་འདུ་ཞིང༌། གསང་སྔགས་ཀྱི་ཟབ་གནད་ཀྱང་ཕར་ཕྱིན་ཐེག་པ་ནས་བཤད་པའི་ཡུལ་སྟོང་པ་ཉིད་ཀྱི་དོན་ལེགས་པར་ཁོང་དུ་ཆུད་པ་ལ་རག་ལས་ཏེ། <<རིམ་ལྔ་>>ལས། རྡོ་རྗེ་ཐེག་པར་རྣལ་འབྱོར་པས། །དེ་ཉིད་གང་གང་དམིགས་བྱ་བ། །དེ་དེ་སྒྱུ་མ་ཁོ་ནར་གསུངས། །ཞེས་དང༌། <<རིམ་ལྔ་གསལ་སྒྲོན་>>ལས། དེས་ན་གཟུགས་ཀྱི་སྐུའི་རྒྱུའི་ཐབས་རྣམས་ལའང་སྟོང་ཉིད་ཀྱི་རྟོགས་པ་མེད་དུ་མི་རུང་བ་ཡིན་ཀྱང༌། སྟོང་ཉིད་ཀྱི་རྟོགས་པ་ཆོས་སྐུའི་བར་དུ་ཁྱད་ཞུགས་པར་འགྲོ་བ་ལ་ཐབས་ཀྱི་ཆ་ཚང་བ་ངེས་པར་སྒོམ་དགོས་པ་ནི་ཐེག་ཆེན་པ་གཉིས་ཀའི་ལུགས་ཡིན་ནོ། །ཞེས་གསུངས་པ་ལྟར། ཐེག་ཆེན་སྤྱིའི་ལམ་ལའང་ཐབས་ཤེས་ཡ་མ་བྲལ་བ་དགོས་ཀྱང༌། ཐམས་ཅད་མཁྱེན་པ་ཐོབ་པའི་གེགས་ཀྱི་གཙོ་བོ་ཤེས་སྒྲིབ་ཀྱི་གཉེན་པོ་དངོས་ནི་ཤེས་རབ་འདི་ཉིད་ཡིན་ཞིང༌། གནས་ལུགས་རྟོགས་པའི་ཤེས་རབ་དེ་སྔགས་ཀྱི་ཐེག་པ་ནས་བཤད་པའི་ཡུལ་ཅན་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་དང་སྦྱར་བའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེས། ཆོས་སྐུའི་ཉེར་ལེན་བྱེད་པ་དང༌། ཤེས་སྒྲིབ་ཕྲ་མོ་སྤོང་བ་སོགས་སྔགས་བླ་མེད་ཀྱི་ཁྱད་ཆོས་ཐུན་མོང་མ་ཡིན་པའང་འདིའི་སྟེང་ནས་བྱུང་བ་ཡིན་ཏེ། <<རིམ་ལྔ་གསལ་སྒྲོན་>>ལས། བདག་མེད་རྟོགས་པའི་ཤེས་རབ་བཙལ་ནས་དེ་བསྒོམས་པས་སྒྲིབ་གཉིས་རྩད་ནས་འཇོམས་པ་ལ་མཁས་པའི་མཆོག་རྣམས་མཐུན་མོད་ཀྱང༌། དེ་ལྟར་ཐོས་བསམ་གྱིས་ལེགས་པར་གཏན་ལ་ཕབ་ཟིན་ནས་ཟབ་མོ་སྟོང་པ་ཉིད་བསྒོམ་པ་ལ་ཐེག་པ་འདི་ནས་བཤད་པའི་ཡུལ་ཅན་ཁྱད་པར་ཅན་བདེ་བ་ཆེན་པོ་དགོས་པ་ནི་ཐེག་པ་གཞན་དང་རྒྱུད་སྡེ་འོག་མ་ནས་མི་སྟོན་པས་ཐེག་པ་བླ་ན་མེད་པའི་ཁྱད་ཆོས་སོ། །ཞེས་དང༌། ཡང་<<དེ་ཉིད་>>ལས། སྔར་བཤད་པ་ལྟར་ཐེག་པ་གཉིས་ཐུན་མོང་བའི་འཁོར་བའི་འཇུག་རིམ་ཤེས་ན། དེའི་རྩ་བ་བདག་འཛིན་ལྡོག་དགོས་པར་ཤེས་ནས་བདག་མེད་པའི་ལྟ་བ་ཕུ་ཐག་ཆོད་པ་ཚོལ་བ་གཅིག་འོང་ལ། ཐུན་མོང་མ་ཡིན་པའི་རླུང་དབང་གིས་འཁོར་བར་འཇུག་རིམ་ཤེས་ན། ཀུན་རྟོག་གཡོ་བའི་ལས་རླུང་ལྡོག་དགོས་པར་མཐོང་ནས་དེ་འགོག་པའི་ཐབས་སུ་ལུས་ལ་གནད་དུ་བསྣུན་པའི་གདམས་པ་ཕུ་ཐག་ཆོད་པ་ཞིག་འོང་ཞིང༌། ཐབས་དེས་དྲངས་པའི་བདེ་བ་ཆེན་པོས་བདག་མེད་པའི་དོན་ངེས་པར་བྱས་པའི་བདེ་སྟོང་སྦྱོར་བའི་ལམ་ལ་སྙིང་པོར་བྱས་ནས་སྐྱོང་བ་འོང་བས་གདམས་ངག་གི་གནད་མི་འཕྱུག་གོ་ཞེས་གསུངས་སོ།།

དེ་ལྟར་དུ་དགེ་བའི་བཤེས་གཉེན་འབྲོམ་སྟོན་ཆོས་ཀྱི་རྒྱལ་པོས་ཀྱང༌། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ་ཞེས་མཉམ་མེད་ཇོ་བོ་རྗེ་ལ་ཐུན་མོང་མ་ཡིན་པའི་མོས་གུས་བསྐྱེད་པ་ལྟར། རྗེ་བདག་ཉིད་ཆེན་པོས། མདོ་སྔགས་ཀྱིས་བསྡུས་པའི་བསྟན་པ་ཐམས་ཅད་འགལ་བ་མེད་པར་གང་ཟག་གཅིག་འཚང་རྒྱ་བའི་ལམ་གྱི་གཙོ་བོ་དང༌། དེའི་གྲོགས་སུ་འཁྱེར་བའི་ཚུལ་འདི་ལྟ་བུ་གསུངས་པ། ཇོ་བོ་ཆེན་པོས་གསུངས་པ་ལས་ཀྱང་ཆེས་ཤིན་ཏུ་གསལ་ཞིང༌། འདི་བས་ལྷག་པའི་བསྟན་པའི་སྙིང་པོ་གསལ་བར་མཛད་པའི་ཚུལ་མེད་པས། ཚང་ལ་མ་ནོར་བའི་འཇམ་མགོན་བློ་བཟང་གྲགས་པའི་བསྟན་པ་རིན་པོ་ཆེ་འདི་ལ་ཡིད་ཆེས་ཀྱི་དད་པ་ཤུགས་དྲག་པོ་བསྐྱེད་ཅིང་བློ་ཁུལ་བར་བྱས་ཏེ་རང་ལ་ནུས་པ་ཅི་ཡོད་ཀྱིས་ལག་ལེན་དུ་འདེབས་པ་དང༌། ད་ལྟ་དངོས་སུ་མི་ནུས་པ་རྣམས་ཀྱང་ནམ་ཞིག་ན་ཇི་ལྟར་སྒྲུབ་ནུས་པ་ཞིག་འོང་སྙམ་དུ་སྨོན་པ་བྱེད་པ་དང༌། དེའི་དོན་དུ་ཚོགས་བསག་སྒྲིབ་སྦྱོང་ལ་འབད་པ་སོགས་སྒོ་ཐམས་ཅད་ནས་ཤེས་རྒྱུད་ལ་ཡང་དག་པའི་ལམ་གྱི་བག་ཆགས་བརྟན་པོ་རེ་ཅི་འཐེབས་ལ་ངེས་པར་དུ་འབད་དགོས་སོ།།

དེ་ལྟར་དུ། <<ལམ་རིམ་>>ལས་ཀྱང༌། དེའི་ཕྱིར་དམ་པའི་མགོན་ལ་བརྟེན་ནས་གསུང་རབ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འགྱུར་བའི་ཚུལ་ལ་ངེས་པ་བརྟན་པར་བྱས་ལ། ད་ལྟ་ཉམས་སུ་ལོངས་པ་རྣམས་ཉམས་སུ་བླང་ཞིང༌། དངོས་སུ་འཇུག་ལྡོག་མ་ནུས་པ་རྣམས་ཀྱང་རང་ཉིད་ཀྱིས་འཇུག་མ་ནུས་པ་རྒྱུ་མཚན་དུ་བྱས་ནས་མི་སྤོང་བར་དེ་དག་ལ་དངོས་སུ་འཇུག་ལྡོག་གི་སྒོ་ནས་ཉམས་སུ་ལོན་པ་ཞིག་ནམ་ཞིག་ན་འོང་སྙམ་དུ་བསམས་ནས་དེའི་རྒྱུར་ཚོགས་བསག་པ་དང་སྒྲིབ་པ་སྦྱོང་བ་དང༌། སྨོན་ལམ་གདབ་པར་བྱའོ། །དེས་ནི་རིང་པོར་མི་ཐོགས་པར་བློའི་མཐུ་ཇེ་ཆེ་ཇེ་ཆེར་སོང་སྟེ་དེ་དག་ཐམས་ཅད་ཉམས་སུ་ལེན་ནུས་པར་ཡང་འགྱུར་རོ། །ཞེས་གསུངས་སོ།།

དེ་ཡང་གང་ཟག་རྟོགས་པ་མཐོན་པོ་ཞིག་ལ་སླེབས་ན་དུག་བཏུང་ནའང་མི་གནོད་པ་དང༌། མེ་ལ་མཆོངས་ནའང་མི་འཚིགས་པའི་ཚད་ལ་སླེབས་རྒྱུ་ཡིན་ཞིང༌། ཚད་དེར་སླེབས་དུས་སྣང་བ་ཡོད་པ་ཞིག་ཡིན། དེས་མ་གཏོགས་གཞན་ལ་སྣང་བ་མེད། དེ་ནི་ཐེག་པ་གསུམ་ཡིན་ནའང་འདྲ། ལམ་ལྔ་ཡིན་ནའང་འདྲ། གོང་མ་གོང་མ་ལ་ཞུགས་པ་ན་ཐེག་པ་དང་ལམ་འོག་མའི་ཡོན་ཏན་གྱི་རིགས་ཚང་བ་དགོས་སོ་ཞེས་གསུངས་པ་དང༌། ཐོག་མ་ཕར་ཕྱིན་ཐེག་པ་ནས་བཤད་པའི་མི་རྟག་པ་དང༌། སྡུག་བསྔལ་ཚུན་ཆད་ལ་ངེས་པ་རྙེད་ནས་མཐའ་དག་ལ་ཞེན་པ་ལོག་པའི་ངེས་འབྱུང་གི་བསམ་པ་མེད་ན་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ཡོང་ཐབས་མེད། རང་གི་རྒྱུད་ལ་ངེས་འབྱུང་གི་བསམ་པ་མེད་ན་གཞན་གྱི་ཐོག་ལ་སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་ཡོང་ཐབས་མེད། སྙིང་རྗེ་དང་བྱང་ཆུབ་ཀྱི་སེམས་མེད་ན་སྒྱུ་ལུས་ཐོབ་པར་བྱེད་པའི་རྒྱུ་གཅིག་པུ་དེ་མ་ཚང་བ་རེད། སྒྱུ་ལུས་ཐོབ་པར་བྱེད་པའི་དགོས་པ་ནི་སེམས་ཅན་གྱི་དོན་མཛད་རྒྱུ་དེ་ཡིན། རགས་པའི་སྤྲུལ་སྐུ་དེས་སེམས་ཅན་གྱི་དོན་མཛད་པ་ལ་རགས་པའི་སྤྲུལ་སྐུ་དེ་ཐོབ་པར་བྱེད་པའི་ཀུན་སློང་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རགས་པའི་སྤྲུལ་སྐུ་བཟུང་ནས་སེམས་ཅན་གྱི་དོན་སྣ་ཚོགས་མཛད་པར་བྱང་ཆུབ་ཀྱི་སེམས་དེ་མེད་ན་གཞན་གྱི་དོན་དུ་རགས་པའི་སྤྲུལ་སྐུ་བཟུང་རྒྱུའི་དགོས་པ་དེ་གཏོར་བ་རེད། དགོས་པ་དེ་བརླགས་པ་རེད། དེར་བརྟེན་བྱང་ཆུབ་ཀྱི་སེམས་མེད་ན་སྒྱུ་ལུས་ཐོབ་བྱེད་ཀྱི་རྩ་བ་དེ་བརླགས་པ་རེད། སྟོང་ཉིད་རྟོགས་པའི་ལྟ་བ་མེད་ན་ཐར་པ་འཐོབ་རྒྱུའི་རྩ་བ་དེ་བརླགས་ཟིན་པ་རེད། དེར་བརྟེན་གཞན་དོན་དུ་རགས་པའི་སྤྲུལ་སྐུ་བཟུང་རྒྱུའི་སྒྱུ་ལུས་ལ་དེ་འདྲའི་རྒྱུ་ཚང་དགོས་ཚེ་གཞན་དོན་སྒྲུབ་རྒྱུའི་བསམ་བློ་དེ་ཀུན་སློང་བྱང་ཆུབ་སེམས་དང་སྙིང་རྗེ་ཆེན་པོ་ཞིག་དགོས། དེ་ཡོད་ན་སྒྱུ་ལུས་སྒྲུབ་པར་བྱེད་པའི་རྨང་གཞི་ཞིག་བྱུང་བ་རེད། དེའི་ཐབས་ཤེས་ནི་སྒྱུ་ལུས་སྒྲུབ་བྱེད་ཀྱི་ཤིན་ཏུ་ཕྲ་བའི་རླུང་དེ་མ་དག་པའི་ཆ་གཅིག་དག་ནས་དག་པའི་སྒྱུ་ལུས་དང༌། དེ་འདྲས་ཀྱི་ཐོག་ལ་ལངས་ནས་རགས་པའི་སྤྲུལ་སྐུ་བཟུང་ཐུབ་རྒྱུའི་ནུས་པ་ཡོད་པ་ཞིག་དགོས། དེར་བརྟེན་མདོ་ལུགས་ཀྱི་སྐབས་སུ་འཁོར་བའི་རྩ་བ་གང་ཟག་གི་བདག་འཛིན་ཡིན་ཞེས་གསུངས་པ་དང༌། སྔགས་ལུགས་ཀྱི་སྐབས་སུ་འཁོར་བའི་རྩ་བ་བདག་འཛིན་གྱི་བཞོན་པར་གྱུར་བའི་རླུང་ཡིན་ཞེས་གསུངས་པ་དེ་གཉིས་ལ་འགལ་བ་མེད། མདོ་ལུགས་སྐབས་ཀྱི་གང་ཟག་གི་བདག་འཛིན་མེད་པ་བཟོ་ཐབས་དེ་དང་གསང་སྔགས་སྐབས་ཀྱི་གང་ཟག་གི་བདག་འཛིན་གྱི་བཞོན་པར་གྱུར་བའི་རླུང་དེ་མེད་པ་བཟོ་ཐབས་དེ་གཅིག་ལས་གཅིག་གཏིང་ཟབ་པ་ཡོད། མདོ་དང་སྔགས་གཉིས་པོ་གང་དང་གང་ཡིན་ནའང་འཚང་རྒྱ་བའི་ཉམས་ལེན་དུ་འཁྱེར་དགོས་པ་ཡིན་སྟབས། བསྟན་པ་ཐམས་ཅད་གྲུ་བཞི་ལམ་གྱིས་འཁྱེར་ཤེས་པ་ཞེས་བརྗོད། གྲུ་བཞིའི་ལམ་ཟེར་བ་ནི་ངེས་འབྱུང་དང༌། བྱང་སེམས། ཡང་དག་པའི་ལྟ་བ་སྟེ་གྲུ་གསུམ་གྱི་ཐོག་ཏུ་གསང་སྔགས་ཀྱི་གྲུ་གཅིག་བསྣན་པའི་གྲུ་བཞི་ཡིན་པས་དེ་བཞི་ཀ་ངེས་པར་ཚང་དགོས། དེ་ཡང་མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོའམ་ཡོངས་རྫོགས་བསྟན་པའི་མངའ་བདག་ཅེས་པ་དེའི་གོ་དོན་ནི། མདོ་སྔགས་ཡོངས་སུ་རྫོགས་པའི་གདམས་ངག་ཆ་ཚང་བ་ཡོད་པ་དེ་ལ་མདོ་སྔགས་བསྟན་པའི་མངའ་བདག་ཅེས་བརྗོད་པ་ལས་གྲུབ་མཐའ་ཡོངས་རྫོགས་ཀྱི་བསྟན་པའི་བདག་པོ་བྱས་པའི་དོན་མིན། གྲུབ་མཐའ་གང་དང་གང་ལའང་མདོ་སྔགས་གཉིས་ཀ་ཚང་དགོས་པ་གཅིག་མཚུངས་ཡིན་པ་ལས་དེ་ལ་འགལ་བ་མེད། དེ་ནི་མདོ་སྔགས་ཟུང་དུ་འབྲེལ་བའི་བསྟན་པའི་སྙིང་པོ་དེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བོད་ལ་བསྟན་པ་ཉི་མ་ཤར་བ་ལྟ་བུ་འདི་མཛད་པ་ཡིན་ཟེར།

དེ་ལྟ་ན། གངས་ཅན་གྱི་ལྗོངས་འདིར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་མཁན་སློབ་རྣམ་གསུམ་དང་གྲུབ་པའི་ལོ་པཎ་རྣམས་ཀྱི་བཀའ་དྲིན་ལ་བརྟེན་ནས་མདོ་སྔགས་ཀྱིས་བསྡུས་པའི་བསྟན་པ་རིན་པོ་ཆེ་ཉིན་མོ་ལྟར་གསལ་བར་མཛད་ལ། འོན་ཀྱང་སྙིགས་མའི་དུས་མཐར་སོང་རྐྱེན། ཕྱི་རབས་པ་ཕལ་ཆེར་གྱིས་མདོ་སྔགས་ཀྱི་བཤད་སྒྲུབ་ལ་ཐོས་བསམ་སྒོམ་པ་ཕྱོགས་རེ་བ་ཙམ་ཁོ་ནར་སོང་ཞིང༌། དེའི་ཐོས་བསམ་སྒོམ་གསུམ་ཕྱོགས་རེ་བ་ཞེས་པ་ནི་ཐོས་པ་བྱེད་མཁན་གྱིས་སྒོམ་མི་བྱེད་པ་དང་སྒོམ་རྒྱག་མཁན་གྱིས་ཐོས་པ་མ་བྱས་པར་དེ་གཉིས་འགལ་བར་ཕྱིན་ཏེ་ཐོས་པ་བྱེད་མཁན་གྱིས་སྒོམ་རྒྱག་མཁན་ལ། ཐོས་པ་མེད་པའི་སྒོམ་པ་དེ། །ལག་རྡུམ་བྲག་ལ་འཛེགས་པ་ཡིན། །ཞེས་ཟེར་བ་དང༌། སྒོམ་རྒྱག་མཁན་གྱིས་ཐོས་པ་བྱེད་མཁན་ལ་ཐོས་པ་དེ་རྣམ་རྟོག་གི་རྒྱ་བསྐྱེད་པ་ཞིག་ལས་དངོས་འབྲེལ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པར་སེམས་མི་རྟོགས་པ་ལ་མཉམ་པར་བཞག་དགོས་ཞེས་དེ་ལྟར་ཐོས་བསམ་སྒོམ་གསུམ་ཡ་བྲལ་དུ་ཕྱིན་པའི་སྐབས་འདིར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཐོས་བསམ་སྒོམ་གསུམ་ཡ་བྲལ་དུ་མ་སོང་བ་གཅིག་གྲོགས་སུ་གཅིག་བྱེད་དགོས་ཚུལ་བསྟན་གནང་ཡོད། དེ་ཡང་ཐོས་རྟགས་ཞི་ཞིང་དུལ་བ། བསམ་རྟགས་ཉོན་མོངས་ཆུང་བ། སྒོམ་རྟགས་གྲུབ་པ་ཐོབ་པ་སྟེ་ཐོས་པ་བྱས་པའི་རྟགས་ལ་ཞི་ཞིང་དུལ་བ་ཞིག་དགོས་པ་དང༌། བསམ་པ་བྱས་པའི་རྟགས་ལ་ཉོན་མོངས་ཆུང་བ། སྒོམ་པ་བྱས་པའི་རྟགས་ལ་གྲུབ་པ་ཐོབ་པ་ཞིག་དགོས་པ་ཡིན། དེ་ལས་ལྡོག་སྟེ་ཐོས་པ་ཇི་ཙམ་བྱས་པ་དེ་ཙམ་གྱིས་ང་རྒྱལ་ཆེ་རུ་འགྲོ་བ་དང་རྣམ་རྟོག་མང་དུ་སོང་ནས་མཐར་རིགས་པ་གཏོང་ཐལ་ཤོར་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱང་སྐྱེས་བུ་ཚད་མ་མིན་པའི་ལྟ་ཚུལ་ཡོང་གི་ཡོད་པ་དེ་ཚོ་ནི་རིག་པ་རྒྱ་ཆེ་ཐལ་དུ་སོང་བ་དང་མཚན་ཉིད་པ་སྨྱོན་པ་ཆགས་པ་རེད། མདོར་ན་ཐོས་བསམ་སྒོམ་གསུམ་བྱས་པའི་འབྲས་བུར་རྟགས་དང་མཚན་མ་གང་འདྲ་ཞིག་དགོས་སམ་ཞེ་ན། རང་གི་ཤེས་རྒྱུད་ཀྱི་ཉོན་མོངས་ཆུང་དུ་སོང་བ་དེ་ཐོས་བསམ་བྱས་པའི་རྟགས་མཚན་ཡག་ཤོས་ཡིན་པ་དང༌། སྒོམ་བྱས་པའི་འབྲས་བུར་མ་མཐར་ཡང་བདག་འཛིན་སྤངས་ཏེ་བདག་གཅེས་འཛིན་ཆུང་དུ་སོང་བ་ཞིག་དང་གཞན་ཕན་གྱི་བསམ་པ་ཆེ་རུ་འགྲོ་བ་ཞིག་དགོས།

བློ་གྲོས་ཀྱི་རྩལ་ཧ་ཅང་ཞན་པས་བསྟན་པ་ཡོངས་རྫོགས་ཀྱི་གནད་མ་མཐོང་བས། ཁ་ཅིག་ནི། ཐེག་དམན་གྱི་ལམ་ལ་ཞེན་ནས་ཐེག་ཆེན་མི་འདོད་པ་དང༌། ལ་ལས་ཐེག་པ་ཆེན་པོ་པར་རློམ་ནས་ཉན་ཐོས་ཀྱི་སྤྱོད་པ་དགོས་མེད་དུ་སྨྲ་བ་དང༌། ཁ་ཅིག་གིས། ཕ་རོལ་ཏུ་ཕྱིན་པའི་ལམ་ཁོ་ན་དོན་དུ་གཉེར་ནས་དེའི་གཞུང་ལུགས་ལ་ཐོས་བསམ་བྱེད་པ་ལས་གསང་སྔགས་ཀྱི་ཉམས་ལེན་མི་འདོད་པ་དང༌། ལ་ལས། གསང་སྔགས་ཀྱི་ལམ་དུ་འཇུག་པ་ལ་ཕ་རོལ་ཏུ་ཕྱིན་པའི་ལམ་དགོས་མེད་དུ་སྨྲ་བ་སོགས་མདོ་སྔགས་གཉིས་ཚ་གྲང་ལྟར་འགལ་བར་འཛིན་པ་ནི། <<འཕགས་པ་རྣམ་པར་འཐག་པ་བསྡུས་པ་>>ལས། རྒྱལ་བའི་བཀའ་ལ་བཟང་ངན་དང་རིགས་མི་རིགས། ཉན་རང་དང་བྱང་སེམས་ཀྱི་ཆེད་དུ་གསུངས་སོ་ཞེས་སོ་སོར་བཅད་ན་ཆོས་སྤོང་དུ་འགྱུར་བར་གསུངས་པ་དང༌། <<ལམ་རིམ་>>ལས་ཀྱང༌། དེ་ལྟ་བུའི་གོ་བ་མི་རྙེད་ན་ཆོས་རེ་རེ་ལ་ངེས་པ་ལྟར་སྣང་རེ་རྙེད་པ་ན། གཞན་རྣམས་སྤོང་ཞིང༌། ཁྱད་པར་དུ་ཐེག་པ་གོང་མ་ལ་མོས་པ་ལྟར་སྣང་ཞིག་སྐྱེས་པ་ན་རིམ་པ་ལྟར་ཐེག་དམན་གྱི་སྡེ་སྣོད་དང་ཕ་རོལ་ཏུ་ཕྱིན་པ་རྣམས་སྤོང་ཞིང༌། སྔགས་ལའང་རྒྱུད་སྡེ་འོག་མ་གསུམ་ལ་སོགས་པ་སྤོང་བར་འགྱུར་བས་འབྲེལ་ཆེ་ལ་འབྱུང་ཉེ་ཞིང་རྣམ་པར་སྨིན་པ་ཆེས་ལྕི་བའི་ཆོས་སྤོང་བའི་ལས་ཀྱི་སྒྲིབ་པ་ཆེན་པོ་གསོག་པར་འགྱུར་ཏེ། ཞེས་གསུངས་པ་ལྟར། རྒྱལ་བའི་བཀའ་འགའ་ཞིག་འཚང་རྒྱ་བའི་ཐབས་དང༌། འགའ་ཞིག་འཚང་རྒྱ་བའི་གེགས་བྱེད་པར་བཟུང་བ་དང་བཟང་ངན་གྱི་ཁྱད་འབྱེད་པ་དང༌། རིས་སུ་ཆད་པའི་ཕྱོགས་ལྷུང་གིས་ནང་པ་སངས་རྒྱས་པའི་གྲུབ་མཐའ་གཞན་ལ་ཁྱད་གསོད་དང་ངན་སྨྲས་སོགས་བྱེད་པའང་ཆོས་སྤོང་གི་ལས་ཚབས་ཆེན་དུ་གསུངས་སོ།།

དེས་ན་རྗེ་བདག་ཉིད་ཆེན་པོས་སྔོན་ལ་བསྐལ་པ་དཔག་ཏུ་མེད་པའི་སྔ་རོལ་ནས་ལམ་བཟང་འདི་ཉིད་སྤེལ་བར་དམ་བཅས་ཤིང༌། རྒྱལ་བ་སྲས་དང་བཅས་པས་མགྲིན་གཅིག་དབྱངས་གཅིག་གི་སྒོ་ནས་སྙིང་སྟོབས་ཆེན་པོ་ཞེས་ཆེད་དུ་བརྗོད་པས་བསྔགས་པ་མཛད་པའི་དོན་བཞིན། ཁ་བ་ཅན་གྱི་ལྗོངས་འདིར་བྱོན་ནས། རྒྱལ་བའི་བསྟན་པ་ལ་མ་རྟོགས་པ་དང་ལོག་པར་རྟོག་པའི་དྲི་མ་མ་ལུས་པ་བསལ་ཏེ། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ་བསྲེས་ལྷད་ཅུང་ཟད་མེད་པར་མདོ་སྔགས་ཀྱི་ལམ་མཐའ་དག་གསལ་བར་མཛད་དེ། ཐེག་པ་ཆེ་ཆུང་གི་ལམ་གྱི་གནད་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ལམ་དུ་བསྡུས་ནས་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དང༌། གསུང་རབ་མ་ལུས་གདམས་ངག་ཏུ་འཆར་བའི་ཚུལ་གྱི་རྒྱལ་བ་དགྱེས་པའི་ལམ་བཟང་ཡོངས་སུ་རྫོགས་པའི་བཀའ་སྲོལ་དྲི་མ་མེད་པ་འདི་ནི། དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་བླ་ན་མེད་པའི་ཁྱད་ཆོས་སོ།།

དེ་ལྟར་དུ་ཐམས་ཅད་མཁྱེན་པ་ལྕང་སྐྱ་རོལ་པའི་རྡོ་རྗེའི་ཞལ་ནས། དེས་ན་རྗེ་བཙུན་འདི་ཉིད་ཀྱིས་འདུལ་བའི་ཕྱག་ལེན་ཕྲ་མོ་ཡན་ཆད་ནས་གྲུབ་པའི་མཐའ་ཆེན་པོ་རྣམས་ཀྱི་བར་དང༌། སྔགས་ཀྱིའང་དཀྱིལ་འཁོར་གྱི་ཆོ་ག་དང་ལག་ལེན་ཕྲ་མོ་ཡན་ཆད་ནས་རྒྱུད་ཀྱི་འགྲེལ་པ་ཆེན་མོ་རྣམས་ཀྱི་བར་མཐའ་དག་གང་ལའང་རུང་སྟེ། སླ་ཆོས་དང་རང་བཟོའི་ཉེས་པས་ནམ་ཡང་མ་གོས་པར་རང་རང་གི་སྲོལ་བྱེད་པ་པོའི་པཎ་གྲུབ་རྣམས་ཀྱི་དགོངས་པ་ལ་གཏུགས་ཤིང༌། དེ་ཡང་རྒྱལ་བའི་བཀའ་དང་ལེགས་པར་གཏུགས་ཏེ་གནད་ཕྲ་མོ་རེ་ལའང་ལུང་རིགས་དུ་མས་དཔྱད་དེ་ངེས་པ་སྟེར་བར་མཛད་པ་དང༌། ཚུལ་དེས་བསྟན་པ་ཐམས་ཅད་འགལ་བ་མེད་པར་གཅིག་གྲོགས་སུ་གཅིག་འགྱུར་བའི་ཚུལ་གྱིས་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་བསྒྲིག་པར་མཛད་པས། བཤད་སྒྲུབ་ཀྱི་བསྟན་པ་གཉིས་ཆར་འཛིན་ཅིང་སྤེལ་བར་མཛད་པའི་རྣམ་པར་ཐར་འདི་ལྟ་བུ་ནི་སྔོན་བྱོན་པའི་གངས་ཅན་གྱི་མཁས་གྲུབ་སུ་ལའང་མེད་པར་མ་ཟད། རྒྱ་གར་འཕགས་པའི་ཡུལ་གྱི་འཕགས་པ་ཀླུ་སྒྲུབ་ལྟ་བུ་ལའང་འདི་བས་ལྷག་པ་ཡོང་ཐབས་མེད་པར་རིགས་པའི་ཚུལ་དྲི་མ་མེད་པས་འགྲུབ་པ་ཡིན་ནོ། །ཞེས་གསུངས་སོ།།

དེ་ནི་གོང་དུ་ཞུས་པ་བཞིན་བསྟན་པ་ཡོངས་རྫོགས་ཀྱི་ཉམས་ལེན་བྱེད་སྟངས་མ་ཤེས་པ་དེ་དག་ལ་ཟེར་བ་ཡིན། འཇམ་མགོན་བླ་མའི་བསྟན་པ་དེ་མདོ་སྔགས་ཡོངས་རྫོགས་གཅིག་གི་གྲོགས་སུ་གཅིག་འགྲོ་བ་དང༌། ཐོས་བསམ་སྒོམ་གསུམ་གཅིག་གི་གྲོགས་སུ་གཅིག་འགྲོ་བ་དེ་འདྲ་ཡོད་སྟབས་ས་སྐྱའི་མཁས་པ་མང་པོ་དང་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་སོགས་ཀྱིས་ཐོག་མར་འཇམ་མགོན་བླ་མ་ལ་དགག་པ་མང་པོ་(དགག་པ་བཅོ་བརྒྱད་ཟེར་)སྐྱོན་ཡོད་ནའང་རྗེས་སུ་འཇམ་མགོན་བླ་མས་མཛད་པའི་<<ལམ་རིམ་ཆེན་མོ་>>དང་<<སྔགས་རིམ་ཆེན་མོ་>>སོགས་གཟིགས་རྗེས་ཐུགས་འགྱོད་ཆེན་པོ་སྐྱེས་ནས་བསྟོད་བསྔགས་གནང་ཡོད་པ་སྟེ། <<གཞུང་>>ལས། ཚུལ་འདི་ལ་བརྟེན་ནས་གྲུབ་མཐའ་གཞན་གྱི་ཕྱོགས་ཀྱི་མཁས་པའི་དབང་པོ་གཟུར་གནས་རྣམ་དཔྱོད་དང་ལྡན་པ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས། བྱང་ཕྱོགས་འདི་ན་ཚིག་ལ་བྱང་བ་དཀོན། །དོན་ལ་སྒྲོ་འདོགས་ཆོད་པ་དེ་བས་དཀོན། །བསྟན་དོན་ཉམས་སུ་ལེན་པ་སྲིད་མཐའ་ཙམ། །འདི་གསུམ་མཐར་ཕྱིན་ཁྱོད་ལ་སྙིང་ནས་འདུད། །ཅེས་ཚིག་ལ་བྱང་བ་དང་དོན་ལ་སྒྲོ་འདོགས་ཆོད་པ་ཧ་ཅང་དཀོན་ལ་ལྷག་པར་ཉམས་སུ་ལེན་པ་དེ་བས་དཀོན་པས་དེ་གསུམ་ཀ་མཐར་ཕྱིན་པ་ཁྱེད་ལ་ངས་སེམས་ཀྱི་གཏིང་ནས་གུས་བཏུད་ཞུ་གི་ཡིན་ཞེས་པའི་དོན་དང༌། དེ་ཡང་ད་དུང་ལ་ལ་རིགས་བྲལ་ལུང་གི་གྲུབ་མཐའ་འཇོག་ཅེས་ཁ་ཤས་ཀྱིས་རིགས་པའི་གཞུང་ལུགས་མེད་པར་ལུང་ཙམ་ལ་བརྟེན་ནས་གྲུབ་མཐའ་བཞག་གི་ཡོད་པ་དང༌། ཁ་ཅིག་ལུང་བྲལ་རིགས་པ་ལྟར་སྣང་ཙམ། ཞེས་ཁ་ཅིག་ནི་ལུང་མེད་པར་རིགས་པ་ལྟར་སྣང་ཙམ་རེས་ཕྱོགས་ཤེས་བྱེད་ཀྱི་ཡོད་པ་དང༌། ལུང་རིགས་གཉིས་ཀས་རྒྱལ་བའི་གསུང་རབ་ཀུན། །ལེགས་པར་འབྱེད་པ་ཁྱེད་ལ་གུས་ཕྱག་འཚལ། །ཞེས་ལུང་དང་རིགས་པ་གཉིས་ཀའི་ཐད་ནས་རྒྱལ་བའི་བསྟན་པ་གསལ་བར་གནང་མཁན་ཁྱེད་ལ་ངས་གུས་ཕྱག་འབུལ་རྒྱུ་ཡིན་ཞེས་གསུངས་པ་དང༌། ད་དུང༌། ཁ་ཅིག་འདུལ་བ་གཙོར་བྱས་གསང་སྔགས་སྤོང༌། །གཞན་དག་སྔགས་ལ་བློ་མོས་འདུལ་བ་འགོག །རྒྱལ་བའི་བསྟན་པ་མཐའ་དག་འགལ་མེད་དུ། །རྫོགས་པར་ཉམས་སུ་ལེན་མཁས་ཁྱོད་ལ་འདུད། །མཚན་ཉིད་མཆོག་བཟུང་གསང་སྔགས་བཟའ་ཆོས་དང༌། །སྔགས་ཀྱིས་ཁེངས་ནས་མཚན་ཉིད་ཁ་བཤད་ཙམ། །མདོ་སྔགས་མཐའ་དག་མ་ཚང་རྫོགས་བྱང་དུ། །འགྲོ་ཐབས་མེད་པར་གཟིགས་པ་ཁྱེད་ལ་འདུད། །ལ་ལ་སྤྱོད་པ་ཞིབ་མོས་ལྟ་བ་འགོག །ཁ་ཅིག་ལྟ་བ་མཐོན་པོས་སྤྱོད་པ་འདོར། །ལྟ་སྤྱོད་ཕན་ཚུན་གྲོགས་སུ་ཤར་བ་ཡིན། །དོན་འདི་ལྷག་པར་འདོམས་པ་ཁྱོད་ལ་འདུད། །འགའ་ཞིག་བཤད་པ་གཙོར་བྱེད་སྒོམ་ལ་སྨོད། །ལ་ལ་སྒོམ་གྱིས་ཆོག་འཛིན་ལུང་ལ་སྨོད། །བཤད་སྒྲུབ་གཉིས་ཀས་ལུང་རྟོགས་དམ་པའི་ཆོས། །འཛིན་ཚུལ་གསལ་མཛད་ཁྱོད་ལ་གུས་པས་འདུད། །མདོ་སྔགས་མཐའ་དག་ཁྱད་པར་རྡོ་རྗེ་ཐེག །རྒྱུད་སྡེ་མཐའ་དག་ཁྱད་པར་བླ་མེད་དོན། །རིམ་གཉིས་མཐའ་དག་ཁྱད་པར་སྒྱུ་ལུས་ལ། །སྔོན་མེད་ལེགས་བཤད་གཏེར་ཆེན་ཁྱོད་ལ་འདུད། །མདོར་ན་ཐུབ་བསྟན་མཐའ་དག་མ་ལུས་པ། །བཤད་སྒྲུབ་གཉིས་ཀྱིས་ཆེས་ཆེར་གསལ་མཛད་པ། །གངས་ཅན་འདི་ན་བསྟན་འཛིན་མཐའ་དག་གིས། །རྟག་ཏུ་བསྔགས་པར་འོས་པ་ཁྱོད་ལ་འདུད། །ཅེས་གསུངས་པ་འདི་རྣམས་རྗེ་བླ་མའི་གསུང་རབ་ཀྱི་དགོངས་དོན་ལ་ལེགས་པར་དཔྱད་དེ། མདོ་སྔགས་ཀྱི་དཀའ་གནད་ཁྱད་པར་ཅན་ཆེས་ཟབ་ཅིང་ཕྲ་བ་རྣམས་རྒྱལ་བའི་དགོངས་པ་ཇི་བཞིན་མ་ནོར་བར་གསལ་བར་བྱེད་པ་ལ་བཅོས་མིན་གྱི་དད་པ་འཁྲུངས་ཏེ་རབ་བཏགས་དང་འཁྱོག་བརྗོད་སོགས་མ་ཡིན་པར་རང་བཞིན་དྲང་པོར་བརྗོད་པའི་སྒོ་ནས་བསྟོད་བསྔགས་མཛད་པ་དང༌། རྗེ་ཀརྨ་མི་བསྐྱོད་རྡོ་རྗེ་ནས། བྱང་གི་ཕྱོགས་འདིར་རྒྱལ་བའི་བསྟན་པ་ལ། །ཕལ་ཆེར་ལོག་པ་འབའ་ཞིག་སྤྱོད་པའི་སྐབས། །འཁྲུལ་མེད་བྱི་དོར་མཛད་པའི་ཙོང་ཁ་པ། །རི་བོ་དགེ་ལྡན་པ་ལ་བསྟོད་པར་བགྱི། །ཞེས་དང༌། འཇམ་དཔལ་དབྱངས་ཀྱིས་ཁྱོད་ལ་ལྷག་པར་ཡང༌། །ཀླུ་སྒྲུབ་ལུགས་ཀྱི་ལེགས་བཤད་ཉིན་བཞིན་བསྩལ། །སྔོན་མེད་དབུ་མའི་སྲོལ་འཛིན་ཙོང་ཁ་པ། །རི་བོ་དགེ་ལྡན་པ་ལ་བསྟོད་པར་བགྱི། །ཞེས་སོགས་དང༌། གཞན་ཡང་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། ཀརྨ་དེ་བཞིན་གཤེགས་པ། ས་བཟང་མ་ཏི་པཎ་ཆེན། འབྲུག་པ་པདྨ་དཀར་པོ་སོགས་གྲུབ་མཐའ་གཞན་ཕྱོགས་ཀྱི་མཁས་པའི་དབང་པོ་རྣམ་དཔྱོད་འགྲན་ཟླ་དང་བྲལ་བ་དག་གིས་ཀྱང༌། རྗེ་བླ་མའི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མི་ཕྱེད་པའི་དད་པ་སྙིང་ནས་འཁྲུངས་པས་བསྔགས་བརྗོད་ཀྱི་མེ་ཏོག་མང་དུ་འཐོར་བ་གཞན་ལས་གསལ་བ་ལྟར་ཡིན་ལ། ཁྱད་པར་དུ་ྋཀུན་གཟིགས་ལྔ་པ་ཆེན་པོས། རྨད་བྱུང་རྣམ་ཐར་གཙང་མའི་ཁྲིམས་དང་ལྡན། །རླབས་ཆེན་རྒྱལ་སྲས་སྤྱོད་པའི་སྙིང་སྟོབས་ཆེ། །བདེ་སྟོང་མཆོག་གི་རིམ་གཉིས་རྣལ་འབྱོར་སྤྱོད། །བློ་བཟང་རྒྱལ་བའི་བསྟན་དང་མཇལ་བར་ཤོག །ཅེས་གསུངས་པ་ལྟར། འཇམ་མགོན་བློ་བཟང་རྒྱལ་བའི་བསྟན་པ་དཔལ་མཉམ་མེད་རི་བོ་དགེ་ལྡན་པའི་རིང་ལུགས་འདི་ནི། རྒྱལ་བའི་གསུང་རབ་ཐམས་ཅད་གཅིག་ཏུ་བསྡུས་པ་སྡེ་སྣོད་གསུམ་མམ་བོད་ཀྱི་བརྡ་ཚུལ་ལྟར་ལྟ་སྒོམ་སྤྱོད་གསུམ་གྱི་སྒོ་ནས་བསྲེས་ལྷད་ཅུང་ཟད་ཀྱང་མ་འདྲེས་པར་ཤིན་ཏུ་རྣམ་པར་དག་པ་དང༌། ལྷག་པར་ཕྱི་འདུལ་བའི་ཀུན་སྤྱོད་རྣམ་པར་དག་པའི་ཚུལ་བཀའ་གདམས་པའི་རྣམ་ཐར་གཙང་མ་ཇི་ལྟ་བ་བཞིན་སྐྱོང་བ་དང༌། ནང་ཐུན་མོང་བ་གཞན་ཕན་བྱང་ཆུབ་ཀྱི་སེམས་དང༌། ཐུན་མོང་མ་ཡིན་པ་ལམ་རིམ་གཉིས་ཀྱི་སྙིང་པོ་བདེ་སྟོང་དབྱེར་མི་ཕྱེད་པའི་ཏིང་ངེ་འཛིན་ཟབ་མོའི་རྣལ་འབྱོར་ལ་སྤྱོད་པ་སོགས་མདོ་སྔགས་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་ཉམས་ལེན་གནད་གཅིག་ཏུ་དྲིལ་བས་བསྟན་པའི་སྙིང་པོ་མཐར་ཐུག་ཏུ་གྲུབ་ཅིང༌། དེ་ཡང༌། དུས་གསུམ་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་དགོངས་བཞེད་དང་མཛད་པ་མཐའ་དག་ནི་སེམས་ཅན་གྱི་དོན་ཁོ་ན་ཡིན་པས། གདུལ་བྱ་རིགས་ཅན་གསུམ་གྱི་དོན་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བ་ནི་རྗེ་བླ་མའི་བཀའ་སྲོལ་དྲི་མ་མེད་པ་འདི་འབའ་ཞིག་ཡིན་ཞིང༌། དེའི་འབའ་ཞིག་ཟེར་བ་དེ་དགེ་ལུགས་པའི་ནང་ལ་ཡང་བཤད་སྲོལ་དེ་ཡོད་ཅིང༌། དེ་ནི་སོ་སོ་རང་ཉིད་ཀྱི་དེ་གཞན་ལས་ལེགས་པ་ཡོད་པའི་དོན་ཡིན་པས་གྲུབ་མཐའ་སོ་སོ་ཚང་མར་བཤད་སྲོལ་དེ་འདྲ་ཡོད། ཚིག་འདིར་གོ་བ་ལེན་སྟངས་ཡག་པོ་མ་བྱུང་ན་གོ་ལོག་ཡོང་ཉེན་ཡོད་པས་དཔེར་ན་དགེ་ལུགས་ཀྱི་ཆོས་དེ་ཆོས་ཡང་དག་པ་ཡིན་པ་དང་གཞན་དག་ཆོས་ལོག་ཟེར་བ་ལྟ་བུའི་གོ་བ་དེ་འདྲ་ལེན་མི་རུང་ལ་གོ་དོན་ཡང་དེ་འདྲ་མིན། འདི་ལས་གཞན་གང་ནའང་མེད་པས། རང་ཅག་རྣམས་ཀྱིས་དམ་པའི་ཆོས་སྒྲུབ་པའི་འགལ་རྐྱེན་ཐམས་ཅད་བྲལ་ཞིང། མཐུན་རྐྱེན་ཐམས་ཅད་ཚང་བའི་རྟེན་བཟང་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ། ཚུལ་ཁྲིམས་རྣམ་པར་དག་པའི་རྨང་གཞི་བརྟན་པོའི་སྟེང་ནས་ཐོས་བསམ་ཕྱོགས་རིས་སུ་མ་སོང་བར་རྗེ་བླ་མའི་རྣམ་ཐར་བཞིན། གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་ཐོས་པ་མཐའ་ཆོད་པ་བྱས། དེ་ཡང་ཐོས་པ་ཙམ་དང༌། ཤགས་འགྱེད་ཙམ་གྱི་ཁ་ཕྱི་ལྟོས་ལ་མ་སོང་བར། རང་སེམས་འདུལ་བ་དང་རྣམ་གྲོལ་སྒྲུབ་པའི་ཐབས་འབའ་ཞིག་ཏུ་འཁྱེར་ཏེ། ཐོས་དོན་བསམ་པའི་སྒོ་ནས་སྒྲོ་འདོགས་བཅད་ཅིང་ངེས་པ་གཏིང་ཚུགས་པར་བྱས། དེ་ནས་རང་སེམས་རྣམ་གཡེང་དང་བྱིང་རྒོད་ཀྱི་དབང་དུ་མི་གཏོང་བར་དཔྱད་འཇོག་ཟུང་དུ་འབྲེལ་བའི་སྒོམ་པའི་ཉམས་མྱོང་བཟང་པོ་ལ་བརྟེན་ནས་ལམ་གྱི་རྟོགས་པ་རྣམས་རིམ་གྱིས་རྒྱུད་ལ་སྐྱེ་བར་འཇུག་པ་སོགས་ཐོས་བསམ་སྒོམ་པ་ཡ་མ་བྲལ་བར་གཅིག་གྲོགས་སུ་གཅིག་འགྲོ་བའི་ཚུལ་གྱིས་བསྟན་པའི་སྙིང་པོ་རྒྱལ་བ་དགྱེས་པའི་ལམ་བཟང་འདི་ཉིད་ཀྱི་ངོ་བོ་མ་ནོར། གྲངས་མ་ཆད། གོ་རིམ་མ་འཁྲུགས་པར་ཉམས་སུ་ལེན་དགོས་ཏེ། ྋཀུན་གཟིགས་ལྔ་པ་ཆེན་པོས། གུར་ཀུམ་ཚོས་ཀྱིས་བཙོས་པའི་ཝ་བའི་ཞྭས། །རང་རེའི་བསྟན་པ་འཛིན་ན་ཆེས་ལེགས་ཀྱི། །ཕ་མེས་ལུང་དང་རྟོགས་པའི་ཁྱད་ནོར་མཆོག །རྣམ་གཡེང་རྐུན་པོར་ཤོར་བ་ལག་སྟོང་མང༌། །ཞེས་གསུངས་པ་ལྟར། དགེ་ལྡན་པ་ཞེས་པའི་རྟགས་སུ་དབུ་ཞྭ་སེར་པོ་མནབས་པ་ཙམ་ལས། ཕ་བླ་མའི་རིང་ལུགས་རི་བོ་དགེ་ལྡན་པའི་ཁྱད་ཆོས་རྣམས་མ་ཤེས་པར་ཤིན་ཏུ་མཇལ་བར་དཀའ་བའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འདི་འདྲ་ཞིག་ལན་གཅིག་ཙམ་མཇལ་བའི་དུས་འདི་སྟོང་ཟད་དུ་གཏོང་མཁན་ཤིན་ཏུ་མང་བས། བདག་བདེ་ལེགས་སུ་འདོད་པ་རྣམས་ཀྱིས་ལམ་བཟང་འདི་ལྟ་བུ་དང་མཇལ་བའི་དུས་འདིར་དལ་འབྱོར་ཐོབ་པ་དོན་མེད་དུ་མི་གཏོང་བར། བསྟན་པ་ཡོངས་སུ་རྫོགས་པའི་ལམ་གྱི་སྙིང་པོ་འདི་ལ་ཉམས་སུ་ལེན་ཅི་ཐུབ་དང་རང་རྒྱུད་ལ་བག་ཆགས་བཟང་པོ་རེ་འཇོག་པ་གལ་ཆེའོ།།

དེ་ནི་ཞྭ་མོ་སེར་པོ་གྱོན་པ་ཙམ་གྱིས་དགེ་ལུགས་པ་ཡིན་པས་མ་ཁྱབ་པར་ཞྭ་མོ་གྱོན་པ་ཙམ་གྱིས་བསྟན་པ་འཛིན་གྱི་ཡོད་ན་ཡག་པོ་རེད་ཅེས་གསུངས་པ་རེད། དེ་ནི་དཔེར་ན་དེ་སྔ་དགོན་པའི་ནང་མང་ཆེ་བ་གྲོང་ཆོག་ཁོ་ནར་མགོ་འཁོར་ཏེ་སྡོད་པ་ལས་རི་བོ་དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་དབང་ལུང་ཁྲིད་གསུམ་དེ་དག་ལ་རྩད་གཅོད་བྱེད་རྒྱུར་དོ་སྣང་དེ་ཙམ་བྱས་མེད། དཔེར་ན་རང་ཉིད་ལ་ཆ་བཞག་ན་མ་གཞི་ཆོས་མང་པོ་ཞུ་མྱོང་ཡང་རང་གིས་ཞུས་པ་དང་ཞུ་མ་མྱོང་བ་བསྡུར་ན་ཞུ་མ་མྱོང་བ་ཧ་ཅང་གིས་མང་བ་ཡོད། དེར་བརྟེན། ཕ་མེས་ལུང་དང་རྟོགས་པའི་ཁྱད་ནོར་མཆོག་ཅེས་པའི་ཕ་མེས་ནི་ཕ་བློ་བཟང་གྲགས་པ་ཡིན་པ་དང༌། ཁོང་རྣམ་པས་བཞག་གནང་བའི་ཁྱད་ནོར་དེ་དག་རྣམ་གཡེང་གི་རྐུན་པོར་ཤོར་བས་ད་ལྟ་བསམ་བློ་བཏང་དུས་འགྱོད་པ་ཆེན་པོ་སྐྱེ་བའི་དུས་ལ་སླེབས་ཡོད། ད་ལྟ་ཞྭ་མོ་སེར་པོ་གྱོན་པ་ཙམ་ལས་དབང་ལུང་ཁྲིད་གསུམ་ལྟ་ཅི་རི་བོ་དགེ་ལྡན་པའི་ཁྱད་ཆོས་གང་ཡིན་མ་ཤེས་མཁན་མང་པོ་ཡོད་པ་དང༌། ཤིན་ཏུ་མཇལ་བར་དཀའ་བའི་མདོ་སྔགས་ཟུང་འབྲེལ་གྱི་བསྟན་པ་རིན་པོ་ཆེ་འདི་ཉིད་མཇལ་བའི་དུས་འདིར་སྟོང་ཟད་གཏོང་མཁན་ཧ་ཅང་པོ་མང་པོ་ཡོད། ལྷག་པར་དུ་ཆོས་དད་རང་མོས་གནང་ནས་དགོན་པ་ཉམས་གསོ་ཟིན་རྗེས་དགོན་སྡེ་མང་པོ་ཞིག་ལ་དུང་དང་རྒྱ་གླིང་སོགས་མཆོད་པའི་ཡོ་བྱད་ལ་མགོ་འཁོར་ནས་བསྡད་པ་མ་གཏོགས་དངོས་འབྲེལ་གྲྭ་པའི་ཀླད་པའི་ནང་དགོས་པའི་ཡོན་ཏན་ལ་དོ་སྣང་བྱེད་མཁན་ཧ་ལམ་མི་འདུག

གྲུབ་མཐའ་སོ་སོར་དབང་ལུང་ཁྲིད་སོགས་གང་དང་གང་ཡོད་པ་དང༌། དགོན་པ་གཙོ་ཆེ་བ་གང་དང་གང་ཡོད་པ། བླ་མ་གང་དང་གང་བྱོན་པ། དེ་བཞིན་གྲུབ་མཐའ་སོ་སོའི་ལོ་རྒྱུས་སོགས་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་<<གངས་ཅན་བོད་ཀྱི་ཡུལ་དུ་བྱོན་པའི་གསང་སྔགས་གསར་རྙིང་གི་གདན་རབས་མདོར་བསྡུས་ངོ་མཚར་པདྨའི་དགའ་ཚལ་>>ཞེས་པའི་ནང་གསལ་ཐག་ཆོད་གསུངས་འདུག་ཅིང༌། དཔེར་ན་དགེ་ལུགས་ཀྱི་བཤད་ལུང་ཉམས་ཁྲིད་སྐོར་ལ། རྗེ་རིན་པོ་ཆེའི་བཀའ་འབུམ་ནས། ལམ་རིམ་ཆེན་མོའི་བཤད་ལུང༌། ལམ་རིམ་མཆན་བཞི་སྦྲགས་ཀྱི་བཤད་པ། ལམ་རིམ་ཆུང་བའི་བཤད་པ། ལེགས་བཤད་སྙིང་པོ། རྟེན་འབྲེལ་བསྟོད་པའི་བཤད་ལུང༌། ལམ་རིམ་བསྡུས་དོན་དང༌། ལམ་གཙོ། ཡོན་ཏན་གཞི་གྱུར་མ་རྣམས་ཀྱི་ལུང་ཁྲིད། སྔགས་རིམ་ཆེན་མོའི་བཤད་པ། གསང་འདུས་འགྲེལ་པ་བཞི་སྦྲགས་ཀྱི་བཤད་པ། རིམ་ལྔ་གསལ་སྒྲོན་གྱི་བཤད་པ། བདེ་མཆོག་རྒྱུད་འགྲེལ་སྦས་དོན་ཀུན་གསལ་གྱི་བཤད་པ། དེའི་བསྐྱེད་རིམ་གྱི་བཤད་ལུང༌། གསང་འདུས་རིམ་ལྔ་གདན་རྫོགས་ཀྱི་ཉམས་ཁྲིད། ན་རོ་ཆོས་དྲུག་ཡིད་ཆེས་སུམ་ལྡན་གྱི་ཁྲིད། འཕོ་ཁྲིད་གསེར་གྱི་སྒོ་འབྱེད་ཀྱི་བཤད་ལུང༌། སྦྱིན་སྲེག་དངོས་གྲུབ་རྒྱ་མཚོའི་བཤད་ཁྲིད། སྒྲ་མི་སྙན་གྱི་ཚེ་སྒྲུབ་ཀྱི་ཁྲིད། རྒྱལ་ཚབ་རྗེའི་ཚད་མའི་བརྗེད་བྱང་ཆེན་མོའི་བཤད་ལུང༌། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལ་མཁས་གྲུབ་རྗེའི་ཊིཀ་ཆེན་སྦྱར་བའི་བཤད་པ། གསང་འདུས་དང༌། འཇིགས་བྱེད་ཀྱི་བསྐྱེད་རིམ་གྱི་བཤད་ལུང༌། འཁྲུལ་འཁོར་གྱི་ཁྲིད། མགོན་པོའི་བེའུ་བུམ་གྱི་ལུང༌། ཀྵེཏྲ་པཱ་ལའི་ཁྲིད། རྒྱལ་བ་བསོད་ནམས་རྒྱ་མཚོའི་ལམ་རིམ་གསེར་ཞུན་གྱི་ཁྲིད། ྋལྔ་པ་ཆེན་པོ་ཆེའི་འཇམ་དཔལ་ཞལ་ལུང་གི་ཉམས་ཁྲིད། དམིགས་བརྩེ་མའི་ཊིཀའི་སྟེང་ནས་རིགས་གསུམ་སྤྱི་སྒྲུབ་ཀྱི་ཁྲིད་དང་རྗེས་གནང༌། གཟུངས་འབུལ་གྱི་ཁྲིད། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་བཀའ་འབུམ་ལས། བདེ་ལམ་གྱི་ཁྲིད་ཐུན་མོང་དང་ཐུན་མིན། ཤེར་སེང་ནས་བརྒྱུད་པའི་ལྟ་ཁྲིད་དྲན་པ་བཞི་ལྡན་གྱི་ཁྲིད། ཐུན་དྲུག་བླ་མའི་རྣལ་འབྱོར་གྱི་ཁྲིད། བདེ་མཆོག་ལཱུ་ཧི་པ་དང༌། འཇིགས་བྱེད་ལྷ་བཅུ་གསུམ་པའི་བསྐྱེད་རྫོགས་ཀྱི་ཁྲིད། ལྕགས་མཁར་མཚོན་ཆ་འབར་བའི་འཁྲུལ་འཁོར་གྱི་ཁྲིད། ལྕགས་མཁར་དྲུག་ཅུ་པའི་ཁྲིད། སྔོན་འགྲོའི་ཁྲིད་ཆེན་བཞིའི་ཁྲིད་དེ་སྐྱབས་འགྲོའི་ཁྲིད། རྡོར་སེམས་ཀྱི་ཁྲིད། བླ་མའི་རྣལ་འབྱོར་གྱི་ཁྲིད། མཎྜལ་གྱི་ཁྲིད། ཕྱག་ཆེན་གྱི་ཁྲིད། ལྟ་ཁྲིད་དེ་ལྟ་ཁྲིད་རྒྱས་པ་དང༌། བསྡུས་པ། བློ་སྦྱོང་དོན་བདུན་མའི་ཁྲིད་མི་འདྲ་བ་གཉིས། གླང་ཐང་པའི་ཚིག་རྐང་བརྒྱད་མའི་ཁྲིད། ཁམས་ལུང་པའི་བློ་སྦྱོང་ཐུན་བརྒྱད་ཀྱི་ཁྲིད། པཎ་ཆེན་གྱི་རིག་གསུམ་སྤྱི་སྒྲུབ་དང༌། བླ་མའི་རྣལ་འབྱོར་དགའ་ལྡན་ལྷ་བརྒྱ་མའི་ཁྲིད། དེ་དང་འབྲེལ་བའི་འཕོ་བའི་ཁྲིད། འཕོ་བ་དཔའ་བོ་གཡུལ་འཇུག་གི་ཁྲིད། འཕོ་བ་འཇའ་ཟུག་མའི་ཁྲིད། འཇིགས་བྱེད་ཀྱི་འཕོ་བའི་ཁྲིད། དགེ་འདུན་རྒྱ་མཚོའི་ནི་གུ་ཆོས་དྲུག་གི་ཁྲིད། ནི་གུ་ཆོས་དྲུག་གི་འཕོ་བའི་ཁྲིད། མགོན་པོ་ཕྱག་དྲུག་པ་སྙིང་ཞུགས་མའི་འཕོ་བའི་ཁྲིད། རྫོགས་རིམ་གྱི་རླུང་ཁྲིད། གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང་ཁྲིད། འཇམ་དབྱངས་མགོན་པོ་ལུགས་ཀྱི་གཅོད་ཀྱི་ཁྲིད། རྒྱལ་ཐང་པའི་གཅོད་ཀྱི་ཁྲིད། འཇམ་དཔལ་བཤེས་གཉེན་གྱི་གཅོད་ཀྱི་ཁྲིད་དང་དབང༌། པཎ་ཆེན་གྱི་གསུང་གི་ཐོག་ནས་གཏུམ་མོ་ཞག་བདུན་གྱི་ཁྲིད། གཏུམ་མོ་ཞག་གསུམ་མའི་ཁྲིད། རླུང་ཛཱ་བཱིར་གྱི་ཁྲིད། རྒྱལ་བ་དགེ་འདུན་རྒྱ་མཚོའི་མེ་ཏོག་བཅུད་ལེན་གྱི་ཁྲིད། དབེན་ས་སྙན་བརྒྱུད་ཀྱི་ཆུའི་བཅུད་ལེན་གྱི་ཁྲིད། རྡེའུ་བཅུད་ལེན་གྱི་ཁྲིད། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་སྙིང་པོ་དོན་གསུམ་གྱི་ཁྲིད། ཚེམ་བུ་དམར་ཁྲིད། འཇིགས་བྱེད་སེར་པོའི་ཚེ་སྒྲུབ་ཀྱི་ཁྲིད། ངག་བྱིན་རླབས་ཀྱི་ཁྲིད། བདེ་མཆོག་དྲིལ་བུ་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་ཁྲིད། རྒྱལ་བ་དགེ་འདུན་རྒྱ་མཚོའི་ཡིག་ཆའི་སྟེང་ནས་དྲིལ་བུ་པའི་བསྐྱེད་རིམ་གྱི་ཁྲིད། འཇིགས་བྱེད་ཞི་ཁྲོ་སྦྲགས་སྒྲུབ་ཀྱི་ཁྲིད། འཇིགས་བྱེད་དཔའ་བོ་གཅིག་པའི་བསྐྱེད་རིམ་དང་རྫོགས་རིམ་གྱི་ཁྲིད། བཀའ་གདམས་ལྷ་བཞིའི་ཁྲིད། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་ཁྲིད། སྒྲོལ་དཀར་གྱི་ཚེ་སྒྲུབ་ཀྱི་ཁྲིད། ལྷ་མོ་རིག་བྱེད་མའི་བསྐྱེད་རྫོགས་ཀྱི་ཁྲིད། གྲུབ་རྒྱལ་ལུགས་ཀྱི་ཚེ་སྒྲུབ་ཀྱི་ཁྲིད། དཔལ་ལྡན་སྨད་རྒྱུད་པའི་རྫོགས་རིམ་གྱི་ཁྲིད་ཆེན་བརྒྱད་དེ། གསང་འདུས་འཕགས་ལུགས་རིམ་ལྔའི་ཁྲིད། འཇམ་རྡོར་གྱི་ཐིག་ལེ་བཞི། ལཱུ་ཧི་པའི་རྣལ་འབྱོར་ཆེན་མོ། དྲིལ་བུ་རིམ་ལྔ། འཇིགས་བྱེད་རྣལ་འབྱོར་བཞི། ཕྱག་རྡོར་འཁོར་ཆེན་གྱི་རྫོགས་རིམ་གྱི་ཁྲིད། དུས་འཁོར་གྱི་སྦྱོར་བ་ཡན་ལག་དྲུག་གི་ཁྲིད། ན་རོ་ཆོས་དྲུག་རྣམས་ཀྱི་ཁྲིད། གཞན་ཡང་གཏོར་མ་བརྒྱ་རྩ་སོགས་ཉེར་མཁོའི་ཕྱག་ལེན་དང་དམིགས་ཁྲིད། སྐྱེས་རབས་སོ་བཞི་པའི་བཤད་པའི་ཁྲིད། འདུལ་བ་མདོ་རྩ་དང༌། མངོན་པ་མཛོད། མངོན་རྟོགས་རྒྱན། དབུ་མ་འཇུག་པ་རྣམས་ཀྱི་ཁྲིད། བརྒྱད་སྟོང་གི་བཤད་ལུང་གི་ཁྲིད། འཇམ་དབྱངས་བཞད་པའི་གྲུབ་མཐའ་ཆེན་མོའི་བཤད་ལུང་གི་ཁྲིད། དབེན་ས་སྙན་བརྒྱུད་ཀྱི་སྐོར་ལ། བ་སོ་ཆོས་རྒྱན་གྱི་ལྟ་ཁྲིད། མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་གསུང་འབུམ་ཆ་ཚང་གི་ལུང༌། འཇམ་དབྱངས་ཆོས་སྐོར་གྱི་ལུང༌། འཇམ་དབྱངས་རྣལ་འབྱོར་མ། བདེ་མཆོག་དཀར་པོ། སྒྲོལ་དཀར་རྣམས་ཀྱི་རྗེས་གནང༌། ཆོས་རྒྱལ་ཕྱི་ནང་གསང་གསུམ་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་རྗེས་གནང༌། དེ་དག་གི་ཡིག་ཆ་མི་འདྲ་བ་གཉིས་ཀྱི་ལུང༌། ལྷོ་བྲག་ཕྱག་རྡོར་སྐོར་ལ། དོན་དམ་སེམས་བསྐྱེད་ཀྱི་བྱིན་རླབས། ཚེ་དཔག་མེད་ལྷ་དང༌། རྣམ་འཇོམས་ལྷ་དབང༌། ཕྱག་རྡོར་སྐུ་ལྔ། རྡོ་རྗེ་གཅེས་ཕྲེང༌། བདུད་རྩི་ཐིགས་པ། གཏུམ་མོ་མེ་འབར། དྲག་པོ་སུམ་སྒྲིལ་རྣམས་ཀྱི་རྗེས་གནང༌། ལུང་པོད། འཇིགས་བྱེད་རྭ་པོད་དང༌། དཔལ་པོད་ཀྱི་ལུང༌། ཆོས་སྐྱོང་སྐོར་ལ། ཕྱག་དྲུག་པ་བཀའ་ཆེན་བཅུ་གསུམ་དང༌། སྙིང་ཞུགས་ཆིག་བརྒྱུད་མ་བཅས་ཀྱི་རྗེས་གནང༌། ལུང་པོད། རྣམ་སྲས་བཀའ་ཆེན། ལུང་པོད། ལས་གཤིན་ཡང་གསང་ཧ་ལ་ནག་པོའི་རྗེས་གནང༌། ལུང་སྐོར་པོད་ཆུང༌། བཻཀྩའི་རྗེས་ལུང༌། གཞན་ཡང་ཆབ་མདོ་མི་ཏྲའི་སྤྱན་རས་གཟིགས་ཀྱི་དབང༌། ལྷ་དྲུག་གི་རྗེས་གནང༌། དེའི་ཁྲིད་སོགས་ལུང་པོད། ཀུ་ཅོར་རྟོགས་ལྡན་གྱི་ཁྲིད་བརྒྱ། སྟག་ཕུ་བ་བློ་བཟང་ཆོས་ཀྱི་དབང་ཕྱུག་གི་དག་སྣང་མི་ཏྲ་དང༌། སྒྲོལ་མའི་སྐོར་སོགས་ཀྱི་དབང་ལུང་མང་ཙམ་དང༌། ལུང་སྲོལ་གཞན་ཡང༌། མ་ཎི་བཀའ་འབུམ། མར་མིའི་རྣམ་མགུར། བླ་མ་ཞང་གི་བཀའ་འབུམ། དབང་ལུང༌། སྟག་ཕུ་བའི་ཡིག་སྟེང་ན་གསེར་ཆོས་བཅུ་གསུམ་སྐོར། སྟག་ཕུ་གོང་མ་དང༌། ཐུའུ་བཀྭན་སོགས་ཀྱི་ཡིག་སྟེང་ནས་རྣལ་འབྱོར་མའི་ཉམས་ཁྲིད། ཇོ་ནང་ཁྲིད་བརྒྱ། ལྕང་ལུང་པཎྜི་ཏ་རྡོ་རྗེ་གྲགས་པའི་ཡིག་སྟེང་ནས་ཞལ་རྣམ་འགྱུར་བཅུ་བདུན་གྱི་རྗེས་གནང་སོགས་ཀྱི་རྒྱུན་ཡང་དར་བར་མཆིས་སོ།།

དེ་ལྟར་མཉམ་མེད་ཤཱཀྱའི་དབང་པོའི་སྔགས་བཤད་སྒྲུབ་ཀྱི་བསྟན་པ་ཡོངས་སུ་རྫོགས་པའི་སྙིང་པོ། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་བཀའ་སྲོལ་དྲི་མ་མེད་པ། དཔལ་མཉམ་མེད་རི་བོ་དགེ་ལྡན་པ་ཞེས་སྙན་པའི་བ་དན་དཀར་པོ་ས་གསུམ་དུ་གཡོ་བ་འདི་ཉིད་ཀྱི་རིང་ལུགས་ཐུན་མོང་མ་ཡིན་པའི་རྣམ་གཞག་མང་དུ་ཡོད་ཀྱང༌། འདིར་གཙོ་བོར་ལྟ་སྒོམ་སྤྱོད་གསུམ་གྱིས་བསྡུས་པའི་མདོ་སྔགས་ལམ་གྱི་བཞེད་ཚུལ་ཐུན་མོང་མ་ཡིན་པ་གཞན་ལས་ཁྱད་པར་དུ་འཕགས་པའིཚུལ་ཕྱོགས་ཙམ་ཞིག་བརྗོད་པ་ལས། རྒྱས་པར་རྗེ་བླ་མ་ཡབ་སྲས་ཉི་ཟླ་ལྟ་བུ་རྣམས་ཀྱི་གཞུང་ལུགས་ལ་རིང་དུ་འདྲིས་ཤིང་ཤེས་པར་བྱས་ཏེ། གསེར་མདོག་ཅོད་པན་འཆང་བའི་རིང་ལུགས་རི་བོ་དགེ་ལྡན་པའི་བསྟན་པ་རིན་པོ་ཆེ་འདི་ལ། ཕྱོགས་ཐམས་ཅད་ནས་སྐྱོན་གྱི་དྲི་མའི་ཆ་ཙམ་ཡང་མི་མངའ་བར། ཤིན་ཏུ་རྣམ་པར་དག་ཅིང་ངོས་གཙང་བ། མདོ་སྔགས་ཡོངས་རྫོགས་ཀྱི་བསྟན་པའི་སྙིང་པོ་ཁོ་ནར་གྱུར་པས་གཞན་ལས་ཁྱད་དུ་འཕགས་པའི་ཚུལ་ལ་ངེས་པ་གཏིང་ནས་བསྐྱེད་དེ། གཟུ་བོར་གནས་པའི་བློ་གྲོས་ཀྱིས་ཕྱོགས་ལྷུང་དང་རྨོངས་ཞེན་གྱི་དྲི་མ་མཐའ་དག་རིང་དུ་བསལ་ཞིང༌། བསྟན་པའི་སྙིང་པོ་དྲི་མ་མེད་པའི་ལམ་བཟང་འདི་ལ་སྙིང་ནས་དད་ཅིང་གུས་པ་ཆེན་པོས་ཐོབ་བསམ་སྒོམ་པ་མཐར་ཕྱིན་པ་བྱས་ཏེ། རང་གཞན་གྱི་དོན་གཉིས་བདེ་བླག་ཏུ་འགྲུབ་པའི་ཐབས་ལ་འབད་པར་རིགས་སོ།།

ཞེས་མཁས་གྲུབ་དམ་པ་དུང་དཀར་སྐུ་ཕྲེང་བརྒྱད་པ་བློ་བཟང་འཕྲིན་ལས་དཔལ་བཟང་པོའི་ཞལ་སྔ་ནས་པེ་ཅིང་ནང་བསྟན་སློབ་གྲྭར་བསེ་ཚང་བློ་བཟང་དཔལ་ལྡན་གྱིས་མཛད་པའི་མཉམ་མེད་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་མདོ་ཙམ་བརྗོད་པ་འཇམ་མགོན་བསྟན་པའི་མཛེས་རྒྱན་ཞེས་བྱ་བའི་ནང་གསེས་བཅུ་པ་ནས་བཅོ་བརྒྱད་བར་གྱི་རི་བོ་དགེ་ལྡན་པའི་གྲུབ་མཐའི་རྣམ་གཞག་དངོས་ཀྱི་བཀའ་ཁྲིད་མཛད་པའི་སྒྲ་ཕབ་དེ་དག་ཡིག་ཐོག་ཏུ་ཕབ་པ་རྣམས་ལ་ཞུ་དག་བྱ་དགོས་ཞེས་བསྡུ་སྒྲིག་པས་བསྐུལ་མ་ནན་གྱིས་གནང་བ་ལྟར་རང་གིས་ཀྱང་སྒྲ་ཕབ་དེ་དག་ཉན་སྐབས་བརྗོད་བྱ་རྒྱ་ཆེ་ལ་གཏིང་ཟབ་པ་དང་རྗོད་བྱེད་ཀྱི་ཚིག་དག་ཀྱང་གོ་བདེར་མཛད་ཡོད་པར་བརྟེན་བོད་རིག་པར་ཞིབ་འཇུག་བྱེད་མཁན་རྣམས་ཀྱི་དཔྱད་གཞིའི་ཡིག་ཆ་གལ་ཆེན་ཞིག་དང་རང་ཅག་བོད་ཀྱི་རིག་གནས་བང་མཛོད་ཀྱི་རྩ་ཆེའི་རིན་ཆེན་ཞིག་ཏུ་འགྱུར་བར་ངེས་ན་དོན་མེད་ཆུད་ཟོས་སུ་སོང་ཚེ་ཤིན་ཏུ་ཕངས་པར་བསམ་ནས་རང་ནུས་གང་ཡོད་ཀྱིས་ཞུ་དག་བགྱིས་ཁུལ་ལགས་ཀྱང་ད་དུང་ནོར་བའི་ཆ་མཆིས་པར་ངེས་པས་གཟུར་གནས་མཁས་པ་རྣམས་ཀྱིས་བྱི་དོར་མཛད་དགོས་སོ་ཞེས་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་མིང་བཀྲས་ལྷུན་བཀའ་ཆེན་ཚེ་དབང་ངམ་མིང་གཞན་བློ་བཟང་ཕྱོགས་གླང་ཞེས་སུ་འབོད་པས་ ༢༠༠༡ ལོའི་ཟླ་གསུམ་པའི་གྲལ་ཚེས་བཟང་པོར་བྲིས།

 

 

 

དགའ་ལྡན་སྙན་བརྒྱུད་བླ་མའི་རྣལ་འབྱོར་དང་འབྲེལ་བའི་

བསྲེ་བ་བསྒོམ་ཚུལ་གྱི་མན་ངག

 

དེ་ལ་འདིར་བླ་མའི་རྣལ་འབྱོར་དང་འབྲེལ་བའི་བསྲེ་བ་བསྒོམ་ཚུལ་གྱི་མན་ངག་སྙིང་པོ་བསྡུས་ནས་བཀོད་པར་འདོད་པས། བླ་མ་དང་མཁའ་འགྲོ་ཆོས་སྲུང་རྣམས་ཀྱིས་གནང་བ་སྩལ་དུ་གསོལ།

འདིར་སྐུ་གསུམ་ལམ་འཁྱེར་གྱི་མན་ངག་ཐམས་ཅད་ཀྱི་བཅུད་ལྟ་བུ་བསྲེ་བ་བསྐོར་གསུམ་གནད་བཤད་པ་ལ། ཐོག་མར་བསྲེ་བ་ཞེས་པའི་གོ་དོན་དང་བསྲེ་རྒྱུའི་སྐྱེ་ཤི་བར་དོ་གསུམ་གྱི་གནས་ཚུལ་གསོལ་པོ་མ་ཤེས་ན་བསྲེ་བ་སྒོམ་སྟངས་མི་ཤེས་ཤིང༌། བསྲེ་བ་ཟེར་བ་ནི་སོ་སོ་རང་ཉིད་ལ་ད་ལྟ་འོང་རྒྱུར་བསྡད་པའི་འཆི་བ་དང༌། བར་དོ། སྐྱེ་བ་གསུམ་པོ་དེ་སྐྱོང་བའི་ཆེད་དུ་འཆི་བ་ཆོས་སྐུ། བར་དོ་ལོངས་སྐུ། སྐྱེ་བ་སྤྲུལ་སྐུ་དང་བསྲེས་ནས་ལམ་དུ་འཁྱེར་བ་དེ་ལ་ཟེར་བ་ཡིན།

གཞི་དུས་ཀྱི་སྐྱེ་ཤི་བར་དོ་གསུམ་པོ་དེ་ལ་གཞི་དུས་ཀྱི་སྐུ་གསུམ་ཟེར་བ་དང་དེ་གསུམ་དངོས་སུ་སྐུ་གསུམ་དང་བསྲེས་ཐུབ་པ་ཞིག་བྱེད་དགོས་ན། རོ་རྐྱང་གི་རླུང་རྩ་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་བྱེད་ཐུབ་པ་ཞིག་དགོས་སྟབས། དེ་འདྲ་ད་ལྟ་ང་རང་ཚོ་ལས་དང་པོ་བ་རྣམས་ལ་ལམ་ཐུན་མོང་བའི་རྟོགས་པ་ཙམ་ཡང་སྐྱེ་རྒྱུ་བསྡད་པའི་དབང་གིས་ཡོང་ཐུབ་པའི་རེ་བ་མེད་ཀྱང༌། གཞི་དུས་ཀྱི་སྐྱེ་ཤིའི་བར་དོ་གསུམ་མོས་པ་ཡིད་བྱེད་ཙམ་གྱིས་སྐུ་གསུམ་དང་བསྲེས་ཐུབ་པ་ནི་ངེས་པར་དུ་ཡོང་གི་རེད། བསྲེས་བ་གསུམ་གྱི་མན་ངག་དེ་དངོས་སུ་ལག་ལེན་ལ་འཁྱོལ་བ་ཡིན་ན་ནི་ལྟ་ཅི་སྨོས། བསྲེ་བ་གསུམ་གྱི་མན་ངག་ལ་གོ་བ་ཆགས་པ་ཙམ་གྱིས་ཀྱང་འཆི་དུས་སུ་ངན་སོང་གི་སྐྱེ་བ་འགོག་ཐུབ་པ་ཙམ་མ་ཟད། སྐྱེ་བ་ཕྱི་མར་གསང་སྔགས་སྒྲུབ་པའི་རྟེན་བཟང་ཐོབ་ནས་གསང་སྔགས་ཀྱི་བག་ཆགས་ཁྱད་པར་ཅན་འཇོག་ཐུབ་ཀྱི་ཡོད་པ་ཡིན་པས་དགེ་ལྡན་སྙན་བརྒྱུད་ཀྱི་བླ་མ་གོང་མ་ཚང་མས་བསྲེ་བ་སྐོར་གསུམ་འདི་ལ་བསྔགས་བརྗོད་ཆེན་པོ་གནང་ཡོད།

བསྲེ་བ་སྐོར་གསུམ་གྱི་མན་ངག་ནི་སོ་སོའི་ཐུན་མོང་མ་ཡིན་པའི་ཡི་དམ་གང་འདྲ་ཞིག་ལ་སྦྱར་ན་ཡང་འགྲིག་རུང༌། སྙན་བརྒྱུད་བླ་མའི་རྣལ་འབྱོར་དང་སྦྲགས་ནས་རང་གི་རྩ་བའི་བླ་མ་དང་ངོ་བོ་དབྱེར་མེད་པའི་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་ལ་སྦྱར་ན་བྱིན་རླབས་ཆེ་བ་དང༌། མྱུར་བ། བསྒོམ་བདེ་བ་བཅས་ཀྱི་ཁྱད་པར་ཡོད།

དེ་འདྲ་ཡིན་པས་ཐོག་མར་གཞི་དུས་ཀྱི་འཆི་བ་དང༌། བར་དོ། སྐྱེ་བ་གསུམ་གང་འདྲ་བྱས་ནས་ཡོང་གི་ཡོད་པའི་གནས་ཚུལ་སྙིང་པོ་བསྡུས་ན།

ང་རང་ཚོ་འཆི་བའི་དུས་ལ་བབས་པ་ན། ཐོག་མར་འབྱུང་བ་ཐིམ་རིམ་ཡོང་གི་ཡོད་པས། དེ་ཚོ་ལ་རྟགས་བརྒྱད་དང༌། རྟགས་ཅན་གྱི་སེམས་བརྒྱད་ཡོད།

(༡) ས་ཁམས་ཆུ་ལ་ཐིམ་པའི་སྐབས་སུ་ཕྱི་རྟགས་ལ། ལུས་ཀྱི་ཤ་སྐམ། མིག་གིས་གཟུགས་མི་མཐོང༌། མཆུ་ཏོ་བརྫེས། ནང་རྟགས་ལ་སྨིག་རྒྱུ་ལྟ་བུ་ཟེར་བ། དཔྱིད་ཀ་ཉི་མ་ཚ་དུས་བྱེ་མའི་ཐང་ལ་ཉི་མ་ཕོག་པའི་སྐབས་ཆུ་རྒྱུག་པ་ལྟ་བུ་ཞིག་མཐོང་རྒྱུ་ཡོད་པ་ནང་ལྟར་རང་གི་འཆར་སྣང་ལ་དེ་འདྲ་ཞིགཡོང་(རིས་མནན་པ)།

(༢) དེ་ཡི་རྗེས་ལ་ཆུ་ཁམས་མེ་ལ་ཐིམ་པའི་སྐབས་ཕྱི་རྟགས་ལ་ལྕེ་སྐམ། རྣ་བས་སྒྲ་མི་ཚོར། ནང་རྟགས་ལ་དུ་བ་ལྟ་བུ་ཟེར་བ་ཁང་པའི་ནང་དུ་སྲབ་མོ་ཞིག་གིས་ཁེངས་པ་ལྟ་བུའི་འཆར་སྣང་ཡོང་(ཆུས་འཁྱེར་བ)།

(༣) དེའི་རྗེས་ལ་མེ་ཁམས་རླུང་ལ་ཐིམ་པའི་སྐབས་ཕྱི་རྟགས་ལུས་ཀྱི་སྟོད་སྨད་ནས་དྲོད་བསྡུས། སྣ་ཁུང་བརྡིབས་ནས་དྲི་མི་ཚོར། ནང་རྟགས་ལ་མཁའ་ནང་མེ་འཁྱེར་ཟེར་བ་སོག་མ་དུམ་བུར་གཏུབ་པ་ལ་མེ་སྦར་ནས་བར་སྣང་ལ་གཏོར་དུས་མེ་སྟག་དམར་ཆེམ་ཆེམ་བྱས་ནས་ཡལ་འགྲོ་བ་ལྟ་བུའི་འཆར་སྣང་ཡོང་(མེས་འཚིག་པ)།

(༤) དེ་ཡི་རྗེས་ལ་རླུང་ཁམས་རྣམ་ཤེས་ལ་ཐིམ་པའི་སྐབས་ཕྱི་རྟགས་ལ་དབུགས་ཆད་ནས་ལྕེས་རོ་མི་མྱོང༌། ནང་རྟགས་ལ་མར་མེ་ཏཱ་ལ་ལ་འབར་བ་ཟེར་བ་སྣུམ་ཟད་པའི་བཞུ་མར་མེ་དམར་ལྷབ་ལྷབ་བྲེལ་བ་ཚ་པོ་བྱས་ནས་འབར་བ་ལྟ་བུའི་འཆར་སྣང་ཡོང་(རླུང་གིས་ཁྱེར་བ)།

(༥) དེའི་རྗེས་ལ་སྣང་བ་དཀར་ལམ་པ་ཟེར་བ་ཤར་རྒྱུ་ཡོད། (འདི་མན་ལ་ནང་རྟགས་ཕྱི་རྟགས་མེད)།

འདི་སྐབས་སྤྱི་བོ་ནས་ཕ་ལས་ཐོབ་པའི་བྱང་སེམས་དཀར་པོ་སྙིང་ཁའི་བར་དུ་མར་བབས་ཡོང་གི་ཡོད་པ་དེའི་རྐྱེན་གྱིས་རང་གི་འཆར་སྣང་ལ་སྟོན་ཀའི་ནམ་མཁའ་གཡའ་དག་པ་ལ་ཟླ་བའི་འོད་ཀྱིས་ཁྱབ་པ་ལྟ་བུའི་སྣང་བ་ཡོང༌། (འདི་སྐབས་མི་དགེ་བ་སྟོབས་ཆེན་བསགས་པ་ཚོར་གཡང་ས་དཀར་པོ་ཐོག་སོ་སྟོང་ཕྲག་ཡོད་པ་ཞིག་གི་ནང་ལྷུང་བ་ལྟ་བུའི་འཆར་སྣང་སྐྱེས་ནས་འཇིགས་སྐྲག་ཡོང༌)།

(༦) དེའི་རྗེས་ལ་མཆེད་པ་དམར་ལམ་པ་ཟེར་བ་ཞིག་ཤར་རྒྱུ་ཡོད་པ་འདིའི་སྐབས་ལྟེ་བའི་ཁམས་དམར་པོ་ཁྲག་གི་རང་བཞིན་ཅན་དེ་ཉིད་སྙིང་ཁའི་བར་དུ་ཡར་ཡོང་གི་ཡོད་པ་དེའི་རྐྱེན་གྱིས་རང་གི་འཆར་སྣང་ལ་ནམ་མཁའ་གཡའ་དག་པ་ལ་ཉི་མའི་འོད་ཀྱིས་ཁྱབ་བསྡད་པ་ལྟ་བུ་ཞིག་འཆར་སྣང་ཡོང་གི་ཡོད། (འདི་སྐབས་མི་དགེ་བ་སྟོབས་ཆེན་བསགས་པའི་མི་ཡིན་ན་གཡང་ས་དམར་པོ་ཞིག་གི་ནང་ལྷུང་འགྲོ་བ་ལྟ་བུའི་སྣང་བ་ཡོང༌)།

(༧) དེའི་རྗེས་ལ་ཉེར་ཐོབ་ནག་ལམ་པ་ཟེར་བ་ཞིག་ཤར་རྒྱུ་ཡོད་པ་འདི་སྐབས་སྤྱི་བོ་ནས་མར་བབས་པའི་བྱང་སེམས་དཀར་པོ་དང༌། ལྟེ་བ་ནས་ཡར་ཡོང་བའི་བྱང་སེམས་དམར་པོ་གཉིས་སྙིང་ཁར་འདུས་པའི་དབུས་སུ་རྣམ་ཤེས་འཐུམས་པའི་རྐྱེན་གྱིས་དྲན་མེད་དུ་སོང་ནས་ནག་ཐོམ་མེ་བ་ཞིག་གི་སྣང་བ་འཆར་ཡོང༌། (འདི་སྐབས་ལ་ཡང་མི་དགེ་བ་སྟོབས་ཆེན་བསགས་པའི་མི་ཡིན་ན་གཡང་ས་ནག་པོ་ཞིག་ནང་ལྷུངས་པ་ལྟར་གྱི་སྣང་བ་ཡོང༌)། སྐབས་འདིར་དྲན་མེད་དུ་སོང་བ་ཤུགས་ག་ཚོད་ཆེ་ན་ཡང་རྗེས་སུ་འོད་གསལ་རྒྱུན་རིང་བ་ཡོང༌། ཉེར་ཐོབ་ནག་ལམ་པ་ཤར་བའི་རིང་ཐོག་མར་དྲན་པ་གསལ་ཙམ་ཡོད་ཀྱང་ཉེར་ཐོབ་ཀྱི་དཀྱིལ་དང་སྨད་དུ་དྲན་མེད་རང་ཡིན།

(༨) ཉེར་ཐོབ་དྲན་མེད་དུ་བརྒྱལ་བ་དེ་ལས་དྲན་པ་ཅུང་ཟད་གསལ་དུ་སོང་བ་དང་འོད་གསལ་ཤར་གྱི་རེད། འདི་སྐབས་རང་གི་འཆར་སྣང་ལ་ཐོ་རངས་ཀྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་སྟོང་སང་ཞིག་འཆར་ཡོང་བ་འདི་ཡི་དུས་ལ་དགག་བྱ་གསལ་བཏབ་ལྟ་བ་བསྒོམ་ནས་རང་གི་བསྒོམ་རྒྱུའི་ཆོས་སྐུའི་ལམ་ཁྱེར་དང༌། ཆོས་སྐུའི་བསྲེ་བ་བྱས་པ་རེད།

ཐུགས་དམ་ལ་ཞུགས་པའི་དུས་ཀྱང་འདི་སྐབས་ཡིན། བླ་མ་གོང་མ་འགའ་ཞིག་ཐུགས་དམ་ལ་ཞུགས་ཡུན་རིང་ཐུང་སྣ་ཚོགས་ཡོད་པ་རྟོགས་པ་མཐོ་དམན་གྱི་ཁྱད་པར་མིན་པར་དགོས་པའི་དབང་གིས་ཡིན། གཞི་དུས་ཀྱི་འོད་གསལ་དེ་ལས་དྲན་པ་ཅུང་ཟད་གསོས་པ་ན་སྙིང་ཁ་ནས་རྣམ་ཤེས་ཐོན་གྱི་རེད། རྣམ་ཤེས་ཐོན་པའི་རྟགས་ལ་སྙིང་ཁའི་ཁམས་དཀར་དམར་ཁ་སྦྱོར་དུ་ཡོད་པ་ཁ་བྲལ་ནས་བྱང་སེམས་དཀར་པོ་གྱེན་དུ་སོང་སྟེ་སྣ་བུག་གཉིས་ནས་བབས་ཡོང་གི་ཡོད་པ་རེད། དེ་དུས་བར་དོ་གྲུབ་པ་རེད། བར་དོ་གྲུབ་མ་དགོས་པར་དག་པའི་ཞིང་དུ་འཕོ་བ་བྱས་པ་ཡོད་ཀྱང་ང་རང་ཚོ་རླུང་སེམས་གཉིས་ལ་རང་དབང་ཐོབ་མེད་པ་ཡིན་པས་ཕལ་ཆེར་བར་དོ་བརྒྱུད་དགོས་ཀྱི་རེད།

དེ་འདྲ་ཡིན་པས་བར་དོ་གྲུབ་པའི་སྐབས་སུ་ཡང་དགེ་བ་དང་མི་དགེ་བའི་ལས་གང་སྟོབས་ཆེ་ན་ཡང་བར་དོ་དེ་དང་མཐུན་པར་གྲུབ་ཡོང་བ་ཡིན། བར་དོ་དེ་གྲུབ་ནས་སྐྱེ་བ་ལེན་ས་མ་རྙེད་ན་ཞག་བདུན་ནས་འཆི་ཆུང་རེ་བྱས་ནས་མ་ཐ་ཞག་ཞེ་དགུ་ལྷག་གཏན་ནས་འགོར་མི་སྲིད་པས་བདུན་ཚིགས་བཟུང་དགོས་པའི་རྒྱུ་མཚན་ཡང་དེ་ལ་ཐུག་པ་རེད།

བར་དོ་བ་དེ་སྐྱེ་བ་ལེན་ས་ལས་ཀྱི་དབང་གིས་གར་སྐྱེས་ལ་ངེས་གཏན་མེད་ཀྱང་སྐྱེ་བ་ཕྱི་མ་མི་ལ་སྐྱེ་བའི་དབང་དུ་བྱས་ན་ཕ་མ་གཉིས་ཕྲད་པའི་ཁུ་ཁྲག་གི་དབུས་སུ་རྣམ་ཤེས་ཞུགས་ནས་བར་དོ་བ་དེ་ཤི་བ་དང་སྐྱེ་བ་ཕྱི་མའི་ལུས་ལེན་པ་གཉིས་མཉམ་པ་བཅས་གཞི་དུས་ཀྱི་འཆི་བ། བར་དོ། སྐྱེ་བ་གསུམ་ཡོང་སྟངས་མདོར་བསྡུས་བྱས་པ་དེ་འདྲ་ཡིན།

དེ་འདྲའི་གཞི་དུས་ཀྱི་འཆི་བ། བར་དོ། སྐྱེ་བ་གསུམ་སྐུ་གསུམ་གྱི་ལམ་དུ་འཁྱེ་བ་ཞིག་ཡོང་ཐུབ་པའི་ཆེད་དུ་གཉིད་དུས་ཀྱི་སྐུ་གསུམ་ལམ་འཁྱེར་ལ་སྦྱོང་བརྡར་བྱས་པ་ཡིན། དེའི་རྒྱུ་མཚན་ནི། འཆི་དུས་ཀྱི་འབྱུང་བ་ཐིམ་རིམ་དང་གཉིད་ཁུག་རན་པའི་སྐབས་ཀྱི་འབྱུང་བ་ཐིམ་རིམ་གཉིས་རྒྱུན་རིང་ཐུང་ཙམ་མ་གཏོགས་འདྲ་པོ་ཡོད་ལ། དེ་དང་མཚུངས་པར་གཞི་དུས་ཀྱི་འོད་གསལ་ལས་དྲན་པ་ཅུང་ཟད་གསལ་དུ་སོང་ནས་བར་དོ་གྲུབ་སྐབས་ཀྱི་གནས་ཚུལ་དང༌། གཉིད་མཐུག་པོ་ཁུག་པའི་སྐབས་ལས་ཅུང་ཟད་དྲན་པ་གསལ་དུ་སོང་ནས་རྨི་ལམ་གཏོང་སྐབས་རང་གི་ལུས་ལས་ལོགས་སུ་རྨི་ལམ་གྱི་ལུས་ཞིག་ཡོད་པ་དེ་གཉིས་འདྲ་པོ་ཡོད་པ་དང༌། རྨི་ལམ་བཏང་ནས་མགྱོགས་པོ་གཉིད་སད་ཀྱི་ཡོད་པ་དེ་དང་བར་དོ་བ་དེ་ཤི་ནས་སྐྱེ་བ་ཕྱི་མའི་ལུས་བླངས་པ་གཉིས་འདྲ་པོ་ཡོད་པ་བཅས་ལ་བརྟེན་ནས་གཉིད་དུས་ཀྱི་སྐུ་གསུམ་ལམ་འཁྱེར་ཡོང་དགོས་པའི་གནད་དོན་དེ་ཡིན།

གཉིད་དུས་ཀྱི་སྐུ་གསུམ་ལམ་འཁྱེར་ཡག་པོ་ཡོང་བ་བྱེད་པའི་ཆེད་དུ་སད་དུས་ཀྱི་སྐུ་གསུམ་ལམ་འཁྱེར་བསྒོམ་དགོས་པའི་རྒྱུ་མཚན་ནི། ང་རང་ཚོ་ཕལ་ཆེ་བ་ཉིན་མོ་བྱ་བ་བཟང་ངན་ག་རེ་བྱས་ཀྱང་གཉིད་དང་རྨི་ལམ་གྱི་སྐབས་ལ་བག་ཆགས་དེ་ག་རང་ཡོང་གི་ཡོད་པ་ཡིན་པས་སད་དུས་སུ་བླ་མའི་རྣལ་འབྱོར་དང་སྦྲགས་ནས་སྐུ་གསུམ་ལམ་འཁྱེར་བསྒོམ་ནས་སྦྱངས་གོམས་ཐོན་པ་བྱུང་ན་གཉིད་དུས་ཀྱི་སྐུ་གསུམ་ལམ་འཁྱེར་ལ་བོགས་འདོན་ཡོང་གི་ཡོད་པའི་གནད་ཀྱིས་རེད།

བསྲེ་བ་བསྐོར་གསུམ་ཟེར་བ་ནི། འཆི་དུས་ཀྱི་བསྲེ་བ། གཉིད་དུས་ཀྱི་བསྲེ་བ། སད་དུས་ཀྱི་བསྲེ་བ་གསུམ་ལ་ཟེར།

བསྲེ་བ་བསྐོར་དགུ་ཟེར་བ་ནི།

(༡)  འཆི་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ།

(༢)  བར་དོ་ལོངས་སྐུ་དང་བསྲེ་བ།

(༣)  སྐྱེ་བ་སྤྲུལ་སྐུ་དང་བསྲེ་བ།

(༤)  གཉིད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ།

(༥)  རྨི་ལམ་ལོངས་སྐུ་དང་བསྲེ་བ།

(༦)  གཉིད་སད་པ་སྤྲུལ་སྐུ་དང་བསྲེ་བ་བཅས་གསུམ།

(༧)  སད་དུས་ཀྱི་འོད་གསལ་ཆོས་སྐུ་དང་བསྲེ་བ།

(༨)  སྒྱུ་ལུས་ལོངས་སྐུ་དང་བསྲེ་བ།

(༩)  སྐྱེ་བ་སྤྲུལ་སྐུ་དང་བཅས་གསུམ་སྟེ་གསུམ་ཚན་གསུམ་པོ་དེ་བསྡོམས་ན་དགུ་ཡོད་དོ།།

གོང་དུ་བསྲེ་བ་སྐོར་གསུམ་ལ་གོ་བ་ཆགས་པའི་ཆེད་དུ་འཆི་བ། བར་དོ། སྐྱེ་བ་གསུམ་གྱི་གནས་ལུགས་ངོ་སྤྲོད་བཤད་པ་དེ་སད་དུས་ཀྱི་སྐོར་གསུམ་དང་སྦྱར་ནས་སྒོམ་སྟངས་ནི།

ཡི་དམ་སོ་སོའི་བདག་བསྐྱེད་ཀྱི་སྐུ་གསུམ་ལམ་འཁྱེར་བསྒོམ་པའི་སྐབས་དང་བླ་མའི་རྣལ་འབྱོར་དང་སྦྲགས་ནས་བསྒོམ་པའི་སྐབས་བཅས་ལ་ཁྱད་པར་ཕྲན་བུ་ཙམ་མ་གཏོགས་ཕལ་ཆེར་འདྲ་བ་ཡིན་པས་འདིར་བླ་མའི་རྣལ་འབྱོར་དང་སྦྲགས་ནས་བཤད་རྒྱུར།

བླ་མཆོད་ཀྱི་དེ་ལྟར་གསོལ་བ་བཏབ་པས་བླ་མཆོག་་་་་་་་་་་་་་་་་་་བརྟན་པར་བཞུགས་སོ་གསོལ། ཞེས་པའི་སྐབས་ཚོགས་ཞིང་བསྡུ་བ་དང་སྦྲགས་ནས་སད་དུས་ཀྱི་སྐུ་གསུམ་ལམ་འཁྱེར་བསྒོམ་པར་འདོད་ན། ཚོགས་ཞིང་བསྡུ་རན་ཁར་ཚོགས་ཞིང་རྣམས་ལ་གསལ་སྣང་ཡག་པོ་ཞིག་འདོན། དེ་ནས་རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ཐུགས་ཀ་ནས་བདེ་བ་ཆེན་པོའི་རང་བཞིན་གྱི་འོད་ཟེར་དམར་པོ་དཔག་མེད་འཕྲོས་པ་ཀུན་བཟང་མཆོད་སྤྲིན་དང༌། ཚོགས་ཞིང༌། ཞི་ཁྲོ་རབ་འབྱམས་ཐམས་ཅད་ལ་ཕོགས་པས་སྣོད་ཀྱི་འཇིག་རྟེན་དག་པའི་ཞིང་ཁམས་སུ་གསལ་བ་ཚང་མ་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷར་གསལ་བ་ལ་འཐིམས། དེ་ཀུན་བཟང་མཆོད་སྤྲིན་ལ་ཐིམ། དེ་དཔག་བསམ་གྱི་ཤིང་ལ་འཐིམ། དེ་སེང་ཁྲི་ཆེན་པོ་ལ་འཐིམ། དེ་ནས་ཆོས་སྲུང་དཔའ་བོ་མཁའ་འགྲོ་ལ་འཐིམ་པ་ནས་རྣལ་འབྱོར་རྒྱུད་ཀྱི་ཡི་དམ། བླ་མེད་ཀྱི་ཡི་དམ་ལ་ཐིམ་པའི་བར་དང༌། བླ་མེད་ཀྱི་ཡི་དམ་རྣམས་འདབ་མ་བཞི་ལ་ཞུགས་པའི་ཡི་དམ་བཞི་པོར་ཐིམ། ཡི་དམ་བཞི་པོ་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་ཐུགས་ཀའི་རྡོ་རྗེ་འཆང་ལ་ཐིམ། རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བླ་མ་རྣམས་འཇམ་མགོན་བླ་མར་ཐིམ། འཇམ་མགོན་བླ་མ་བྱམས་པ་ལ་ཐིམ། དེ་ནས་ཟབ་མོ་ལྟ་བརྒྱུད་ཀྱི་བླ་མ་རྣམས་འཇམ་མགོན་བླ་མར་ཐིམ། འཇམ་མགོན་བླ་མ་འཇམ་དབྱངས་ལ་ཐིམ། དེ་ནས་ཉམས་ལེན་བྱིན་རླབས་བརྒྱུད་ཀྱི་ཡི་དམ་སོ་སོའི་བླ་བརྒྱུད་རྣམས་བརྒྱུད་པ་སོ་སོའི་མགོར་བཞུགས་པའི་རྡོ་རྗེ་འཆང་ལ་ཐིམ། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བླ་བརྒྱུད་རྣམས་མཉམ་མེད་ཇོ་བོ་ཆེན་པོར་ཐིམ། གསང་བདེ་འཇིགས་གསུམ་གྱི་བླ་བརྒྱུད་ཀྱི་མགོར་བཞུགས་པའི་རྡོ་རྗེ་འཆང་དང༌། བཀའ་གདམས་ཐིག་ལེ་བཅུ་དྲུག་གི་བརྒྱུད་པའི་མགོར་བཞུགས་པའི་མཉམ་མེད་ཇོ་བོ་ཆེན་པོ་བཅས་བཞི་པོ་དེ་དགེ་ལྡན་སྙན་བརྒྱུད་ཀྱི་བླ་བརྒྱུད་མགོར་བཞུགས་པའི་རྒྱལ་བ་རྡོ་རྗེ་འཆང་ལ་ཐིམ། དགེ་ལྡན་སྙན་བརྒྱུད་ཀྱི་བརྒྱུད་པའི་བླ་མ་རྣམས་བརྒྱུད་པའི་མགོར་བཞུགས་པའི་རྒྱལ་བ་རྡོ་རྗེ་འཆང་ལ་ཐིམ།

དེ་ནས་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་མདུན་གྱི་རྩ་བའི་བླ་མ་ཞལ་མཇལ་དུས་ཀྱི་རྣམ་པ་ཅན་ལ་ཐིམ། དེ་ནས་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་དང༌། རྩ་བའི་བླ་མ་ཞལ་མཇལ་དུས་ཀྱི་རྣམ་པ་ཅན། སྟེང་གི་དགེ་ལྡན་སྙན་བརྒྱུད་ཀྱི་བརྒྱུད་པའི་རྒྱལ་བ་རྡོ་རྗེ་འཆང༌། གཡས་ཀྱི་རྒྱ་ཆེན་སྤྱོད་བརྒྱུད་ཀྱི་བྱམས་པ། གཡོན་གྱིཟབ་མོ་ལྟ་བརྒྱུད་ཀྱི་འཇམ་དབྱངས་བཅས་ལྔ་པོ་དེ་ལ་གསལ་སྣང་ཅུང་ཟད་འདོན། དེ་ནས་སྟེང་གི་རྡོ་རྗེ་འཆང་དང་གཡས་གཡོན་གྱི་བྱམས་པ་དང་འཇམ་དབྱངས་གཉིས་བཅས་གསུམ་པོ་བླ་མ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་ཐུགས་ཀའི་རྡོ་རྗེ་འཆང་ལ་ཐིམ། མདུན་གྱི་རྩ་བའི་བླ་མ་ཞལ་མཇལ་དུས་ཀྱི་རྣམ་པ་ཅན་དེ་བླ་མ་བླ་བཟང་ཐུབ་དབང་རྡོ་རྗེ་འཆང་ལ་ཐིམ།

དེ་ནས་ཚོགས་ཞིང་སྤྱིའི་སེང་ཁྲི་པད་འདབ་དང་བཅས་པ་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་སེང་ཁྲི་ལ་ཐིམ། སེང་ཁྲི་པད་འདབ་ལ་ཐིམ། དེ་ནས་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་པད་ཉི་ཟླ་བའི་གདན་ལ་བཞུགས་པ་དེ་ལ་གསལ་སྣང་ཅུང་ཟད་བཏོན་ནས་སྐུ་བཞིའི་བདག་ཉིད་མའི་གསོལ་འདེབས་མཇུག དེ་ནས་བཟུང་ནས་ཚེ་རབས་ཀུན་ཏུ་བདག །ཁྱོད་ཞབས་པདྨོ་གུས་པས་མཆོད་པ་དང༌། །ཁྱོད་གསུང་ཉན་ཅིང་སྒོ་གསུམ་བྱ་བ་ཀུན། །ཁྱོད་ཉིད་འབའ་ཞིག་སྒྲུབ་པར་བྱིན་གྱིས་རློབས། །ཞེས་གསོལ་བ་བཏབ་ནས་རང་ཉིད་ཡར་ཐིམ་པ་ཁད་དང༌། བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་ཡང་ཐུགས་ཤིན་ཏུ་དགྱེས་པའི་ངང་ནས་རང་ཉིད་ལ་མར་ཐིམ་ལ་ཁད་ལྟ་བུ་བྱས་པར་བསམ།

དེ་ནས་བླ་མ་བློ་བཟ་ཐུབ་དབང་རྡོ་རྗེ་འཆང་པད་ཉི་ཟླ་བའི་གདན་དང་བཅས་པ་རང་གི་སྤྱི་བོར་བྱོན།

རང་གི་ལུས་ཡི་དམ་གྱི་ལྷར་གསལ་བའི་ལུས་ཀྱི་གཡས་གཡོན་གཉིས་ཀྱི་དཀྱིལ་དང༌། རྒྱབ་མདུན་གཉིས་ཀྱི་རྒྱབ་ལ་ཐག་ཉེ་བར། རྩ་དབུ་མ་ཁ་དོག་དམར་པོ་རག་དུང་མགོ་མཇུག་ལྡོག་པ་ལྟ་བུ། ཡར་སྣེ་སྤྱི་བོའི་ཚངས་བུགས་དང་ཏག་ཏག་འཁེལ་བ། མར་སྣེའི་ནང་དུ་སྙིང་པདྨ་འདབ་བརྒྱད་ཀྱི་དབྱིབས་ལྟ་བུ་ནང་དུ་ཚུད་ནས་ཡོད་པར་བསམ།

(དངོས་དོན་ལ་སྙིང་གི་ཕྱི་མ་རྩ་དབུ་མ་ཡོད་པ་རེད་དེ། འདིར་བསྒོམ་པའི་སྐབས་ཡིན་པའི་སྐྱོན་མེད། སྙིང་པདྨ་འདབ་བརྒྱད་ཀྱི་དབྱིབས་ལྟ་བུ་ཟེར་བ་ཡང་མེ་ཏོག་པདྨའི་འདབ་མ་ནང་ལྟར་ཁ་གས་ནས་ཡོད་པར་བསམ་ན་སྲོག་རླུང་འོང་བའི་ཉེན་ཁ་ཡོད་པས་ཁ་མ་གས་པ་པདྨ་འདབ་བརྒྱད་ཀྱ་བཟོ་ལྟ་དོད་ཙམ་ཞིག་བསམ་ན་འགྲིག)

དེ་ནས་གདན་པདྨ་འདབ་བརྒྱད་འདི་རྩ་དབུ་མའི་ནང་དུ་ཞུགས་ནས་སྙིང་ཁའི་རྩ་འདབ་བརྒྱད་དང་དབྱེར་མེད་དུ་འདྲེས་པ་འོད་དུ་མེར་གྱིས་ཞུ་བ་ལས་པདྨ་འདབ་བརྒྱད་ཀྱི་གདན་དུ་གྱུར། དེ་ནས་ཉི་གདན་ཀྱང་རྩ་དབུ་མའི་ནང་དུ་ཞུགས་པ་སྙིང་གའི་མ་ལས་ཐོབ་པའི་ཁམས་དམར་པོ་དང་འདྲེས་ནས་འོད་དུ་ཞུ་བ་ལས་ཉི་གདན་དུ་གྱུར། ཟླ་གདན་ཡང་རྩ་དབུ་མའི་ནང་དུ་ཞུགས་པ་སྙིང་གའི་ཕ་ལས་ཐོབ་པའི་ཁམས་དཀར་པོ་དང་འདྲེས་ནས་འོད་དུ་ཞུ་བ་ལས་ཟླ་གདན་དུ་གྱུར། དེ་ནས་བླ་མ་ཡང་ཇེ་ཆུང་གིས་མཐེབ་སོར་ཙམ་དུ་གྱུར་པ་སྤྱི་བོ་ནས་རྩ་དབུ་མའི་ནང་དུ་བྱོན་པ་ལས་རང་ཉིད་ཀྱི་ཤིན་ཏུ་ཕྲ་བའི་རླུང་དེས་ཉེར་ལེན་དང༌། བླ་མའི་སྐུ་དེས་ལྷན་ཅིག་བྱེད་རྐྱེན་ནས་འོད་དུ་ཞུ་བ་ལས་ཟླ་གདན་དུ་གྱུར། དེ་ནས་བླ་མ་ཡང་ཇེ་ཆུང་གིས་མཐེབ་སོར་ཙམ་དུ་གྱུར་པ་སྤྱི་བོ་ནས་རྩ་དབུ་མའི་ནང་དུ་བྱོན་པ་ལས་རང་ཉིད་ཀྱི་ཤིན་ཏུ་ཕྲ་བའི་རླུང་དེས་ཉེར་ལེན་དང༌། བླ་མའི་སྐུ་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བླ་མའི་སྐུ་དང་རང་གི་ལུས་གཉིས་དབྱེར་མེད་པའི་སྒྱུ་མའི་སྐུ་དཀར་ལ་དམར་བའི་མདངས་ཆགས་པ་ཞིག་གི་སྐུར་བཞེངས།

ཤིན་ཏུ་ཕྲ་བའི་རླུང་གི་གདན་དེ་ངག་གི་ས་བོན་ཡིན་པས་དེས་ཉེར་ལེན་དང༌། བླ་མའི་གསུང་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བླ་མའི་གསུང་དང་རང་གི་ངག་དབྱེར་མེད་པའི་གསུང་རྡོ་རྗེར་གྱུར། རང་གི་སེམས་ཤིན་ཏུ་ཕྲ་བ་དེས་ཉེར་ལེན་དང༌། བླ་མའི་ཐུགས་དེས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་བདེ་ཆེན་འོད་གསལ་ཆོས་སྐུར་གྱུར།

དེ་འདྲའི་སྐུ་གསུང་ཐུགས་གསུམ་དབྱེར་མེད་པ་དེ་ཉིད་ལ་ཕ་རི་ནས་ཚུར་རིར་བལྟས་བསྡད་པ་ལྟ་བུ་མིན་པར་སྙིང་གའི་ནང་དུ་ཞུགས་པའི་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་དེ་རང་ཉིད་ཡིན་པ་ལྟ་བུ་བྱས་ནས་བསྒོམ་དགོས། དེ་ནས་གསང་བ་རྒྱ་དྲུག་གི་དམིགས་པ་སྐྱོང་ཚུལ་དགའ་ལྡན་ལྷ་བརྒྱ་མའི་བླ་མའི་རྣལ་འབྱོར་གྱི་སྐབས་དང་གཅིག་པ་ཡིན།

དེ་ནས་སད་དུས་ཀྱི་བསྲེ་བ་སྒོམ་ཁར་རང་གི་ལུས་ཀྱི་རྩ་དབུ་མའི་སྤྱི་བོའི་ཚང་བུག་གི་ནང་དུ་སྲོག་འཛིན་རླུང་གི་ངོ་བོ་བླ་མ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་(རྣམ་སྣང༌)།

མགྲིན་པར་གྱེན་རྒྱུའི་རླུང་གི་ངོ་བོ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་(འོད་དཔག་མེད)།

སྙིང་ཁར་ཁྱབ་བྱེད་རླུང་གི་ངོ་བོ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་(མི་བསྐྱོད་པ)།

ལྟེ་བར་ཐུར་སེལ་རླང་གི་ངོ་བོ་རྡོ་རྗེ་འཆང་སྐུ་མདོག་སེར་པོ་(རིན་འབྱུང་)བཅས་བསམ།

དེ་ནས་སྤྱི་བོའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ལས་འོད་ཟེར་དཀར་པོ་འཕྲོས་པ། མགྲིན་པ་ཡན་གྱི་ལུས་ཀྱི་རྩ་ནས་ཐམས་ཅད་ལ་ཁྱབ་པས་སྤྱི་བོའི་བྱང་སེམས་ཞུ་ནས་མགྲིན་པ་ཡན་ཆད་གང༌། ལུས་ཀྱི་སྡིག་སྒྲིབ་དག དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། བུམ་པའི་དབང་ཐོབ། ལུས་ལྷ་སྐུར་བསྒོམ་པའི་སྐལ་བ་དང་ལྡན་པར་བྱས་སོང་བསམ།

ཡང་མགྲིན་པའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་ལས་འོད་ཟེར་དམར་པོ་འཕྲོས། སྙིང་ག་ཡན་གྱི་ལུས་ཀྱི་རྩ་ནང་ཐམས་ཅད་ལ་ཁྱབ་པས་མགྲིན་པའི་བྱང་སེམས་ཞུ་ནས་སྙིང་ག་ཡན་ཆད་གང༌། ངག་གི་སྡིག་སྒྲིབ་དག མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། གསང་བའི་དབང་ཐོབ། ལམ་སྒྱུ་ལུས་བསྒོམ་པའི་སྐལ་བ་དང་ལྡན་པ་བྱས་སོ། །སྙིང་གའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སྔོན་པོ་ལས་འོད་ཟེར་སྔོན་པོ་འཕྲོས་པ། ལྟེ་བ་ཡན་གྱི་ལུས་ཀྱི་རྩ་ནང་ཐམས་ཅད་ལ་ཁྱབ་པས་སྙིང་གའི་བྱང་སེམས་ཞུ་ནས་ལྟེ་བ་ཡན་ཆད་གང༌། ཡིད་ཀྱི་སྡིག་སྒྲིབ་དག ཁྱད་དགའི་ཡེ་ཤེས་རྒྱུད་ལ་སྐྱེས། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ལམ་འོད་གསལ་སྒོམ་པའི་སྐལ་བ་དང་ལྡན་པ་བྱས་སོ། །ལྟེ་བའི་བླ་མ་རྡོ་རྗེ་འཆང་སྐུ་མདོག་སེར་པོ་ལས་འོད་ཟེར་འཕྲོས། གསང་གནས་ཡན་གྱི་ལུས་ཀྱི་རྩ་ནང་ཐམས་ཅད་ལ་ཁྱབ་པས་ལྟེ་བའི་བྱང་སེམས་ཞུ་ནས་གསང་གནས་ཡན་ཆད་གང༌། སྒོ་གསུམ་གྱི་སྡིག་སྒྲིབ་དག ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། ཚིག་དབང་རིན་པོ་ཆེ་ཐོབ། ལམ་ཟུང་འཇུག་ཐུབ་པའི་སྐལ་བ་དང་ལྡན་པ་བྱས་སོ།།

དེ་ནས་སྤྱི་མགྲོན་ལྟེ་བ་གསུམ་གྱི་བླ་མ་སྙིང་ཁར་བསྡུས། རང་སེམས་དགའ་བཞིའི་ངང་གནས་མུས་ཀྱི་ཐོག་ནས་སྡུད་རིམ་སྒོམ་དགོས།

དེ་ནས་སྙིང་གར་བཞུགས་པའི་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་ཐུགས་ཀའི་ཧཱུཾ་ཡིག་ལས་བདེ་བ་ཆེན་པོའི་རང་བཞིན་གྱི་འོད་ཟེར་ཁ་དོག་དམར་པོ་དཔག་ཏུ་མེད་པ་འཕྲོས་པས་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་ཐམས་ཅད་དག་པའི་ཞིང་ཁམས་བདེ་བ་ཅན་ལྟ་བུར་གྱུར། བཅུད་ཀྱི་སེམས་ཅན་རིགས་དྲུག་གི་འགྲོ་བ་དང་རང་ཉིད་ལ་འབྲེལ་བ་ཐོགས་པའི་ཕ་མ་ཉེ་འབྲེལ་དགྲ་བོ་དང་བཅས་པ་ལ་ཕོག་པས་ལུས་ངག་ཡིད་གསུམ་གྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་སྦྱངས་ནས་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་སྐུར་གྱུར།

སྣོད་ཀྱི་འཇིག་རྟེན་བཅུད་ཀྱི་སེམས་ཅན་ལྷ་སྐུར་གསལ་བ་ལ་ཐིམ། བཅུད་ཀྱི་སེམས་ཅན་ལྷ་སྐུར་གསལ་བ་འོདདུ་ཞུ་ནས་རང་ཉིད་ལ་ཐིམ་ནས་ས་ཁམས་ཆུ་ལ་ཐིམ་པའི་རྟགས་ཤར་སོང༌། འདིའི་རྗེས་ལ་ཆུ་ཁམས་མེ་ལ་ཐིམ་པའི་རྟགས་ཡོང་གི་རེད་བསམ་པ་བྱས། དེ་ནས་རང་གི་ལུས་ཀྱི་སྨད་དང་སྟོད་ནས་རིམ་བཞིན་འོད་དུ་ཞུ་ནས་སྙིང་གའི་ཧཱུཾ་ཡིག་ལ་ཐིམ་ནས་ཆུ་ཁམས་མེ་ལ་ཐིམ་པའི་རྟགས་ཤར་པའི་མོས་པ་དང༌། འདིའི་སྔོན་ལ་ས་ཁམས་ཆུ་ལ་ཐིམ་པའི་རྟགས་ཤར་སོང༌། ད་ལྟ་ཆུ་ཁམས་མེ་ལ་ཐིམས་པའི་སྐབས་ཡིན། འདིའི་རྗེས་ལ་མེ་ཁམས་རླུང་ལ་ཐིམ་པའི་རྟགས་ཡོང་གི་རེད་བསམ་པ་བྱས། དེ་ནས་སྙིང་གའི་ཧཱུཾ་ཡིག་གི་ཞབས་ཀྱུ་ཧ་ལ་ཐིམ་ནས་མེ་ཁམས་རླུང་ལ་ཐིམ་པའི་རྟགས་ཤར་བའི་མོས་པ་དང༌། འདིའི་སྔོན་ལ་ཆུ་ཁམས་མེ་ལ་ཐིམ་པའི་རྟགས་ཤར་སོང༌། ད་ལྟ་མེ་ཁམས་རླུང་ལ་ཐིམ་པའི་སྐབས་ཡིན། འདིའི་རྗེས་ལ་རླུང་ཁམས་རྣམ་ཤེས་ལ་ཐིམ་པའི་རྟགས་ཡོང་གི་རེད་བསམ་པ་བྱས།

དེ་ནས་ཧ་ཧའི་མགོ་བོ་ལ་ཐིམ་ནས་རླུང་ཁམས་རྣམ་ཤེས་ལ་ཐིམ་པའི་རྟགས་ཤར་བའི་མོས་པ་དང༌། འདིའི་སྔོན་ལ་མེ་ཁམས་རླུང་ལ་ཐིམ་པའི་རྟགས་ཤར་སོང༌། ད་ལྟ་རླུང་ཁམས་རྣམ་ཤེས་ལ་ཐིམ་པའི་སྐབས་ཡིན། འདིའི་རྗེས་ལ་སྣང་བ་དཀར་ལམ་པ་ཤར་ཡོང་གི་རེད་བསམ་པ་བྱས། དེ་ནས་ཧའི་མགོ་བོ་ཟླ་ཚེས་ལ་ཐིམ་ནས་སྣང་བ་དཀར་ལམ་པ་ཤར་བའི་མོས་པ་དང༌། འདིའི་སྔོན་ལ་རླུང་ཁམས་རྣམ་ཤེས་ལ་ཐིམ་པའི་རྟགས་ཤར་སོང༌། ད་ལྟ་སྣང་བ་དཀར་ལམ་པ་ཤར་བའི་སྐབས་ཡིན། འདིའི་རྗེས་ལ་མཆེད་པ་དམར་ལམ་པ་ཤར་གྱི་རེད་བསམ་པ་བྱས། དེ་ནས་ཟླ་ཚེས་ཀླད་ཀོར་ལ་ཐིམ་ནས་མཆེད་པ་དམར་ལམ་པ་ཤར་བའི་མོས་པ་དང༌། འདིའི་སྔོན་ལ་སྣང་བ་དཀར་ལམ་པ་ཤར་སོང༌། ད་ལྟ་མཆེད་པ་དམར་ལམ་པ་ཤར་བའི་སྐབས་ཡིན། འདིའི་རྗེས་ལ་ཉེར་ཐོབ་ནག་ལམ་པ་ཤར་ཡོང་གི་རེད་བསམ་པ་བྱས། དེ་ནས་ཀླད་ཀོར་ན་དཱ་ལ་ཐིམ་པའི་སྐབས་སུ་ཉེར་ཐོབ་ནག་ལམ་པ་ཤར་བའི་མོས་པ་དང༌། འདིའི་སྔོན་ལ་མཆེད་པ་དམར་ལམ་པ་ཤར་སོང༌། ད་ལྟ་ཉེར་ཐོབ་ནག་ལམ་པ་ཤར་བའི་སྐབས་ཡིན། འདིའི་རྗེས་ལ་འོད་གསལ་ཤར་གྱི་རེད། དེ་དུས་ངེས་པར་དུ་ངོས་ཟིན་ནས་ཆོས་སྐུ་དང་བསྲེ་ཐུབ་པ་བྱས་བསམ་པའི་འཕེན་པ་བཏང༌། དེ་ནས་ནཱ་དཱ་ཡང་འོད་དུ་ཡལ་ནས་སྟོང་པར་གྱུར་པའི་སྐབས་ལ་འོད་གསལ་ཤར་བའི་མོས་པ་དང༌། འདི་སྐབས་རང་གི་སྣང་ངོར་ནཱ་དཱ་ཙམ་ཡང་མ་ལུས་པའི་སྟོང་སང་ཤར་ཡོང་བ། འདི་སྐབས་འགག་བྱ་གསལ་བཏབ་ནས་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རང་སེམས་ཕར་བཏགས་ཙམ་མ་གཏོགས་ཁོ་རང་གི་ངོས་ནས་རང་བཞིན་གྱིས་གྲུབ་པ་གཏན་ནས་མེད་བསམ་པའི་ལྟ་བ་དྲན་དགོས། རང་སེམས་བདེ་བ་ཆེན་པོའི་ངོ་བོར་གནས་པ་དེས་ལྟ་བ་དྲན་ནས་དེ་འདྲའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེ་ལ་གཞི་བཟུང་ས་བྱས་ནས་རང་གི་མ་འོངས་པ་ན་འཐོབ་རྒྱུའི་ཡེ་ཤེས་ཆོས་སྐུ་དེ་ངས་ཐོབ་སོང་བསམ་པ་བྱས། དེ་ནས་བར་དོ་ལོངས་སྐུའི་ལམ་འཁྱེར་བསྒོམ་རྒྱུའི་འཕེན་པ་གཏོང་དགོས། ངས་ཆོས་སྐུའི་གོ་འཕང་འདི་ལ་གནས་ནས་བསྡད་པ་ཡིན་ན་སེམས་ཅན་གྱི་དོན་བྱ་མི་ནུས་པས་སྡུག་བསྔལ་གྱི་མནར་བའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་གཟུགས་སྐུ་རགས་པའི་རྣམ་པ་བསྟན་པར་བྱའོ་བསམ་ནས་རང་གི་གོ་སར་ཕ་མའི་ས་བོན་གྱི་རང་བཞིན་ཉི་མ་དང་ཟླ་བའི་གདན་ཞིག་ཐོལ་གྱིས་བྱུང༌། དེའི་སྟེང་དུ་རང་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ངོ་བོ་ཧཱུཾ་ཡིག་དཀར་ལ་དམར་བའི་མདངས་ཅན་ཁྲུ་གང་པ་ཞིག་བྱུང༌། དེ་ལས་འོད་ཟེར་འཕྲོས་པས་མཁའ་ཁྱབ་ཀྱི་ཞིང་ནས་སངས་རྒྱས་དང༌། བྱང་སེམས། ཞི་ཁྲོ་རབ་འབྱམས་ཐམས་ཅད་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་རྣམ་པར་སྤྱན་དྲངས་ནས་ཧཱུཾ་ཡིག་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་ལོངས་སྐུ་བླ་མ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞིག་གི་སྐུར་བཞེངས་པའི་མོས་པ་བྱ། དེ་ནས་སླར་ཡང་སྤྲུལ་སྐུའི་ལམ་འཁྱེར་གྱི་འཕེན་པ་གཏོང་སྟངས་ནི། ངས་ལོངས་སྐུའི་གོ་འཕང་ལ་གནས་ན་བྱང་སེམས་ས་ཐོབ་པ་ཡན་ཆད་ཀྱི་དོན་མ་གཏོགས་སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་ཐུབ་པ་མི་འདུག་པས་གང་ལ་གང་འདུལ་གྱི་སྤྲུལ་སྐུར་བཟུང་བར་བྱའོ་བསམ་པའི་འཕེན་པ་བཏང་ནས་ལོངས་སྐུ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་དེའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས། སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ལ་ཀུན་བཟང་མཆོད་སྤྲིན་གྱི་མཆོད། དེ་དག་ཐམས་ཅད་ནས་སངས་རྒྱས་ཞི་ཁྲོ་རབ་འབྱམས་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བ་སྤྱན་དྲངས་ནས་ལོངས་སྐུ་རྡོ་རྗེ་འཆང་ལ་ཐིམ་པ་ཡོངས་སུ་གྱུར་པ་ལས་སྤྲུལ་སྐུ་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་སེམས་དཔའ་སུམ་བརྩེགས་ཞིག་གི་སྐུར་བཞེངས་པའི་མོས་པ་བྱ། འདི་རྣམས་སད་དུས་ཀྱི་སྐུ་གསུམ་གྱི་བསྲེ་བ་སྒོམ་སྟངས་ཡིན།

(འདི་སྐབས་སྤྲུལ་སྐུ་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་གི་སྐུར་བཞེངས་པའི་མོས་པ་བྱས་པ་དང༌། བདག་བསྐྱེད་ཀྱི་ཐུན་མཚམས་ཀྱི་ལྷར་བཞེངས་སྐབས་རང་ཉིད་གང་ལ་མོས་པའི་ཡི་དམ་ཞལ་གཅིག་ཕྱག་གཉིས་པ་རྒྱན་ཡོད་ལ་ཕྱག་མཚན་མེད་པའི་རྣམ་པར་བཞེངས་པ་གཉིས་ལ་འགལ་བ་མེད་ནའང་རང་གི་བསམ་པར་སྟབས་མི་བདེ་བ་བྱུང་ན་བླ་མཆོད་སྨོན་ལམ་བཏོན་ཚར་ནས་བཀྲ་ཤིས་མ་བཏོན་པའི་བར་དེར་སྤྲུལ་སྐུ་དམ་ཆོས་ཚིག་སེམས་དཔའ་བླ་མ་ཐུབ་དབང་རྡོ་རྗེ་འཆང་གི་སྐུར་བཞེངས་པ་དེ་སྐད་ཅིག་གིས་གནས་འགྱུར་ནས་ཡི་དམ་སོ་སོའི་སྐུར་བཞེངས་པའི་མོས་པ་བྱས་ཀྱང་ཆོག)

དེ་ནས་དགོང་མོ་གཉིད་ཉལ་ཁར་གཉིད་དུས་ཀྱི་ཆོས་སྐུའི་བསྲེ་བ་བསྒོམ་ནས་རྨི་ལམ་བཏང་བ་ན་རྨི་ལམ་ལོངས་སྐུའི་བསྲེ་བ་བསྒོམ་དགོས། གཉིད་སད་པ་ན་སྤྲུལ་སྐུའི་བསྲེ་བ་བསྒོམ་དགོས་པ་དེ་རྣམས་བསྒོམ་ཚུལ་ནི་གཉིད་ཁུག་འདོད་པ་ན་གོང་དུ་སད་དུས་ཀྱི་ཆོས་སྐུའི་བསྲེ་བའི་སྐབས་གོས། གཉིད་སད་པ་ན་སྤྲུལ་སྐུའི་བསྲེ་བ་བསྒོམ་དགོས་པ་དེ་རྣམས་བསྒོམ་ཚུལ་ནི་གཉིད་ཁུག་འདོད་པ་ན་གོང་དུ་སད་དུས་ཀྱི་ཆོས་སྐུའི་བསྲེ་བའི་སྐབས་སུ་བཤད་པ་ནང་ལྟར་འབྱུང་བ་ཐིམ་རིམ་རྣམས་དང་སྦྲགས་ནས་གཉིད་དུས་ཀྱི་འོད་གསལ་བསྒོམ་རྗེས། རྨི་ལམ་བཏང་བ་ན་ཐ་མལ་པར་མ་ཤོར་བར་ངེས་པར་དུ་ལོངས་སྐུ་རྡོ་རྗེ་འཆང་གི་སྐུར་བཞེངས་ཐུབ་པ་ཞིག་བྱའོ་སྙམ་དུ་འཕེན་པ་བཏང་ནས་གནས་སྐབས་རྨི་ལམ་ཟིན་མ་ཐུབ་པའི་རིང་རྨི་ལམ་གྱི་ལོངས་སྐུའི་བསྲེ་བ་ལ་ཤར་སྒོམ་ཙམ་བྱས་པས་འཐུས། གང་ལྟར་གཉིད་ཁུག་ནས་རྨི་ལམ་མ་བཏང་བའི་བར་ཁྱབ་བྱེད་ཀྱི་རླུང་མ་གཏོགས་གཞན་ཚང་མ་འཆི་དུས་སྐབས་དང་འདྲ་བར་སྙིང་གར་འདུས་ན་ཡོད་པས་དེའི་རིང་གཉིད་ཀྱི་འོད་གསལ་སྒོམ་པ་ཡིན།

དེ་ནས་རླུང་འགའ་ཞིག་མགྲིན་པར་འདུས་ནས་གཉིད་ཕྲན་བུའི་སྲབ་ཏུ་ཕྱིན་པ་ན་རྨི་ལམ་གཏོང་གི་ཡོད་པས་རྨི་ལམ་ཤར་བ་ན། རང་གི་ལུས་ལས་ལོགས་སུ་རྨི་ལམ་གྱི་ལུས་ཤིག་འཆར་རྒྱུ་ཡོད་པས་རྨི་ལམ་གྱི་ལུས་དེ་ལོངས་སྐུ་རྡོ་རྗེ་འཆང་སྐུ་མདོག་དཀར་པོ་ཞིག་གི་སྐུར་བཞེངས་པའི་མོས་པ་བྱ། དེ་ནས་རྨི་ལམ་གྱི་ལུས་ལོངས་སྐུ་རྡོ་རྗེ་འཆང་དུ་གསལ་བ་དེས་རིགས་དྲུག་གི་གནས་སུ་ཕྱིན་ནས་དེ་རྣམས་སོ་སོའི་སྡུག་བསྔལ་ལས་བསྐྱབས་ནས་བདེ་བ་ལ་བཀོད། སླར་ཡང་ལུས་དེས་དགའ་ལྡན་དང༌། མཁའ་སྤྱོད་བདེ་བ་ཅན་ལ་སོགས་པ་སངས་རྒྱས་ཀྱི་ཞིང་ཁམས་རྣམས་སུ་ཕྱིན་ནས་མཆོད་པ་ཕུལ། ཆོས་ཉན་པ་བཅས་གཉིད་མ་སད་བར་དུ་བསྒོམ། གཉིད་སད་པ་ན་རྨི་ལམ་གྱི་ལུས་ལོངས་སྐུ་རྡོ་རྗེ་འཆང་དུ་གསལ་བ་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཞི་ཁྲོ་རབ་འབྱམས་ཐམས་ཅད་ནམ་མཁའི་ཁམས་གང་བ་སྤྱན་དྲངས་ནས་ལོངས་སྐུ་རྡོ་རྗེ་འཆང་དུ་གསལ་བ་ལ་འཐིམ། དེ་ཉིད་རང་གི་ལུས་པོ་སྤྲུལ་སྐུ་དམ་ཚིག་སེམས་དཔར་གསལ་བའི་ཐུགས་ཀར་བྱོན་ནས་ཡེ་ཤེས་སེམས་དཔའི་ཚུལ་དུ་ཞུགས་པའི་མོས་པ་བྱ།

(གཉིད་དུས་ཀྱི་འོད་གསལ་སྒོམ་སྐབས་སོ་སོས་བསྒོམ་པའི་འབྱུང་བ་ཐིམ་རིམ་དང་གཉིད་ཁུག་རན་པའི་སྐབས་ཀྱི་འབྱུང་བ་ཐིམ་རིམ་གཉིས་ཁ་ཐུག་འཁེལ་བ་ཞིག་ཐོག་མར་ཁག་པོ་ཡོད་ཀྱང་རྗེས་སུ་རིམ་པས་ཁ་ཐུག་འཁེལ་བ་ཡོང་རྒྱུ་ཡོད་པ་དང༌། ཡང་གཉིད་མཐུག་དྲགས་ནས་རྨི་ལམ་མ་བཏང་ན་རྨི་ལམ་ཡོང་བའི་ཐབས་སུ་ཉལ་ཁར་མགྲིན་པར་བླ་མ་རྡོ་རྗེ་འཆང་སྐུ་མདོག་དམར་པོ་མཐེབ་སོར་ཙམ་ཞིག་གསལ་བཏབ་ནས་དེ་ལ་རྨི་ལམ་ལོངས་སྐུ་དང་བསྲེ་ནུས་པར་གསོལ་བ་རྩེ་གཅིག་ཏུ་བཏབ་རྗེས་གཉིད་དུས་ཀྱི་འོད་གསལ་གོང་དུ་བཤད་པ་ལྟར་བསྒོམ།

ཡང་གཉིད་སྲབ་དྲགས་ནས་ཡང་ཡང་སད་ནས་རྨི་ལམ་མ་བཏང་ན། སྙིང་ཁའི་བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་ལ་གསོལ་བ་འདེབས་བཞིན་པའི་སྒོ་ནས་གཉིད་དུས་ཀྱི་འོད་གསལ་བསྒོམ་ན་ཡང་འགྲིག ཡང་དགོང་མོ་རེ་གཉིས་གཉིད་བཅག་ནས་ཉིན་པར་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་གང་བྱས་དང༌། སྣང་བ་ཐམས་ཅད་རྨི་ལམ་ལྟ་བུ་ཡིན་བསམ་པའི་མོས་པ་བྱས་ན་ཕན)།

དེ་ནས་འཆི་དུས་ཀྱི་བསྲེ་བ་སྐོར་གསུམ་སྒོམ་སྟངས་སྐོར།

གློ་བུར་གྱིས་འཆི་བ་མིན་པར་དུས་ཐོག་ཏུ་འཆི་ན་རང་ཉིད་འཆི་བའི་གོང་ནས་ཞག་གཅིག་གཉིས་ཙམ་ནས་འབྱུང་བ་ཐིམ་རིམ་གྱི་རྟགས་ཡོང་གི་ཡོད་པ་དེ་ཚོ་ཡོང་བཞིན་སད་དུས་ཀྱི་བསྲེ་བ་ལྟར་ངོས་འཛིན་ཐུབ་པ་དང༌། ལྷག་པར་དུ་ཉེར་ཐོབ་ནག་ལམ་པ་ཤར་ནས་འོད་གསལ་དངོས་གཞི་ཤར་བའི་སྐབས་གོང་དུ་སད་དུས་ཀྱི་སྐབས་སུ་བཤད་པ་ལྟར་བདེ་སྟོང་སྦྱར་ནས་བསྒོམ། དེ་ནས་བར་དོ་སྒྲུབ་པའི་སྐབས་དངོས་སུ་ལོངས་སྐུར་བསྒྱུར་མ་ཐུབ་ཀྱང་ཕུང་པོ་རྙིང་པ་དེ་ལས་ལོགས་སུ་ཡིད་ངོར་ལོངས་སྐུ་རྡོ་རྗེ་འཆང་གི་སྐུར་བཞེངས་པའི་སྣང་བ་འཆར་ཐུབ་པ་བྱས་བསམ་པའི་འཕེན་པ་བཏང༌།

དེ་ནས་ལོངས་སྐུ་རྡོ་རྗེ་འཆང་དེ་ཉིད་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱིས་གདུགས་དང༌། རྒྱལ་མཚན་དང༌། བ་དན། རོལ་མོ། སིལ་སྙན་སོགས་མཆོད་རྫས་སྣ་ཚོགས་ཐོགས་པས་བསུ་བ་བྱས་ནས་དགའ་ལྡན་དང་མཁའ་སྤྱོད་ཞིང་དུ་གདན་དྲངས། བླ་མ་བློ་བཟང་ཐུབ་དབང་རྡོ་རྗེ་འཆང་དང་དངོས་སུ་མཇལ་ནས་དགེ་བའི་བཤེས་གཉེན་མཛད་ནས་ས་ལམ་བགྲོད་པའི་གྲོགས་མཛད་པའི་མོས་པ་བྱ།

གལ་ཏེ་ལས་ཀྱི་དབང་གིས་དག་པའི་ཞིང་དུ་སྐྱེ་མ་ཐུབ་པར་སྐྱེ་བ་གཞན་ལེན་དགོས་བྱུང་ན་སྐྱེ་བ་ལེན་སའི་ཕ་མའི་མངལ་གཞལ་ཡས་ཁང་དུ་བསྒོམ་པའི་དབུས་སུ་བར་དོའི་ལོངས་སྐུ་རྡོ་རྗེ་འཆང་དེ་ཞུགས་ནས་སྐྱེ་བ་བླངས་པ་དང༌། སྤྲུལ་སྐུ་བླ་མ་རྡོ་རྗེ་འཆང་དང༌། ཡི་དམ་སོགས་ཀྱི་སྐུར་བཞེངས། ལོངས་སྐུ་རྡོ་རྗེ་འཆང་དེ་སྤྲུལ་སྐུ་དམ་ཚིག་སེམས་དཔའི་ཐུགས་ཀར་ཡེ་ཤེས་སེམས་དཔའི་ཚུལ་གྱིས་བཞུགས་པར་བསམ།

གོང་གསལ་བསྲེ་བའི་སྐོར་གྱི་དམིགས་རྣམ་བསྐྱངས་ནས་དངོས་སུ་ལམ་འཁྱེར་མ་ཐུབ་ཀྱང་གོ་བ་ཆགས་ནས་མོས་པ་ཡིད་བྱེད་ཙམ་གྱིས་ངན་སོང་གི་སྐྱེ་བ་བཟློག་ནས་སངས་རྒྱས་མ་ཐོབ་པར་དུ་གསང་སྔགས་སྒྲུབ་པའི་ལུས་རྟེན་ངེས་པར་དུ་ལེན་ཐུབ་ཀྱི་རེད་ཅེས་གསུངས་འདུག་པས་མངོན་ཆུང་ངང་ཉམས་བཞེད་གནང་མཛོད།

འདི་ཚོ་སེམས་ལ་མ་ངེས་བར་དུ་ཟིན་བྲིས་འདི་ཉར་ཚགས་གནང་ནས་སེམས་ལ་ངེས་པོ་ཆགས་སོང་ན་མེ་ལ་ཕུལ་ན་ལེགས་པས་དེ་དོན་དགོངས་འཇགས་ཐོག་ཁྱེད་ཉིད་སྐུ་ཚེ་རིང་ཞིང༌། ཕྱི་ནང་གསང་བའི་བར་ཆད་ཞི་ནས་དལ་འབྱོར་དོན་ལྡན་ཡོང་བའི་སྨོན་ལམ་ཡང་ཞུ་རྒྱུ་བཅས།

དོན་ཡོད་རྡོ་རྗེས་བྲིས་ནས།

ཕུལ།

-དགའ་ལྡན་སྙན་བརྒྱུད་བླ་མའི་རྣལ་འབྱོར་དང་འབྲེལ་བའི་བསྲེ་བ་སྒོམ་ཚུལ་གྱི་མང་ངག་འདི་ཡང་མགོན་པོ་མཆོག་གི་གསུང་སྐྱེས་ཐ་མལ་པ་རྣམ་གྲྭ་བློ་བཟང་ཆོས་དར་བདག་ལ་རིག་གསར་སྐབས་རྒྱུན་གྱི་ཉམས་ལེན་དུ་བརྩེ་བ་ཆེན་པོས་དགྱེས་བཞིན་དུ་སྩལ་བའི་ཞལ་གདམས་ཡིད་ཀྱི་སྒྲོན་མེ་ལགས་སོ།།

 

 

 

 

 

 

 

 

དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་སྨོན་ལམ་འཁོར་མཚོ་མ་སོགས་སྔོན་བྱོན་དམ་པའི་ཞལ་གདམས་ཕྱོགས་བསྡུས་ཀྱི་དཔར་བྱང༌།

སྨྲས་པ།

ཐེག་མཆོག་ལམ་གྱི་སྙིང་པོ་བྱང་ཆུབ་སེམས། །

ཚེ་གཅིག་ཉམས་ལེན་སྟོབས་ལྔར་སྒྲིལ་བ་སྟེ། །

དེ་ཡི་སྔོན་འགྲོར་སྟོབས་བཞིའི་བཤགས་བསྡོམས་དང༌། །

ཆོས་བརྒྱད་མགོ་སྙོམས་གཅེས་འཛིན་འདུལ་བ་མཆོག །

ཆོས་ལྟར་སྣང་ཡང་ཆོས་སུ་མ་སོང་བའི། །

འཁྲུལ་པ་སེལ་ནས་བློ་སྣ་ཆོས་ཕྱོགས་སུ། །

སྒྱུར་བྱེད་སྔོན་བྱོན་དམ་པའི་ཞལ་གྱི་མགུར། །

དེང་གི་དུས་ཀྱང་གྲོས་འདེབས་བསླབ་བྱའི་མཆོག །

ཟུང་འཇུག་སྐུ་བརྙེས་འཕགས་མཆོག་ཀླུ་སྒྲུབ་ཀྱིས། །

བདག་འདྲའི་སྙིགས་དུས་ཆོས་བྱེད་སྐལ་ལྡན་ལ། །

སྨོན་ལམ་ཚུལ་དུ་གདམས་པའི་བཀའ་སློབ་འདི། །

སྙིང་ལ་བཅངས་ན་དལ་འབྱོར་དོན་ལྡན་འབྱུང༌། །

ལྔ་བདོའི་འགྲོ་བ་སྤྱི་དང་ཆོས་བྱེད་ཀྱི། །

སྐྱེ་བོ་ཡོངས་ལ་དམ་ཚིག་ཉམས་ཆགས་ལས། །

བྱུང་བའི་མི་གཙང་ཉེས་ཚོགས་ཅི་མཆིས་ཀུན། །

རྣམ་འཇོམས་ཡུལ་ཁྲུས་ལེགས་ཚོགས་སྤེལ་བར་སྨན། །

ཡུལ་སྡེ་འཁྲུགས་དང་ལས་འབྲས་སྙོག་པ་ཡིས། །

མཆོག་གསུམ་རྟེན་གྱི་རབ་གནས་ཉམས་པ་ཀུན། །

ལྷ་སྔགས་ཏིང་འཛིན་ཆོ་ག་ཚང་བ་ཡིས། །

རབ་གནས་ཡང་ཡང་བསྐྱར་བར་དམ་པས་གསུངས། །

དེ་སླད་འཇིག་རྟེན་གསུམ་མགོན་ཐ་མལ་ངོར། །

སྣང་བརྙན་ཚུལ་དུ་ཟློས་པའི་སྤྱན་སྔ་རུ། །

སྲི་ཞུར་ལེགས་བརྩོན་མདོ་སྔགས་རིམ་གཉིས་ལམ། །

མོས་ལྡན་ཆོས་དར་ཞེས་བྱས་ལྷག་བསམ་གྱིས། །

འཛད་མེད་ཆོས་སྦྱིན་དཔར་དུ་དྲངས་པའི་དགེས། །

བསྟན་འཛིན་ཞབས་བརྟན་དགེ་འདུན་ཆོས་སྤྱོད་འཕེལ། །

འཇིག་རྟེན་བདེ་ཞིང་འགྲོ་ཀུན་བླང་དོར་མིག །

རབ་གསལ་ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག །

ཅེས་པ་འདི་ཡང་དེང་དུས་ཆོས་བྱེད་ཡོངས་ལ་བླང་དོར་གསལ་པོར་སྟོན་པའི་ཞལ་གདམས་གཅེས་བསྡུས་འགའ་ཞིག་ང༌། རྣམ་འཇོམས་བུམ་སྒྲུབ་རབ་གནས་རྟ་ཐོག་མ་བཅས་ཆོས་སྦྱིན་དཔར་དུ་བསྐྲུན་པར་མཛད་པའོ། །འཕགས་མཆོག་འཇིག་རྟེན་དབང་ཕྱུག་གངས་ལྗོངས་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དུ་སྣང་བརྙན་ཚུལ་བསྟན་ལྷ་ཁང་ཆེན་པོའི་སྐུ་གཉེར་སྲི་ཞུར་བརྩོན་ཞིང༌། མདོ་སྔགས་ལམ་གྱི་རིམ་པར་རྒྱུན་གྱི་རྣལ་འབྱོར་ལ་གཞོལ་བ་བློ་བཟང་ཆོས་དར་ལགས་ནས་དཔར་བྱང་སྨོན་ཚིག་ཞིག་དགོས་ཞེས་བསྐུལ་མ་གནང་བ་ངོ་མ་བཟློག་ཙམ་དུ། སྙིགས་དུས་ཀྱི་ཆོས་གཟུགས་གྲལ་དུ་སྙེགས་པ་གཡས་འཁྱིལ་མིང་ཅན་ནས་བྲིས་པའོ།།

 

 

 

 

 

 

 

 

 

 

 

 

 

 

 

 

བྱང་ཆུབ་ལམ་གྱི་རིམ་པའི་དམར་ཁྲིད་བདེ་ལམ་གྱི་སྦྱོར་དངོས་མཇུག་གི་རིམ་པའི་དགོངས་དོན་སྟོན་པའི་ཟིན་བྲིས་འོད་ཀར་འཕྲེང་བའི་དཔར་བྱང༌།

 

ཟབ་རྒྱས་གདམས་པའི་སྙིང་བཅུད་ཡོངས་རྫོགས་པ། །

སྐྱེས་བུ་གསུམ་གྱི་ལམ་དུ་ལེགས་བསྡུས་ནས། །

ཚེ་གཅིག་སངས་རྒྱས་ས་རུ་བགྲོད་པའི་ཐབས། །

ཚང་ལ་མ་ནོར་བྱང་ཆུབ་ལམ་རིམ་ཉིད། །

ཨ་ཏི་ཤ་དང་འཇམ་མགོན་ཙོང་ཁ་པའི། །

ཐུགས་མཚལ་རྗེན་པར་ཕྱུང་པའི་ཞལ་གྱི་ཆབ། །

བྱིན་རླབས་དྲོད་རླངས་ཆིལ་ལེར་འཐུལ་བ་ཡི། །

གདམས་ཟབ་འདི་འདྲར་སྤྱོད་དུ་ཡོད་པ་ཡང༌། །

སྔོན་བསགས་བསོད་ནམས་དཔག་མེད་མཐུ་ལས་བྱུང༌། །

རང་འབྲིང་ཐ་གསུམ་བློ་དང་ལེགས་འཚམས་པའི། །

བདེ་ལམ་ཟིན་བྲིས་འོད་དཀར་ཕྲེང་བ་འདི། །

སྐྱོང་ཚུལ་གནད་ཚང་དོན་གྱི་འགག་འདུས་པའི། །

བརྒྱུད་ལྡན་བླ་མའི་གསུང་རྒྱུན་མིག་ལམ་དུ། །

འཁོད་འདི་རྒྱལ་བསྟན་ཡུན་དུ་གནས་བྱའི་ཆེད། །

མི་ཕྱེད་དད་དམ་བློ་གྲོས་རྩལ་བཟང་པོས། །

ཆོས་སྤྱོད་རྣམ་དཀར་དཔལ་ཡོན་དར་བ་ཡི། །

ལྷག་བསམ་དག་པའི་འདུན་པས་ཡོངས་བསྐུལ་ནས། །

རྒྱུ་སྦྱར་གསར་དུ་བཞེངས་པའི་ལེགས་བྱས་འདིས། །

སྐྱབ་གཅིག་གངས་ཅན་མགོན་པོའི་ཞབས་བརྟན་ཅིང༌། །

བསྟན་འགྲོའི་གསོས་སུ་སྨིན་པའི་ཐུགས་བསྐྱེད་ཀུན། །

གེགས་མེད་བཞེད་པ་ཇི་བཞིན་ལེགས་འགྲུབ་སྟེ། །

འཇིག་རྟེན་ཞི་བདེར་གནས་པའི་དཔལ་འགྲུབ་ཤོག །

ཅེས་སྨོན་ཚིག་ཏུ་བྱས་པའི་ཚིགས་བཅད་འདི་ཡང༌། འཕགས་མཆོག་སྤྱན་རས་གཟིགས་ཀྱི་རང་སྣང་དག་པའི་ཞིང་དང་གཉིས་སུ་མ་མཆིས་པའི་གྲུ་འཛིན་ཕོ་བྲང་ཆེན་པོའི་དཔེ་མཛོད་ལེགས་སྒྲིགས་མཛད་པོ། གཞོན་ནུའི་དུས་ནས་མཆོག་གསུམ་ཞིང་གི་དམ་པར་དད་མོས་གཅིག་ཏུ་བརྟན་ཞིང༌། ཚང་ལ་མ་ནོར་བའི་ལམ་བཟང་པོར་གང་ནུས་ཅི་ལྕོགས་ཀྱིས་ཉམས་ལེན་ལ་བརྩོན་པ་རྣམ་གྲྭ་བློ་བཟང་ཆོས་དར་ལགས་ནས། བྲག་དཀར་བསེ་ཤུལ་དགེ་བཤེས་རིན་པོ་ཆེ་དགེ་ལེགས་ཡར་འཕེལ་གྱི་གསུང་རྒྱུན་མན་ངག་རྣམས་ཁྲི་བརྟན་དགེ་སློང་བསྟན་འཕེལ་གྱིས་ཟིན་བྲིས་སུ་འགོད་གནང་མཛད་པའི་ལམ་རིམ་གྱི་ཟིན་བྲིས་འདི་བཞིན། རྒྱས་བསྡུས་འཚམས་ལ་དམིགས་པ་སྐྱོང་བདེ་ཞིང༌། མན་ངག་གི་གནད་ཆ་ཚང་བ་བཅས་དཔེ་རྒྱུན་འཕེལ་བ་ཞིག་བྱུང་ན་དགོངས་ཏེ། ཆ་ཚང་གཅིག་འབྲི་བཤུས་མཛད་པའི་སྨོན་ཚིག་ཞིག་དགོས་ཞེས་བསྐུལ་མ་མཛད་པ་ལྟར་སྙིགས་དུས་ཀྱི་བླ་མིང་འཛིན་པ་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་དང་བ་ཆེན་པོས་བྲིས་པའོ།།

༡༩༩༤ལོའི་ཟླ་ ༡༡ ཚེས་ལ།

 

 

 

དཔལ་ལྡན་ལྷ་མོ་རེ་མ་ཏིའི་གཏོར་འབུལ།

 

 

གཟུངས་འཛིན་རྣམ་རྟོག་འཁྲུལ་པའི་དགྲ་བོ་ཀུན། །མི་ཤིག་དབྱིངས་སུ་བསྒྲུལ་བའི་ཤ་ཁྲག་རུས། །སྦྱང་རྟོགས་སྦར་བྱས་བདུད་རྩིའི་གཏོར་མ་འདི། །དཔལ་ལྡན་ལྷ་མོ་འཁོར་བཅས་མཉེས་ཕྱིར་འབུལ། །ཕྱི་ལྟར་བསྟན་སྲུང་དྲག་མོའི་སྐུར་བསྟན་ཡང༌། །ནང་དུ་རྒྱལ་ཡུམ་མཁའ་སྤྱོད་དབང་མོ་དངོས། །གསང་བ་རྡོ་རྗེའི་གྲོང་གི་ཙནྜ་ལི། །རྣམ་གསུམ་དབྱེར་མེད་ངོ་བོར་ཁྱོད་བསྟན་ན། །ཕྱི་ཡི་བསྟན་སྐྱོང་འདོད་པའི་དོན་ཀུན་སྒྲུབ། །ནང་གི་བསྟན་སྐྱོང་དགའ་བཞིའི་ཡེ་ཤེས་བརྩོལ། །གསང་བའི་བསྟན་སྐྱོང་ལྟེ་བའི་ཙནྜ་ལི། །འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་ཀུན་གྲུབ་མཛོད།།

འདོད་ཁམས་དབང་ཕྱུག་དཔལ་ལྡན་ལྷ་མོ་དམག་ཟོར་མའི་ངེས་དོན་གྱི་དག་པ་དང་སྦྱར་བའི་གཏོར་འབུལ་ཚིགས་བཅད་འདི་ཡང་དད་བརྩོན་རྣམ་དཔྱོད་ཡངས་པ་རྣམ་གྲྭ་བློ་བཟང་ཆོས་དར་ལགས་ཀྱིས་བསྐུལ་བ་བཞིན་སེར་སྨད་དུང་དཀར་སྐྱེ་མིང་བློ་བཟང་དགའ་ལྡན་འཕྲིན་ལས་རྒྱ་མཚོར་འབོད་པས་དང་བ་ཆེན་པོས་སྦྱར་བའོ།།

བརྒྱུད་སྐུལ།

མཆན་སྤེལ།