དུང་དཀར་གྲུབ་མཐའ། ས་བཅད་བཞི་པ།

དུང་དཀར་གྲུབ་མཐའ། ས་བཅད་བཞི་པ།

ས་བཅད་བཞི་པ། སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སོ་སོའི་འདོད་ཚུལ།

 

སངས་རྒྱས་ཆོས་ལུགས་ལ་རྒྱ་གར་དུ་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་གྲུབ་མཐའ་བཞི་དང༌། བོད་དུ་རྙིང་མ། བཀའ་གདམས་པ། ས་སྐྱ། བཀའ་བརྒྱུད། ཞི་བྱེད། ཇོ་ནང༌། དགེ་ལུགས་སོགས་བྱུང་བ་ཚང་མའི་གཞི། ལམ། འབྲས་བུ་བཅས་ལ་འདོད་ཚུལ་མི་འདྲ་བ་ཕྲན་བུ་ཡོད་ཀྱང་རྩ་བའི་འགལ་བ་ཆེར་མེད་ཅིང༌། གྲུབ་མཐའ་མི་འདྲ་བའི་ཁྱད་པར་ཆེན་པོ་འབྱུང་སའི་རྩ་བ་ཐུག་ས་ནི་ལྟ་བ་མི་འདྲ་བའི་སྒོ་ནས་འཇོག་པ་ཡིན་པས་འདིར་དེའི་སྐོར་གནད་བསྡུས་བརྡ་མཚོན་ཙམ་ཞིག་དོན་ཚན་གསུམ་དུ་བསྡུས་ནས་འཆད་རྒྱུར།

 

༡.     རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་བཞིའི་ལྟ་ཚུལ་མདོ་ཙམ་བཤད་པ།

༢.    རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་བཞིའི་ལྟ་ཚུལ་རྒྱས་པར་བཤད་པ།

༣.    བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་བཤད་པ།

༤.    ཐེག་ཆེན་ཐུན་མོང་མ་ཡིན་པ་གསང་སྔགས་ཀྱི་ཁྱད་ཆོས་དང་ལམ་བགྲོད་ཚུལ་གྱི་ཁྱད་པར་བཅས་ཡོད།

 

དང་པོ། རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་

བཞིའི་ལྟ་ཚུལ་མདོ་ཙམ་བཤད་པ།

 

༡. རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ལ་ཐེག་པ་ཆེ་ཆུང་གི་སྒོ་ནས་དབྱེ་ན་ཐེག་དམན་གྲུབ་མཐའ་གཉིས་(བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་)དང༌། ཐེག་ཆེན་གྲུབ་མཐའ་སྨྲ་བ་གཉིས་(སེམས་ཙམ་པ་དང་དབུ་མ་པ་)གཉིས་བཅས་བཞི་ཡོད།

jབྱེ་བྲག་སྨྲ་བ།

བྱེ་བྲག་སྨྲ་བ་ཞེས་པའི་མིང་གི་གོ་དོན། སྐྱེ་འགག་གནས་གསུམ་ཡོད་པའི་དངོས་པོ་ཐམས་ཅད་ལ་དུས་གསུམ་རེ་ཡོད་ཅིང༌། དངོས་པོ་དེའི་དུས་གསུམ་གྱི་སྐབས་སུ་དངོས་པོ་དེ་འདོར་ཡང་དེའི་རྫས་རྒྱུན་ཡོད་པར་ཁས་ལེན་པའི་དབང་གིས་མིང་དེ་ལྟར་བཏགས་པ་ཡིན། དེ་ཡང་དངོས་པོ་ཐམས་ཅད་ཐོག་མར་མ་འོངས་པ་ནས་ད་ལྟ་བ། ད་ལྟ་བ་ནས་འདས་པར་འཕོས་པའི་སྐབས་སུ་དངོས་པོ་སྔ་མ་དོར་ཟིན་ཀྱང་དེའི་རྫས་སྔར་བཞིན་གནས་པ་ཡིན་པ། དཔེར་ན། གསེར་ལས་བྱས་པའི་སྣོད་སྤྱད་ཅིག་བཅོས་ནས་དངོས་པོ་གཞན་ཞིག་བྱེད་པ་ན་དངོས་པོ་སྔ་མ་དེ་དོར་ཟིན་ཀྱང་དེའི་རྫས་རྒྱུན་ད་དུང་གནས་པ་ལྟ་བུ་ཡིན་པས་དངོས་པོ་ཐམས་ཅད་ཀྱི་དུས་གསུམ་ནི་དངོས་པོ་དེ་ཡི་རྫས་རྒྱུན་གྱི་བྱེ་བྲག་དང༌། དེའི་ཆ་ཤས་ཞིག་ཡིན་ཟེར།

བྱེ་བྲག་སྨྲ་བའི་ལྟ་བའི་འདོད་ཚུལ་ནི། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་དང་བཅུ་ཕྲག་འགའ་ཞིག་སོང་བ་ན། བྱེ་བྲག་སྨྲ་བའི་གྲུབ་མཐའི་ལྟ་ཚུལ་མི་མཐུན་པའི་རྩོད་གླེང་འགའ་ཞིག་བྱུང་བའི་དབང་གིས་ཐོག་མར་དགེ་འདུན་པ་རྣམས་ཕལ་ཆེར་སྡེ་པ་དང་གནས་བརྟན་སྡེ་པ་གཉིས་སུ་གྱེས་པ་དང༌། དེ་རྗེས་སྡེ་པ་བཅོ་བརྒྱད་སོ་སོར་གྱེས་པ་སྟེ། སློབ་དཔོན་དུལ་བ་ལྷས། ཤར་ནུབ་རི་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བ་དང༌། །བཏགས་པར་སྨྲ་བའི་སྡེ་རྣམས་ནི། །ལྔ་ཚན་དགེ་འདུན་ཕལ་བའི་སྡེ། །ཞེས་ཕལ་ཆེན་པ་ལས་གྱེས་པ་ལྔ་དང༌། གཞི་ཀུན་ཡོད་དང་འོད་སྲུང་སྡེ། །ས་སྟོན་སྡེ་དང་ཆོས་སྲུང་སྡེ། །མང་ཐོས་གོས་དམར་སློབ་མར་བཅས། །ཕྱེ་སྟེ་སྨྲ་བའི་སྡེ་རྣམས་ནི། །གཞི་ཀུན་ཡོད་པར་སྨྲ་བ་ཡིན། །ཞེས་གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན། རྒྱལ་བྱེད་ཚལ་གནས་འཇིགས་མེད་གནས། །གཙུག་ལག་ཁང་གནས་གནས་བརྟན་པ། །ཞེས་གནས་བརྟན་པ་ལས་གྱེས་པ་གསུམ། ས་སྒྲོག་རི་དང་སྲུང་བ་པ། །གནས་མ་བུ་པའི་སྡེ་རྣམས་ནི། །མང་པོས་བཀུར་བའི་སྡེ་པ་ཡིན། །ཞེས་མང་བཀུར་བ་ལས་གྱེས་པ་གསུམ་བཅས་ཏེ་བཅོ་བརྒྱད་ཡོད།

བྱེ་བྲག་སྨྲ་བའི་སྡེ་པ་བཅོ་བརྒྱད་ཡོད་པའི་ནང་ནས་མང་བཀུར་གྱི་སྡེ་པ་མ་གཏོགས་གཞན་ཚང་མས་གང་ཟག་གི་བདག་མེད་ཁས་ལེན་ཅིང༌། དེ་ཡང་གང་ཟག་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་དང༌། ཕྱི་རོལ་མུ་སྟེགས་པས་འདོད་པ་ལྟར་གྱི་རྟག་གཅིག་རང་དབང་ཅན་གྱི་སྟོང་པ་ལ་ཟེར་བ་ལས། ཆོས་ཀྱི་བདག་མེད་ནི་ཁས་མི་ལེན་པ་ཡིན། ལམ་ལྔའི་རྣམ་གཞག་ཁས་ལེན་ཀྱང་ས་བཅུའི་རྣམ་གཞག་ཁས་མི་ལེན་པ་ཡིན།

སྡེ་པ་བཅོ་བརྒྱད་ཀྱི་ནང་ནས་མང་བཀུར་སྡེ་པས་རང་སྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པའི་བདག་ཁས་ལེན་ཚུལ་ནི། ཕུང་པོ་ལྔ་ཚོགས་པའི་གང་ཟག་དེ་ནི་ལས་གཉིས་ཀྱི་བྱེད་པ་པོ་དང༌། འབྲས་བུ་བདེ་སྡུག་གཉིས་མྱོང་བ་པོ་ཡིན་པ་མ་ཟད། འཁོར་བར་གནས་པ་པོ་དང༌། ཐར་པ་ཐོབ་པ་པོ་ཡང་ཡིན་པས་ཕུང་པོ་ལྔ་ལས་ལོགས་སུ་ཁེར་རྐྱང་དུ་གནས་པའི་གང་ཟག་གི་བདག་ཡོད་ཟེར། ལུགས་འདིས་གང་ཟག་གི་བདག་ཡོད་པར་ཁས་ལེན་པ་དེའི་དབང་དུ་བྱས་ན་མུ་སྟེགས་པ་དང་ཁྱད་མེད་པ་ལྟ་བུར་སྣང་ཡང་ཁོ་ཚོས་དཀོན་མཆོག་གསུམ་དང༌། ལས་རྒྱུ་འབྲས། ཐར་པ་དང༌། ཐམས་ཅད་མཁྱེན་པ་ཁས་ལེན་པ་དེའི་དབང་གིས་ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་དངོས་ཡིན་པ་ལས་མུ་སྟེགས་པ་གཏན་ནས་མིན་ལུགས་དང༌། འདིའི་རྩ་བའི་སློབ་དཔོན་སུ་ཡིན་པ། གཞུང་རྩོམ་པ་པོའི་སློབ་དཔོན་ཇི་ལྟར་བྱུང་བ། གྲུབ་མཐའ་སྟོན་པའི་གཞུང་གང་དང་གང་ཡོད་པའི་སྐོར་བཅས་<<ཐུའུ་བཀྭན་གྲུབ་མཐའ་>>དང་གོང་དུ་བཀོད་པའི་དཔྱད་གཞིའི་ཡིག་ཆ་དེ་ཚོར་གཟིགས།

kམདོ་སྡེ་པ།

མདོ་སྡེ་པ་ཞེས་པའི་མིང་གི་གོ་དོན། སངས་རྒྱས་རང་ཉིད་ཀྱིས་གསུངས་པའི་མདོ་སྡེའི་རྗེས་སུ་འབྲངས་ནས་གྲུབ་པའི་མཐའ་བཞག་པའི་རྒྱུ་མཚན་གྱིས་མིང་དེ་ལྟར་བཏགས་པ་ཡིན་ཅིང༌། ལུགས་འདིར་གཞི་ལམ་འབྲས་གསུམ་གྱི་འདོད་ཚུལ་ཞིབ་ཕྲ་ཚད་མ་རིག་པའི་གཞུང་ལས་རྒྱས་པར་བཤད་པས་འདིར་མ་བྲིས་ཤིང༌། ཐུན་མོང་མ་ཡིན་པའི་ལྟ་བའི་འདོད་ཚུལ་ཅུང་ཟད་མདོར་བསྡུས་ཏེ་བཤད་ན།

ལུགས་འདིས་གང་ཟག་གི་བདག་མེད་ཁས་བླངས་ཤིང༌། དེ་ཡང་ཕུང་པོ་ལས་དོན་གཞན་པའི་གང་ཟག་གི་བདག་མེད་པ་ལ་ཟེར། ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ནི་རྣམ་ཤེས་ཀྱི་རྒྱུན་དེ་ཡིན་ལ། དེའི་རྒྱུ་མཚན་ནི་ཕུང་པོ་ལ་བརྟེན་ནས་ངའོ་ཞེས་བཏགས་པ་ཙམ་གྱིས་མ་ཚིམས་པར་ཕུང་པོ་ལྔ་རེ་རེ་བ་དང༌། ཕུང་པོའི་ཚོགས་པ། དེ་ལས་དོན་གཞན་པ་བཅས་གང་ཞིག་ལས་འབྲས་ཀྱི་རྟེན་དུ་གྱུར་པའི་བདག་ཡིན་མིན་བརྟགས་པ་ན། རྣམ་པར་ཤེས་པའི་ཕུང་པོའི་རྒྱུན་དེ་ཉིད་ངའོ་ཞེས་ཐ་སྙད་བཏགས་པའི་གདགས་གཞིར་རྙེད་རྒྱུ་ཡོད་ལ། རྣམ་པར་ཤེས་པའི་རྒྱུན་དེ་ཉིད་ངའོ་ཞེས་ཐ་སྙད་བཏགས་པའི་གདགས་གཞི་རང་བཞིན་གྱིས་གྲུབ་པ་ཡིན། གལ་ཏེ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རང་བཞིན་གྱིས་གྲུབ་པ་མེད་ན་ཆོས་དེ་མེད་དགོས་པར་ཁས་ལེན། དེར་བརྟེན་ལུགས་འདིས་བདེན་པར་གྲུབ་པ་དང༌། དོན་དམ་པར་གྲུབ་པ། དེ་ཁོ་ན་ཉིད་དུ་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་བཞིན་གྱིས་གྲུབ་པ། ངོ་བོ་ཉིད་ཀྱིས་གྲུབ་པ། རྫས་སུ་གྲུབ་པ་བཅས་ཡོད་པར་ཁས་ལེན་པ་མ་ཟད། དེ་དག་མེད་ན་གཏན་ནས་མེད་དགོས་པའི་རྒྱུ་མཚན་གཙོ་བོ་ཡང་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ལ་ཐུག་པ་ཡིན།

གོང་གསལ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་མང་ཆེ་བས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མིན་པར་འདོད་ཀྱང༌། སློབ་དཔོན་ཀླུ་སྒྲུབ་བྱོན་པའི་རྗེས་ཀྱི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་གྲུབ་མཐའ་སྨྲ་བ་འགའ་ཞིག་གིས་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་ཡིན་པར་ཁས་ལེན་མཁན་མང་པོ་ཡོད་པ་བཅས་ཀྱི་ཞིབ་ཆ་བྱེད་ཤེས་དགོས།

lསེམས་ཙམ་པ།

སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་ནས་ཐེག་པ་ཆེན་པོའི་གྲུབ་མཐའ་སྨྲ་བ་གཉིས་ཡོད། དེ་ནི་སེམས་ཙམ་པ་དང་དབུ་མ་པ་གཉིས་ཡིན། དེའི་རྒྱུ་མཚན་ནི། དེ་གཉིས་ཀྱིས་ཐེག་པ་ཆེན་པོ་ནི་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་ཡིན་པ་དང༌། ཐེག་པ་ཆུང་ངུའི་ལྟ་བ་རྣམས་ཀྱང་རིམ་གྱིས་ཐེག་པ་ཆེན་པོའི་ལྟ་བའི་གོ་རྟོགས་སད་ཐུབ་པའི་བློ་དམན་པ་ལ་ཕན་ཐོགས་ཡོད་པའི་རྨང་གཞི་ཡིན་པ་དང༌། སྐས་ལ་འཛེགས་པའི་སྐས་ཐེམ་འོག་མ་དང་འདྲ་བར་ཁས་ལེན་གྱི་ཡོད།

སེམས་ཙམ་པའི་གྲུབ་མཐའི་ལྟ་ཚུལ་ཐོག་མར་གསར་གཏོད་གནང་མཁན་ནི་སློབ་དཔོན་འཕགས་པ་ཐོགས་མེད་ཡིན་པས་སློབ་དཔོན་འདི་ཤིང་རྟའི་སྲོལ་འབྱེད་ཆེན་པོ་གཉིས་ཀྱི་ནང་ཚན་གཅིག་ཏུ་བགྲང་སྲོལ་ཡོད། སློབ་དཔོན་འདི་དུས་སྐབས་གང་དུ་བྱུང་བ་བོད་ཡིག་གི་ལོ་རྒྱུས་ནང་གསལ་བ་མ་མཐོང་ཡང༌། སློབ་དཔོན་འདི་དང་སློབ་དཔོན་དབྱིག་གཉེན་གཉིས་ཡུལ་གཅིག་པའི་སྐུ་མཆེད་ཡིན་པ་དང་སློབ་དཔོན་དབྱིན་གཉེན་དང་བོད་ཀྱི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉིས་དུས་མཉམ་པར་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་<<རྒྱ་གར་ཆོས་འབྱུང་>>ནང་གསལ་ཞིང༌། སློབ་དཔོན་དབྱིག་གཉེན་གྱི་སློབ་མ་སློབ་དཔོན་ཕྱོགས་ཀྱི་གླང་པོ་དང་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་དུས་མཉམ་པར་མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱིས་མཛད་པའི་<<དེབ་ཐེར་དཀར་པོར་>>གསལ། སློབ་དཔོན་ཕྱོགས་ཀྱི་གླང་པོའི་སློབ་མ་སློབ་དཔོན་དབང་ཕྱུག་སྡེ་ཡིན་པ་དང་དེའི་སློབ་མ་སློབ་དཔོན་ཆོས་ཀྱི་གྲགས་པ་ཡིན་པ། སློབ་དཔོན་ཆོས་ཀྱི་གྲགས་པ་དང༌། བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་གཉིས་དུས་མཉམ་པར་ཇོ་ནང་ཏཱ་ར་ནཱ་ཐས་<<རྒྱ་གར་ཆོས་འབྱུང་>>ལས་གསུངས་པ་བཅས་གུང་བསྒྲིགས་ན་སློབ་དཔོན་འཕགས་པ་ཐོགས་མེད་ནི། སྤྱི་ལོའི་དུས་རབས་བཞི་པ་ནས་ལྔ་པའི་མཇུག་བར་བྱུང་བ་ཡིན་ཚོད་འདུག སློབ་དཔོན་འདིའི་ཡབ་ནི་རྒྱལ་རིགས་དང༌། ཡུམ་བྲམ་ཟེ་མོ་པྲ་ཀཱ་ས་ཤཱི་ལ་(རབ་གསལ་ངང་ཚུལ་མ་)ཡིན། ཆེར་ལོངས་པའི་དུས་སུ་རིག་གནས་ལྔ་ལ་མཁས་པར་སྦྱངས་ཏེ་ཡུམ་གྱིས་བསླབ་བྱ་བྱས་པ་ལྟར་རབ་ཏུ་བྱུང༌། མཁན་སློབ་དང་དགེ་འདུན་གྱི་གཡོག་ལོ་གཅིག་མཛད། དེ་རྗེས་དགེ་སློང་གི་སྡོམ་པ་ཞུས་ནས་ལོ་ལྔའི་རིང་སངས་རྒྱས་ཆོས་ལུགས་ལ་སློབ་སྦྱོང་དང༌། ལོ་རེ་ཚིགས་བཅད་ཁྲི་བཅུ་རེའི་ཚིག་དང་དོན་ཐམས་ཅད་ཁོང་དུ་ཆུད་པ་གནང༌། དེ་ནས་ལོ་མང་པོའི་རིང་གསང་སྔགས་ཀྱི་ཆོས་ལ་སྒོམ་སྒྲུབ་དང་ཐེག་པ་ཆེན་པོའི་ཆོས་ལ་སློབ་གཉེར་གནང༌། སྐུ་ཚེའི་དཀྱིལ་དུ་རྒྱ་གར་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་(དེང་སང་གི་ཨ་ཧྥུ་ཧན་)དང༌། རྒྱ་གར་ལྷོ་ཕྱོགས་རྒྱུད་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་དང༌། ལྷ་ཁང་དང་མཆོད་རྟེན། ཆོས་གཞི་བརྒྱ་ལྷག་ཙམ་གསར་དུ་བཙུགས། རང་ཉིད་ལ་སློབ་མ་ཁྲི་ཕྲག་མང་པོ་ཡོད་པ་དང༌། རྒྱུན་དུ་མཉམ་དུ་གནས་པའི་འཁོར་དགེ་སློབ་ཉི་ཤུ་རྩ་ལྔ་ཙམ་ཡོད་པ་ཚང་མ་སངས་རྒྱས་ཆོས་ལུགས་ཀྱི་གནས་ཚད་ངེས་ཅན་རེ་ཡོད་པ་ཤ་སྟག་ཡིན། སྐུ་ཚེའི་སྨད་ཀྱི་མཐར་རྒྱ་གར་ཡུལ་དབུས་ཀྱི་ནཱ་ལེནྡྲ་དགོན་པར་ལོ་བཅུ་གཉིས་ཙམ་བཞུགས་ཤིང༌། དགུང་ལོ་བརྒྱ་དང་ལྔ་བཅུ་བར་བཞུགས། མཐར་གྲོང་ཁྱེར་རྒྱལ་པོའི་ཁབ་ཏུ་སྐུ་མྱ་ངན་ལས་འདས། སློབ་དཔོན་འདིས་མཛད་པའི་བསྟན་བཅོས། ཡུམ་རྒྱས་འབྲིང་བསྡུས་གསུམ་དང་མངོན་རྟོགས་རྒྱན་གྱི་དོན་སྟོན་པ་<<དེ་ཉིད་རྣམ་ངེས་>>ཐེག་པ་ཆེན་པོའི་སྡེ་སྣོད་གསུམ་གྱི་དོན་རྒྱས་པར་སྟོན་པ་<<ས་སྡེ་ལྔ། ༡. ས་ཡི་དངོས་གཞི། ༢. རྣམ་པར་གཏན་ལ་དབབ་པ་བསྡུ་བ། ༣. གཞི་བསྡུ་བ། ༤. རྣམ་གྲངས་བསྡུ་བ། ༥. རྣམ་པར་བཤད་པའི་སྒོ་བསྡུ་བ་>>བཅས་ཐེག་པ་ཐུན་མོང་གི་དོན་བསྡུས་ཏེ་སྟོན་པ་<<མངོན་པ་ཀུན་བཏུས་>>འདི་རྣམས་བསྟན་འགྱུར་སྣར་ཐང་པར་མའི་མདོ་ཕྱོགས་ཀྱི་སྐོར་པོད་ [ཛི][ཝི][ཞི][ཟི][འི][ཡི][ལི] བཅས་སུ་ཡོད། མདོ་སྡེ་དགོངས་པར་ངེས་འགྲེལ་གྱི་འགྲེལ་པ། བསྟན་འགྱུར་མདོ་ཕྱོགས་ཀྱི་སྐོར་པོད་[ངི]པར་ཡོད། ཐེག་པ་ཆེན་པོ་<<རྒྱུད་བླ་མའི་འགྲེལ་པ་>>བསྟན་འགྱུར་མདོ་ཕྱོགས་སྐོར་པོད་[ཕི]པར་ཡོད། དེ་རྣམས་ཀྱི་ནང་ནས་<<ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་>>དེ་དུས་རབས་བཅུ་གཅིག་པའི་མགོར་བསྒྱུར་བ་ཙམ་མ་གཏོགས། དེ་བྱིངས་ཚང་མ་དུས་རབས་བརྒྱད་པའི་དཀྱིལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་ལོ་ཙཱ་བ་ཞང་ཡེ་ཤེས་སྡེས་བསྒྱུར་བ་ཡིན། སློབ་དཔོན་འདིའི་ལོ་རྒྱུས་རྒྱས་པ་ཇོ་ནང་ཏཱ་ར་ནཱ་ཐས་བརྩམས་པའི་<<རྒྱ་གར་ཆོས་འབྱུང་>>ལེའུ་ཉི་ཤུ་རྩ་གཉིས་པར་གསལ།

སློབ་དཔོན་འཕགས་པ་ཐོགས་མེད་ཀྱིས་<<ས་སྡེ་ལྔ་>>དང་<<སྡོམ་རྣམ་གཉིས་>>སོགས་མཛད་ནས་སངས་རྒྱས་ཀྱི་གསུང་རབ་རྣམས་ལས་གང་ཞིག་དྲང་དོན་ཡིན་པ་དང༌། གང་ཞིག་ངེས་དོན་ཡིན་པའི་དབྱེ་བ་གསལ་པོར་ཕྱེ་ནས་ཆོས་ཐམས་ཅད་རྣམ་པར་རིག་པ་ཙམ་དུ་གནས་པའི་ལྟ་ཚུལ་ཐོག་མར་གསར་གཏོད་མཛད་ཅིང༌། དེའི་རྗེས་སུ་འབྲངས་པའི་གྲུབ་མཐའ་སྨྲ་བ་རྣམས་ལ་སེམས་ཙམ་པ་ཟེར། སེམས་ཙམ་པ་ཞེས་པའི་གོ་དོན། རང་སེམས་ཀྱི་འཆར་སྣང་ལས་གཞན་པའི་ཕྱི་རོལ་དོན་དུ་གྲུབ་པ་མེད་ཀྱང་ཕྱི་རོལ་དོན་དུ་གྲུབ་པ་ལྟ་བུར་སྣང་བ་ནི་སེམས་ཀྱི་འཆར་སྣང་ཙམ་ཡིན་པར་ཁས་ལེན་པའི་དབང་གིས་མིང་དེ་ལྟར་བཏགས་པ་ཡིན། ལུགས་འདིས་ཕྱི་རོལ་ཡུལ་གྱི་དངོས་པོ་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པར་ཁས་ལེན་པ་ཡིན།

སྐབས་འདིར་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་ཟེར་བའི་གོ་དོན་ནི། ཕྱི་རོལ་ཡུལ་གྱི་དངོས་པོ་ཐམས་ཅད་སེམས་ཀྱིས་བཟོས་པ་དང༌། སེམས་ཨང་དང་པོ་དང་དངོས་པོ་ཨང་གཉིས་པར་བཞག་པའི་གོ་དོན་རྩ་བ་ནས་མིན། སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་ཞེས་པའི་གོ་དོན་རགས་པ་དང་གོ་དོན་གཏིང་ཟབ་པ་གཉིས་ཡོད་པས་རགས་པ་ནི་འདིར་མ་བཤད།

ཕྱི་རོལ་ཡུལ་དང་རང་འཛིན་ཤེས་པ་གཉིས་བར་གྱི་འབྲེལ་བ་ནི་ཕྱི་རོལ་ཡུལ་དེ་སྔར་ནས་ཡོད་ཡོད་པ་དེ་ཉིད་ལ་རང་གིས་འདི་དང་འདིའོ་སྙམ་དུ་ངོས་འཛིན་བྱས་པའི་བསམ་པ་སྐྱེ་བ་ན་བསམ་པ་དེ་ལ་སྣང་ཚུལ་མི་འདྲ་བ་གསུམ་ཡོད་དེ། ༡. མངོན་བརྗོད་ཀྱི་བག་ཆགས་ཀྱི་དབང་གིས་སྣང་བ། ༢. བདག་ལྟའི་བག་ཆགས་ཀྱི་དབང་གིས་སྣང་བ། ༣. སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་དབང་གིས་སྣང་བ་བཅས་ཡིན།

དེ་གསུམ་གྱི་ཁྱད་པར་གསལ་པོར་མ་ཤེས་ན། སེམས་ཙམ་པ་ཞེས་པའི་སེམས་ཙམ་གྱི་དོན་ལེགས་པོར་མི་གོ་བས། ཐོག་མར་སྣང་བ་གསུམ་གྱི་ཁྱད་པར་ཕྱེ་དགོས།

༡. མངོན་བརྗོད་ཀྱི་བག་ཆགས་ཀྱི་དབང་གིས་སྣང་བ་ནི། འདི་ནི་འདིའོ་སྙམ་པའི་སྣང་བ་ལ་ཟེར་ཞིང༌། ༢. བདག་ལྟའི་བག་ཆགས་ཀྱི་དབང་གིས་སྣང་བ་ནི། དངོས་པོ་དེའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བ་དེ་ཡིན་པ་དང༌། ༣. སྲིད་པའི་ཡན་ལག་གི་བག་ཆགས་ལ་བརྟེན་ནས་སྣང་བ་ནི། སྣང་བ་དེ་རང་གི་སེམས་ལས་ལོགས་སུ་ཡོད་པར་སྣང་བ་དེ་ཡིན། འཆར་སྣང་སྔོན་མ་གཉིས་ནི་དབང་ཤེས་ཀྱི་སྣང་ཚུལ་ཡིན་པ་དང༌། རྗེས་མ་དེ་ནི་རྟོག་པ་དང་རྗེས་དཔག་གི་འཆར་སྣང་ཡིན།

སྣང་བ་དེ་གསུམ་བར་གྱི་འབྲེལ་བ་ནི་རང་འཛིན་ཤེས་པས་ཕྱི་རོལ་ཡུལ་དེ་ངོས་འཛིན་མ་བྱས་གོང་དུ་ཕྱི་རོལ་ཡུལ་གྱི་མིང་དང༌། དོན་གཉིས་བར་གྱི་འབྲེལ་བ་ཤེས་དགོས། དེ་ལ་མིང་དང་ཐ་སྙད་འདོགས་པའི་གཞིའི་འཆར་སྣང་བྱུང་བ་སྔོན་དུ་འགྲོ་དགོས། གལ་ཏེ་ཕྱི་རོལ་ཡུལ་གྱི་འཆར་སྣང་མེད་ན། དེའི་མིང་དང་དོན་གཉིས་བར་གྱི་འབྲེལ་བ་ཤེས་ཐབས་མེད་ལ། དེ་མེད་ན་ཕྱི་རོལ་ཡུལ་དེ་ངོས་འཛིན་བྱེད་ཐབས་མེད། ཐོག་མར་ཕྱི་རོལ་ཡུལ་གྱི་འཆར་སྣང་བྱུང་ཞིང་དེ་ལ་བརྟེན་ནས་མིང་དོན་གཉིས་བར་གྱི་འབྲེལ་བ་ཤེས་ཏེ་དེའི་བག་ཆགས་ལ་བརྟེན་ནས་འདི་ནི་འདིའོ་སྙམ་པའི་འཆར་སྣང་ཞིག་བྱུང་བ་དང་དུས་མཚུངས་བདག་ལྟའི་བག་ཆགས་ལ་བརྟེན་ནས་ཕྱི་རོལ་ཡུལ་དེ་མིང་དང་ཐ་སྙད་འདོགས་པའི་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་འཆར་སྣང་ཞིག་རང་ཤུགས་ཀྱིས་སྐྱེས་འོང་ཞིང༌། དེ་རྗེས་སྲིད་པའི་ཡན་ལག་གི་བག་ཆགས་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་སྣང་བ་དེ་རང་གི་སེམས་ལས་ལོགས་སུ་ཡོད་པ་ལྟ་བུའི་འཆར་སྣང་དང་ངོས་འཛིན་ཞིག་རང་ཤུགས་ཀྱིས་སྐྱེས་འོང༌། འཆར་སྣང་སྔ་ཕྱི་རིགས་གསུམ་གྱི་ནང་ནས་དང་པོ་ནི་མ་འཁྲུལ་བ་དང༌། རྗེས་མ་དེ་གཉིས་འཁྲུལ་བའི་འཆར་སྣང་ཡིན་ཞིང༌། ངོས་འཛིན་དེ་འཁྲུལ་ཤེས་ཡིན་པས་དོན་དངོས་སུ་ཕྱི་རོལ་ཡུལ་གྱི་འཆར་སྣང་དེ་གསུམ་ག་རང་གི་སེམས་ཀྱི་ངོ་བོ་ཡིན་པ་ལས་སེམས་ལས་ལོགས་སུ་དངོས་པོའི་དབང་གིས་གྲུབ་པ་མེད་པ་དེར་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་ཞེས་ཟེར་(དེ་བཞིན་དུ་ངོས་འཛིན་བྱུང་བ་བརྡ་ལ་ལྟོས་པ། དོན་གཅིག་མིང་མང་དང་མིང་གཅིག་དོན་མང༌། སྐྱེས་བུ་གཉིས་ཀྱིས་དངོས་པོ་གཅིག་ལ་འཇུག་པ་དང༌། གཞན་སེམས་ཤེས་པའི་མངོན་ཤེས་ཀྱང་འདྲ་བའི་རྣམ་པ་སྣང་བ་ཞིག་ཡིན་གྱི་གཅིག་ལ་སྣང་བའི་ཆ་དེ་གཅིག་ཤོས་ལ་མི་སྣང་ངོ༌)། རང་རང་སོ་སོའི་སྣང་བ་དེ་རང་རང་སོ་སོའི་སེམས་ལས་ལོགས་སུ་མེད་པ་ཡིན་པས་དེ་གང་ཟག་ལས་གཞན་པའི་གཞི་ཡི་སྟེང་དུ་སྦྱར་ན་དེ་ལ་ཆོས་ཀྱི་བདག་མེད་ཟེར་བ་དང༌། གཞི་གང་ཟག་གི་སྟེང་དུ་སྦྱར་ན་ངའོ་སྙམ་པའི་སྣངབ་དེ་རང་གི་སེམས་ལས་ལོགས་སུ་མེད་ཀྱང་ཡོད་པར་འཛིན་པ་གང་ཟག་གི་བདག་འཛིན་དང༌། དེ་ལྟར་དུ་གྲུབ་པ་མེད་པ་གང་ཟག་གི་བདག་མེད་ཡིན། དེ་འདྲའི་བདག་མེད་འཇོག་ཚུལ་ནི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ལས་རིག་པ་གཏིང་ཟབ་པ་དང་ཕྲ་བ་ཡིན། དེ་མིན་རང་རིགས་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོངས་པའི་མྱོང་རིག་གི་ཤེས་པ་ཁས་ལེན་ཚུལ་སོགས་འགའ་ཞིག་ཡོད་ཀྱང༌། ཚད་མ་རིག་པའི་ལེའུ་གསུམ་པ་སློབ་སྦྱོང་བྱེད་མ་མྱོང་བ་རྣམས་ལ་ཇི་ཙམ་བཤད་ཀྱང་གོ་དཀའ་བས་འདིར་མིང་ཙམ་ལས་མ་སྤྲོས་སོ།།

mདབུ་མ་པ།

དབུ་མ་ཞེས་པའི་གོ་དོན། རྟག་ཆད་ཀྱི་མཐའ་(ཡོད་མེད་ཀྱི་མཐའ་སྟེ་སྒྲོ་འདོགས་དང་སྐུར་འདེབས་ཀྱི་མཐའ་)གཉིས་དང་བྲལ་བའི་དབུས་ལ་གནས་པ་ཡིན་པས་དབུ་མ། ལྟ་བ་དེ་ཁས་ལེན་པ་ལ་དབུ་མ་པ་ཞེས་བཏགས་པ་ཡིན་(སྟོང་པ་དང་རྟེན་འབྲེལ་ཟུང་འབྲེལ)།

དབུ་མའི་ལྟ་བ་ཐོག་མར་གསར་གཏོད་མཛད་པ་པོ་ནི། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་དང་དེའི་དངོས་སློབ་འཕགས་པ་ལྷ་གཉིས་ཡིན་ཅིང༌། སློབ་དཔོན་ཀླུ་སྒྲུབ་ནི་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་ཐོག་མཚན་སྙན་གྲགས་ཤིན་ཏུ་ཆེ་བའི་རྒྱ་གར་གྱི་སློབ་དཔོན་ཞིག་དང༌། ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་ནང་ཚན་ཞིག་ཡིན། བོད་ཀྱི་ལོ་རྒྱུས་མཁས་པ་མང་པོ་ཞིག་གིས་སློབ་དཔོན་འདི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ཙམ་སོང་བའི་དུས་སུ་བྱུང་བར་གསུངས་ཤིང༌། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་<<རྒྱ་གར་ཆོས་འབྱུང་>>ནང་སློབ་དཔོན་འདིའི་སྐུ་ཚེའི་སྨད་དུ་རྒྱ་གར་ལྷོ་ཕྱོགས་རྒྱུད་དུ་བྱོན་ནས་སངས་རྒྱས་ཆོས་ལུགས་དར་སྤེལ་མཛད་པའི་དུས་སྐབས་སུ། ཐོ་གར་གྱི་ཡུལ་གྱི་རྒྱབ་ཤུ་ལི་ཀ་ཞེས་བྱ་བའི་ཡུལ་(འདི་ཐུར་ཆིས་དང་ཐག་ཉེ་བའི་ཞུས་ལི་ཡ་ཟེར་བ་དེ་ཡིན་ནམ་བརྟག་)དུ་སོང་ནས་ཀླ་ཀློའི་ཆོས་ལུགས་ཐོག་མར་བརྩམས་ནས། རྗེས་སུ་དེའི་སློབ་མ་བེ་ཁམས་པ་ཞེས་བྱ་བས་ཁོ་ལ་སློབ་སྦྱོང་བྱས་རྗེས་མ་ཁའི་ཡུལ་དུ་སོང་(འདི་དབྱི་ཏཱ་ལིའི་རྒྱལ་ས་ལོ་མའི་མིང་རྙིང་པ་ཡིན་ནམ་སྙམ་)ནས་ཀླ་ཀློ་སྟག་གཟིག་གི་ཆོས་ལུགས་དར་སྤེལ་གཏོང་འགོ་ཚུགས་ཞེས་གསལ་བ་དང༌། སློབ་དཔོན་འདི་ཉིད་སྐུ་ཚེའི་སྨད་དུ་རྒྱ་གར་ལྷོ་ཕྱོགས་སུ་བྱོན་པའི་དུས་སྤྱི་ལོའི་དུས་རབས་དང་པོའི་འགོ་ཚུགས་པ་ཡིན་ཚོད་འདུག་ཀྱང༌། དེ་ལས་གསལ་བའི་ལོ་རྒྱུས་ཞིབ་ཆ་ད་ཕན་ཁོ་བོས་མ་མཐོང༌། སློབ་དཔོན་འདི་ཉིད་རྒྱ་གར་ལྷོ་ཕྱོགས་བེ་དར་བྷ་ཞེས་བྱ་བའི་ཡུལ་དུ་བྲམ་ཟེ་འབྱོར་ལྡན་ཞིག་གི་ཁྱིམ་དུ་འཁྲུངས། མཚན་མཁན་ལ་བསྟན་པས་ཚེ་རིང་ཤོས་ལ་ལོ་བདུན་ལས་མི་ཐུབ་ཟེར་བས། ཕ་མ་གཉིས་ཀྱིས་བུ་ཤི་བའི་རོ་མིག་གིས་མཐོང་མ་བཟོད་པར་གཡོག་དང་བཅས་ཡུལ་གཞན་དུ་འཁྱམ་དུ་བཏང༌། རིམ་གྱིས་རྒྱ་གར་ཡུལ་དབུས་ཀྱི་དགོན་པ་ཆེ་ཤོས་ནཱ་ལེནྡྲར་ཕེབས་ཏེ་སློབ་དཔོན་བྲམ་ཟེ་ས་ར་ཧ་དང་མཇལ་ཏེ་ཚེ་དབང་ཞུས། གཞན་གསང་བ་འདུས་པ་ལ་སོགས་པའི་གསང་སྔགས་ཀྱི་ཆོས་མང་པོ་གསན། དགོན་པའི་མཁན་པོ་སྒྲ་གཅན་འཛིན་བཟང་པོའི་དྲུང་དུ་དགེ་སློང་གི་སྡོམ་པ་ཞུས་ཏེ། མཚན་དགེ་སློང་དཔལ་ལྡན་ཞེས་བཏགས། དགོན་པའི་ཞལ་ཏ་པ་(གྲྭ་པ་རྣམས་ཀྱི་འཚོ་བའི་གཉེར་པ་)གནང་རིང་མུ་གེ་ཆེན་པོ་བྱུང་སྟེ། གླིང་ཕྲན་ཞིག་ནས་གསེར་འགྱུར་གྱི་རྩི་བླངས་ནས་གསེར་བཙོངས་པའི་རིན་གྱི་ཐོག་ནས་དགེ་འདུན་ལ་འཚོ་བ་སྦྱར། དེའི་གནས་ཚུལ་དགེ་འདུན་ཚོས་དྲིས་པ་ན་ལན་དྲང་པོར་གསུངས་པས། དགེ་འདུན་ལ་གནང་བ་མ་ཞུས་པར་ཚོང་བྱས་ནས་འཚོ་བ་སྦྱར་བ་ཆོས་ཁྲིམས་དང་འགལ་བ་ཡིན་ཟེར་ཏེ་གནས་ནས་ཕྱུང་(སྒྲིག་འཛུགས་ནས་ཕུད་པ)། དེ་ནས་ཡུལ་གཞན་དུ་བྱོན་ནས་ལྷ་ཁང་དང་མཆོད་རྟེན་མང་པོ་བཞེངས་ཤིང༌། རྡོ་རྗེ་གདན་གྱི་བྱང་ཆུབ་ཀྱི་ཤིང་གི་མཐའ་སྐོར་དུ་རྡོའི་དྲ་མིག་གི་ར་བས་བསྐོར། དཔལ་ལྡན་འབྲས་སྤུངས་(འདི་རྒྱ་གར་ཤར་ལྷོའི་ཕྱོགས་སུ་འབར་མ་དང་ཐག་ཉེ་བར་ཡོད་པའི་གླིང་གྲོང་ཁྱེར་གྱི་དཀྱིལ་དུ་མཆོད་རྟེན་ཆེན་པོ་ཡོད་པ་ཞིག་)ཀྱི་མཆོད་རྟེན་ལ་ལྕགས་རིས་བསྐོར་ཞིང་ལྕགས་རིའི་ནང་དུ་ལྷ་ཁང་བརྒྱ་རྩ་བརྒྱད་ཡོད་པ་བཞེངས། སྐུ་ཚེའི་སྨད་ལ་རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་མཐའ་ཀྲིཥྞ་ར་ཟེར་བའི་ཡུལ་གྱི་རྒྱལ་པོའི་ཕོ་བྲང་དང་ཐག་ཉེ་བའི་དཔལ་གྱི་རིར་གཙོ་བོར་རྒྱུན་བཞུགས་གནང་སྟེ་སངས་རྒྱས་ཆོས་ལུགས་ཀྱི་དབུ་མའི་ལྟ་བ་དར་སྤེལ་མཛད། སློབ་དཔོན་འདི་དགུང་ལོ་དྲུག་བརྒྱ་བཞུགས་ཟེར་བ་དང༌། སུམ་བརྒྱ་བཞུགས་ཟེར་བའི་བཤད་སྲོལ་གཉིས་ཡོད་ཀྱང་དེ་གཉིས་ཀ་ལོ་ཕྱེད་ལ་ལོ་གཅིག་ཏུ་བརྩིས་པའི་ལུགས་ཡིན་ཞེས་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་<<རྒྱ་གར་ཆོས་འབྱུང་>>ནང་གསལ་བས་གང་ལྟར་སྐུ་ཚེ་རིང་པོ་ཞིག་བཞུགས་པ་འདྲ། སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་<<དབུ་མ་རྩ་བ་ཤེས་རབ་>><<རིགས་པ་དྲུག་ཅུ་པ་>><<སྟོང་ཉིད་བདུན་ཅུ་པ་>><<རྩོད་བཟློག>><<ཞིབ་མོ་རྣམ་འཐག>><<མདོ་ཀུན་ལས་བཏུས་པ་>><<རྨི་ལམ་ཡིད་བཞིན་ནོར་བུའི་གཏམ་>>ཆོས་བྱེད་ཁྱིམ་པ་ལ་གདམས་པ་<<བཤེས་སྤྲིངས་>><<རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་གཏམ་དུ་བྱ་བ་རིན་པོ་ཆེའི་ཕྲེང་བ་>>ཆོས་བྱེད་རབ་བྱུང་ལ་གདམས་པ་<<བྱང་ཆུབ་ཀྱི་ཚོགས་>>གསང་སྔགས་ཀྱི་ལྟ་སྤྱོད་མདོར་བསྡུས་ཏེ་བཤད་པ་<<རྒྱུད་ཀུན་ལས་བཏུས་པ་>>དབུ་མའི་ལྟ་བ་གཏན་ལ་འབེབས་པ་<<བྱང་ཆུབ་སེམས་འགྲེལ་>>གསང་སྔགས་ཀྱི་བསྐྱེད་རིམ་སྟོན་པ་<<མདོར་བྱས་>><<མདོར་བསྲེ་>><<དཀྱིལ་ཆོག་ཉི་ཤུ་པ་>>གསང་སྔགས་ཀྱི་རྫོགས་རིམ་སྟོན་པ་<<རིམ་པ་ལྔ་པ་>><<གསོ་བ་རིག་པའི་བསྟན་བཅོས་སྦྱོར་བ་བརྒྱ་པ་>><<སྤོས་སྦྱོར་གྱི་བསྟན་བཅོས་མིག་མངས་རིས་ཀྱི་སྦྱོར་བ་>>རྩིས་ཀྱི་བསྟན་བཅོས་<<རྟེན་ཅིང་འབྲེལ་པར་འབྱུང་བའི་གཙུག་ལག་གི་དེ་ཁོ་ན་ཉིད་>>བཅས་ཆ་ཚང་བ་བོད་སྐད་དུ་འགྱུར་ཞིང་རེ་གཉིས་ཙམ་མ་གཏོགས་མང་ཆེ་བ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་བོད་སྐད་དུ་བསྒྱུར་བ་བསྟན་འགྱུར་གྱི་ནང་དུ་ཡོད། སློབ་དཔོན་འདི་ཉིད་ཀྱི་ལོ་རྒྱུས་བོད་ཡིག་ཐོག་བཀོད་པ་རྒྱས་ཤོས་ནི། ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་<<བཀའ་བབས་མདུན་ལྡན་གྱི་བརྒྱུད་པའི་རྣམ་ཐར་རིན་པོ་ཆེའི་འབྱུང་གནས་>>སུ་གསལ།

སློབ་དཔོན་འཕགས་པ་ལྷ་(ཨརྱ་དེ་བ་)ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་ཀྱི་སློབ་མ། སངས་རྒྱས་ཆོས་ལུགས་པ་རྣམས་ཀྱིས་སློབ་དཔོན་ཀླུ་སྒྲུབ་དངོས་དང་ཁྱད་མེད་པའི་བརྩི་བཀུར་དང་དད་གུས་ཞུ་ཡུལ་དང༌། སངས་རྒྱས་ཆོས་ལུགས་ཙམ་མ་ཟད་མུ་སྟེགས་པའི་གྲུབ་མཐའ་ལ་ཡང་ཧ་ཅང་མཁས་པ་ཞིག་ཡིན། བོད་ཀྱི་ལོ་རྒྱུས་འགའ་ཞིག་ནང་བཤད་སྲོལ་ལ་སློབ་དཔོན་འདི་སིངྒ་ལའི་གླིང་གི་རྒྱལ་པོ་པཉྩ་ཤཱི་གཾ་ཞེས་པའི་སྲས་ཡིན་པར་བཤད་ཡོད་ཚུལ་ཏཱ་ར་ནཱ་ཐས་བརྩམས་པའི་རྒྱ་གར་ཆོས་འབྱུང་གི་ནང་གསལ། མཁན་པོ་ཧེ་མ་དེ་ཝ་ལས་རབ་ཏུ་བྱུང་ཞིང་དགེ་སློང་གི་སྡོམ་པ་ཞུས། དེ་ནས་རྒྱ་གར་གྱི་སྐམ་ས་ཆེན་པོའི་ཐོག་ཡོད་པའི་ལྷ་ཁང་དང་མཆོད་རྟེན་རྣམས་མཇལ་བར་ཕེབས། སྐབས་དེར་སློབ་དཔོན་ཀླུ་སྒྲུབ་ལྷོ་ཕྱོགས་རྒྱུད་དུ་ཕེབས་པ་དང་སྟབས་འཁེལ་ནས་མཇལ་ཏེ། སློབ་དཔོན་གྱི་དྲུང་དུ་མདོ་སྔགས་ཀྱི་ཆོས་མཐར་ཕྱིན་པ་གསན། སློབ་དཔོན་ཀླུ་སྒྲུབ་སྐུ་འདས་ཁར་བསྟན་པའི་བདག་པོར་བསྐོས་ནས་རྒྱ་གར་ལྷོ་རྒྱུད་དུ་སངས་རྒྱས་ཆོས་ལུགས་དར་སྤེལ་གནང་སྟེ། ལྷ་ཁང་དང་གཙུག་ལག་ཁང་ཉི་ཤུ་རྩ་བཞི་བཞེངས། དེ་ཐམས་ཅད་དུ་ཆོས་གཞི་(ཆོས་ལུགས་སློབ་སྦྱོངབྱེད་པའི་རྟེན་གཞི་)བཙུགས། བྲམ་ཟེ་ཐུབ་དཀའ་ནག་པོ་ཞེས་པ་རྩོད་པ་ལ་འགྲན་ཟླ་མེད་པ་དེ་ཕམ་པར་མཛད་ནས་རང་ཉིད་ཀྱི་སློབ་མར་གྱུར་པའི་མཚན་ལ་སློབ་དཔོན་དཔའ་པོ་ཞེས་ཟེར་ཞིང༌། ནཱ་ལེནྡྲ་དགོན་པར་ཡང་ཡུན་རིང་དུ་བཞུགས། སྐུ་ཚེའི་སྨད་དུ་རྒྱ་གར་ལྷོ་ཕྱོགས་རྒྱུད་རང་དུ་བཞུགས་ནས་དེར་སྐུ་འདས།

སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། དབུ་མའི་ལྟ་བ་རྒྱས་པར་བཤད་པ་<<དབུ་མ་བཞི་བརྒྱ་པ་>>དེ་མདོར་བསྡུས་ནས་བཤད་པ་<<དབུ་མ་ལག་པའི་ཚད་>>དེ་ལ་རྩོད་པ་སྤོང་བ་<<འཁྲུལ་པ་བཟློག་པའི་གཏན་ཚིགས་གྲུབ་པ་>>མཚན་ཉིད་དང་སྔགས་ཀྱི་གྲུབ་མཐའི་རྣམ་གཞག་སྟོན་པ་<<ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་>>གསང་སྔགས་ཀྱི་ལྟ་སྤྱོད་གཏན་ལ་འབེབས་པ་<<སྤྱོད་པ་བསྡུས་པའི་སྒྲོན་མ་>>དེ་རིགས་པས་སྒྲུབ་པ་<<སེམས་ཀྱི་སྒྲིབ་སྦྱོང་>>སྨིན་བྱེད་དབང་གི་ཆོ་ག་ལ་<<རྡོ་རྗེ་གདན་བཞིའི་དཀྱིལ་ཆོག་སྙིང་པོ་མདོར་བསགས་>>བསྐྱེད་རིམ་སྟོན་པ་<<རྡོ་རྗེ་གདན་བཞིའི་སྒྲུབ་ཐབས་>>ལ་སོགས་པ་མཛད་པ་རྣམས། དུས་རབས་བཅུ་གཅིག་པའི་ནང་བོད་ཀྱི་ལོ་ཙཱ་བ་པ་ཚབ་ཉི་མ་གྲགས་སོགས་ཀྱིས་རིམ་བཞིན་བསྒྱུར་བ། བསྟན་འགྱུར་སྣར་ཐང་པར་མའི་སྔགས་ཕྱོགས་པོད་[ཟ]པ་དང༌། མདོ་ཕྱོགས་[ཙ]པའི་ནང་ཡོད། སློབ་དཔོན་འདིའི་ལོ་རྒྱུས་རྒྱས་པ། བུ་སྟོན་རིན་པོ་ཆེས་མཛད་པའི་<<བུ་སྟོན་ཆོས་འབྱུང་>>དང་ཇོ་ནང་ཏཱ་ར་ནཱ་ཐའི་<<རྒྱ་གར་ཆོས་འབྱུང་>>ལེའུ་བཅུ་བདུན་པར་གསལ།

དབུ་མ་ལ་ནང་གསེས་དབྱེ་ན། དབུ་མ་རང་རྒྱུད་པ་དང༌། ཐལ་འགྱུར་བ་གཉིས་ཡོད་པ་ལས།

<༡> དབུ་མ་རང་རྒྱུད་པ།

སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་<<དབུ་མ་སྙིང་པོ་>><<དེའི་རང་འགྲེལ་རྟོག་གེ་འབར་བ་>>བརྩམས་ནས་སློབ་དཔོན་སངས་རྒྱས་བསྐྱངས་ལ་དགག་པ་མཛད་དེ་དབུ་མ་རང་རྒྱུད་པའི་གྲུབ་མཐའི་སྲོལ་ཐོག་མར་གསར་གཏོད་མཛད། དབུ་མའི་གཞུང་གོང་གསལ་གཉིས་ནི་སངས་རྒྱས་ཆོས་ལུགས་དང་མུ་སྟེགས་པའི་གྲུབ་མཐའ་ཁག་གི་ལྟ་ཚུལ་གསལ་པོར་བཤད་པས་ཇོ་བོ་རྗེ་ཨ་ཏི་ཤས་ཀྱང་རྒྱ་གར་དང་བོད་དུ་<<རྟོག་གེ་འབར་བ་>>བཤད་ཁྲིད་ཐེངས་མང་པོ་གནང་བ་ཡིན། ལུགས་འདིས་བདེན་གྲུབ་ཁས་མི་ལེན་ཅིང་གཞན་རྣམས་ཁས་ལེན།

དབུ་མ་རང་རྒྱུད་པ་ཞེས་པའི་གོ་དོན། རྒོལ་བ་གཉིས་ཀའི་ཚད་མ་མ་འཁྲུལ་བའི་ངོར་རང་ངོས་ནས་གྲུབ་པར་སྣང་བའི་ཆོས་ཅན་ཞིག་གི་སྟེང་དུ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་ཚད་མ་སྐྱེས་པར་ཁས་ལེན་པས་ན་རང་རྒྱུད་པ་ཟེར། ལུགས་འདིས་སྟོང་པ་ཉིད་ཀྱི་ལྡོག་ཕྱོགས་བདེན་པར་གྲུབ་པའི་གྲུབ་ཚད་ནི། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ལ་ཟེར་ཞིང༌། དེ་ལྟར་དུ་གྲུབ་པ་གཏན་ནས་མེད་པ་ལ་སྟོང་པ་ཉིད་ཟེར། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཅེས་པའི་བློ་གནོད་མེད་ནི་བློ་འཁྲུལ་པ་མེད་པའི་དབང་ཤེས་དང་རྟོགས་པ་གཉིས་ལ་ཟེར་ཞིང༌། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ལ་མ་ལྟོས་པར་ཕྱི་རོལ་གྱི་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་མེད་ཀྱང་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པའི་ཕྱི་རོལ་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཡོད་པ་གཉིས་འགལ་བ་མེད་དེ། དཔེར་ན་སྔགས་རྫས་ཀྱིས་མིག་བསླད་པའི་བློའི་དབང་གིས་བཞག་པ་ལ་མ་ལྟོས་པར་སྤྲུལ་གཞིའི་རྡེའུ་དང་ཤིང་བུ་རྟ་གླང་དུ་སྣང་བ་མེད་ཀྱང༌། སྔགས་རྫས་ཀྱིས་མིག་བསླད་པའི་བློའི་དབང་གིས་སྤྲུལ་གཞིའི་རྡེའུ་དང་ཤིང་བུ་རྟ་གླང་དུ་སྣང་བར་འཇོག་ནུས་ཤིང༌། བློ་དེའི་དབང་གིས་བཞག་པའི་སྤྲུལ་གཞིའི་ངོས་ནས་ཀྱང་རྟ་གླང་དུ་སྣང་བའི་སྡོད་ལུགས་ཡོད་པ་ལྟར་ཡིན། དེ་བཞིན་དུ་སྔགས་རྫས་ཀྱིས་མིག་བསླད་པའི་ལྟད་མོ་བ་ལ་སྤྲུལ་གཞི་རྡེའུ་དང་ཤིང་བུ་རྟ་གླང་དུ་སྣང་བའི་སྐབས་འཆར་སྣང་དེ་ནང་གི་བློའི་དབང་གིས་བཞག་པ་མིན་པར་གཞི་དེར་དང་པོ་ནས་རྟ་གླང་མཚན་ཉིད་པ་ཞིག་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟར། སྟོང་ཉིད་མ་རྟོགས་པའི་མི་རྣམས་ལ་དངོས་པོ་གང་ཞིག་གི་སྣང་བ་འཆར་ན་ཡང་བློའི་དབང་གིས་བཞག་པ་ལ་མ་ལྟོས་པར་ཕྱི་རོལ་ཡུལ་རང་གི་ངོས་ནས་གྲུབ་གྲུབ་པ་ཞིག་ཏུ་ངོས་འཛིན། དེ་ནི་བདེན་འཛིན་ཡིན་ཞིང༌། དེ་ལྟར་དུ་གྲུབ་པ་ནི་བདེན་པར་གྲུབ་པའི་ཚད་ཡིན།

དབུ་མ་རང་རྒྱུད་པ་ལ་ནང་གསེས་ཀྱིས་ཕྱེ་ན། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ཡོད།

jམདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཟེར་བའི་གོ་དོན་ནི། རྡུལ་ཕྲན་རིགས་མཐུན་བསགས་པའི་གཟུགས་རགས་པ་དེ་ཉིད་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པའི་ལྟ་ཚུལ་ཐད་མདོ་སྡེ་པ་དང་མཐུན་པའི་རྒྱུ་མཚན་གྱིས་མིང་དེ་ལྟར་བཏགས་པ་ཡིན། འོན་ཀྱང་ལུགས་འདིས་རྡུལ་ཕྲ་རབ་འདུས་པ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པ་ཁས་མི་ལེན། དེའི་རྒྱུ་མཚན་ནི། རྡུལ་ཕྲན་རིགས་མཐུན་ཞིང་རྟེན་གཅིག་གི་དབང་དུ་བྱས་པའི་ཚོགས་པ་ལ་བསགས་པ་ཟེར་ཞིང༌། དཔེར་ན། བུམ་པ་ལྟ་བུ་རང་གི་རྩོམ་གཞིར་གྱུར་པའི་རྡུལ་ཕྲན་རིགས་མཐུན་པ་མང་པོ་སྡེབས་འབྱར་གྱི་ཚུལ་དུ་གནས་པ་ལྟ་བུ་ཡིན།

རྡུལ་ཕྲན་འདུས་པ་ཞེས་པ་ནི། རིགས་མི་མཐུན་པའི་རྡུལ་ཕྲ་རབ་རྟེན་གཞི་མི་འདྲ་བ་མང་པོ་ཕྱོགས་གཅིག་ཏུ་ཚོགས་པ་ལ་ཟེར་ཞིང༌། དཔེར་ན། དམག་དང་ནགས་ཚལ། ཕྲེང་པ་ལྟ་བུ་ཡིན། ལུགས་འདིའི་སྲོལ་གཏོད་མཁན་ནི་སློབ་དཔོན་ལེགས་ལྡན་འབྱེད་ཡིན།

kརྣལ་འབྱོར་སྤྱོད་པའི་དབུ་མ་པ་རང་རྒྱུད་པ་ཟེར་བའི་གོ་དོན་ནི། ཕྱི་རོལ་དོན་གྱིས་སྟོང་པའི་སྟོང་ཉིད་སེམས་ཙམ་པའི་ལྟ་ཚུལ་དང་མཐུན་པར་ཁས་ལེན་པའི་དབང་གིས་མིང་དེ་ལྟར་བཏགས་པ་ཡིན། ལུགས་འདི་ཐོག་མར་གསར་གཏོད་མཛད་མཁན་ནི་སློབ་དཔོན་ཞི་བ་འཚོ་ཡིན།

<༢> དབུ་མ་ཐལ་འགྱུར་བ།

ཐལ་འགྱུར་བ་ཞེས་པའི་གོ་དོན། རྒོལ་ཕྱིར་རྒོལ་གཉིས་ཀའི་ཚད་མ་མ་འཁྲུལ་བའི་ངོར་མཐུན་སྣང་དུ་གྲུབ་པའི་(རང་ངོས་ནས་གྲུབ་པར་སྣང་ཚུལ་མཐུན་པ་)ཆོས་ཅན་ཞིག་ལ་བརྟེན་ནས་རྟགས་ཀྱི་ཚུལ་སྒྲུབ་མི་དགོས་པར་ཕ་རོལ་པོའི་ཁས་བླངས་ཙམ་ལ་འཁྲིལ་ནས་ཕ་རོལ་པོ་དེ་རང་ལ་གྲགས་པའི་ཚུལ་གསུམ་པའི་རྟགས་ཀྱིས་བདེན་མེད་རྟོགས་པའི་རྗེས་དཔག་བསྐྱེད་པར་ཁས་ལེན་པས་ན་མིང་དེ་ལྟར་བཏགས།

གོ་དོན་དེ་མདོར་བསྡུས་ནས་བཤད་ན། རང་རྒྱུད་ཀྱི་གཏན་ཚིགས་མི་དགོས་པར་གཞན་གྲགས་ཀྱི་རྟགས་བཀོད་པ་ཙམ་གྱིས་བདེན་མེད་རྟོགས་པའི་རྗེས་དཔག་བསྐྱེད་ནུས་པར་ཁས་ལེན་པ་དེར་དབུ་མ་ཐལ་འགྱུར་བ་ཟེར། དབུ་མ་ཐལ་འགྱུར་བའི་ལྟ་བ་ཐོག་མར་གསར་གཏོད་མཛད་མཁན་ནི་སློབ་དཔོན་ཟླ་བ་གྲགས་པ་ཡིན་ཅིང༌། དེ་སྔོན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་དགག་པ་མཛད་པའི་སྐྱོན་དེ་རྣམས་མི་འཇུག་པ་དང༌། རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པའི་སྒྲུབ་བྱེད། ཁས་ལེན་པ་ལ་གནོད་བྱེད་མང་དུ་བསྟན་ནས་<<དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་>>དང་<<དབུ་མ་འཇུག་པ་>>དེའི་རང་འགྲེལ་བཅས་མཛད་དེ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཐོག་མར་གསར་གཏོད་མཛད།

སློབ་དཔོན་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་མིན་ལ་བཤད་སྲོལ་མི་འདྲ་བ་སྣ་ཚོགས་འདུག་ཀྱང་སློབ་དཔོན་རང་ཉིད་ཀྱིས་མཛད་པའི་<<གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་>>ནང་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པ་མ་ཟད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་མཛད་པའི་<<བྱང་ཆུབ་ལམ་སྒྲོན་>>ལས་ཀྱང༌། སློབ་དཔོན་འདི་སློབ་དཔོན་ཀླུ་སྒྲུབ་ཀྱི་དངོས་སློབ་ཡིན་པར་གསུངས་པས་དེ་ལ་ནོར་འཁྲུལ་མེད། སྐུ་འཁྲུངས་པའི་ཡུལ་རྒྱ་གར་ལྷོ་ཕྱོགས་ས་མནྟར་ཡིན་ཅིང༌། ཆུང་དུས་ནས་རིག་གནས་མཐའ་དག་ལ་མཁས་པར་སྦྱངས། ལྷོ་ཕྱོགས་ཀྱི་རྒྱུད་དེ་ཉིད་དུ་རབ་ཏུ་བྱུང༌། སློབ་དཔོན་ཀླུ་སྒྲུབ་དང༌། སློབ་དཔོན་སངས་རྒྱས་བསྐྱངས་དང༌། སློབ་དཔོན་ལེགས་ལྡན་འབྱེད་ཀྱི་སློབ་མ་མང་པོ་ལས་མདོ་སྔགས་ཀྱི་ཆོས་མང་པོ་གསན་ཅིང༌། ལྷག་པར་དབུ་མའི་གཞུང་དང་གསང་སྔགས་ཀྱི་གཞུང་ལ་སྦྱངས་པ་མཐར་ཕྱིན་པ་མཛད། ནཱ་ལེནྡྲ་ཡི་དགོན་པའི་མཁན་པོ་ཡུན་རིང་དུ་མཛད་དེ། སྐུ་ཚེའི་སྨད་དུ་རང་ཉིད་ཀྱི་འཁྲུངས་ཡུལ་ལྷོ་ཕྱོགས་རྒྱུད་དུ་བྱོན་ནས་ལྷ་ཁང་དང་དགོན་པ་མང་པོ་བཏབ། དགུང་ལོ་སུམ་བརྒྱ་ཙམ་བཞུགས་ཟེར་བ་བདེན་མིན་ཇི་ལྟར་ཡང་སྐུ་ཚེ་རིང་པོ་བཞུགས་པར་མངོན་ཏེ་ཁོང་གི་སློབ་མ་རིགས་པའི་ཁུ་བྱུག་ཆེ་བ་དང༌། དེའི་སློབ་མ་རིགས་པའི་ཁུ་བྱུག་ཆུང་བ་(བླ་མ་བྱམས་པའི་རྣལ་འབྱོར་པ་)ཡིན་ལ། དེའི་སློབ་མ་ཇོ་བོ་ཆེན་པོ་ཨ་ཏི་ཤ་ཡིན་ཅིང༌། ཇོ་བོ་ཆེན་པོ་ནི་བོད་ཀྱི་རབ་བྱུང་གོང་གི་ཆུ་རྟ་(སྤྱི་ལོ་༩༨༢)ལོར་སྐུ་འཁྲུངས་པ་དང༌། དགུང་ལོ་དྲུག་ཅུ་རེ་གཅིག་པ་བོད་ཀྱི་རབ་བྱུང་དང་པོའི་ལྕགས་འབྲུག་(སྤྱི་ལོ་༡༠༤༠)ལོའི་ལོ་མཇུག་ལ་རྒྱ་གར་ནས་བལ་ཡུལ་བརྒྱུད་མངའ་རིས་སུ་ཕེབས་པ་ཡིན་པས་མགོན་པོ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་སྨད་དུས་རབས་དང་པོ་འགོ་ཚུགས་པ་ནས། ཇོ་བོ་ཆེན་པོ་འཁྲུངས་པའི་བར་དུས་རབས་དགུ་ལ་ལོ་དགུ་བརྒྱ་ལྷག་ཙམ་ཡོད་པ་ཚང་མས་མཁྱེན་གསལ་ལྟར་སངས་རྒྱས་ཆོས་ལུགས་ལ་ལྷག་བསམ་རྣམ་དག་གིས་དད་མོས་བྱེད་མཁན་ཚོས་དེ་ལ་དོགས་པ་རྩ་བ་ནས་བྱེད་ཀྱི་མེད་ཀྱང༌། ལོ་རྒྱུས་དངོས་གཙོ་སྨྲ་བའི་ལུགས་ལྟར་བྱས་ན་སངས་རྒྱས་ཆོས་ལུགས་ཀྱི་ལོ་རྒྱུས་བརྫུན་བཟོ་ཡིན་པའི་གཞིི་འཛིན་ས་ལྟ་བུ་གྱུར་འདུག་པས་བརྟག སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ། <<དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ཚིག་གསལ་>><<དབུ་མའི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་>>དང་<<དེའི་རང་འགྲེལ་>><<དབུ་མ་ཤེས་རབ་ལ་འཇུག་པ་>>སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་<<རིགས་པ་དྲུག་ཅུ་པའི་འགྲེལ་པ་>><<བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་འགྲེལ་པ་>><<དབུ་མ་ཕུང་པོ་ལྔ་པ་>>བཅས་འདི་རྣམས་མང་ཆེ་བ་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་ནག་ཚོ་ལོ་ཙཱ་བ་དང་པ་ཚབ་ལོ་ཙཱ་བ་སོགས་ཀྱིས་བསྒྱུར་བ་ཡིན། བསྟན་འགྱུར་སྣར་ཐང་པར་མའི་མདོ་ཕྱོགས་ཀྱི་པོད་[འ][ཡ]གཉིས་སུ་ཡོད། གསང་སྔགས་ཀྱི་སྐོར་ལ། <<གསང་བ་འདུས་པའི་རྩ་རྒྱུད་ཀྱི་འགྲེལ་པ་སྒྲོན་གསལ་>><<གསང་བ་འདུས་པའི་སྦྱོར་བ་ཡན་ལག་དྲུག་པའི་འགྲེལ་པ་>>འདི་གཉིས་སྤྱི་ལོའི་དུས་རབས་བཅུ་པའི་མཇུག་ཏུ་མངའ་རིས་ལོ་ཙཱ་བ་རིན་ཆེན་བཟང་པོས་བོད་སྐད་དུ་བསྒྱུར་བ། བསྟན་འགྱུར་སྣར་ཐང་པར་མའི་སྔགས་ཕྱོགས་ཀྱི་པོད་[ཤ]པར་ཡོད། སློབ་དཔོན་འདིའི་ལོ་རྒྱུས་སྐོར་བུ་སྟོན་རིན་པོ་ཆེས་མཛད་པའི་<<བུ་སྟོན་ཆོས་འབྱུང་>>དང་ཇོ་ནང་ཏཱ་ར་ནཱ་ཐས་མཛད་པའི་<<རྒྱ་གར་ཆོས་འབྱུང་>>གཉིས་སུ་གསལ།

ལུགས་འདིར་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་ཚུལ་དང་དེ་བཞིན་དུས་གསུམ་འཇོག་ཚུལ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་ཡོད།

(༡) ཐོག་མར་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་ཚུལ་དབུ་མ་རང་རྒྱུད་པ་ལས་གཏིང་ཟབ་པ་ཡོད། དེ་ཡང་ཆོས་གང་དང་གང་ཡིན་ཀྱང་རྟོག་པས་བཏགས་ཙམ་ཞིག་ཡིན་པ་མ་གཏོགས། ཡུལ་རང་གི་ངོས་ནས་གྲུབ་པ་དང་རང་བཞིན་གྱིས་གྲུབ་པ་གཏན་ནས་མེད། དེ་ཉིད་གཞི་གང་ཟག་གི་སྟེང་དུ་སྦྱར་ན་གང་ཟག་གི་བདག་མེད། དེ་མིན་གཞི་གཞན་གྱི་སྟེང་དུ་སྦྱར་ན་ཆོས་ཀྱི་བདག་མེད་ཡིན་ཅིང༌། དེ་གཉིས་ཀྱི་མིང་ལ་སྟོང་པ་ཉིད་དོ།།

འོ་ན་རྟོག་པས་བཏགས་ཙམ་ཞེས་པའི་རྟོག་པ་དེ་གང་ཡིན། རྟོག་པའི་དབང་གིས་བཏགས་ཙམ་ཞེས་པའི་གོ་དོན་གང་ཡིན་ཞེ་ན། ལུགས་འདིའི་རྟོག་པས་བཏགས་ཙམ་ཞེས་པའི་རྟོག་པ་ནི་ཐོག་མ་མེད་པ་ནས་བློ་གོམས་པའི་དབང་གིས་ཆོས་གང་གི་སྣང་བ་འཆར་ན་ཡང་གདགས་གཞི་ཚོགས་པ་ལ་བརྟེན་ནས་བློས་བཏགས་ཙམ་མ་ཡིན་པར་ཡུལ་རང་གི་ངོས་ནས་གྲུབ་པར་སྣང་ཞིང་སྣང་བ་ལྟར་དུ་གྲུབ་པར་འཛིན་པའི་བློ་ལྷན་སྐྱེས་དེ་ཡིན། དེའི་དབང་གིས་བཞག་ཚུལ་ནི། དཔེར་ན་ཐག་པ་ཁྲ་བོ་ལ་སྦྲུལ་འཛིན་གྱི་རྟོག་པ་སྐྱེས་པའི་སྐབས་ཐག་ཁྲ་སྦྲུལ་དུ་བཏགས་པའི་གདགས་གཞི་ཚོགས་པ་ལ་བརྟེན་ནས་ཐག་ཁྲ་སྦྲུལ་འཛིན་གྱི་རྟོག་པ་སྐྱེས་པ་ལས། གདགས་གཞི་ཐག་ཁྲ་དེ་ཉིད་ཀྱི་སྟེང་ནས་སྦྲུལ་དུ་གྲུབ་པ་མེད་ཅིང༌། འཁྲུལ་སྣང་དེ་ཡང་རང་གི་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་ནས་བྱུང༌། དེ་ཡང་ཐག་པའི་སྟེང་དུ་མུན་པ་ཅུང་ཟད་བབས་པ། མདོག་དང་འཁྱིལ་ལུགས་སྦྲུལ་དང་འདྲ་བ། རང་ཉིད་ཀྱིས་སྔར་སྦྲུལ་མཐོང་མྱོང་བ་བཅས་རྒྱུ་རྐྱེན་གསུམ་འཛོམས་པ་ན་ཐག་ཁྲ་དེ་ཉིད་སྦྲུལ་དུ་འཁྲུལ་བའི་འཆར་སྣང་བྱུང་བ་མ་ཟད། སྦྲུལ་འདུག་གོ་སྙམ་པའི་བསམ་བློ་སྐྱེས་པ་ཡིན། སྐབས་དེར་ཐག་པའི་མདོག་དང༌། དབྱིབས་དང༌། ཆ་ཤས་རེ་རེ་བ་དང༌། ཚོགས་པ་བཅས་གང་ཡང་སྦྲུལ་གྱི་མཚན་གཞིར་བཟུང་རྒྱུ་མེད་པར་རང་གི་བསམ་བློ་བཏགས་ཙམ་ཡིན། དཔེ་དེ་དང་འདྲ་བར། ཆོས་གང་དང་གང་ཡིན་ཀྱང་དེ་དང་དེའི་སྙམ་པའི་བསམ་པ་སྐྱེས་པ་ཐམས་ཅད་རང་གི་གདགས་གཞི་ཚོགས་པ་ལ་བརྟེན་ནས་དེ་དང་དེའི་སྙམ་དུ་བསམ་བློས་ངོས་འཛིན་བྱས་པ་ཙམ་ལས། ཆོས་དེའི་དབྱིབས་དང༌། ཁ་དོག ཆ་ཤས་རེ་རེ་བ་དང༌། ཚོགས་པ་བཅས་གང་ཡང་ཆོས་དེའི་མཚན་གཞིར་འཇོག་རྒྱུ་མེད་ལ། དེ་དག་ལས་ངོ་བོ་ཐ་དད་པའི་ཆོས་གང་ཡང་མཚན་གཞིར་འཇོག་རྒྱུ་མེད་པར་གདགས་གཞི་ཚོགས་པ་ལ་བརྟེན་ནས་རང་གི་བསམ་བློས་བཏགས་པ་ཙམ་ཡིན། གལ་ཏེ་གདགས་གཞིའི་སྟེང་ནས་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་ན་རྗེས་སུ་དེ་ངོས་འཛིན་གསར་པ་ཡོང་མི་སྲིད་པ་དང༌། མིང་བརྡ་མ་སྦྱར་བའི་མིས་ཀྱང་མཐོང་ཙམ་ནས་ཤེས་དགོས་པ། དངོས་པོ་གཅིག་ལ་གང་ཟག་ཐ་དད་པ་གཉིས་ཀྱིས་ལྟ་ཚུལ་མི་འདྲ་བ་ཡོང་མི་སྲིད་པ་བཅས་ཀྱི་སྐྱོན་ཡོད། དེར་བརྟེན་གདགས་གཞི་ཚོགས་པ་ལ་བརྟེན་ནས་ཕྱི་རོལ་ཡུལ་གྱི་དངོས་པོ་དེར་ངོས་འཛིན་བྱེད་པའི་བསམ་བློ་བྱུང་ཞིང༌། ངོས་འཛིན་བྱས་པའི་རྗེས་སུ་འདི་དང་འདིའོ་ཞེས་མིང་བཏགས་པ་ཤ་སྟག་ཡིན་པ་དང༌། གདགས་གཞི་ཚོགས་པ་ལ་བརྟེན་ནས་བྱུང་བའི་རྟེན་འབྲེལ་གྱི་རིགས་པ་ཧ་ཅང་གལ་ཆེ་བ་ཡིན། ཡོད་པ་དང་རང་བཞིན་གྱི་ཡོད་པའི་ཁྱད་པར་ཚིག་གི་སྒོ་ནས་ཕྱེ་སླ་ཡང༌། བསམ་བློའི་ཐོག་ནས་འབྱེད་པ་ནི་སྟོང་པ་ཉིད་མ་རྟོགས་བར་དུ་ཡོང་མི་ཐུབ། བསམ་བློའི་ཐོག་ནས་ཡོད་པ་དང་རང་བཞིན་གྱིས་ཡོད་པ་གཉིས་ཀྱི་ཁྱད་པར་ཕྱེ་བ་ནི་སྟོང་པ་ཉིད་ཀྱི་དོན་རྟེན་འབྱུང་ཡིན་པའི་གོ་བ་ཚིག་ཙམ་དུ་མ་ལུས་པ་ཞིག་དགོས་པ་དེར་ཐུག་པ་ཡིན།

ཐོག་མར་སྟོང་པ་ཉིད་ཀྱི་དོན་ལ་གཉིས་ཡོད་པའི་ནང་གི་གང་ཟག་གི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་བཤད་པ།

བདག་མེད་ཀྱི་ལྟ་བ་ལ་གོ་བ་ཐོག་མར་ཆགས་པའི་དུས་རིམ་གཅིག་དང༌། དེ་ལ་འཇིགས་སྣང་སྐྱེ་བའི་དུས་རིམ་གཅིག དེའི་ནང་སྣང་སྟོང་ཟུང་འཇུག་མྱོང་ཐོག་ནས་འཆར་བའི་དུས་རིམ་གཅིག་བཅས་ཡོད།

ཐོག་མར་བླ་མའི་མན་ངག་ལ་བརྟེན་ནས་སྟོང་པ་ཉིད་ཀྱི་ལྟ་བ་ལ་གོ་བ་ལེགས་པར་ཆགས་རྗེས། གང་ཟག་གི་བདག་མེད་ལ་བོགས་འདོན་པ་དང་དགག་བྱའི་ང་ངོས་བཟུང་བའི་ཆེད་དུ་གཉན་ས་དང་དུར་ཁྲོད་དུ་སོང་ནས་གཅོད་གཏོང་བའི་སྲོལ་འདི་ནི་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཚང་མར་ཡོད་ཅིང༌། གཅོད་ཟེར་བའི་གོ་དོན་ཡང་བདག་འཛིན་གཅོད་པ་ལ་ཟེར། གཅོད་ཀྱི་ནང་དུ་རང་གི་ལུས་པོ་དང་རྣམ་ཤེས་གཉིས་སེམས་ཀྱིས་ཕྲལ་ཏེ་རང་ལུས་ལྷ་འདྲེ་ལ་བློས་བཏང་ནས་སྦྱིན་པ་སོགས་ཀྱི་བྱ་ཐབས་ལ་བརྟེན་ནས་སེམས་ལ་འཇིགས་སྣང་སྐྱེས་སུ་བཅུག་སྟེ། འཇིགས་སྣང་དེ་བྱུང་བ་དང་སེམས་ཀྱི་ཟུར་གཅིག་གིས་དགག་བྱའི་ང་དེ་ངོས་འཛིན་པ་ཡིན།

དེ་འདྲའི་དགག་བྱ་དེ་ངོས་འཛིན་ལེགས་པར་བྱུང་རྗེས། ང་དེ་མེད་པའི་རྒྱུ་མཚན་ལ་རིགས་པ་བདུན་ཡོད། དེ་ལ་རྣམ་བདུན་གྱི་རིགས་པ་ཟེར།

༡. ངའོ་སྙམ་དུ་འཛིན་པའི་གཞིའི་ང་དེ་ཕུང་པོ་ལྔ་དང༌། རང་བཞིན་གྱིས་གྲུབ་པའི་གཅིག་ཡིན་པ་འགོག་པའི་རིགས་པ།

མིང་གི་རྣམ་གྲངས་སུ་འགྱུར་བ།

བདག་མང་པོར་འགྱུར་བ།

བདག་སྐྱེ་འཇིག་ཅན་དུ་འགྱུར་བ།

༢. རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་པ་འགོག་པའི་རིགས་པ།

ཕུང་པོ་ལས་ལོགས་སུ་བདག་ཡོད་དགོས་པ།

དེ་གཉིས་འབྲེལ་མེད་དོན་གཞན་ཡིན་དགོས་པ།

༣. ཕུང་པོ་ལ་བདག་བརྟེན་ནས་གནས་པ་འགོག་པ་རིགས་པ། ཕུང་པོ་འཇིག་ན་བདག་འཇིག་པར་འགྱུར་བ།

༤. བདག་ལ་ཕུང་པོ་བརྟེན་ནས་གནས་པ་འགོག་པའི་རིགས་པ་ཕུང་པོ་ལྔ་ལས་ལོགས་སུ་བདག་ཡོད་དགོས་པ།

༥. བདག་ཕུང་པོ་དང་ལྡན་པ་འགོག་པའི་རིགས་པ།

དེ་གཉིས་རང་བཞིན་གྱིས་གྲུབ་པའི་གཅིག་དང་ཐ་དད་གང་ཡང་མིན་པ།

༦. ཕུང་པོ་ལྔ་ཚོགས་ཙམ་བདག་ཡིན་པ་འགོག་པའི་རིགས་པ།

ཕུང་པོ་ལྔ་ཚོགས་པ་ནི་གདགས་གཞི་ཡིན་ཞིང༌། བདག་ནི་དེ་ལ་བརྟེན་ནས་བཏགས་པ་ཡིན་པས་གདགས་གཞིར་བཏགས་པ་ཡིན་པ་མི་རིགས།

༧. ཕུང་པོ་ལྔ་ཚོགས་པའི་དབྱིབས་བདག་ཡིན་པ་འགོག་པའི་རིགས་པ།

དབྱིབས་ནི་གཟུགས་ཅན་གྱི་ཕུང་པོ་ལ་ཡོད་པ་མ་གཏོགས། ཚོར་བ་དང༌། འདུ་ཤེས། རྣམ་ཤེས་གསུམ་ལ་དབྱིབས་མེད་ཅིང༌། དབྱིབས་བདག་ཡིན་ན་བདག་ལའང་དབྱིབས་མི་འདྲ་བ་མང་པོ་ཡོད་དགོས་པ།

དེ་རྣམས་ནི་གང་ཟག་གི་བདག་འགོག་པའི་རིགས་པ་བདུན་ཡིན་ལ། དེའི་དཔེ་ནི་ཤིང་རྟ་འཁོར་ལོ་ལ་སྦྱར་ནས་བཤད་ཡོད། དེའི་རྗེས་སུ་རྟེན་འབྲེལ་གྱི་རིགས་པ་སྦྱར་དགོས། བདག་མེད་པ་ཤེས་ན་བདག་གི་བ་རང་བཞིན་གྱིས་མེད་པ་གོ་སླ།

གང་ཟག་གི་བདག་མེད་རྟོགས་པའི་རྗེས་སུ། དེ་ལས་གཞན་པའི་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ཡང་རང་བཞིན་གྱིས་མ་གྲུབ་པར་གཏན་ལ་དབབ་དགོས། དེ་ལ་ཆོས་ཀྱི་བདག་མེད་ཟེར།

དེ་ལ་རིགས་པའི་རྣམ་གྲངས་མང་པོ་ཡོད་(ཡོད་མེད་སྐྱེ་འགོག་གི་རིགས་པ། མུ་བཞི་སྐྱེ་འགོག་གི་རིགས་པ། གཅིག་ཏུ་བྲལ་གྱི་རིགས་པ། རྟེན་འབྲེལ་གྱི་རིགས་པ་)ཀྱང༌། མཐའ་བཞིའི་སྐྱེ་འགོག་ནི་ཆོས་ཀྱི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པའི་ནང་ནས་ནུས་པ་ཆེ་ཤོས་ཡིན། རང་བཞིན་གྱིས་སྐྱེས་ནས་མཐའ་བཞི་གང་རུང་ལས་སྐྱེ་དགོས་པས་དེ་གནད་བསྡུས་ཙམ་བཤད་ན།

jབདག་སྐྱེ་འགོག་པའི་རིགས་པ། རང་དང་བདག་ཉིད་གཅིག་པའི་རྒྱུ་ལས་སྐྱེས་ན་རྒྱུ་ཡི་དུས་སུ་འབྲས་བུ་རང་གི་ངོ་བོ་ཐོབ་ཟིན་པས་སླར་ཡང་སྐྱེ་བ་དོན་མེད་པ་དང༌། རང་གི་ངོ་བོ་ཐོབ་ཟིན་སླར་ཡང་སྐྱེ་བ་ན་འབྲས་བུ་རིགས་འདྲ་གཏན་ནས་མི་སྐྱེ་བའམ་སྐྱེ་བ་ཐུག་མེད་པ་དང༌། རྒྱུ་འབྲས་གཉིས་དབྱིབས་དང་ནུས་པ་སོགས་མི་འདྲ་བ་མེད་དགོས།

kགཞན་སྐྱེ་འགོག་པའི་རིགས་པ། རང་བཞིན་གྱིས་གྲུབ་པའི་གཞན་ལས་སྐྱེས་ན། རྒྱུ་ཡིན་མིན་ཐམས་ཅད་ལ་ནུས་པ་མི་འདྲ་བ་མེད་པར་གཅིག་མཚུངས་ཡིན་དགོས་པ་དང༌། རྒྱུ་ཡིན་མིན་ཐམས་ཅད་ལས་འབྲས་བུ་ཡིན་མིན་ཐམས་ཅད་སྐྱེ་དགོས་པ་དང༌། རྒྱུ་འབྲས་གཉིས་ཀྱི་སྐྱེ་འགག་གི་བྱ་བ་ནི་རྒྱུ་འགག་པ་ལ་མངོན་དུ་ཕྱོགས་པ་དང༌། འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པ་གཉིས་སྲང་མདའི་མཐོ་དམན་ལྟར་དུས་མཉམ་པས་རྒྱུའི་དུས་སུ་སྐྱེ་བའི་བྱ་བ་བྱེད་པ་པོ་འབྲས་བུ་དེ་ཡང་ཡོད་དགོས།

lགཉིས་ཀ་ལས་སྐྱེ་བ་འགོག་པའི་རིགས་པ། ཕྱོགས་རེ་རེ་ནས་སྐྱེ་བ་མེད་ན་གཉིས་ཀ་ལས་སྐྱེ་བ་ཡོད་མི་སྲིད་པ།

mརྒྱུ་མེད་ལས་སྐྱེ་བ་འགོག་པའི་རིགས་པ། རྒྱུ་མེད་ལས་སྐྱེ་ན་རྒྱུ་གཅིག་ལ་བརྟེན་ནས་འབྲས་བུ་ཐམས་ཅད་སྐྱེ་ཆོག་པ་དང༌། འབྲས་བུ་དེ་ཡོང་བའི་ཆེད་དུ་རྒྱུ་ལ་འབབ་བརྩོན་བྱས་པ་ཐམས་ཅད་དོན་མེད་ཡིན་དགོས།

(༤) བདག་མེད་གཉིས་ཀར་ཐུན་མོང་དུ་སྦྱར་དགོས་པའི་རྟེན་འབྲེལ་གྱི་རིགས་པ། བདག་མེད་གཉིས་ཀ་ལ་ཐུན་མོང་དུ་སྦྱར་ཆོག་པ་དང༌། རིགས་པ་རྣོ་ཤོས་ནི་རྟེན་འབྲེལ་གྱི་རིགས་པ་ཡིན་པས་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་རིགས་པ་ཡིན་ཟེར། རིགས་པ་འདིས་སྟོང་པ་དང་རྟེན་འབྲེལ་གཉིས་ཟུང་འབྲེལ་དུ་གོ་ཐུབ་པ་དང༌། ཡོད་པའི་མཐའ་དང་མེད་པའི་མཐའ་གཉིས་དུས་མཉམ་དུ་སེལ་ཐུབ་པ་མ་ཟད། སྟོང་པ་ཉིད་ཀྱི་དོན་རྟེན་འབྱུང་དང་རྟེན་འབྲེལ་དུ་གོ་ཐུབ་པ་ཡིན། འོ་ན་སྟོང་པ་ཉིད་ཀྱི་དོན་རྟེན་འབྲེལ་ཡིན་ཞེས་པའི་རྟེན་འབྱུང་དང་རྟེན་འབྲེལ་གྱི་གོ་དོན་གང་ཡིན་ཟེར་ན། སྤྱིར་རྟེན་འབྲེལ་ཞེས་པའི་གོ་དོན་ལ་གསུམ་ཡོད་དེ། jཕྲད་པའི་རྟེན་འབྲེལ། kལྟོས་པའི་རྟེན་འབྲེལ། lབརྟེན་པའི་རྟེན་འབྲེལ་བཅས་ཡིན།

jཕྲད་པའི་རྟེན་འབྲེལ་ནི། རྒྱུ་རྐྱེན་མང་པོ་ཞིག་ཕྲད་པ་ལ་བརྟེན་ནས་འབྱུང་བ་ལ་ཟེར་ཞིང༌། འདི་ནི་སངས་རྒྱས་ཆོས་ལུགས་ཚང་མས་ཐུན་མོང་དུ་ཁས་ལེན་པ་ཞིག་ཡིན།

kལྟོས་པའི་རྟེན་འབྲེལ། འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་གང་ཡིན་ཀྱང་རང་རང་གི་ཆ་ཤས་ལ་ལྟོས་ནས་རང་གི་ངོ་བོ་གྲུབ་པ་ལ་ཟེར་ཞིང༌། གོ་དོན་སྔ་མ་ལས་ཁྱད་ཆེ་བ་དང་སངས་རྒྱས་ཆོས་ལུགས་པ་མང་ཆེ་བས་ཁས་ལེན།

lབརྟེན་པའི་རྟེན་འབྲེལ་ནི། རང་རང་གི་གདགས་གཞི་ཚོགས་པ་ལ་བརྟེན་ནས་བཏགས་པ་ཙམ་དུ་གྲུབ་པ་ལ་ཟེར། འདི་ནི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་བའི་རྟེན་འབྲེལ་ལས་གོ་བ་གཏིང་ཟབ་པ་ཞིག་ཡིན། སྤྱིར་བཏང་ལ་རྒྱུ་དང་རྐྱེན་ཟེར་བ་མྱུ་གུ་ལྟ་བུ་ལ་མཚོན་ན་ས་བོན་ནི་རྒྱུ་དང༌། ཆུ་ལུད་དྲོད་སོགས་ནི་རྐྱེན་ཡིན་པས་རྒྱུ་རྐྱེན་དེ་ཙམ་ལ་གོ་བ་ལེན་ན་རྟེན་འབྲེལ་གྱི་གོ་དོན་ཁྱབ་ཆུང་བའི་སྐྱོན་ཡོད་པས། དབུ་མ་ཐལ་འགྱུར་པས་ཁས་ལེན་པའི་རྒྱུ་དང་རྐྱེན་ནི། ཆོས་གང་དང་གང་ཡིན་པ་དེའི་མིང་དུ་འདོགས་པའི་གདགས་གཞི་ཚོགས་པ་དེ་རྒྱུ་ཡིན་པ་དང༌། དེ་ལ་བརྟེན་ནས་རྟོག་པས་འདི་དང་འདིའོ་ཞེས་ངོས་འཛིན་བྱས་པ་དེ་ནི་རྐྱེན་ཡིན་ཞིང༌། རྒྱུ་རྐྱེན་དེ་གཉིས་ཚོགས་པ་ལ་བརྟེན་ནས་ཆོས་དེ་ཡོད་པར་བཞག་པ་ཡིན། དེ་ནི་མིས་བཟོས་པའི་དངོས་པོ་དང༌། མིས་མ་བཟོས་པའི་རང་བྱུང་ཁམས་ཀྱི་དངོས་པོ་གང་དང་གང་ཡིན་ཀྱང་ཐོག་མར་དངོས་པོ་དེ་དང་དེའི་མིང་དུ་འདོགས་པའི་གདགས་གཞི་སྔར་ནས་ཡོད་པ་ཡིན་པ་ལ། མིས་དངོས་པོ་དེ་ལ་ངོས་འཛིན་བྱེད་མ་ཐུབ་པའི་གོང་དུ་དངོས་པོ་དེའི་མིང་དེ་མེད་པ་དང༌། མིས་དངོས་པོ་དེ་ལ་ངོས་འཛིན་བྱུང་བའི་རྗེས་སུ་གཞི་ནས་དངོས་པོ་དེ་ལ་འདི་དང་འདིའོ་ཞེས་པའི་མིང་བཏགས་ནས་དངོས་པོ་དེ་ཡོད་པར་བཞག་པ་ཡིན་པས་དངོས་པོ་གང་འདྲ་ཞིག་གི་མིང་ཡིན་ཀྱང་མི་ཡིས་བསམ་བློས་དངོས་པོ་དེ་ངོས་འཛིན་བྱས་པའི་འབྲས་བུ་ཡིན། ངོས་འཛིན་གྱི་བསམ་བློ་དེ་ནི་ཕྱི་རོལ་ཡུལ་གྱི་དངོས་པོ་དེའི་གདགས་གཞི་ཚོགས་པ་ལ་བརྟེན་ནས་འཆར་སྣང་བྱུང་བའི་འབྲས་བུ་ཡིན། དེ་བཞིན་དུ་ངའོ་སྙམ་པ་དང༌། ང་ཡི་འོ་སྙམ་པ་ལ་ཡང་འདྲ། ཕྱི་རོལ་ཡུལ་གྱི་དངོས་པོ་གང་ཡིན་ཀྱང་གདགས་གཞི་ཚོགས་པ་ལ་བརྟེན་ནས་རྟོག་པས་བཏགས་ཙམ་ཤ་སྟག་ཡིན་པ་མ་གཏོགས་ཡུལ་རང་གི་ངོས་ནས་གྲུབ་པ། རང་བཞིན་གྱིས་གྲུབ་པ་མེད་པས་དེ་ལ་སྟོང་པ་ཉིད་ཟེར། དེ་འདྲའི་སྟོང་པ་ཉིད་དེས་མེད་མཐའ་(གཏན་ནས་མེད་པའི་མཐའ་)སེལ་ཞིང༌། ཕྱི་རོལ་ཡུལ་གྱི་འཆར་སྣང་དེས་ཡོད་མཐའ་(རང་བཞིན་གྱི་ཡོད་པའི་མཐའ་)སེལ་བ་དང༌། སྣང་ཕྱོགས་རྒྱུ་མཚན་དུ་བྱས་ནས་སྟོང་ཕྱོགས་ངེས་པ། སྟོང་ཕྱོགས་རྒྱུ་མཚན་དུ་བྱས་ནས་སྣང་ཕྱོགས་ངེས་པ་ཞིག་དང་སྣང་སྟོང་གཉིས་གཅིག་གྲོགས་སུ་གཅིག་འགྲོ་བ་ཞིག་ཚིག་ཙམ་མ་ཡིན་པར་མྱོང་ཐོག་ནས་འཆར་བ་བྱུང་ན། གཞི་ནས་སྟོང་པ་ཉིད་ཀྱི་ལྟ་བ་ངོ་མ་རྟོགས་པ་འི་ཚད་ལ་སླེབས་པ་ཡིན། དེར་བརྟེན་སྟོང་པ་ཉིད་ཀྱི་ལྟ་བ་མ་རྟོགས་བར་དུ་ཡོད་པ་དང་རང་བཞིན་གྱིས་ཡོད་པ་གཉིས་ཀྱི་ཁྱད་པར་ཕྱེ་མི་ཐུབ་ཟེར་དགོས་པའི་རྒྱུ་མཚན་ཡང་དེར་ཐུག་ཡོད།

 

གཉིས་པ། རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་

བཞིའི་ལྟ་ཚུལ་རྒྱས་པར་བཤད་པ།

 

རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ལ་གྲུབ་མཐའ་མི་འདྲ་བ་བཞི་ཡོད་དེ། བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ་བཅས་བཞི་ཡིན།

(༡) བྱེ་བྲག་སྨྲ་བ།

དེ་ལ་བྱེ་བྲག་ཅེས་བརྗོད་དགོས་དོན་ནི། དངོས་པོ་ཐམས་ཅད་ཀྱི་རྒྱུ་གསུམ་སྟེ་སྐྱེ་གནས་འཇིག་གསུམ་ཡོད་པའི་དངོས་པོ་ཚང་མར་དུས་གསུམ་ཡོད་པར་འདོད། དུས་གསུམ་ཡོད་པའི་དངོས་པོ་ཚང་མ་རྫས་སུ་ཡོད་པ་ཡིན་ཟེར། དངོས་པོ་ཐམས་ཅད་ཀྱི་སྐྱེ་གནས་འཇིག་གསུམ་གྱི་དུས་གསུམ་ནི་རྫས་ཀྱི་བྱེ་བྲག་ཡིན་ཞེས་ཁས་བླངས་སྟབས་བྱེ་བྲག་སྨྲ་བ་ཞེས་བརྗོད། དེ་ནི་དངོས་པོ་ཐམས་ཅད་ཀྱི་དང་པོ་དེ་མ་འོངས་པ་དང༌། གཉིས་པ་དེ་ད་ལྟ་བ། གསུམ་པ་དེ་འདས་པ་བཅས་ཡིན་ཏེ། དཔེར་ན། ས་བོན་ལ་ཆ་བཞག་ན། འབྲས་གཅིག་མར་བཏབ་པ་ཡིན་ན་འབྲས་ཏེ་ཡར་མ་སྐྱེས་གོང་གི་སོན་དེ་སོན་ཁོ་རང་གི་ད་ལྟ་བ་ཡིན་པ་དང༌། མྱུ་གུའི་མ་འོངས་པ་ཡིན། མྱུ་གུ་དེ་ཡར་སྐྱེས་ན་སོན་དེ་འཇིག་ཟིན་པར་བརྟེན་འདས་པ་ཡིན་པས་མྱུ་གུ་དེ་ད་ལྟ་བར་སླེབས་ཟིན་པ་ཡིན། མྱུ་གུ་དེ་ཡང་འབྲས་བུ་ཐོགས་ནས་མེད་པར་གྱུར་པའམ་དེ་མིན་གནོད་འཚེ་ཕོག་ནས་མེད་པར་གྱུར་པ་ཚང་མ་འདས་པ་རེད། དེར་བརྟེན་དངོས་པོ་གང་འདྲ་ཞིག་ཡིན་ནའང༌། དེའི་འདས་དང་ད་ལྟ་མ་འོངས་གསུམ་ཚང་མ་དངོས་པོ་དེ་ཉིད་ཀྱི་རྫས་ཡིན་ཏེ་མ་འོངས་པ་ནས་ད་ལྟ་བར་འགྱུར་བ་དང༌། ད་ལྟ་བ་ནས་འདས་པར་འགྱུར་བ་རེད། འོན་ཀྱང་རྫས་དེ་གཅིག་ཡིན། ངོ་བོ་ཁག་ཁག་དང་རྣམ་པ་ཁག་ཁག་རེད། དཔེར་ན། ཕྲུ་གུ་བུ་མོ་ཞིག་ལ་ཆ་བཞག་ན། ཕྲུ་གུ་བུ་མོ་དེ་དང་པོ་སྐྱེ་དུས་བུ་མོ་ཡིན་པ་ལས་ཨ་མ་མིན། བུ་མོ་དེ་ཕྲུ་གུ་ཆུང་ཆུང་སྐབས་སུ་ཨ་མ་བྱེད་པའི་མ་འོངས་པ་རེད། དེ་ནས་ཕྲུ་གུ་ཞིག་སྐྱེས་སོང་ན་ཨ་མའི་ད་ལྟ་བ་རེད། དེ་ནས་ཤི་སོང་ན་འདས་པ་རེད། དེར་བརྟེན་དེ་འདས་སམ་ཡང་ན་ད་ལྟ་བ་ཡང་ན་མ་འོངས་པ་གང་ཡིན་རུང་དངོས་པོ་དེའི་རྣམ་པ་མི་འདྲ་བ་ཙམ་ལས་རྫས་རྒྱུན་གཅིག་ཡིན། དཔེར་ན་ལྕགས་ཤིག་ལ་ཆ་བཞག་ན་ལྕགས་དེ་དང་པོ་ཁོག་ལྡིར་ཞིག་བཟོས། དེ་ནས་ཁོག་ལྡིར་དེ་གཏོར་ནས་ཆུ་སྣོད་ཅིག་བཟོས། དེ་ནས་ཡང་ཆུ་སྣོད་གཏོར་ནས་སྟ་གྲིའམ་སྦྱག་མ་ལྟ་བུ་ཞིག་བཟོས་ན་ཡང་ལྕགས་ཀྱི་རྫས་རྒྱུན་དེ་འགྱུར་མེད། དེ་ནི་རྫས་གཅིག་ལ་རྣམ་པ་མི་འདྲ་བ་ཡིན། དེར་བརྟེན་དངོས་པོ་གང་འདྲ་ཞིག་ཡིན་ནའང་དངོས་པོ་དེའི་དུས་གསུམ་ནི་དངོས་པོ་ཁོ་རང་གི་རྫས་ཀྱི་བྱེ་བྲག་ཡིན་པར་འདོད་པས་གྲུབ་མཐའ་དེའི་མིང་ལ་བྱེ་བྲག་སྨྲ་བ་ཞེས་བརྗོད་དོ།།

བྱེ་བྲག་སྨྲ་བ་ལའང་གང་ཟག་གི་བདག་ཡོད་པར་འདོད་མཁན་ཞིག་དང༌། མེད་པར་འདོད་མཁན་ཞིག་ཁག་གཉིས་ཡོད། བྱེ་བྲག་སྨྲ་བར་རྩ་བའི་སྡེ་པ་བཅོ་བརྒྱད་ཡོད། སྡེ་པ་བཅོ་བརྒྱད་དེ་ལས་མང་པོས་བཀུར་བའི་སྡེ་པས་གང་ཟག་གི་བདག་ཡོད་པར་འདོད་པ་དང༌། དེ་མིན་སྡེ་པ་བཅུ་བདུན་གྱིས་གང་ཟག་གི་བདག་མེད་པར་འདོད་པ་ཡིན། གང་ཟག་གི་བདག་ཡོད་དང་མེད་ཟེར་བ་དེ་ནི་ང་ཚོས་མུ་སྟེགས་པའི་ལྟ་བའི་སྐབས་ཞུས་ཟིན་པ་ལྟར་མུ་སྟེགས་པའི་ལྟ་བ་སྨྲ་བ་ཚང་མས་གང་ཟག་གི་བདག་ཡོད་ཟེར་བ་ལས་གང་ཟག་གི་བདག་མེད་ཟེར་མཁན་རྩ་བ་ནས་མེད། ཚང་མ་བདག་གི་ངོ་བོ་དེ་ཤེས་ན་གཞི་ནས་ཐར་པ་ཐོབ་པ་ཡིན་པར་འདོད་པ་ཤ་སྟག་ཡིན། འོན་ཀྱང་བྱེ་བྲག་སྨྲ་བའི་ནང་མང་ཆེ་བས་གང་ཟག་གི་བདག་མེད་པར་འདོད་ཅིང༌། གང་ཟག་གི་བདག་མེད་ཅེས་པ་ནི། རང་སྐྱ་འཕེར་བའི་བདག་ཟེར་བ་མེད་ཟེར། ང་རང་ཚོའི་བདག་གམ་ང་ཞེས་པ་དེ་ནི་རང་གི་ཕུང་པོ་ལྔ་ཚོགས་པ་དེ་ལ་རང་གི་ང་ཡིན་བསམ་པའི་ངོས་འཛིན་བྱས་པ་དེ་འདྲ་ཞིག་ཡིན་པ་ལས་རང་གི་ཕུང་པོ་ལྔ་དེ་ཕར་བཞག་ནས་ཟུར་དུ་བདག་ཟེར་བ་དེ་འདི་རེད་ཅེས་མཛུབ་མོ་བཙུགས་ནས་བསྟན་རྒྱུ་མེད། ཕུང་པོ་ལྔ་པོ་དེ་མིང་བཏགས་སའི་གཞི་བྱས་ཏེ་དེ་ལ་རང་གི་ང་ཡིན་བསམ་ནས་བསྡད་པ་ཞིག་རེད་ལ་དེ་བསམ་པའི་སྐབས་སུ་རང་གི་སྣང་བར་རང་གི་ཕུང་པོ་ལྔ་ལས་ལོགས་སུ་ང་ཟེར་བ་ཞིག་འདུག་སྙམ་པ་ཡིན་པས་དེ་ནི་ནོར་འཁྲུལ་ཡིན། རང་གི་ཕུང་པོ་ལྔ་ལས་ལོགས་སུ་ཡོད་པའི་བདག་ཟེར་བ་ཞིག་མེད། གང་ཡིན་ཟེར་ན་རང་གི་ལུས་པོ་སྟེ་ཕུང་པོ་དེ་ཕ་མ་གཉིས་ཀྱིས་སྟེར་བ་རེད། ཚོར་བ་ནི་རིམ་བཞིན་གོམས་འདྲིས་བྱས་ཏེ་བྱུང་བ་རེད། འདུ་ཤེས་ཀྱང་དེ་ལྟར་བྱུང་བ་རེད། དེ་ལ་རང་གི་ང་ཡིན་པར་འཁྲུལ་ཏེ་རང་གི་ཕུང་པོ་ལྔ་ལས་ལོགས་སུ་དགར་བའི་ང་ཞིག་འདུག་སྙམ་པ་བྱུང་བ་ཡིན། བདག་ཟེར་བ་དེ་རྟ་ཕར་ཕུད་ནས་བོང་བུ་འདི་རེད་ཟེར་མཛུབ་མོ་བཙུགས་རྒྱུ་ཡོད་པ་ལྟ་བུ་ཞིག་མེད། ཕུང་པོ་ལྔ་ཕར་ཕུད་ན་ང་འདི་རེད་ཅེས་མཛུབ་མོ་འཛུགས་རྒྱུ་མེད། དེར་བརྟེན་རང་གི་ཕུང་པོ་ལྔ་ལས་ལོགས་སུ་ཟུར་དུ་རང་སྐྱ་ཐུབ་པའི་ང་ཞིག་འདུག་བསམ་པའི་བསམ་བློ་དེ་ནོར་འཁྲུལ་ཡིན་པར་འདོད་ཅིང༌། དེ་ནི་གང་ཟག་གི་བདག་འཛིན་ཡིན་པ་ལས་དེ་འདྲ་མེད། དེ་མེད་པ་དེ་ཤེས་རྟོགས་བྱུང་ན་དེ་ལ་གང་ཟག་གི་བདག་མེད་ཤེས་པ་ཟེར། དེས་ན་སྟོང་པ་ཉིད་ཟེར་བ་དེ་འདི་ཡིན་པར་འདོད། བྱེ་བྲག་སྨྲ་བས་བདག་མེད་ཀྱི་སྟོང་པ་ཉིད་ཟེར་བ་དེ་ཡིན། བྱེ་བྲག་སྨྲ་བས་བདེན་པར་མ་གྲུབ་པའི་སྟོང་པ་ཉིད་དེ་ཁས་མི་ལེན། བདེན་པར་གྲུབ་པ་ཡོད། བདག་ཏུ་གྲུབ་པ་མེད་བསམ་ནས་གང་ཟག་གི་བདག་མེད་པར་འདོད། ཕུང་པོ་ལྔ་ཟེར་བ་དེ་མིག་དེ་མིག་ཡིན་པར་བདེན་པ་དང༌། སྣ་ཁུག་དེ་སྣ་ཁུག་ཡིན་པར་བདེན་པ། ང་དེ་ང་ཡིན་པར་བདེན་པ་ཡིན་པས་བདེན་པར་གྲུབ་ཟེར་བ་དེ་ཡོད། དེ་མིན་པར་གྲུབ་པ་ཟེར་བ་དེ་ཡོད། སོ་སོ་རེད་བསམ་པ་དེ་བདེན་པ་རེད། ཡིན་ནའང་དེ་ལས་ལོགས་སུ་འདུག་བསམ་པ་དེ་ནོར་འཁྲུལ་རེད་ཟེར། དེ་ནི་གང་ཟག་གི་བདག་འཛིན་རེད་ཟེར། དེ་ལྟར་བཤད་ནས་བདེན་པར་གྲུབ་པ་ཟེར་བ་དེ་དང་གང་ཟག་གི་བདག་ཏུ་གྲུབ་པ་ཟེར་བ་དེ་གཉིས་ལ་དབྱེ་བ་ཕྱེ་བ་རེད། སངས་རྒྱས་ཆོས་ལུགས་ཡིན་དང་མིན་དེ་བདེན་པར་གྲུབ་པ་ཡིན་མིན་ལ་བལྟས་ཏེ་དབྱེ་བ་ཞིག་མིན། དེ་ནི་གང་ཟག་གི་བདག་མེད་ཡོད་དང་མེད་ལ་བལྟས་ནས་དབྱེ་བ་ཕྱེ་གི་ཡོད། གང་ཟག་གི་བདག་ཡོད་པར་འདོད་པ་ནི་ཕྱི་པ་མུ་སྟེགས་པ་ཡིན། གང་ཟག་གི་བདག་མེད་པར་འདོད་པ་ནི་ནང་པ་སངས་རྒྱས་པ་ཡིན་པས་བྱེ་བྲག་སྨྲ་བའི་སྡེ་པ་བཅོ་བརྒྱད་ནང་ནས་མང་པོས་བཀུར་བའི་སྡེ་པས་སྐྱབས་འགྲོ་དང༌། དཀོན་མཆོག ལས་རྒྱུ་འབྲས་བཅས་ཁས་ལེན་པ་ཡིན་པས་ནང་པ་རེད། སྟོང་པ་ཉིད་ཀྱི་ལྟ་བ་སྟེ་བདག་མེད་ཀྱི་ལྟ་བ་ལ་སླེབས་དུས་དེ་མུ་སྟེགས་པ་ཆགས་བསྡད་ཡོད། དཔེར་ན། སྡེ་ཚོགས་ཀྱི་ཚོགས་མི་ཁ་ཤས་སྒྲིག་འཛུགས་ཐོག་སྡེ་ཚོགས་ཀྱི་སྐྱིད་སྡུག་ནང་དུ་ཞུགས་ནའང་བསམ་བློའི་ཐོག་ཞུགས་ཐུབ་མེད་པ་ཞིག་ཡོད་པ་དཔེ་དེ་ལྟ་བུ་ཡིན་ཟེར། དེའི་ལྟ་བའི་ཐོག་ནས་བཤད་ན་ནང་པ་སངས་རྒྱས་པ་མིན་པར་མུ་སྟེགས་པ་ཆགས་བསྡད་ཡོད། ཡིན་ནའང་དེས་དཀོན་མཆོག་གསུམ་དང༌། ལས་རྒྱུ་འབྲས། སྐྱེ་བ་སྔ་ཕྱི་བཅས་ཁས་ལེན་གྱི་ཡོད་པས་ནང་པ་སངས་རྒྱས་པའི་གྲས་སུ་ཚུད་ཙམ་ཞིག་བྱུང་ཡོད། མུ་སྟེགས་པས་ཁས་ལེན་རྒྱུའི་བདག་ཟེར་བ་དེ་དང་མང་པོས་བཀུར་བའི་སྡེ་པས་ཁས་ལེན་རྒྱུའི་བདག་ཟེར་བ་དེ་གཉིས་ཅུང་མི་འདྲ་བ་ཡོད་ཀྱང་མང་ཆེ་བ་གཅིག་མཚུངས་ཡིན། བྱེ་བྲག་སྨྲ་བས་གསང་སྔགས་ཀྱི་ཆོས་དང་ཐེག་པ་ཆེན་པོ་ཁས་ལེན་གྱི་མེད། ཁོང་ཚོས་ཐེག་པ་ཆེན་པོའི་ཆོས་དེ་མགོན་པོ་ཀླུ་སྒྲུབ་དང་ཐོགས་མེད་སོགས་ཀྱིས་ཕྱིས་སུ་བཟོས་གནང་བ་ཞིག་ཡིན་པ་ལས་སངས་རྒྱས་ཀྱིས་གསུངས་པར་ཁས་ལེན་གྱི་མེད། དེར་བརྟེན་སྔོན་མ་བོད་དུ་དགེ་བཤེས་ཤིག་གིས་གསང་སྔགས་ཀྱི་ཆོས་རྩ་བ་ནས་ཞལ་གྱིས་བཞེས་ཀྱི་མེད་པ་དང༌། ཐེག་པ་ཆུང་ངུ་མ་གཏོགས་ཐེག་པ་ཆེན་པོ་རྩ་བ་ནས་ཞལ་གྱིས་བཞེས་ཀྱི་མེད་པས་མི་ཚོས་ཁོང་ལ་དགེ་བཤེས་བྱེ་བྲག་སྨྲ་བ་ཞེས་མིང་འདོགས་བཏགས་ཡོད། ང་ཚོས་འདིར་བྱེ་བྲག་སྨྲ་བའི་ལྟ་བའི་རྩ་བ་དེ་ཤེས་རྟོགས་ཐུབ་ན་འགྲིག་གི་རེད། བྱེ་བྲག་སྨྲ་བའི་ནང་གང་ཟག་གི་བདག་ཡོད་པར་འདོད་མཁན་དང་མེད་པར་འདོད་མཁན་ཁག་གཉིས་ཡོད་པ་དང༌། སྡེ་པ་བཅོ་བརྒྱད་ནང་ནས་བདག་ཡོད་པར་འདོད་མཁན་གཅིག་དང་བདག་མེད་པར་འདོད་མཁན་བཅུ་བདུན་ཡོད། ཐེག་ཆེན་དང་གསང་སྔགས་ཀྱི་ཆོས་ཁས་མི་ལེན་པ་ནི་སྡེ་པ་བཅོ་བརྒྱད་ཚང་མ་གཅིག་མཚུངས་ཡིན། བྱེ་བྲག་སྨྲ་བའི་ལྟ་ཚུལ་མདོར་བསྡུས་ཞུས་ན་དེ་ཙམ་ཡིན།

བྱེ་བྲག་སྨྲ་བའི་ལྟ་བའི་གཞུང་གཏུགས་སའི་དཔེ་ཆ་ནི་<<མངོན་པ་སྡེ་བདུན་>>ཞེས་པ་དེ་ཡིན། <<མངོན་པ་སྡེ་བདུན་>>ཟེར་བའི་དཔེ་ཆ་དེ་སངས་རྒྱས་རང་གིས་བརྩམས་གནང་བ་མ་ཡིན་པར། དགྲ་བཅོམ་པ་བདུན་གྱིས་བརྩམས་པ་སྟེ། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་འགལ་བུས། །ཁམས་ཀྱི་ཚོགས་ནི་གང་པོས་བྱས། །རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། །ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡང་དག་འགྲོ་བའི་རྣམ་གྲངས་ནི། གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། །ཞེས་<<ཆོས་ཀྱི་ཕུང་པོ་>>དང༌། <<གདགས་པའི་བསྟན་བཅོས་>><<ཁམས་ཀྱི་ཚོགས་>><<རྣམ་ཤེས་ཀྱི་ཚོགས་>><<ཡེ་ཤེས་ལ་འཇུག་>><<རབ་ཏུ་བྱེད་པ་>><<འགྲོ་བའི་རྣམ་གྲངས་>>བཅས་<<མངོན་པ་སྡེ་བདུན་>>ལས་དེ་དག་མཛད་པ་པོ་ནི་རིམ་པར་ཤཱ་རིའི་བུ་དང༌། མོའུ་འགལ་བུ། གང་པོ། བྲམ་ཟེ་ལྷ་སྐྱིད། ཀ་ཏྱའི་བུ། དབྱིག་བཤེས། གསུས་པོ་ཆེ་བཅས་ཏེ་དགྲ་བཅོམ་བདུན་ཡིན་ཞིང༌། འོན་ཀྱང་བྱེ་བྲག་སྨྲ་བ་རྣམས་ཀྱིས་<<མངོན་པ་སྡེ་བདུན་>>ནི་སངས་རྒྱས་ཀྱི་བཀའ་ཡིན་པར་འདོད་པ་ཡིན། <<མངོན་པ་སྡེ་བདུན་>>པོ་དེ་དག་གི་དགོངས་པ་འགྲེལ་བར་བྱེད་པའི་བསྟན་བཅོས་ནི་བྱེ་བྲག་སྨྲ་བའི་གཞུང་གི་གཙོ་བོ་<<བྱེ་བྲག་བཤད་མཛོད་ཆེན་མོ་>>(བྱེ་བྲག་བཤད་མཚོ་ཆེན་མོ་ཡང་ཟེར་)ཞེས་བྱ་བ་དེ་ཡིན་ལ། ཕྱིས་སློབ་དཔོན་དབྱིག་གཉེན་གྱིས་གསན་ནས་བསྟན་བཅོས་དེ་དག་ཐམས་ཅད་ཀྱི་བརྗོད་པར་བྱ་བའི་སྙིང་པོ་མ་ལུས་པ་བསྡུས་ནས། ཐེག་པ་དམན་པའི་ལུགས་སུ་<<ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་>>ཞེས་བྱ་བ་གནས་བརྒྱད་དང་ལྡན་པའི་བདག་ཉིད་ཅན་གྱི་བསྟན་བཅོས་ཆེན་པོ་དེ་མཛད་པ་རེད། སྡེ་བདུན་ལས་<<གདགས་པའི་བསྟན་བཅོས་>>ཀྱི་ནང་ཚན་འཇིག་རྟེན་གདགས་པ་དང༌། རྒྱུ་གདགས་པ། ལས་གདགས་པ་རྣམས་བོད་དུ་འགྱུར་ཞིང༌། གཞན་མ་འགྱུར་ཞེས་<<བུ་སྟོན་ཆོས་འབྱུང་>>ལས་གསུངས་སོ།། <<མངོན་པ་སྡེ་བདུན་>>དང་<<ཚད་མ་སྡེ་བདུན་>>གཉིས་ཐ་དད་ཡིན་ཏེ་<<མངོན་པ་སྡེ་བདུན་>>ནང་བྱེ་བྲག་སྨྲ་བའི་ལྟ་བ་ཤོད་ཀྱི་ཡོད་པ་དང༌། <<ཚད་མ་སྡེ་བདུན་>>ནང་སེམས་ཙམ་པ་དང་མདོ་སྡེ་པའི་ལྟ་བ་ཤོད་ཀྱི་ཡོད། བྱེ་བྲག་སྨྲ་བའི་ནང་དོན་སྦྱང་དགོས་པ་བརྒྱད་ནི། jགཞི་བདེན་པ་གཉིས། kཕུང་ཁམས་སྐྱེ་མཆེད། lཟག་བཅས་ཟག་མེད། mཤེས་བྱ་གཞི་ལྔ། nདུས་གསུམ། oཕྱི་དོན་འཇོག་ཚུལ། pཤེས་པས་ཡུལ་འཇལ་ཚུལ། qཚད་མའི་རྣམ་གཞག་བཅས་སོ།།

(༢) མདོ་སྡེ་པ།

དེ་ནི་སངས་རྒྱས་ཀྱིས་གསུངས་པའི་ལུང་ངམ་བཀའ་དེ་རྣམས་ཚད་མ་ཡིན་པར་ངོས་འཛིན་ཏེ་དེའི་རྗེས་སུ་འབྲངས་ནས་གྲུབ་མཐའི་ལྟ་ཚུལ་ཤོད་ཀྱི་ཡོད་པས་ན་མདོ་སྡེ་པ་ཞེས་བཏགས། མདོ་སྡེ་པ་ལ་ནང་གསེས་ཕྱེ་ན་ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་པ་དང༌། རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་པ་སྟེ་གཉིས་ཡོད། དེ་ནི་ལུང་གཙོ་བོ་བྱེད་མཁན་ཞིག་དང་རིགས་པའི་གཞུང་ལུགས་གཙོ་བོ་བྱེད་མཁན་ཞིག་ཁག་གཉིས་ཡོད་པ་དེ་ཡིན། མདོ་སྡེ་པའི་གཞི། ལམ། འབྲས་བུ་གསུམ་གྱི་རྣམ་གཞག་གི་སྐོར་ཚད་མ་རིག་པའི་ནང་གསལ་པོ་ཡོད། ཚད་མ་རིག་པའི་ནང་གཙོ་བོ་མདོ་སྡེ་པའི་ལྟ་བ་དེ་སློབ་སྦྱོང་བྱེད་པ་ཞིག་ཡིན། དེ་མཚུངས་སེམས་ཙམ་པའི་ལྟ་བ་ཡང་ཤེས་རྟོགས་ཡོང་ཐུབ་པ་ཡིན། ཚད་མ་རིག་པ་ལ་ལེའུ་བཞི་རུ་དབྱེ་བ་ལས། ལེའུ་དང་པོ་དང་ལེའུ་གཉིས་པ་གཉིས་ནི་མདོ་སྡེ་པ་དང༌། ལེའུ་གསུམ་པ་དང་བཞི་པ་གཉིས་ནི་སེམས་ཙམ་པ་ཡིན། འདིར་ཚད་མ་རིག་པའི་ནང་ཡོད་པའི་མདོ་སྡེ་པའི་ལྟ་ཚུལ་ཚང་མ་བཤད་མི་དགོས་པར་གཙོ་བོ་མདོ་སྡེ་པ་དང་གྲུབ་མཐའ་སྨྲ་བ་གཞན་བར་རྩོད་གཞི་ཡོད་པའི་མི་མཐུན་པའི་གནད་གཙོ་བོ་གང་དུ་ཐུག་ཡོད་མིན་སྐོར་ཞུ་གི་ཡིན།

མདོ་སྡེ་པས་གང་ཟག་གི་བདག་མེད་ཁས་ལེན་གྱི་ཡོད། འོན་ཀྱང་དེའི་ལྟ་ཚུལ་ལ་གཞིགས་ན། གང་ཟག་གི་བདག་དེ་ལ། ཡོད་རྒྱུ་ཡི་བདག་གཅིག་དང་མེད་རྒྱུ་ཡི་བདག་གཅིག་བཅས་གཉིས་ཡོད། དེའང་ཁས་ལེན་དགོས་པའི་བདག་གཅིག་དང༌། ཁས་མི་ལེན་པའི་བདག་གཅིག་བཅས་གཉིས་ཡོད་པར་འདོད། ཁས་ལེན་དགོས་པའི་བདག་དེ་གང་ཞེ་ན། ང་ང༌། ང་འགྲོ ང་ཟ། ང་འཐུང༌། ང་སྡོད་ཟེར་བའི་བདག་དེ་ཡོད་དགོས་པའི་བདག་ཡིན་ཟེར། མེད་དགོས་པའི་བདག་དེ་ནི། ཕུང་པོ་ལྔ་ལས་ལོགས་སུ་ང་ཟེར་བ་ཞིག་འདུག་སྙམ་པའི་ང་དེ་མིག་གིས་མཐོང་རྒྱུ་ཡོད་པ། ལག་པས་བཟུང་རྒྱུ་ཡོད་པ་ལྟ་བུའི་ང་ཟེར་བ་དེ་མེད་པར་འདོད་པས་མདོ་སྡེ་པའི་ལྟ་ཚུལ་དེ་བྱེ་བྲག་སྨྲ་བའི་ཤོད་སྟངས་དང་མི་འདྲ་བར་ཅུང་ཞིབ་ཅིང་ཕྲ་བ་ཞིག་ཡོད་པ་རེད། དེ་ནི་མདོ་སྡེ་པས་ཡོད་དགོས་རྒྱུའི་བདག་གཅིག་དང་མེད་དགོས་རྒྱུའི་བདག་གཅིག་སྟེ་གཉིས་སུ་དབྱེ་ནས་བཤད་པ་དེ་ཡིན། ཡོད་དགོས་པའི་ང་དེའི་མིང་ལ་ཐ་སྙད་དུ་ཡོད་པའི་ངའམ་བདག་ཟེར། ཐ་སྙད་དུ་ཡོད་དགོས་པའི་ང་དེ་ནི། ང་འགྲོ ང་སྡོད། འདི་ངའི་རེད། ང་འཐུང༌། ང་ཟ། འདི་ངའི་མ་རེད་སོགས་ཤོད་རྒྱུའི་ང་དེ་རིགས་ཡོད་པ་ཡིན་ལ། ཐ་སྙད་དུ་ཡོད་པའི་ང་དེ་ནི་སངས་རྒྱས་ལ་ཡང་ཡོད་དེ་ངས་སྐྱེ་བ་སྔོ་མ་ལས་ཀ་དེ་འདྲ་ཞིག་བྱས་པ་ཡིན་སྙམ་པ་སོགས་ཀྱི་བསམ་བློ་དེ་སངས་རྒྱས་ལའང་ཡོད། དེ་ནི་བཀག་དགོས་པའམ་མེད་པ་བཟོ་དགོས་པའི་ང་དེ་མིན། མེད་པ་བཟོ་དགོས་པའི་ང་དེ་གང་ཡིན་ཞེ་ན། ཕུང་པོ་ལྔ་ལས་ཟུར་དུ་ང་ཟེར་བ་ལིང་ལིང་ཞིག་འདུག་བསམ་པའི་བསམ་ཚུལ་དེ་ནོར་འཁྲུལ་ཡིན་པས་དེ་མེད་པ་བཟོ་དགོས་པ་ཡིན། ཕུང་པོ་ལྔ་ལས་ལོགས་སུ་ང་ཟེར་བ་རང་སྐྱ་འཕེར་བ། རང་ཚུགས་ཐུབ་པའི་ང་ཞིག་མེད་པར་འདོད། མི་རྒན་པོ་འཁར་རྒྱུག་ཕར་བཞག་ནས་འགྲོ་ཐུབ་པ་ལྟ་བུའི་ཁེར་རྐྱང་ལ་འགྲོ་ཐུབ་མཁན་གྱི་ང་ཞིག་མེད་པས་ང་འདི་ཇི་ལྟར་འཇོག་གི་ཡོད་དམ་ཞེ་ན། དེའི་ཐད་ལ་ཤེས་རྟོགས་བྱུང་ནས་རྗེས་སུ་དབུ་མ་ཐལ་འགྱུར་བ་བཤད་སྐབས་ཕན་ཐོགས་ཡོད། དཔེར་ན། གོང་དུ་ཞུས་པ་ལྟར། མི་ཞིག་གིས་ཕྱི་ནས་བཀྲ་ཤིས་ཞེས་སྐད་བཏང་བྱུང་ན་ང་ལ་ཟེར་གྱི་འདུག ཁོས་ང་སྐད་གཏོང་གི་འདུག་བསམ་པའི་བསམ་བློ་ཞིག་ཡོད་པ་དེ་ཡོད་དགོས་པའི་ང་ཡིན་པ་ལས་མེད་དགོས་པའི་ང་དེ་མིན། བཀག་དགོས་པའི་ང་དེ་གང་ཞེ་ན། བཀྲ་ཤིས་རྐུན་མ། ཁྱོད་མར་དོན་ཤོག་ཅེས་བཤད་བྱུང་ན། དེ་དུས་གཞི་ནས་རང་གི་བསམ་པར་ངས་རྐུན་མ་མ་བརྐུས་པར་ཁོས་ང་ལ་རྐུན་མ་ཟེར་གྱི་འདུག་བསམས་ནས་ང་དེ་ཤུགས་ཆེ་རུ་ཕྱིན་ཏེ། ཕུང་པོ་ལྔ་ལས་ལོགས་སུ་ང་ཟེར་བ་ཞིག་མཛུབ་མོ་བཙུགས་རྒྱུ་ཡོད་པ། ལག་པས་བཟུང་རྒྱུ་ཡོད་པ། མིག་གིས་མཐོང་རྒྱུ་ཡོད་པ་ལྟ་བུའི་ང་གཅིག་ཟུར་དུ་ཡོད་བསྡད་པའི་འཆར་སྣང་ཞིག་ཡོང་རྒྱུ་ཡོད་པ་དེ་ནི་གང་ཟག་གི་བདག་འཛིན་ཟེར་བ་མེད་པ་བཟོ་དགོས་པའི་ང་དེ་ཡིན།

མདོ་སྡེ་པའི་ལྟ་བ་དེ་ཡག་པོ་ཞིག་ཤེས་པ་བྱེད་དགོས་ན་གཤམ་གསལ་གྱི་ཚིག་དེ་གཉིས་མ་བརླག་པ་བྱས་ཏེ་དེའི་དོན་དག་ཆ་ཚང་བ་ཡག་པོ་ཞིག་ཤེས་པ་བྱེད་དགོས་སྟེ། jཐ་སྙད་བཏགས་པའི་བཏགས་དོན་བཙལ་ན་རྙེད་རྒྱུ་ཡོད་པ་དང༌། kརང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དེ་ཡིན། ཚིག་དོན་དེ་གཉིས་ཀྱི་གོ་དོན་ཡག་པོ་མ་ཤེས་ན་མདོ་སྡེ་པའི་ལྟ་བ་ཡག་པོ་ཤེས་མི་ཐུབ། དཔེར་ན་ཐ་སྙད་བཏགས་པའི་བཏགས་དོ་བཙལ་ན་རྙེད་རྒྱུ་ཡོད་པའི་དངོས་པོ་དེ་ཡོད་པ་ཞིག་ཡིན། བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པ་དེ། དཔེར་ན། རི་བོང་རྭ་ཟེར་བ་དེ་ལ་ཐ་སྙད་བཏགས་པའི་བཏགས་དོན་བཙལ་ན་རྙེད་རྒྱུ་མེད་པས་ཁོ་ལ་མིང་དེ་བཏགས་ཙམ་ལས་གཞན་མེད། རི་བོང་གི་རྭ་ཟེར་བ་དེ་མི་ཞིག་གི་བསམ་བློའི་ནང་དུ་རི་བོང་གི་རྣ་ཅོག་དེ་རྭ་ཅོ་ཡིན་པར་ངོས་འཛིན་བྱས་ཏེ་རི་བོང་གི་རྭ་ཞེས་ཐ་སྙད་བཏགས་པ་ཞིག་ལས་ཁོས་དེར་རི་བོང་གི་རྭ་ཞེས་ཐ་སྙད་བཏགས་པའི་དོན་དག་དེ་བཙལ་ན་རྙེད་རྒྱུ་མེད། གང་ཞེ་ན། རི་བོང་གི་མགོ་ལ་རྭ་དང་མི་ལྡན་པ་ཡིན་པས་དངོས་པོ་ཁོ་རང་གི་ཐོག་དོན་དངོས་ལ་མེད་པར་བརྟེན་དོན་དངོས་ལ་མེད་པ་དེ་ཐ་སྙད་བཏགས་སྐབས་དེར་ཐ་སྙད་བཏགས་པའི་བཏགས་དོན་བཙལ་ན་རྙེད་རྒྱུ་མེད། དོན་དངོས་སུ་ཡོད་པའི་དངོས་པོ་གང་འདྲ་ཞིག་ཡིན་ནའང༌། དེའི་ཐ་སྙད་བཏགས་པའི་བཏགས་དོན་དེ་ཏན་ཏན་རྙེད་རྒྱུ་ཡོད་པའི་བཏགས་པའི་དོན་དེ་གང་འདྲ་ཞིག་ཡིན་ནམ་ཞེ་ན། དཔེར་ན། ཤིང་རྟ་འཁོར་ལོ་ཟེར་བ་དེའི་མིང་དེ་ཇི་ལྟར་བྱུང་མིན་དང་དེའི་ཐ་སྙད་འདོགས་སྟངས་ཀྱི་གཞི་འཛིན་ས་དེ་གང་དུ་འདུག་གམ་བརྟད་དཔྱད་བྱ་རྒྱུ་སྟེ། དཔེར་ན། དེ་ཡང་ཐ་སྙད་བཏགས་པའི་བཏགས་དོན་ཟེར་བ་ནི་གཞི་འཛིན་ས་དེ་གང་གི་ཐོག་ཏུ་སླེབས་མིན་བལྟ་བ་དེ་ལ་ཟེར། ཐ་སྙད་བཏགས་པའི་བཏགས་དོན་དེ་གང་འདྲ་བྱས་ཏེ་རྙེད་ཀྱི་ཡོད་དམ་ཟེར་ན། ཤིང་རྟ་འཁོར་ལོའི་འཁོར་ལོ་དང༌། སྒྲོམ། འཐེན་ཐག་སོགས་མང་པོ་ཚོགས་པ་དེ་ནི་དེའི་མིང་གདགས་སའི་གཞི་ཡིན། དེ་ནས། ང་འགྲོ ང་སྡོད། ང་ཟ། ང་འཐུང་ཟེར་བའི་ང་དེའི་ཐ་སྙད་བཏགས་པའི་བཏགས་དོན་བཙལ་ན་ག་རེ་རྙེད་རྒྱུ་ཡོད་དམ་ཞེ་ན། རྣམ་ཤེས་ཀྱི་རྒྱུན་དེ་ང་ཟེར་བའི་གཞི་ཡིན་པ་དེ་རྙེད་རྒྱུ་ཡོད་ཟེར། རྣམ་པར་ཤེས་པའི་རྒྱུན་དེ་མིང་གདགས་སའི་གཞི་བྱས་ཏེ་ང་ཡིན་བསམ་པའི་བསམ་བློ་དེ་འཁོར་གྱི་ཡོད་ཟེར། དེ་ཡིན་པ་ལས་ངའི་ཕུང་པོ་ཚོགས་པ་དེ་ང་ཡིན་བསམ་པའི་བསམ་བློ་དེ་འཁོར་གྱི་མེད། ང་འགྲོ ང་སྡོད། ང་ཡིན་ཟེར་བའི་བསམ་བློ་དེ་ཇི་ལྟར་འཁོར་གྱི་ཡོད་དམ་ཞེ་ན། རང་གི་རྣམ་ཤེས་ཀྱི་རྒྱུན་དེ་ང་རེད་བསམ་པའི་བསམ་བློ་དེ་འཁོར་གྱི་ཡོད་པ་ལས་རང་གི་ཕུང་པོ་ལྔ་ཚོགས་པའི་ཆ་ཤས་ཆ་ཚང་ཚང་བའི་ཚོགས་པ་དེ་ང་ཡིན་བསམ་པའི་བསམ་བློ་དེ་མེད། དེར་བརྟེན་ཐ་སྙད་བཏགས་པའི་བཏགས་དོན་བཙལ་ན་རྙེད་རྒྱུ་ཡོད་ཟེར་བ་དེ་དེ་ལྟར་ཡིན།

རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཟེར་བ་ནི་དོན་དངོས་སུ་ཡོད་པའི་དངོས་པོ་གང་འདྲ་ཞིག་ཡིན་ནའང༌། ཚང་མ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་རེད། རང་འཛིན་རྟོག་པའི་ཞེན་གཞི་ཡིན་པ་དེ་ཁོ་རང་གི་ངོ་བོ་ནས་ཚུར་གྲུབ་པ་ལས་སེམས་ཀྱིས་ཕར་བཟོས་པ་མ་ཡིན་པར། ཕར་ངོས་ནས་ཚུར་གྲུབ་པ་ཞིག་ཡིན་ཏེ་དཔེར་ན་ང་ཟེར་བ་དེ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཞིག་རེད། ངའོ་སྙམ་པའི་བསམ་བློ་དེ་རང་འཛིན་རྟོག་པ་ཡིན། རྣམ་པར་ཤེས་པའི་རྒྱུན་དེ་ངའོ་སྙམ་པའི་བསམ་པ་སྐྱེ་བྱེད་ཀྱི་གཞི་ཡིན་པ་དེ་རྣམ་པར་ཤེས་པ་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་ཞིག་ལས་རང་གི་སེམས་ཀྱིས་ཕར་བཏགས་པ་ཞིག་མིན། དེར་བརྟེན་རང་གི་མཚན་ཉིད་ཀྱིས་གྲུབ་པ་སྟེ་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་དེ་ཡིན། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། རང་གི་ངོས་ནས་ཚུར་གྲུབ་པ་གཉིས་དོན་གཅིག་ཡིན། རི་བོང་གི་རྭ་དེ་ནི་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་མ་ཡིན་པར། དེ་ནི་སེམས་ཀྱིས་ཕར་བཏགས་པ་ཞིག་ལས་ཕྱི་རོལ་གྱི་ངོས་ནས་ཚུར་གྲུབ་པ་ཞིག་མིན། རི་བོང་གི་མགོ་ལ་རྭ་མེད་པ་དེ་ནི་རང་གིས་རི་བོང་གི་རྣ་ཅོག་དེ་རྭ་ཡིན་པར་འཁྲུལ་པ་ཞིག་ཡིན་སྟབས་རི་བོང་གི་རྭ་དེ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་མིན། ཁོའི་ངོ་བོ་ནས་ཚུར་གྲུབ་པ་ཞིག་མིན་པར་སེམས་ཀྱིས་ཕར་བཏགས་པ་ཞིག་ཡིན་པས་དོན་དངོས་སུ་མེད། དོན་དངོས་སུ་ཡོད་པའི་དངོས་པོ་གང་འདྲ་ཞིག་ཡིན་ནའང༌། དེ་ནི་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་རེད། རང་འཛིན་རྟོག་པའི་ཞེན་གཞི་ཟེར་བ་ནི་ངོས་འཛིན་བྱེད་སྟངས་ཀྱི་ཡུལ་ལ་ཟེར། ཞེན་ཟེར་བ་ནི་ངོས་འཛིན་གྱི་དོན་དང་གཞི་ཟེར་བ་ནི་ཡུལ་གྱི་དོན་ཡིན་པས་ངོས་འཛིན་བྱེད་སྟངས་ཀྱི་ཡུལ་ཡིན་པ་དེ་རང་གི་ངོས་ནས་ཚུར་གྲུབ་པ་ཞིག་ལས་སེམས་ཀྱིས་ཕར་བཏགས་པ་ཞིག་མིན། དེས་ན་དབུ་མ་པ་དང་དེ་གཉིས་ཀྱི་ལྟ་བ་རྩ་བ་ནས་མི་འདྲ་ཞིང༌། དབུ་མ་པས་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་ཞིག་མེད་པར་རང་གི་བསམ་བློས་དངོས་པོ་ཁོ་རང་ཡོད་པ་དེ་ལ་འདི་རེད་འདི་མ་རེད་ཅེས་ཕར་བཏགས་པ་ཞིག་ཡིན་པར་འདོད་པ་ཡིན། དེར་བརྟེན་སྔོན་ལ་མདོ་སྡེ་པའི་ལྟ་བ་དེ་ཡག་པོ་ཤེས་ན་དབུ་མ་པའི་ལྟ་བ་དེ་ཡག་པོ་ཤེས་ཐུབ། སངས་རྒྱས་ཀྱིས་ཆོས་ཐོག་མར་གསུངས་སྐབས་མུ་སྟེགས་པའི་ལྟ་བའི་བག་ཆགས་ཤུགས་ཆེན་པོ་ཡོད་མཁན་ཁག་གཅིག་ལ་བདག་ཡོད་པར་གསུངས་པ་དང༌། ཁག་གཅིག་ལ་མེད་པར་གསུངས་ཤིང། དེ་ནས་དེ་ལས་གནས་ཚད་མཐོ་བ་ལ་གང་ཟག་གི་བདག་མེད་པར་གསུངས་ཡོད། ཡིན་ནའང་རང་གི་ངོས་ནས་ཚུར་གྲུབ་པ་ཡོད་གསུངས། རང་གི་ངོས་ནས་ཚུར་གྲུབ་པ་ཡོད། བདག་ཏུ་གྲུབ་པ་ཟེར་བ་དེ་མེད་པའི་དབྱེ་བ་ཕྱེ་ནས་གསུངས། སེམས་ཙམ་པའི་སྐབས་སུ་སླེབས་སྐབས་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་དེ་གསུངས། དེ་ནས་ཡང་རྟོག་པས་བཏགས་ཙམ་ཟེར་བའི་དབུ་མའི་ལྟ་བ་དེ་གསུངས་པ་ཡིན་སྟབས་དབུ་མའི་ལྟ་བ་དེ་ཡག་པོ་ཤེས་དགོས་ན་དང་ཐོག་བྱེ་བྲག་སྨྲ་བའི་ལྟ་བ་ཡག་པོ་ཤེས་དགོས་ཤིང༌། བྱེ་བྲག་སྨྲ་བའི་ལྟ་བ་ཡག་པོ་ཤེས་ན་མདོ་སྡེ་པའི་ལྟ་བ་ཡག་པོ་ཤེས་ཐུབ། མདོ་སྡེ་པའི་ལྟ་བ་ཡག་པོ་ཤེས་ན་སེམས་ཙམ་པའི་ལྟ་བ་ཡག་པོ་ཤེས་ཐུབ། སེམས་ཙམ་པའི་ལྟ་བ་ཡག་པོ་ཤེས་ན་གཞི་ནས་དབུ་མའི་ལྟ་བ་གསལ་ཐག་ཆོད་ཤེས་ཐུབ་པར་བརྟེན་ལྟ་བ་འོག་མ་འོག་མ་དེ་ལྟ་བ་གོང་མ་གོང་མ་དེ་དག་ཤེས་རྟོགས་བྱེད་ཐབས་ཀྱི་རྨང་གཞི་ཞིག་ཡིན། སངས་རྒྱས་ཀྱིས་ལྟ་བ་མི་འདྲ་བ་བཞི་གསུངས་པ་དེ་གནས་ཚད་མི་འདྲ་བ་ལ་བརྟེན་ནས་གསུངས་པ་ཞིག་ཡིན་པས་དེ་འདྲ་ཡིན་དུས་ཁོ་རང་ཚོ་སོ་སོའི་ལྟ་བ་དེ་སངས་རྒྱས་ཀྱི་དགོངས་པ་ཡིན་ཟེར་དགོས་པའི་རྩོད་པ་བྱུང་བ་ལས་སངས་རྒྱས་རང་གི་མཐར་ཐུག་གི་དགོངས་པ་ནི་དབུ་མའི་ལྟ་བ་དེ་ཡིན། དེར་བརྟེན་མདོ་སྡེ་པའི་ལྟ་བའི་ནང་ལ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་ངོས་ནས་ཚུར་གྲུབ་པ་ཡོད་དེ། དེ་མེད་ན་དངོས་པོ་ཚང་མ་མེད་དགོས་ཟེར། དངོས་པོ་དེ་ཕྱི་རོལ་ཡུལ་དུ་གནས་བསྡད་པ་དེ་ལ་རང་གིས་ངོས་འཛིན་བྱས་པ་ཙམ་ཞིག་རེད། འོན་ཀྱང་རང་གིས་ངོས་འཛིན་བྱས་པ་ཙམ་རེད་ཟེར་བ་དེ་ཁས་ལེན་གྱི་མེད། དངོས་པོ་དེ་ཨང་གཉིས་པ་དང་སེམས་ཨང་དང་པོ་རེད་ཟེར་མཁན་སངས་རྒྱས་ཆོས་ལུགས་ནང་གཅིག་ཀྱང་མེད། དངོས་པོ་སྔོན་ལ་ཡོད་པ་དེ་ཚང་མ་གཅིག་མཚུངས་ཡིན། དངོས་པོ་ལ་ངོས་འཛིན་དང་མཇུག་བསྡོམས་བྱེད་སྐབས་དངོས་པོ་དེ་ལ་ངོས་འཛིན་བྱེད་སྟངས་ཀྱི་ཐད་ནས་མི་འདྲ་བ་བྱུང་བ་ལས་དངོས་པོ་དེ་ཨང་དང་པོར་ཡོད་པ་སེམས་གཙོ་སྨྲ་བ་དང་དངོས་གཙོ་སྨྲ་བ་གཉིས་གཅིག་མཚུངས་ཡིན། དེ་ལ་ངོས་འཛིན་བྱེད་སྐབས་སོ་སོའི་བཤད་སྟངས་མི་འདྲ་བ་ཆགས་པ་རེད། མདོ་སྡེ་པའི་ལྟ་ཚུལ་དང་དེང་སང་གི་ཕྱི་རོལ་གྱི་དངོས་པོ་དེ་ཕྱི་རོལ་ངོས་ནས་ཡོད་པ་རེད་ཟེར་རྒྱུ་དེ་རྦད་དེ་ཁག་ཁག་ཡིན། དངོས་པོ་དེ་དོན་དངོས་ཐོག་ཡོད་མེད་ལ་མ་བལྟོས་པར་ཚང་མར་རང་འཛིན་གྱི་རྟོག་པ་ཟེར་བ་ཡོད་དེ་རི་བོང་གི་རྭ་ཟེར་བ་དེ་དོན་དངོས་ཐོག་ཡོད་མེད་ལ་མ་ལྟོས་པར་ཚང་མར་རང་འཛིན་རྟོག་པ་ཟེར་བ་དེ་ཡོད། དཔེར་ན། རི་བོང་གི་རྭ་ཟེར་བ་དེ་དོན་དངོས་ཐོག་མེད་ནའང་ཁོ་རང་ངོས་འཛིན་བྱེད་པའི་རྟོག་པ་ཡོད་དེ་རི་བོང་གི་མགོ་ལ་རྭ་འདུག་སྙམ་པའི་བསམ་བློ་ལྡན་པ་དེ་ནི་རང་འཛིན་རྟོག་པ་ཡིན། འོན་ཀྱང་རང་འཛིན་པའི་རྟོག་པའི་ཞེན་གཞི་ཡིན་པ་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ཀྱི་ཐོག་ནས་གཞི་ནས་དོན་དངོས་སུ་ཡོད་དང་མེད་ཀྱི་ཁྱད་པར་དེ་བྱུང་བ་རེད། དོན་དངོས་སུ་ཡོད་པའི་དངོས་པོ་ཞིག་ཡིན་ན། རང་འཛིན་རྟོག་པའི་ཞེན་གཞི་ཡིན་པ་དེ་ཕྱི་རོལ་གྱི་ངོས་ནས་ཚུར་གྲུབ་པ་ཞིག་རེད། དོན་དངོས་སུ་མེད་པ་ཞིག་ཡིན་ན། རང་འཛིན་རྟོག་པའི་ཞེན་གཞི་ཡིན་པ་དེ་ཕྱི་རོལ་གྱི་ཡུལ་ནས་ཚུར་གྲུབ་པ་ཞིག་མེད་ལ། སེམས་ཀྱིས་བཏགས་པ་ཙམ་ཞིག་མ་གཏོགས་མེད། དེ་ནི་དོན་དངོས་སུ་མེད་པ་ཞིག་ཡིན། བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ཀྱི་ལྟ་ཚུལ་ནང་དཔེར་ན་རྡུལ་ཕྲ་རབ་ལ་ཆ་བཞག་ན། གཟུགས་ཀྱི་ནང་ནས་ཆུང་ཤོས་ཡིན་ཏེ། དེ་ལ་ཤར་ལྷོ་ནུབ་བྱང་དང་སྟེང་དང་འོག་གི་དབྱེ་བ་མེད་ཅིང༌། དེ་འདྲ་ཞིག་བདུན་ལ་རྡུལ་ཕྲན་གཅིག་དང༌། རྡུལ་ཕྲན་བདུན་ལ་ལྕགས་རྡུལ་གཅིག ལྕགས་རྡུལ་བདུན་ལ་ཆུ་རྡུལ་གཅིག ཆུ་རྡུལ་བདུན་ལ་རི་བོང་གི་རྡུལ་གཅིག རི་བོང་གི་རྡུལ་བདུན་ལ་ལུག་རྡུལ་གཅིག ལུག་རྡུལ་བདུན་ལ་གླང་རྡུལ་གཅིག གླང་རྡུལ་བདུན་ལ་གཞི་ནས་ཉི་ཟེར་གྱི་རྡུལ་ཕྲན་གཅིག་ཡིན། ཉི་ཟེར་གྱི་རྡུལ་ཕྲན་གཅིག་ཆགས་སྐབས་གཞི་ནས་མིག་གིས་མཐོང་ཐུབ་ཀྱི་ཡོད། མིག་གི་མཐོང་མ་མཐོང་གི་ཚད་དེ་ང་རང་ཚོའི་ཤ་ཡི་མིག་དེས་ཐད་ཀར་མཐོང་བ་དེ་ལ་ཟེར་བ་ལས་ཆེ་ཤེལ་ཁྱེར་ཏེ་བལྟས་ནས་མཐོང་བ་དེ་ལ་ཟེར་བ་མིན།

མདོ་སྡེ་པའི་ནང་དུ་jབདེན་པར་གྲུབ་པ་དང༌། kདོན་དམ་པར་གྲུབ་པ། lདེ་ཁོ་ན་ཉིད་དུ་གྲུབ་པ། mརང་གི་མཚན་ཉིད་ཀྱིས་གྲུབ་པ། nརང་བཞིན་གྱིས་གྲུབ་པ། oརང་ངོས་ནས་གྲུབ་པ། pརྫས་སུ་གྲུབ་པ་བཅས་མིང་ཚིག་བདུན་པོ་དེ་དག་ཚང་མ་དོན་གཅིག་ཡིན་པས་མདོ་སྡེ་པའི་སྐབས་སུ་བདེན་པར་གྲུབ་མ་གྲུབ་དང༌། རང་བཞིན་གྱིས་གྲུབ་མ་གྲུབ། རྫས་སུ་གྲུབ་མ་གྲུབ། རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་སོགས་རྣམས་དོན་གཅིག་ལ་གོ་དགོས། འོན་ཀྱང་དབུ་མའི་ནང་ཁག་གཉིས་ཡོད། དབུ་མ་པ་ཁག་གཅིག་གིས་རང་བཞིན་གྱིས་གྲུབ་པ་ལས་བདེན་པར་གྲུབ་པ་མེད་ཟེར་བ་དང༌། དབུ་མ་པ་ཁག་གཅིག་གིས་བདེན་པར་གྲུབ་པ་སོགས་མདོ་སྡེ་པས་བཤད་པ་ཚང་མ་མེད་པར་འདོད། མདོ་སྡེ་པའི་ནང་གོང་གསལ་མིང་ཚིག་བདུན་པོ་དེ་དག་ནམ་རྒྱུན་བེད་སྤྱོད་བྱེད་སྐབས་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཟེར་བ་དེ་བེད་སྤྱོད་བྱེད་པ་ལས་མིང་ཚིག་གཞན་རྣམས་བེད་སྤྱོད་བྱེད་སྲོལ་ཆེར་མེད། དེ་བཞིན་མདོ་སྡེ་པའི་ལྟ་བ་ཡག་པོ་ཤེས་དགོས་ན་ཚད་མ་རིག་པའི་ལེའུ་དང་པོ་དང་གཉིས་པ་ཡག་པོ་སྦྱངས་དགོས། དེ་ཤེས་ན་མདོ་སྡེ་པའི་ལྟ་བ་ཆ་ཚང་བ་ཤེས་ཐུབ་པ་ཡིན། མདོ་སྡེ་པའི་ལྟ་བ་དེ་སྔོན་མ་བོད་ཀྱི་གྲྭ་ས་ཁག་ནང་ཚད་མའི་འཛིན་གྲྭ་གཉིས་ཡོད་པ་དེའི་ནང་ཁ་ཤས་ཀྱིས་ལོ་བཞི་དང༌། ཁ་ཤས་ཀྱིས་ཉུང་ཤོས་ལའང་ལོ་གཉིས་སློབ་གཉེར་བྱེད་སྲོལ་ཡོད། སྐབས་དེ་དུས་གཙོ་བོ་མདོ་སྡེ་པའི་ལྟ་བ་སྦྱངས་ཀྱི་ཡོད། མདོ་སྡེ་པའི་ནང་ཐེག་པ་ཆེན་པོ་ཁས་ལེན་མཁན་ཡོད་ལ་ཁས་མི་ལེན་མཁན་ཡང་ཡོད། མདོ་སྡེ་པས་གསང་སྔགས་ཀྱི་ཆོས་དེ་ཁས་ལེན་གྱི་མེད། དེ་བཞིན་མདོ་སྡེ་པ་ནི་ཐེག་པ་ཆུང་ངུའི་གྲུབ་མཐའ་སྨྲ་བ་ཡིན། འོན་ཀྱང་སྟོང་པ་ཉིད་ཀྱི་ལྟ་བ་དང་བདག་མེད་ཀྱི་ལྟ་བའི་ཐོག་ལ་བྱེ་བྲག་སྨྲ་བ་ལས་རིག་པ་གཏིང་ཟབ་པ་དང་གནས་ཚད་མཐོ་བ་ཡོད། མདོ་སྡེ་པའི་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་སྟངས་ནི། གང་ཟག་གི་བདག་མེད་ལ་ཟེར་བ་ལས་ཆོས་ཀྱི་བདག་མེད་ཁས་མི་ལེན། གང་ཟག་གི་བདག་མེད་ཟེར་བ་ནི་ཕུང་པོ་ལས་ལོགས་སུ་གང་ཟག་གི་བདག་ཟེར་བ་ཞིག་མེད་པར་འདོད། མདོར་ན། གང་ཟག་གི་བདག་ཡོད་ཟེར་མཁན་གྱི་མདོ་སྡེ་པ་གཅིག་ཀྱང་མེད། ཚང་མས་གང་ཟག་གི་བདག་མིན་པར་ཐ་སྙད་དུ་ཡོད་དགོས་པའི་ང་རེད་ཟེར། དེར་བརྟེན་མདོ་སྡེ་པས་ཡོད་རྒྱུའི་བདག་དང༌། མེད་དགོས་རྒྱུའི་བདག་གཉིས་སུ་དབྱེ་བ་ཕྱེ་བ་ཡིན།

(༣) སེམས་ཙམ་པ།

སེམས་ཙམ་པ་ཟེར་བ་དེ་སེམས་ཨང་དང་པོ་ཡིན་པ་ཞིག་ལ་གོ་བ་ལེན་རྒྱུ་མེད་པར། དེ་ནི་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་ཟེར་བ་དེ་ཁས་ལེན་པ་ལ་བརྟེན་ནས་བཏགས་པ་ཡིན། རང་དང་རང་འཛིན་ཚད་མ་རྫས་གཞན་གྱིས་སྟོང་པ་ཟེར་བ་དེ་དང་གོང་གི་ནང་སེམས་ཀྱི་བདག་ཉིད་དུ་གྲུབ་པ་ཟེར་བ་དེ་གཉིས་གོ་དོན་གཅིག་ཡིན། རང་དང་རང་འཛིན་པའི་ཚད་མ་གཉིས་རྫས་གཞན་མིན་པར་རྫས་གཅིག་རེད། ཕྱི་རོལ་དོན་དུ་མ་གྲུབ་པ་རེད། ཕྱི་རོལ་གྱི་དོན་ཟེར་བ་མེད་ཟེར། ནམ་རྒྱུན་འཆར་ཅན་དུ་མིང་བསྡུས་ནས་ཕྱི་དོན་ཞེས་བཏགས་པ་མ་གཏོགས་རྒྱས་པར་བཤད་ན་ཕྱི་རོལ་གྱི་དོན་ལ་ཟེར། ཕྱི་རོལ་གྱི་དོན་དུ་གྲུབ་པ་དེ་མེད་ཟེར་བ་དེ་དོན་དངོས་སུ་མེད་ཟེར་བ་མིན་ལ། སེམས་ཀྱིས་བཟོས་པ་ཞིག་ལས་དོན་དངོས་སུ་མེད་པའི་སྟོང་པ་རེད་ཟེར་བའི་དོན་མིན་པར་དོན་དངོས་ལ་ཡོད་པ་དེ་ཁས་ལེན་གྱི་ཡོད། འོན་ཀྱང་ཕྱི་རོལ་གྱི་དོན་དུ་གྲུབ་པ་མིན་ཟེར། ཕྱི་རོལ་གྱི་ཡུལ་དང་རང་གིས་ངོས་འཛིན་བྱས་པའི་བསམ་བློ་གཉིས་ཀྱི་འབྲེལ་བ་ནི། ཕྱི་རོལ་གྱི་ཡུལ་སྔར་ནས་ཡོད་པ་དེ་ལ་རང་གིས་འདི་དང་འདི་ཞེས་ངོས་འཛིན་བྱེད་པའི་བསམ་བློ་སྐྱེས་པའི་སྐབས་སུ་སྣང་ཚུལ་མི་འདྲ་བ་གསུམ་ཡོད། སྣང་ཚུལ་མི་འདྲ་བ་གསུམ་པོ་ནི། jམངོན་བརྗོད་ཀྱི་བག་ཆགས་ཀྱིས་སྣང་བ། kབདག་ལྟའི་བག་ཆགས་ཀྱིས་སྣང་བ། lསྲིད་པའི་ཡན་ལག་གི་བག་ཆགས་ཀྱི་དབང་གིས་སྣང་བ་བཅས་ཕྱི་རོལ་ཡུལ་དུ་ང་ཚོར་ཚུར་འཆར་སྣང་ཡོང་སྐབས་ཁ་ཤས་མངོན་བརྗོད་ཀྱི་བག་ཆགས་ལ་བརྟེན་ནས་འཆར་སྣང་ཡོང་བ། ཁ་ཤས་བདག་ལྟའི་བག་ཆགས་ལ་བརྟེན་ནས་འཆར་སྣང་ཡོང་བ། ཁ་ཤས་ནི་སྲིད་པའི་ཡག་ལག་གི་བག་ཆགས་ཀྱི་དབང་གིས་འཆར་སྣང་ཡོང་བ་བཅས་འཆར་སྣང་མི་འདྲ་བ་གསུམ་ཡོང་གི་ཡོད། འཆར་སྣང་ཡོང་སྟངས་གསུམ་པོ་དེ་ཡག་པོ་མ་ཤེས་ན། གོང་གི་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་ཟེར་བ་དེ་ལ་གོ་བ་ཡག་པོ་ལོན་མི་ཐུབ། དེར་བརྟེན་བག་ཆགས་གང་འདྲ་ཞིག་ལ་བརྟེན་ནས་འཆར་སྣང་བྱུང་བ་ཡིན་ནམ་ཞེ་ན། འགའ་ཤས་ནི་མངོན་བརྗོད་ཀྱི་བག་ཆགས་ལ་བརྟེན་ནས་འཆར་སྣང་ཡོང་གི་ཡོད་པ་དང༌། འགའ་ཤས་ནི་བདག་ལྟའི་བག་ཆགས་ལ་བརྟེན་ནས་འཆར་སྣང་ཡོང་གི་ཡོད་པ། འགའ་ཤས་ནི་སྲིད་པའི་ལན་ལག་གི་བག་ཆགས་ལ་བརྟེན་ནས་འཆར་སྣང་ཡོང་གི་ཡོད། དེར་བརྟེན་འཆར་སྣང་མི་འདྲ་བ་གསུམ་པོ་དེ་གང་འདྲ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ནའང་གང་ལྟར་འཆར་སྣང་བྱུང་བ་དེ་འཆར་སྣང་ཡོང་བའི་ཕྱི་རོལ་གྱི་ཡུལ་དེ་གོང་དུ་བསྡད་པ་ཞིག་ཡིན། འོན་ཀྱང་ཚུར་འཆར་སྣང་ཡོང་རྒྱུའི་རྐྱེན་དེ་གང་ཡིན་ནམ་ཞེ་ན། ནང་རྐྱེན་ཡོད་པར་བརྟེན་དེ་ནི་ནང་རྐྱེན་དང་ཕྱི་རྐྱེན་གཉིས་ཟུང་འབྲེལ་བྱས་ནས་ཚུར་འཆར་སྣང་བྱུང་བ་ཞིག་ལས་ཕྱི་རྐྱེན་གཅིག་པུར་བརྟེན་ནས་འཆར་སྣང་ཡོང་མི་ཐུབ་ཅིང༌། ཕྱི་རོལ་གྱི་ཡུལ་སྔར་ནས་ཡོད་པ་དེ་ལ་རང་གི་ནང་རྐྱེན་འདི་འདྲ་ཞིག་ལ་བརྟེན་ནས་འཆར་སྣང་ཡོང་གི་ཡོད། ནང་རྐྱེན་ནི་གསུམ་ཡོད་དེ་མངོན་བརྗོད་ཀྱི་བག་ཆགས་དང༌། བདག་ལྟའི་བག་ཆགས། སྲིད་པའི་ཡན་ལག་གི་བག་ཆགས་བཅས་ཡིན། ནང་རྐྱེན་དེ་གསུམ་གང་རུང་ཞིག་ལ་བརྟེན་ནས་ཡོང་གི་ཡོད་ཅིང༌། ནང་རྐྱེན་དེ་གསུམ་མེད་ན། ཕྱི་རོལ་གྱི་ཡུལ་དེ་ཕར་ངོས་སུ་གནས་ཡོད་ནའང་རང་ལ་འཆར་སྣང་ཡོང་མི་ཐུབ། མངོན་བརྗོད་ཀྱི་བག་ཆགས་ཞེས་པ་ནི། འདི་འདི་རེད། དེ་དེ་རེད་བསམ་པའི་སྣང་བ་གཅིག་ཡོད་པ་དེ་ལ་ཟེར། དཔེར་ན། ཕྲུ་གུ་ཆུང་ཆུང་དང་པོ་ཐོག་མར་ཕྱི་རོལ་གྱི་ཡུལ་དང་འབྲེལ་བ་བྱུང་དུས་མངོན་བརྗོད་ཀྱི་བག་ཆགས་མེད་དེ་འདི་འདི་རེད་བསམ་པའི་བསམ་བློ་དེ་མེད། ཡིན་ནའང་བདག་ལྟའི་བག་ཆགས་ཡོད། བདག་ལྟའི་བག་ཆགས་གང་འདྲ་ཞིག་ཡོད་དམ་ཞེ་ན། སོ་སོའི་སེམས་ཀྱི་ནང་རྐྱེན་གང་ཡང་མི་དགོས་པར་ཕྱི་རོལ་ཡུལ་ནས་ཚུར་འཆར་སྣང་ཡོང་གི་ཡོད་པ་ལྟ་བུ་ཞིག་ཡོད། འོན་ཀྱང་འདི་ཤིང་རེད། འདི་ཆུ་རེད། འདི་མེ་རེད་ཟེར་རྒྱུའི་བག་ཆགས་དེ་མེད། མངོན་བརྗོད་ཀྱི་བག་ཆགས་ཟེར་བ་དེ་ཡོང་བར་འདི་ལ་མིང་འདི་ཟེར་གྱི་རེད། འདི་དངོས་པོ་འདི་རེད་ཅེས་མིང་བཏགས་མཁན་ཞིག་མ་བྱུང་ན་དེ་ལ་ངོས་འཛིན་གྱི་བག་ཆགས་དེ་ཡོང་མི་ཐུབ། མངོན་བརྗོད་ཀྱི་བག་ཆགས་དེ་ཡོང་བར་བྱེད་པར། དངོས་པོ་འདི་འདི་རེད། འདི་ལ་བོང་བུ་ཟེར་གྱི་རེད། འདི་ལ་རྟ་ཟེར་གྱི་རེད། འདི་ལ་མི་ཟེར་གྱི་རེད། འདི་ལ་ཤིང་ཟེར་གྱི་རེད་ཟེར་བའི་མིང་གཅིག་མ་བཏགས་བར་དུ་ཁོ་ལ་མངོན་བརྗོད་ཀྱི་བག་ཆགས་དེ་རྩ་བ་ནས་ཡོང་མི་སྲིད་པ་སྟེ། དཔེར་ན་ལྷ་སར་རྩ་བ་ནས་འགྲོ་མ་མྱོང་བའི་མི་གཅིག་གིས་རི་མོའི་ནང་ནས་ཁང་པ་དམར་པོ་བརྗིད་ཉམས་ལྡན་པ་ཞིག་མཐོང་ཚེ་ཁོའི་བསམ་པར་རི་མོ་འདིའི་ནང་ཁང་པ་བརྗིད་ཉམས་ལྡན་པ་ཞིག་འདུག་བསམ་པའི་སྣང་བ་ལས་མཐོང་བ་ཙམ་གྱིས་ཁང་པ་དེ་འདི་རེད་བསམ་པ་ཞིག་རྩ་བ་ནས་ཡོང་མི་སྲིད། མི་རྒན་པ་ཞིག་ལའང་བསམ་བློ་དེ་མེད། མིང་བཏགས་ཟིན་རྗེས་མི་གཅིག་འདིར་སླེབས་ནས་འདི་པོ་ཏ་ལ་ཟེར་བ་དེ་རེད་ཅེས་བཤད་སོང་ན། རྗེས་སུ་དེས་པོ་ཏ་ལ་ཕ་གི་ན་འདུག་བསམ་པའི་འཆར་སྣང་བྱུང་པ་རེད། མིང་དེ་མ་བཏགས་བར་དུ་འཆར་སྣང་དེ་འདྲ་མེད། མིང་དེ་མ་བཏགས་པའམ་དངོས་པོ་དེ་ལ་ངོས་འཛིན་མ་ཐུབ་བར་དུ་མངོན་བརྗོད་ཀྱི་བག་ཆགས་དེ་ཡོང་མི་ཐུབ།

བདག་ལྟའི་བག་ཆགས་ཟེར་བ་ནི། དངོས་པོ་ཁོ་རང་རང་གི་སེམས་ལ་ལྟོས་མ་དགོས་པར་དངོས་པོ་ཁོ་རང་ཉིད་ཕྱི་རོལ་ཡུལ་གྱི་ངོས་ནས་ཚུར་འཆར་སྣང་ཡོང་གི་ཡོད་པ་དང་རང་གི་སེམས་ལ་ལྟོས་མི་དགོས་པའི་འཆར་སྣང་ཡོང་གི་ཡོད་པ་དེ་འདྲའི་སྣང་བ་ཞིག་ཡོང་གི་ཡོད། རང་གི་སེམས་ལས་ལོགས་སུ་ཕྱི་རོལ་གྱི་ཡུལ་ཁོ་རང་གི་ངོས་ནས་ཚུར་སྣང་བ་འཆར་གྱི་ཡོད་པ་དེ་ལ་བདག་ལྟའི་བག་ཆགས་ཟེར། དེ་འདྲའི་འཆར་སྣང་དེ་སོ་སོའི་སེམས་ཀྱི་ངོས་ནས་ཕྱི་རོལ་ཡུལ་དང་རང་གི་སེམས་ཀྱི་བག་ཆགས་དེ་གཉིས་ཟུང་འབྲེལ་བྱས་ཏེ་བྱུང་བ་ཞིག་རེད། བག་ཆགས་དེ་མེད་ན་སྣང་བ་དེ་ཡོང་མི་སྲིད་པ་དང་བག་ཆགས་དེ་མེད་པ་བཟོ་མ་ཐུབ་ན་འཆར་སྣང་དེ་ཡོང་རྒྱུ་ཉག་ཅིག་ཡིན། རང་གི་སེམས་ལས་ལོགས་སུ་ཕྱི་རོལ་གྱི་ཡུལ་ཁོ་རང་གི་ངོས་ནས་ཚུར་སྣང་བ་འཆར་གྱི་ཡོད་པ་དེ་ཕྱི་རོལ་ཡུལ་གྱི་ངོས་ནས་ཚུར་འཆར་སྣང་བྱུང་བ་མ་ཡིན་པར་དེ་ནི་ཕྱི་རོལ་ཡུལ་གནས་པ་དེ་ལ་རང་གི་སེམས་ཀྱི་བག་ཆགས་ལ་བརྟེན་ནས་ཚུར་འཆར་སྣང་བྱུང་བ་ཞིག་ལས་བག་ཆགས་དེ་མེད་ན་དངོས་པོ་དེ་རང་གི་མདུན་དུ་ཡོད་ནའང་འཆར་སྣང་དེ་ཡོང་མི་ཐུབ་ལ། སྲིད་པའི་ཡན་ལག་གི་མདུན་དུ་ཡོད་ནའང་འཆར་སྣང་དེ་ཡོང་མི་ཐུབ། སྲིད་པའི་ཡན་ལག་གི་བག་ཆགས་ཟེར་བ་ནི་འཆར་སྣང་ཁོ་རང་ཉིད་རང་གི་སེམས་ལས་ལོགས་སུ་ཡོད་པ་ཅིག་ཡིན། ཕྱི་རོལ་ཡུལ་གྱི་འཆར་སྣང་དེ་རང་གི་སེམས་ལས་ལོགས་སུ་ཡོད་པའི་སྣང་བ་ཡོད་པ་དེ་ལ་སྲིད་པའི་ཡན་ལག་གི་བག་ཆགས་ཟེར།

རང་གི་སེམས་ལ་ལྟོས་མ་དགོས་པར་དངོས་པོ་ཁོ་རང་གི་ངོས་ནས་ཚུར་འཆར་སྣང་ཡོང་བའི་བསམ་བློ་དེ་ལ་བདག་ལྟའི་བག་ཆགས་ཟེར་བ་དང༌། སྲིད་པའི་ཡན་ལག་གི་བག་ཆགས་ཟེར་བ་ནི་འཆར་སྣང་དེ་རང་ཉིད་རང་གི་སེམས་ལ་ལྟོས་མ་དགོས་པར་ལོགས་སུ་ཡོད་པ་ཞིག་ཡིན་པས་དེ་གཉིས་མི་འདྲ་བ་སྟེ། གཅིག་ནི་ཕྱི་རོལ་གྱི་ཡུལ་དེ་རང་གི་སེམས་ལ་ལྟོས་མི་དགོས་པར་འཆར་སྣང་ཡོང་གི་ཡོད་པའི་བསམ་བློ་འཁོར་ནས་དངོས་པོ་ངོས་འཛིན་བྱེད་ཐུབ་པའི་མི་མང་ཆེ་བར་མངོན་བརྗོད་ཀྱི་བག་ཆགས་ཀྱི་འཆར་སྣང་དང༌། བདག་ལྟའི་བག་ཆགས་ཀྱི་འཆར་སྣང༌། སྲིད་པའི་ཡན་ལག་ལ་བརྟེན་ནས་བྱུང་བའི་བག་ཆགས་ཀྱི་འཆར་སྣང་བཅས་གསུམ་ཀ་ཡོད། མངོན་བརྗོད་ཀྱི་བག་ཆགས་ལ་བརྟེན་ནས་བྱུང་བའི་འཆར་སྣང་དང་བདག་ལྟའི་བག་ཆགས་ལ་བརྟེན་ནས་བྱུང་བའི་འཆར་སྣང་དེ་གཉིས་ནི་དབང་ཤེས་ཀྱི་འཆར་སྣང་སྟེ་དབང་པོ་ལྔ་ལས་བྱུང་བའི་འཆར་སྣང་ཡིན། སྲིད་པའི་ཡན་ལག་གི་བག་ཆགས་ཀྱི་འཆར་སྣང་དེ་ནི་རྗེས་དཔག་ཚད་མའི་འཆར་སྣང་ཡིན། གོང་གསལ་འཆར་སྣང་མི་འདྲ་བ་ཁག་གསུམ་གྱི་འབྲེལ་བ་ནི། ཐོག་མར་རང་གི་འཛིན་པའི་ཤེས་པ་དེས་ཕྱི་རོལ་གྱི་ཡུལ་དེ་ངོས་འཛིན་མ་བྱས་གོང་དུ་མིང་དང་དོན་གཉིས་ཀྱི་འབྲེལ་བ་དེ་ཤེས་དགོས་པ་ཡིན། དངོས་པོ་དེ་ལ་མིང་འདི་ཟེར། དངོས་པོ་འདི་འདི་འདྲ་ཞིག་རེད་བསམ་པའི་ངོས་འཛིན་ཞིག་ཐོབ་དགོས། དངོས་པོ་དེ་ལ་ངོས་འཛིན་ཞིག་མ་ཐོབ་ན་མངོན་བརྗོད་ཀྱི་བག་ཆགས་ཟེར་བ་དེ་ཡོང་མི་ཐུབ། དངོས་པོ་དེ་མིང་འདོགས་སའི་གཞི་ཡིན་པ་དེ་སྔོན་ལ་འཆར་དགོས་པ་ཡིན། ཕྱི་རོལ་ཡུལ་གྱི་འཆར་སྣང་དེ་མེད་ན། ཕྱི་རོལ་ཡུལ་གྱི་མིང་དང་དེའི་དོན་གཉིས་བར་གྱི་འབྲེལ་བ་དེ་ཤེས་མི་ཐུབ། མིང་དང་དོན་གཉིས་ཀྱི་འབྲེལ་བ་དེ་ཤེས་རྟོགས་ཡག་པོ་མ་ཐུབ་ན་ཕྱི་རོལ་གྱི་འཆར་སྣང་དེ་བྱུང༌། འཆར་སྣང་བྱུང་བའི་རྗེས་ལ་ཕྱི་རོལ་གྱི་ཡུལ་དེ་ངོས་འཛིན་བྱས། དཔེར་ན། འདི་ཤིང་རེད། འདི་ཆུ་རེད་བསམ་པའི་འཆར་སྣང་ལ་ཟེར། འཆར་སྣང་འདི་བྱུང་བ་དང་དུས་མཉམ་དུ་ཕྱི་རོལ་གྱི་ཡུལ་དེའི་མིང་དེ་བཏགས་པ་རེད། མིང་དེ་རང་གི་སེམས་ཀྱིས་ཕྱི་རོལ་ཡུལ་ལ་བཏགས་པ་མིན་པར་ཕྱི་རོལ་ཁོ་རང་གི་ངོས་ནས་ཚུར་གྲུབ་བསྡད་པའི་འཆར་སྣང་ཞིག་ཡོང་གི་ཡོད། དཔེར་ན། རྟ་དེ་མཇུག་མ་རིང་པོ་ཡོད་པ། སྐེ་ལ་རལ་པ་ཡོད་པ། འགྲོས་ཡག་པོ་ཡོད་པ་སོགས་རྟ་དེའི་དམིགས་བསལ་གྱི་ཁྱད་ཆོས་བཤད་པ་དང་དུས་མཉམ་དུ་འདི་རྟ་རེད་ཅེས་མིང་བཏགས་པ་དེ་མིང་འདོགས་མཁན་གྱི་མི་དེ་རང་གི་སེམས་ལ་ལྟོས་མི་དགོས་པར་རྟ་ཁོ་རང་ཉིད་ཀྱི་ངོས་ནས་གྲུབ་བསྡད་པའི་འཆར་སྣང་ཞིག་ཡོང་གི་ཡོད། འཆར་སྣང་དེ་བྱུང་བ་དང་མུ་མཐུད་འཆར་སྣང་ཁོ་ན་ཉིད་ཀྱང་རང་གི་སེམས་ལས་ལོགས་སུ་ཡོད་པའི་འཆར་སྣང་ཞིག་ཡོང་གི་ཡོད་པ་དང༌། འཆར་སྣང་ཁོ་རང་ཡང་རང་གི་སེམས་ལས་ཟུར་དུ་ཡོད་པའི་སྣང་བ་ཤར་རྒྱུ་ཡོད་ལ། དངོས་པོ་འདི་ལ་འཆར་སྣང་ཡོང་སྐབས་ཐོག་མ་འཆར་སྣང་འདི་འདྲ་ཞིག་དང༌། དེ་ནས་འདི་འདྲ་ཞིག་སོགས་དངོས་པོ་ངོས་འཛིན་བྱས་ཚར་བའི་མི་ཞིག་ཡིན་ན་འཆར་སྣང་རིམ་པ་གསུམ་བར་དུ་ཡོང་རྒྱུ་ཡོད། འཆར་སྣང་རིམ་པ་གསུམ་གྱི་ནང་ནས་འཆར་སྣང་དང་པོ་དང་གཉིས་པ་ནི་མ་འཁྲུལ་བའི་འཆར་སྣང་ཞིག་ཡིན་པ་དང༌། འཆར་སྣང་རྗེས་མ་གསུམ་པ་ནི་འཁྲུལ་བའི་འཆར་སྣང་ཡིན། དེར་བརྟེན་ཕྱི་རོལ་ཡུལ་གྱི་འཆར་སྣང་དེ་རང་གི་སེམས་ལས་ལོགས་སུ་མེད་པར་རང་གི་སེམས་དང་ངོ་བོ་གཅིག་ཡིན། དེ་ཡང་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་ཞེས་བཤད་དགོས་པའི་རྒྱུ་མཚན་གཙོ་བོ་ནི། དངོས་པོ་དེ་ལ་མིང་འདི་འདྲ་ཞིག་བཏགས་ཡོད་ནའང་མིང་འདི་འདྲ་ཞིག་བཏགས་པ་ནི་དངོས་པོ་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་ཞིག་མ་ཡིན་པར་དེ་ནི་མི་ཚོས་འདི་ལ་འདི་ཟེར། འདི་ལ་འདི་ཟེར་ཞེས་མིང་བཏགས་བཞག་པ་ཞིག་ལས་མིང་མ་བཏགས་པར་དངོས་པོ་ཞིག་ལ་ཁོ་རང་ངོས་ནས་འདི་རེད་ཅེས་གྲུབ་པ་ཞིག་མེད། དཔེར་ན། རྟ་ཞེས་མིང་མ་བཏགས་གོང་ནས་འཇིག་རྟེན་ཐོག་རྟ་ཡོད་ནའང་མི་ཚོས་རྟ་དེ་མཐོང་རྗེས་རྟ་ཟེར་བའི་སེམས་ཅན་དེ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་པ་ཞིག་མཐོང་ནས་རྟ་ཞེས་ཕར་མིང་བཏགས་པ་ལས་རྟ་ཉིད་ཀྱི་སྟེང་དུ་ང་རྟ་ཡིན་ཟེར་བའི་ཐེལ་རྩེ་བརྒྱབ་པ་ལྟ་བུ་མེད་དེ། དཔེར་ན། རྒྱ་ནག་སྐད་དུ་རྟ་ལ་མཱ་(马)ཟེར་བ་དང་རྒྱ་གར་སྐད་དུ་ཧ་ཡ་ཟེར་བ་དེ་མིང་འདོགས་མཁན་གྱིས་འཆར་སྣང་ལ་བརྟེན་ནས་ཕར་བཏགས་པའི་མིང་ཡིན་པ་ལས་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་མེད་པའི་རྟགས་རེད། གལ་ཏེ་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་ཞིག་ཡིན་ན་མི་རིགས་ཚང་མས་རྟ་ཞེས་འབོད་དགོས་རུང་དེ་མེད་པར་སོ་སོ་སོ་སོས་མིང་རེ་རེ་བཏགས་ཡོད་པས་དེ་ནི་ཁོ་རང་གི་ངོས་ནས་ཚུར་མ་གྲུབ་པའི་རྟགས་མཚན་རེད། དེ་བཞིན་ནང་སེམས་ཀྱི་བདག་ཉིད་ཙམ་དུ་གྲུབ་པ་ཟེར་དུས། དཔེར་ན། མི་གཉིས་ཀྱིས་མི་གཅིག་ལ་བལྟས་པར་ཆ་བཞག་ན། མ་གཞི་མི་གཉིས་ཀས་མི་གཅིག་པོ་དེ་རང་མཐོང་གི་ཡོད་ནའང་མཐོང་བའི་སྐབས་སུ་ཁོང་གཉིས་ལ་འཆར་སྣང་མི་འདྲ་བ་ཡོང་གི་ཡོད་པ་མ་ཟད། མི་དེ་བས་མང་བས་བལྟས་ནའང་འཆར་སྣང་གཅིག་པ་ཡོང་མི་སྲིད་ཅིང༌། མི་སོ་སོའི་འཆར་སྣང་དང་སེམས་གཉིས་ངོ་བོ་གཅིག་ཡིན་པ་ལས་ཁོ་གཉིས་ཀྱི་འཆར་སྣང་དེ་ཁོ་གཉིས་ཀྱིས་བལྟ་སའི་ཕྱི་རོལ་གྱི་ཡུལ་དེའི་ཐོག་ནས་ཚུར་གྲུབ་པ་ཞིག་མིན། འཆར་སྣང་དེ་རང་གི་སེམས་ལ་བརྟེན་ནས་བྱུང་བ་ཞིག་དང་རང་གི་སེམས་དང་ངོ་བོ་གཅིག་ཡིན་སྟབས་གལ་ཏེ་མི་གཉིས་ལ་བྱུང་བའི་འཆར་སྣང་དེ་ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་པ་ཞིག་ཡིན་ན། ཕྱི་རོལ་ཡུལ་དེ་ལ་འགྱུར་བ་རྩ་བ་ནས་མེད་པ་ཞིག་དགོས་པ་ཡིན། དེ་བཞིན་མི་གཉིས་པོའི་བསམ་བློར་ཡང་འགྱུར་བ་ཡོད་པར་མ་ཟད། སོ་སོས་ངོས་འཛིན་བྱས་པའི་ལྟ་སྟངས་ཀྱི་འཆར་སྣང་དེ་ལའང་འགྱུར་བ་ཡོད་པ་ཞིག་ཡིན་ཏེ། སྔོན་མ་ཡག་པོ་ཞིག་ཏུ་མངོན་རུང་ད་ལྟ་ངན་པར་མངོན་པ་ལྟར་ཕྱི་རོལ་གྱི་ཡུལ་དེ་ཡང་ན་ནིང་ཡག་པོ་དེ་ད་ལོ་ཡག་པོ་མེད་པར་འགྱུར་བ་ཡང་ཡོད་པས་ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་པ་ཞིག་ཡིན་ན་འགྱུར་བ་དེ་དག་མེད་དགོས་པ་ཞིག་ཡིན་ལ། རང་གི་སེམས་ཀྱི་ངོས་འཛིན་ནམ་འཆར་སྣང་དེ་ལའང་འགྱུར་བ་རྩ་བ་ནས་མེད་པ་ཞིག་ཡོང་དགོས། དེར་བརྟེན་རང་གི་འཆར་སྣང་དེ་རང་གི་སེམས་དང་ངོ་བོ་གཅིག་ཡིན་པ་མ་གཏོགས་ཕྱི་རོལ་ཡུལ་ཉིད་ཀྱི་ཐོག་ནས་ཚུར་གྲུབ་པ་ཞིག་མིན་པར་འདོད་ལ། དེ་འདྲ་མིན་སྟབས་རང་གི་སེམས་དེ་རང་གིས་རྟོགས་ཐུབ་པར་བརྟེན་རང་རིག་ཟེར་བ་དེ་ཡོད་ཟེར། དེ་ནི་རང་གི་སེམས་རང་གིས་རིག་པའམ་རྟོགས་པའི་ཤེས་པ་དེ་ལ་ཟེར། གལ་ཏེ་རང་གི་སེམས་དེ་རང་གིས་རྟོགས་པ་ཞིག་མེད་ན། དཔེར་ན། ན་ནིང་རང་གི་སེམས་ལ་བསམ་བློ་འཁོར་བ་དེ་ད་ལོ་དྲན་རྒྱུ་མེད་དགོས་པ་དང༌། དེ་བཞིན་ད་ལྟ་དྲན་པ་དེ་སང་ཉིན་བརྗེད་འགྲོ་བ་ཞིག་ཡིན་དགོས། འོན་ཀྱང་དེ་ནི་རང་གི་སེམས་ལ་བསམ་བློ་གང་འཁོར་བ་དེ་རང་གིས་དྲན་རྒྱུ་ཡོད་པས་རང་གི་སེམས་རང་གིས་ཤེས་ཟེར་བ་དེ་ཡོད་པར་འདོད། དེ་ལ་མི་གཞན་གྱིས་སྐྱོན་བརྗོད་བྱས་པར། རང་གི་སེམས་རང་གིས་ཤེས་པ་དེ་ཡོད་པར་འདོད་ན། གཞན་གྱི་སེམས་རང་གིས་ཤེས་པ་ཞིག་ཡོད་དམ་མེད། དེ་ཡོད་པར་འདོད་ན། གཞན་གྱི་སེམས་དེ་རང་གིས་ཤེས་རྟོགས་ཡོང་སྐབས་གཞན་གྱི་སེམས་དང་རང་གི་སེམས་གཉིས་ངོ་བོ་གཅིག་ཏུ་འགྱུར་སྲིད་པ་དང༌། གཞན་དག་གི་སེམས་ལ་ག་རེ་དྲན་པའི་འཆར་སྣང་དེ་རང་གིས་ཤེས་རྟོགས་ཐུབ་ཀྱི་ཡོད་ན། གཞན་དག་གི་སེམས་ཀྱི་འཆར་སྣང་དེ་དང་རང་གི་སེམས་གཉིས་ངོ་བོ་གཅིག་པ་མ་ཡིན་ནམ། ཡང་མིན་ན་གཞན་གྱི་སེམས་རང་གིས་ཤེས་ཟེར་བ་དེ་མེད་དམ་ཞེས་སྐྱོན་བརྗོད་བྱེད་པ་དེའི་ལན་དུ་གཞན་གྱི་སེམས་རང་གིས་ཤེས་པ་ཟེར་བ་དེ་ཡོད། འོན་ཀྱང་གཞན་གྱི་སེམས་རང་གིས་ཤེས་པ་དེ་རང་གི་ལག་པའི་ནང་གི་དངོས་པོ་ལྟར་རང་གིས་དངོས་སུ་ཐད་ཀར་མཐོང་བ་མིན་པར། མི་གཞན་གྱི་བསམ་བློར་རང་གིས་བརྟག་དཔྱད་བྱས་པ་དང༌། ཕར་ངོས་ཀྱི་སེམས་ལ་གང་དྲན་གྱི་ཡོད་པ་དེ་ལྟ་བུ་ཞིག་རང་གི་སེམས་ལ་འཆར་སྣང་བྱུང་བ་རེད། དེ་ཡོང་དོན་གང་ཡིན་ཞེ་ན། ཕར་ངོས་ཀྱི་སེམས་ལ་འཆར་སྣང་བྱུང་བ་དེ་ལྟ་བུའི་འདྲ་བའི་རྣམ་པ་ཞིག་རང་གི་སེམས་སུ་གཟུགས་བརྙན་ལྟར་འཆར་སྣང་བྱུང་བ་ལས་གཞན་གྱི་སེམས་དེ་རང་གིས་དངོས་སུ་སྦར་མཐིལ་ནང་བལྟས་པ་ལྟར་ཐད་ཀར་ཤེས་པ་ཞིག་མིན། དཔེར་ན། ན་ནིང་ཕྲུ་གུ་གཅིག་གིས་ཁོ་པའི་པ་ཕའི་ལག་པ་དེ་རང་གི་མགོ་སྟེང་ལ་བསྐྱལ་ན་པ་ཕས་ཤེས་པའི་ཨང་རྩིས་སོགས་ཚང་མ་ཕྲུ་གུ་དེས་བྲིས་ཤེས་མཁན་ཞིག་བྱུང་བ་རེད། དེ་ཇི་ལྟར་བྱུང་བ་རེད་དམ་ཞེ་ན། དེ་ནི་ཕར་ངོས་ཀྱི་སེམས་ལ་གང་དྲན་པ་དེ་ཤེལ་སྒོའི་ནང་གཟུགས་བརྙན་མངོན་པ་ལྟར་རང་གི་སེམས་ལ་འདྲ་བའི་རྣམ་པ་ཞིག་འཆར་ཏེ་བྱུང་བ་ཞིག་ལས་ཕར་ངོས་ཀྱི་སེམས་དེ་རང་གིས་ཐད་ཀར་དུ་ཤེས་པ་ཞིག་མིན།

སེམས་ཙམ་པ་ཡིས་བདག་མེད་ལ་བདག་མེད་རགས་པ་དང༌། བདག་མེད་ཕྲ་མོ་གཉིས་སུ་ཕྱེ་ཡོད། བདག་མེད་རགས་པ་ནི་གང་ཟག་གི་བདག་མེད་ལ་ཟེར་བ་དང༌། བདག་མེད་ཕྲ་མོ་ནི་ཆོས་ཀྱི་བདག་མེད་ལ་ཟེར། གང་ཞེ་ན། ང་ང་བསམ་པའི་བསམ་བློ་དེ་བྱུང་ལུགས་བྱུང་སྟངས་དང༌། བསམ་པ་ནང་བཞིན་ཡོད་དགོས་པ་ཞིག་དང་མེད་དགོས་པ་དེ་རང་གི་ང་ང་བསམ་པའི་བསམ་བློ་དེ་རང་གི་འཆར་སྣང་གི་ཐོག་ནས་བྱུང་བ་མ་ཡིན་པར་ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་བྱུང་སྟེ་ལག་པས་བཟུང་རྒྱུ་ཡོད་པ། མིག་གིས་མཐོང་རྒྱུ་ཡོད་པ་ལྟ་བུའི་འཆར་སྣང་ཞིག་ཡོང་གི་ཡོད། འཆར་སྣང་དེ་ཕྱི་རོལ་ཡུལ་ང་ཟེར་རྒྱུའི་བསམ་བློ་གཏོང་སའི་གཞི་དེའི་ཐོག་ནས་བྱུང་བ་ཞིག་མ་ཡིན་པར་དེ་ནི་རང་གི་བསམ་བློའི་ཐོག་གི་འཆར་སྣང་ཞིག་ཡིན། ཕྱི་རོལ་གྱི་ཡུལ་དེ་དང་རང་གི་སེམས་གཉིས་པོ་ཚུར་འཕྲད་པ་ཞིག་ཡིན་སྟབས་དེ་ལ་བརྟེན་ནས་ཕྱི་རྐྱེན་དང་ནང་རྐྱེན་གཉིས་འཛོམས་ཏེ་འཆར་སྣང་དེ་བྱུང་བ་རེད། ནང་རྐྱེན་དེ་མེད་ན་ཕྱི་རྐྱེན་གཅིག་པུས་འཆར་སྣང་དེ་ཡོང་མི་ཐུབ་ལ། ཕྱི་རྐྱེན་མེད་ན་ནང་རྐྱེན་ཁོ་ནས་འཆར་སྣང་ཡོང་མི་ཐུབ་པར་ཕྱི་རྐྱེན་དང་ནང་རྐྱེན་གཉིས་འཕྲད་དུས་འཆར་སྣང་དེ་ཡོང་གི་ཡོད་པར་འདོད་པ་ཡིན། འཆར་སྣང་དེ་གང་ཡིན་ནམ་ཞེ་ན། ཕྱི་རྐྱེན་ལ་བརྟེན་ནས་རང་གི་སེམས་ལ་འཆར་སྣང་བྱུང་བ་ཞིག་རེད། འཆར་སྣང་དེ་ཕྱི་རོལ་ཡུལ་གྱི་ངོས་ནས་ཚུར་གྲུབ་པ་ཞིག་མིན་པར་རང་གི་སེམས་ཀྱི་ཐོག་ནས་ཚུར་བྱུང་བ་ཞིག་རེད་ཟེར། དེ་ནི་རང་གི་སེམས་དང་ངོ་བོ་གཅིག་ཡིན་པར་འདོད། དེར་བརྟེན་གང་ཟག་གི་བདག་ཟེར་བ་དེ་མེད་པར་འདོད། ཆོས་ཀྱི་བདག་མེད་ནི་གང་ཟག་གི་བདག་མེད་པ་ལྟར་དངོས་པོ་གཞན་ཚང་མའི་ཐོག་ཏུ་དཔེ་སྦྱར་ནས་ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་པ་མེད་པ། རང་གི་སེམས་ལ་འཆར་སྣང་བྱུང་བ་དེ་འཆར་སྣང་ཁོ་ན་ཉིད་རང་གི་སེམས་ལས་ལོགས་སུ་མེད་པ་དང་ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་པ་ཞིག་མིན་པ་དེ་ལ་ཆོས་ཀྱི་བདག་མེད་ཟེར། བདག་མེད་འཇོག་སྟངས་སྐོར་ལ་མདོ་སྡེ་པ་ལས་སེམས་ཙམ་པ་རིག་པ་གཏིང་ཟབ་པ་དང་རྒྱ་ཆེ་བ་ཡོད། དེ་བཞིན་དེ་མིན་པའི་སེམས་ཙམ་པའི་ལྟ་བའི་སྐོར་ལ་བཤད་སྟངས་མང་པོ་ཡོད་ནའང་ཚད་མ་རིག་པ་ཡག་པོ་མི་ཤེས་མཁན་ཞིག་ཡིན་ན་གོ་བ་ལེན་སྟངས་ལ་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པས་འདིར་སེམས་ཙམ་པ་ཞེས་མིང་ཐོབ་དགོས་སྟངས་ཀྱི་ལྟ་བ་གཙོ་བོ་དེ་བཤད་པ་ཡིན། རྒྱ་ནག་གི་ཐང་སང་བླ་མ་ཡང་སེམས་ཙམ་པའི་ལྟ་བ་ཡིན།

(༤) དབུ་མ་པ།

རྟག་ཆད་གཉིས་ཀྱི་མཐའ་སྤངས་ནས་དབུས་ལ་གནས་པའི་ལྟ་བ་ཁས་ལེན་པ་ཡིན་པས་དབུ་མ་པ་ཞེས་བརྗོད། འདིར་རྟག་མཐའ་ཟེར་བ་ནི་ཡོད་པའི་མཐའ་དང༌། ཆད་མཐའ་ཟེར་བ་ནི་མེད་པའི་མཐའ་ཡིན། འདི་ལ་ཡོད་མཐའ་དང་མེད་མཐའ་ཟེར་དགོས་དོན་ནི། ཡོད་དགོས་པའི་ཡོད་ལུགས་ཡོད་སྟངས་ཀྱི་མཚམས་སམ་ཚད་གཞི་ཞིག་ཡོད་པ་དེ་ལས་བརྒལ་ཏེ་དེ་ལས་ལྷག་པའི་ཡོད་ལུགས་ཡོད་སྟངས་ཤིག་བཤད་པ་དེ་ལ་ཡོད་མཐའ་ཞེས་དང༌། མེད་ལུགས་མེད་སྟངས་ཀྱི་ཚད་གཞི་དེ་ལས་བརྒལ་ཏེ་ད་དུང་དེ་ལས་ལྷག་པའི་མེད་ལུགས་མེད་སྟངས་བཤད་པ་དེ་ལ་མེད་མཐའ་ཟེར། དེར་བརྟེན་སེམས་ཙམ་པས་བདེན་པར་གྲུབ་པ་ཟེར་བ་ཡོད་པར་འདོད་པ་དང༌། དབུ་མ་པས་བདེན་པར་གྲུབ་པ་ཟེར་བ་མེད་པར་འདོད་ན་ཡང་རང་བཞིན་གྱིས་གྲུབ་པ་ཟེར་བ་དེ་ཡོད་པར་འདོད་པ་དང་རང་བཞིན་གྱིས་མ་གྲུབ་ན་མེད་དགོས་པ་ཡིན་པར་འདོད། དེར་བརྟེན་ཡོད་ལུགས་ཡོད་སྟངས་དེ་བདེན་པར་གྲུབ་པ་དེ་མེད། རང་བཞིན་གྱིས་གྲུབ་པ་ཡོད་ཟེར་མཁན་ཁག་ཅིག་དང་ཡང་ཁག་ཅིག་གིས་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ལས་བདེན་པར་གྲུབ་པ་དང་རང་བཞིན་གྱིས་གྲུབ་པ་ཚང་མ་མེད་ཟེར་མཁན་བཅས་ཁག་གཉིས་ཡོད། ཡོད་ལུགས་ཡོད་སྟངས་ཀྱི་ཚད་གཞི་དེ་ལས་བརྒལ་ཏེ་ད་དུང་དེ་ལས་ལྷག་པ་ཡོད་པར་སྨྲ་བ་ན་དེ་ནི་ཡོད་པའི་མཐའ་ལ་སླེབས་པ་རེད། དེ་བཞིན་ཚད་ལས་བརྒལ་བའི་མེད་ལུགས་མེད་སྟངས་བཤད་ན་མེད་པའི་མཐའ་ཟེར། རྟག་མཐའ་ཟེར་བ་དེ་ལ་སྒྲོ་འདོགས་ཀྱི་མཐའ་ཡང་ཟེར། སྒྲོ་འདོགས་ཀྱི་མཐའ་ཟེར་བ་ནི་མེད་པ་ལ་ཡོད་པར་སྨྲ་བས་ན་སྒྲོ་འདོགས་ཟེར། དེ་ནི་མདའ་ལ་སྒྲོ་འདོགས་པ་ལྟར་མེད་པ་དེ་ཡོད་པར་སྨྲ་བས་སོ། །ཆད་མཐའ་ལ་སྐུར་བ་འདེབས་པ་ཡང་ཟེར། དེ་ནི་ཡོད་པ་མེད་པར་སྨྲ་བ་ལ་ཟེར། མེད་པའི་མཐའ་ལ་སླེབས་པ་ཡིན་ན་མེད་དགོས་པའི་མཚམས་དེ་ལས་བརྒལ་ཏེ་མེད་པ་ཁས་ལེན་པ་ཡིན་པས་སྐུར་བ་འདེབས་པའི་ཚད་གཞི་དེའི་ཐོག་ཏུ་སླེབས་ཀྱི་ཡོད། འདིར་སྒྲོ་འདོགས་ཀྱི་མཐའ་དང་སྐུར་འདེབས་ཀྱི་མཐའ་ཞེས་བརྗོད། ཡོད་པའི་མཐའ་དང་མེད་པའི་མཐའ་བཀག་སྟངས་ཀྱི་ལྟ་བ་དེ་ཁས་ལེན་པ་ཡིན་པས་དེ་ནི་དཀྱིལ་ལ་བསྡད་པ་ཡིན་སྟབས་དབུ་མ་པ་ཞེས་བརྗོད། ཡོད་མཐའ་དང་མེད་མཐའ་གཉིས་འགོག་སྟངས་ཀྱི་ཐབས་ཤེས་དེ་གང་ཡིན་ཞེ་ན། དེ་ལས་ཡོད་པའི་མཐའ་འགོག་སྟངས་ཀྱི་ཐབས་ཤེས་ནི་སྟོང་པ་ཉིད་ཡིན་པ་དང༌། མེད་པའི་མཐའ་འགོག་སྟངས་ནི་རྟེན་འབྱུང་ཟེར་བ་དེ་ཡིན། བདེན་པར་གྲུབ་པ་མེད། བདེན་པར་མ་གྲུབ་པའི་སྟོང་ཉིད་དེ་ཁས་ལེན་པ་ཡིན་པས་ཡོད་པའི་མཐའ་དེ་བཀག་པ་རེད། རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་རྟེན་འབྲེལ་དེ་ཁས་ལེན་པ་ཡིན་སྟབས་མེད་པའི་མཐའ་དེ་བཀག་པ་རེད། རྟག་མཐའ་དང་ཆད་མཐའ་བཀག་སྟེ་དཀྱིལ་ལ་བསྡད་པའི་ལྟ་བ་ཁས་ལེན་པ་ཡིན་སྟབས་དབུ་མ་པ་ཞེས་བཏགས།

དབུ་མ་པའི་ལྟ་བ་གཞི་རྒྱ་ཆེན་པོས་དར་སྤེལ་མཛད་མཁན་ནི་སློབ་དཔོན་ཀླུ་སྒྲུབ་དང་སློབ་དཔོན་འཕགས་པ་ལྷ་རྣམ་གཉིས་ཡིན་ཅིང༌། ཁོང་རྣམ་གཉིས་ལ་འཕགས་པ་ཡབ་སྲས་གཉིས་ཟེར། ཀླུ་སྒྲུབ་ནི་འཕགས་པ་ལྷའི་བླ་མ་ཡིན་པ་དང༌། འཕགས་པ་ལྷ་ནི་ཀླུ་སྒྲུབ་ཀྱི་སློབ་མ་སྟེ་ཁོང་རྣམ་གཉིས་བར་བླ་མ་དང་སློབ་མའི་འབྲེལ་བ་ཡོད་སྟབས་འཕགས་པ་ཡབ་སྲས་གཉིས་སུ་གྲགས་པ་ཡིན་པས་འདིར་ཡབ་སྲས་ཟེར་སྐབས་ཕ་མ་བུ་ཕྲུག་གི་འབྲེལ་བ་ལ་གོ་མི་རུང༌། དེ་བཞིན་རྒྱལ་བ་ཡབ་སྲས་ཞེས་བརྗོད་སྲོལ་ཡོད་པ་དེ་ཡང་ཏཱ་ལའི་བླ་མ་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་སྐུ་ཕྲེང་རིམ་བྱོན་སུ་བགྲེས་པ་ཡོད་ན་དེས་བླ་མ་དང༌། གཞོན་པ་དེས་སློབ་མ་གནང་གི་ཡོད་པས་ྋརྒྱལ་བ་ཡབ་སྲས་ཞེས་གསོལ་བ་ལས་ཕ་བུའི་འབྲེལ་བ་ལ་གོ་མི་རུང༌། སློབ་དཔོན་ཀླུ་སྒྲུབ་མ་བྱུང་གོང་དུ་རྒྱ་གར་དུ་བྱེ་བྲག་སྨྲ་བ་དང༌། སེམས་ཙམ་པ་དང༌། མདོ་སྡེ་པའི་ལྟ་བ་དེ་ཁྱབ་ཆེ་བ་ཡོད། སློབ་དཔོན་ཀླུ་སྒྲུབ་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལྷག་ཙམ་ཕྱིན་པའི་རྗེས་ལ་བྱུང་བ་ཞིག་རེད། ཁོང་གིས་མཛད་པའི་གསང་སྔགས་དང༌། དབུ་མ། སྨན་གཞུང་སོགས་ཀྱི་དཔེ་ཆ་ཧ་ཅང་མང་པོ་ཡོད་པ་དེ་རྣམས་བསྟན་འགྱུར་གྱི་ནང་དུ་ཡོད་ལ། ལུགས་ཀྱི་བསྟན་བཅོས་ཀྱང་མང་པོ་བརྩམས་གནང་ཡོད། སློབ་དཔོན་ཡབ་སྲས་གཉིས་ཀྱི་རྗེས་སུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཐོག་མར་དར་སྤེལ་མཛད་པ་དང༌། དེའི་རྗེས་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ལྟ་བ་དེ་ལ་དགག་པ་བསྐྱོན་ཏེ་དབུ་མ་རང་རྒྱུད་པའི་ལྟ་བ་དེ་དར་སྤེལ་གནང་བ་རེད། དབུ་མ་པ་ལ་དབུ་མ་ཐལ་འགྱུར་བ་དང་དབུ་མ་རང་རྒྱུད་པ་ཁག་གཉིས་ཡོད། སྤྱིར་ན་སྔོན་ལ་དབུ་མ་རང་རྒྱུད་པ་ཡི་ལྟ་བ་དེ་བཤད། དེ་ནས་དབུ་མ་ཐལ་འགྱུར་པའི་ལྟ་བ་དེ་བཤད་ན་ཅུང་གོ་བདེ་བ་ཡོད་པས་སྔོན་ལ་དབུ་མ་རང་རྒྱུད་པའི་ལྟ་བ་དེ་ཞུ་རྒྱུ་ཡིན།

jདབུ་མ་རང་རྒྱུད་པ།

རྒོལ་བ་སྔ་ཕྱི་གཉིས་ཀའི་བློ་མ་འཁྲུལ་བའི་ངོར་མཐུན་སྣང་དུ་གྲུབ་པའི་རྩོད་གཞི་ཆོས་ཅན་གྱི་སྟེང་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་དགོས་པར་ཁས་ལེན་པ་དེ་ལ་དབུ་མ་རང་རྒྱུད་པ་ཟེར། གོང་གི་ཚིག་རིང་པོ་དེ་གོ་བདེ་རུ་བཏང་ན་དེའི་དོན་དག་ལྟེ་བ་བརླག་ཉེན་ཡོད་པས་འདིར་ཚིག་རིང་པོ་དེའི་ནང་དུ་གང་ཡོད་པ་འདིར་བཀོད་པ་ཡིན། དེ་སྔ་གྲྭ་ས་ཁག་ནང་དཔེ་ཆ་བ་རྣམས་མཚན་ཉིད་རྩོད་སྐབས་རྒོལ་བ་ལ་སྔ་རྒོལ་ཟེར་བ་ཞིག་དང་ཕྱི་རྒོལ་ཟེར་བ་ཞིག་གཉིས་ཡོད། དེ་གང་ཞེ་ན། སོ་སོ་རང་གི་ལྟ་ཚུལ་དེ་མར་བཤད་ནས་ཁས་ལེན་དམ་བཅའ་བྱེད་མཁན་གྱི་མི་དེ་ལ་སྔ་རྒོལ་ཟེར། ཕྱི་རྒོལ་ཟེར་བ་ནི་ལྟ་ཚུལ་དེ་ལ་ཚུར་དགག་པ་བརྒྱབ་ནས་སྐྱོན་བརྗོད་བྱེད་མཁན་དེ་ལ་ཟེར། སྔ་རྒོལ་ཕྱི་རྒོལ་ཞེས་བརྗོད་དོན་ནི། དང་པོ་སོ་སོའི་ལྟ་ཚུལ་དེ་ཤོད་མཁན་མེད་ན་དེ་ལ་ཚུར་དགག་པ་རྒྱག་མཁན་ཡོང་མི་སྲིད་ཅིང༌། ལྟ་ཚུལ་ཤོད་མཁན་ཞིག་བྱུང་བར་བརྟེན་ནས་དེ་ལ་དགག་པ་རྒྱག་མཁན་བྱུང་བ་རེད། དེར་བརྟེན་ལྟ་ཚུལ་དང་པོ་ཤོད་མཁན་དེ་ལ་སྔ་རྒོལ་ཟེར་བ་དང༌། དེའི་རྗེས་སུ་དགག་པ་རྒྱག་མཁན་བྱུང་བ་དེ་ལ་ཕྱི་རྒོལ་ཞེས་བརྗོད་པ་ཡིན། སྔ་རྒོལ་ཕྱི་རྒོལ་ཟེར་བ་དེའི་སྐོར་སྔོན་མ་སེ་འབྲས་དགེ་གསུམ་དང་དེ་བཞིན་གཞུང་ཆེན་པོ་ལ་སློབ་གཉེར་བྱེད་མཁན་དགོན་ཆེན་ཚང་མའི་ནང་དུ་ཡོད། སྔོན་མ་ཡིག་ཚད་གཏོང་སྐབས་ཡིག་ཚད་ཆེན་མོ་ཐེངས་ལྔ་གཏོང་སྲོལ་ཡོད་དེ། ཐོག་མ་འཛིན་གྲྭའི་ནང་དུ་གཏོང་དགོས་པ་དང༌། དེ་ནས་འཛིན་གྲྭ་ཡོངས་རྫོགས་འཛོམས་པའི་སར་གཏོང་དགོས་པ། དེ་ནས་དགོན་པ་དེ་གའི་ཚོགས་ཆེན་དུ་གཏོང་དགོས་པ། དེ་ནས་ནོར་བུ་གླིང་ཁར་གཏོང་དགོས་པ། མཐའ་མར་ལྷ་ས་སྨོན་ལམ་ཆེན་མོར་སེ་འབྲས་དགེ་གསུམ་ཚང་མ་འཛོམས་སར་ཡིག་ཚད་ཆེན་མོ་དེ་གཏོང་དགོས་ཀྱི་ཡོད། ཡིག་ཚད་དེའི་ནང་དུ་ཁྱེད་རང་སྔ་རྒོལ་ཕྱི་རྒོལ་གང་བྱེད་མཁན་ཡིན་མིན་གོང་ནས་བསྐོ་བཞག་བྱས་རྗེས་ཚོགས་ཆེན་སྐབས་ཐོག་མ་མཁན་པོས་རྩོད་པ་བྱེད་མཁན་གཉིས་པོའི་མིང་ནས་འབོད་དེ་ཐེངས་འདིའི་རྩོད་གླེང་དུ་བཞེངས་རོགས་གནང་ཞེས་བཤད་ཚར་རྗེས་རྩོད་གླེང་བྱེད་མཁན་གཉིས་ཡར་ལངས་ཏེ་གྲལ་མཇུག་ནས་ཕྱག་གསུམ་འཚལ། དེ་ནས་ཡར་ཕྱིན་ཏེ་མཁན་པོ་ལ་མཇལ་ཁ་ཞུས། དེ་ཞུས་ཚར་རྗེས་ཁོང་གཉིས་གྲལ་འགོར་ཕྱིན་ནས་སྐྱོན་བརྗོད་དམ་དགག་པ་རྒྱག་མཁན་དེས་དེ་རིང་ངས་ཁྱོད་རང་ལ་དོན་དག་འདི་འདྲ་ཞིག་གི་ཐོག་ལ་རྩོད་གླེང་བྱེད་ཀྱི་ཡིན་ཞེས་རྩོད་གླེང་བྱེད་པའི་ནང་དོན་རོབ་ཙམ་ཞིག་བཤད་ཀྱི་རེད། དེའི་སྔོན་ལ་གསང་བ་བྱས་ནས་བཤད་མི་ཆོག་པ་སྟེ། ཕན་ཚུན་གཉིས་རྩོད་གླེང་མ་བྱས་གོང་གི་ཟླ་བ་ཁ་ཤས་ཀྱི་སྔོན་ལ་ཁྱེད་རང་གཉིས་གཞུང་དེ་འདྲ་ཞིག་གི་སྐོར་ལ་རྩོད་གླེང་བྱེད་རྒྱུ་ཡིན་ཞེས་བཤད་ཀྱི་རེད། དེ་བཤད་རྗེས་སོ་སོས་དེའི་སྐོར་ལ་སློབ་སྦྱོང་ནན་པོ་བྱས་ཏེ་སྐྱོན་བརྗོད་བྱེད་མཁན་དེས་དོན་དག་གཙོ་གནད་ཆེ་བ་གཅིག་གདམས་ནས་དེའི་ཐོག་ལ་སྐྱོན་བརྗོད་རྒྱུའི་རིགས་པའི་གཞུང་ལུགས་མང་པོ་ཞིག་བཟོས་ཐོག དེ་བཟོ་མཁན་ལ་ཆེད་མངགས་དགེ་རྒན་ཡོད། དེ་བཟོ་བ་ལ་གསང་བ་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། རྩོད་གླེང་དངོས་སུ་བྱེད་པའི་སྔ་ཉིན་དེར་སོ་སོས་སྐྱོན་བརྗོད་བྱེད་རྒྱུའི་རིགས་པའི་གཞུང་ལུགས་བྲིས་བཞག་པ་དེ་ཁྱེར་ནས་ཁ་གཏད་ཕྱོགས་ལ་བསྟན་པར་འགྲོ་སྲོལ་ཡོད་ནའང་ཁ་གཏད་ཕྱོགས་ནས་དེ་ལ་ཁ་བཏགས་ཤིག་གཡོགས་ནས་ཐུགས་རྗེ་ཆེ་ཞེས་ཕྱིར་སློག་བྱེད་པ་ལས་ལྟ་སྲོལ་མེད། དངོས་གཞིའི་ཉིན་ལན་རྒྱག་མཁན་དེས་དང་པོ་སོ་སོའི་ལྟ་ཚུལ་དེ་དག་བཤད་དེ་གཞུང་འཛུགས་ཀྱི་ཡོད། གཞུང་འཛུགས་རྗེས་གཞུང་དེའི་སྐོར་གྱི་རང་ཉིད་ཀྱི་ལྟ་བ་དེ་དག་རྒྱས་བཤད་བྱེད་སྐབས་ཤོག་གྲངས་ཉི་ཤུ་ནས་སུམ་ཅུ་ཡས་མས་ཙམ་ཡོད་ན་ཡར་ལངས་ཏེ་གདངས་བཏང་ནས་སྐྱོར་དགོས་པ་དང༌། སུམ་ཅུ་བརྒལ་ནས་བཞི་བཅུ་ལྔ་བཅུ་ཙམ་དུ་སླེབས་ཡོད་ན་མར་བསྡད་དེ་སྐྱོར་ཆོག་ཅིང༌། སོ་སོའི་གཞུང་གི་ལྟ་ཚུལ་དེ་དག་བཤད་ཟིན་རྗེས་ཕར་ངོས་ནས་དོན་དག་དེའི་ཐོག་ལ་དྲི་བ་བཏོན་པ་དེ་ལ་ལན་རྒྱག་དགོས། ལན་བརྒྱབ་ནས་ཁྱེད་ཀྱིས་བཤད་པ་དེར་ཁོས་སྐྱོན་བརྗོད་ཇི་ཙམ་བྱས་ནའང་ལྟ་བའི་ཁས་ལེན་དེ་རྩ་བ་ནས་གཏོར་མ་ཐུབ་པ་ཡིན་ན་ཁྱེད་རང་ལ་རྒྱལ་ཁ་ཐོབ་པ་རེད། མ་གཞི་ཁྱེད་རང་གིས་བཤད་པ་དེ་འགྲིག་ཡོད་ནའང་ཕར་ངོས་ནས་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་སྐྱོན་བརྗོད་བྱས་ནས་ཁྱེད་རང་གི་བཤད་པ་འགྲིག་པ་དེའང་ཐོར་ནས་ཤོར་སོང་ན་ཡིག་ཚད་མ་ལོན་པ་ཡིན། ཕན་ཚུན་རྩོད་གླེང་བྱེད་པའི་སྐབས་སུ་སྔ་རྒོལ་ཕྱི་རྒོལ་གཉིས་ཀྱི་བློ་མ་འཁྲུལ་བའི་ངོར་མཐུན་སྣང་དུ་གྲུབ་པ་ཟེར་བ་དེ་དགོས། དེ་གང་ཞེ་ན། ཕན་ཚུན་གཉིས་ཀའི་བསམ་བློ་དེ་འཁྲུལ་བསྡད་པ་མིན་པ་ཞིག་དགོས། མིན་པ་ཡིན་པར་འཁྲུལ། ཡིན་པ་ལ་མིན་པར་འཁྲུལ་བ་མིན་པ་ཞིག་དགོས། དེ་འདྲ་མིན་པར་ཐུན་མོང་གི་ལྟ་ཚུལ་ཡོད་པའི་རྨང་གཞི་འདི་འདྲ་ཞིག་གི་ཐོག་ལ་རྩོད་ལེན་བྱེད་དགོས་པ་ལས་ཕན་ཚུན་གཉིས་ཀར་ཐུན་མོང་གི་ལྟ་ཚུལ་རྩ་བ་ནས་མེད་པའམ་རྦད་དེ་རྒྱབ་འགལ་ཡིན་པ་ཞིག་ཡིན་ན་རྩོད་གླེང་བྱེད་ཐབས་མེད། རྩོད་པ་རྩོད་པའི་སྐབས་སུ་ཕན་ཚུན་གཉིས་ཀར་ཕྱོགས་འགའ་ཞིག་གི་ཐོག་ཏུ་མཐུན་པའི་ཕྱོགས་ཡོད་པ། ཕྱོགས་འགའ་ཞིག་གི་ཐོག་ཏུ་མ་མཐུན་པ་ཡིན་ནའང་ཕྱོགས་གཞན་ཞིག་ཐོག་ནས་མཐུན་པའི་ཕྱོགས་ཡིན་ན་རྩོད་པ་བརྒྱབ་ན་ཕན་པ་ཡོད་པ་རེད། དེ་འདྲ་མིན་པར་ཕན་ཚུན་གཉིས་མཐུན་ཐབས་རྩ་བ་ནས་མེད་པ་ཞིག་ཡིན་ན་རྩོད་གླེང་བྱེད་རྒྱུ་མེད། ཕྱོགས་འགའ་ཞིག་གི་ཐོག་ཏུ་མཐུན་པ་ཞིག་ཡོད་ན། མཐུན་པ་དེ་དཔེ་དང་རྒྱུ་མཚན་ལ་བཞག་ནས་ཁོ་ལ་རྩོད་གླེང་བྱས་ཚེ་རྩོད་གླེང་བྱེད་རྒྱུ་ཡོད། རྩོད་གླེང་ཆོས་ཅན་ཟེར་བ་ནི་རྩོད་པ་ཐུག་སའི་གཞི་དེ་ལ་ཟེར། བསྒྲུབ་བྱ་རྟོགས་པ་ཟེར་བ་དེ་ཁོས་རང་གི་ཁས་ལེན་བྱེད་དགོས་པའི་དོན་དེ་ལ་ཟེར། རྗེས་དཔག་ནི་རྗེས་དཔག་གི་ཚད་མ་སྐྱེ་དགོས་པ་དེ་ལ་ཟེར། ཚད་མ་རིག་པ་ཟེར་བ་ནི་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་སློབ་རྒྱུའི་རྩ་བའི་ཤེས་ཡོན་ཞིག་རེད། དབུ་རང་རྒྱུད་པའི་སྟོང་པ་ཉིད་དང་བདེན་པར་གྲུབ་པ་ཟེར་བ་དེའི་གཞི་དང་བདེན་པར་གྲུབ་དང་མ་གྲུབ་ཀྱི་ཚད་གཞི་དེ་ནི་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཡུལ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཟེར་བ་ནི་བདེན་པར་གྲུབ་པའི་ཚད་གཞི་དེ་ཡིན། གྲུབ་སྟངས་དེ་འདྲ་ཞིག་ཡོད་ན་བདེན་པར་གྲུབ་པར་འདོད། དེ་འདྲ་ཞིག་མེད་ན་བདེན་པར་མ་གྲུབ་པ་དང༌། སྟོང་པ་ཉིད་དེ་ལྟར་རྩིས་ཀྱི་ཡོད་པ་རེད། འདིའི་ནང་དུ་བློ་གནོད་མེད་ལ་ཟེར་བ་དེ་ནི་བློ་མ་འཁྲུལ་བ་ཞིག་སྟེ། ཡིན་པ་ལ་མིན་པར་འཁྲུལ། མིན་པ་ཡིན་པར་འཁྲུལ་བ་ཞིག་མིན་པར་བསམ་བློ་ཚད་མ་གཅིག་གི་འོག་ལ་འཆར་སྣང་བྱུང་བའི་དབང་གིས་ཕར་བཞག་པ་དེ་འདྲ་མ་ཡིན་པར་དངོས་པོ་ཁོ་རང་ངམ་ཕྱི་རོལ་ཡུལ་ཁོ་རང་གི་སྡོད་ལུགས་སྟེ་གནས་ལུགས་ཀྱི་སྒོ་ནས་གནས་ཚུལ་གྱི་སྒོ་ནས་ཚུར་གྲུབ་པ་དེ་ལ་བདེན་པར་གྲུབ་པ་ཟེར། དེར་བརྟེན་དེ་འདྲ་མེད་ཟེར། གང་ཞེ་ན། དངོས་པོ་ཕྱི་རོལ་གྱི་ཡུལ་གང་འདྲ་ཞིག་ཡིན་ནའང་དང་པོ་ནས་ཡོད་བསྡད་པ་ཞིག་ཡིན། དེ་བཞག་སྟངས་དེ་ནི་དངོས་པོ་དེ་ཕྱི་རོལ་གྱི་ཡུལ་ལ་ཡོད་པ་དེ་རང་གི་སེམས་ལ་འཆར་སྣང་བྱུང༌། འཆར་སྣང་བྱུང་བའི་ཐོག་ནས་ཕར་བཞག་པ་ཡིན་པས་ཕྱི་རོལ་གྱི་ཡུལ་དེ་དང་རང་གི་བསམ་བློའི་ནང་རྐྱེན་དེ་གཉིས་འཛོམས་པ་ལ་བརྟེན་ནས་ཕར་བཞག་པ་ཞིག་ལས་ཕྱི་རོལ་ཡུལ་ཉིད་ཀྱི་གནས་ཚུལ་གྱི་ངོས་ནས་ཚུར་གྲུབ་བསྡད་པ་ཞིག་མིན་ཟེར། དཔེར་ན། རྟ་གཅིག་ལ་ཆ་བཞག་ན་རྟ་ཁོ་རང་གི་དངོས་པོ་དེ་དང་པོ་ནས་མེད་པ་ཞིག་ཡིན། ཡིན་ནའང་རྒྱ་རིགས་གཅིག་དང༌། བོད་རིགས་གཅིག རྒྱ་གར་བ་གཅིག་བཅས་མི་གསུམ་ཡོད་ན། རྒྱ་རིགས་དེས་མཱ་(马)ཡིན་པར་ངོས་འཛིན་པ་དང༌། བོད་རིགས་དེས་རྟ་ཡིན་པར་ངོས་འཛིན་པ། རྒྱ་གར་བས་ཧ་ཡ་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པས་རྟ་ཟེར་བ་དང༌། མཱ་ཟེར་བ། ཧ་ཡ་ཟེར་བ་དེ་གསུམ་ཕྱི་རོལ་ཡུལ་དངོས་པོ་ཁོ་རང་བསམ་བློའི་ཐོག་ནས་ཚུར་སྣང་བའི་དབང་གིས་བཞག་པ་ཞིག་ལས། རྟ་དང༌། མཱ། ཧ་ཡ་ཟེར་བ་དེ་ཕྱི་རོལ་ཡུལ་ཁོ་རང་གི་གནས་ཚུལ་གྱི་ངོས་ནས་ཚུར་གྲུབ་བསྡད་པ་ཞིག་མིན། དེ་ཡོད་པ་ཡིན་ན་སུས་བལྟས་ནའང་རྟ་ཡིན་པ་ཞིག་དང་ཡང་ན་ཧ་ཡ་ཡིན་པ་ཞིག་མཐོང་དགོས་ཀྱི་རེད། འོན་ཀྱང་དེ་མཐོང་མི་ཐུབ། རྒྱ་གར་བས་བལྟས་ན་ཧ་ཡ་དང༌། བོད་པས་བལྟས་ན་རྟ། རྒྱ་རིགས་ཀྱིས་བལྟས་ན་མཱ་ཡིན་པ་བཅས་མཐོང་གི་རེད། མཐོང་ཚུལ་དེ་འཁྲུལ་བ་རེད་དམ་ཡང་ན་སུས་མ་འགྲིག་པ་རེད་དམ་ཞེ་ན། དེ་ནི་སུས་ཀྱང་མ་འགྲིག་པ་དང་འཁྲུལ་བ་མིན་པར་ཚང་མའི་དེ་འགྲིག་ཡོད། ཕྱི་རོལ་ཡུལ་དེ་རྟ་ཡིན་པ་ལས་མཱ་མིན་ཞེས་བཤད་ན་མི་འགྲིག དངོས་པོ་ཁོ་རང་བསམ་བློའི་ཐོག་ལ་འཆར་སྣང་བྱུང་བའི་ཐོག་ནས་དངོས་པོ་དེ་ལ་ཕར་ངོས་འཛིན་བྱས་པ་དེ་འགྲིག་པ་ཞིག་ཡིན་པ་ལས། དེ་ལས་མ་འགྲིག་པར་སུའི་དེ་ཡང་དག་པ་ཡིན་མིན་གྱི་དབྱེ་བ་ཕྱེ་རྒྱུ་མེད། ཚང་མའི་ངོས་འཛིན་བྱེད་སྟངས་འགྲིག་པ་ཡིན། དེ་གང་ཞེ་ན། ཕྱི་རོལ་ཡུལ་ལ་དང་པོ་ནས་ཡོད་བསྡད་པ་དེ་བསམ་བློའི་ཐོག་ཏུ་ཚུར་འཆར། བསམ་བློའི་ཐོག་ཚུར་འཆར་རྗེས་ཕར་དངོས་པོ་དེ་ལ་ངོས་འཛིན་བྱས་པ་ལས་རང་གི་ངོས་འཛིན་བྱས་པའི་འཆར་སྣང་ཡོང་རྒྱུ་དེ་ཕྱི་རོལ་ཡུལ་གྱི་ངོས་ནས་ཚུར་ཐེལ་རྩེ་བརྒྱབ་པ་ལྟར་གྲུབ་པ་ཞིག་མིན། དེ་འདྲ་ཡིན་ན་སུས་བལྟས་ནའང་ཡང་ན་རྟ་ཡིན་པ་ཞིག་མཐོང་དགོས་པ་དང་ཡང་ན་ཧ་ཡ་ཡིན་པ་ཞིག་མཐོང་དགོས་ཀྱང་དེ་འདྲ་མཐོང་ཐུབ་ཐབས་མེད། དེ་ནི་ཕྱི་རོལ་ཡུལ་ཁོ་རང་གི་ཐོག་ནས་གྲུབ་པ་མིན་པ་ཞིག་ཡིན། ཕྱི་རོལ་ཡུལ་དེ་རང་གི་བསམ་བློའི་ཐོག་ལ་འཆར་སྣང་བྱུང་རྗེས་ཕར་ངོས་འཛིན་བྱས་པ་ཞིག་ཡིན། དེ་འདྲ་མ་ཡིན་པའི་འཆར་སྣང་ཡོང་བ་ནི་འཁྲུལ་སྣང་རེད། དེ་ལྟར་གྲུབ་བསྡད་པ་ཞིག་ཡོད་ན་བདེན་པ་ཟེར། འོན་ཀྱང་དེ་འདྲ་མེད། དེ་ལ་སྟོང་པ་ཉིད་ཟེར། དེ་ནི་བདེན་པར་གྲུབ་པའི་ཚད་གཞི་ཡིན་པས་བདེན་པར་གྲུབ་པའི་གྲུབ་ཚད་ཟེར་བ་དེ་འདྲ་ཡིན་ནོ།།

བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ལ་མ་ལྟོས་པར་ཕྱི་རོལ་ཡུལ་རང་གི་ངོས་ནས་གྲུབ་པ་མེད། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པའི་ཕྱི་རོལ་ཡུལ་གྱི་ངོས་ནས་གྲུབ་པ་ཡོད། བློ་གནོད་མེད་ལ་འཆར་སྣང་བྱུང་བ་གཅིག་དང་དེའི་དབང་གིས་ཕར་བཞག་པ་གཅིག་གཉིས་དགོས་པ་ལས། བློ་གནོད་མེད་ལ་འཆར་སྣང་བྱུང་བར་བཞག་པ་མ་ཡིན་པར། དེ་ལ་ལྟོས་མ་དགོས་པར་ཕྱི་རོལ་ཡུལ་ཁོ་རང་གི་ངོས་ནས་ཚུར་གྲུབ་བསྡད་པ་མེད་ཟེར་དོན་ནི། སེམས་ལ་མ་ལྟོས་པར་ཕྱི་རོལ་གྱི་དངོས་པོ་མེད་ཟེར་བའི་དོན་མིན་ལ་ཕྱི་རོལ་ཡུལ་ཚང་མ་སེམས་ལ་བརྟེན་ནས་བྱུང་བ་རེད་ཟེར་བ་མིན། ཕྱི་རོལ་ཡུལ་ལ་ངོས་འཛིན་བྱེད་པའི་སྐབས་ཕྱི་རོལ་གྱི་ཡུལ་དང་པོ་ནས་ཡོད་པ་དེ་རང་གི་སེམས་ལ་ཚུར་འཆར་སྣང་བྱུང་རྗེས་དེ་ནས་ཕར་ངོས་འཛིན་བྱེད་པའི་བརྒྱུད་རིམ་དེ་གཉིས་འཛོམས་པ་ཞིག་དགོས་ཀྱི་ཡོད། དེ་གཉིས་འཛོམས་ནས་བྱུང་བ་དེ་ཡོད་པར་འདོད། དེ་མིན་ཕྱི་རོལ་ཡུལ་དེ་མེད་པར་སེམས་དེ་ཡོད་པ་ཡིན་ནའང་མི་འགྲིག་ལ། ཕྱི་རོལ་ཡུལ་ཡོད་པ་ལ་སེམས་དེ་མེད་པ་ཡིན་ནའང་མི་འགྲིག་པར་གཉིས་ཀ་འཛོམས་པ་ཞིག་དགོས། ཕྱི་རོལ་ཡུལ་གྱི་ཕྱི་རྐྱེནདང༌། ནང་རྐྱེན་དེ་རང་གི་སེམས་ལ་འཆར་སྣང་བྱུང་ནས་ཕར་ངོས་འཛིན་བྱས་པ་དེ་གཉིས་འཛོམས་ནས་དངོས་པོ་གང་ཡང་བྱུང་བ་ཞིག་ཡིན། དཔེར་ན། དེང་སང་རྡུལ་ཕྲན་མཚོན་ཆ་ཟེར་བ་དེར་ཆ་བཞག་ན་རྡུལ་ཕྲན་ནི་མིའི་སེམས་ཀྱིས་ངོས་འཛིན་ཐུབ་མིན་ལ་མ་ལྟོས་པར་དང་པོ་ཐོག་མ་ནས་ཡོད་པ་ཞིག་ལས་མིའི་སེམས་ཀྱིས་ངོས་འཛིན་བྱས་རྗེས་གཞི་ནས་བྱུང་བ་ཞིག་མིན། འོན་ཀྱང་འཇིག་རྟེན་འདིའི་ཐོག་རྡུལ་ཕྲན་མཚོན་ཆ་ཟེར་བའི་ཐ་སྙད་དེ་ནི་མིས་ངོས་འཛིན་བྱས་པའི་རྗེས་ལ་བྱུང་བ་ཞིག་ཡིན་ཅིང༌། དངོས་པོ་དེ་དང་པོ་ཡོད་པ་ལ་མིས་ངོས་འཛིན་བྱས། ངོས་འཛིན་བྱས་པའི་རྗེས་སུ་གཞི་ནས་རྡུལ་ཕྲན་མཚོན་ཆ་ཟེར་བའི་ཐ་སྙད་དེ་བྱུང་བ་ཞིག་ཡིན། རྡུལ་ཕྲན་ཡོད་པ་དེ་མི་ལ་འཆར་སྣང་བྱུང་ནའང་དེ་ངོས་འཛིན་མ་ཐུབ་ན་རྡུལ་ཕྲན་ཡོད་པ་ཙམ་གྱིས་ཕན་ཐོགས་མེད། དེ་གནས་ཡོད་པ་མ་ཟད་དེ་ལ་ངེས་པར་དུ་མིས་ངོས་འཛིན་བྱེད་དགོས། ངོས་འཛིན་བྱས་རྗེས་རྡུལ་ཕྲན་ཟེར་བའི་ཐ་སྙད་དེ་གཞི་ནས་བྱུང་བ་ཞིག་རེད། ཕྱི་རོལ་གྱི་ཡུལ་དེ་དང་པོ་ནས་ཡོད་བསྡད་པ་ཞིག་དང་དེ་ལ་ངོས་འཛིན་ནས་ཐ་སྙད་བཞག་པ་གཉིས་འཛོམས་དགོས་ཀྱི་ཡོད། སྐབས་འདིར་ཕྱི་རོལ་གྱི་ཡུལ་དེ་དང་པོ་ནས་ཡོད་མེད་སྐོར་བཤད་ཀྱི་མེད་པར་ཕྱི་རོལ་གྱི་ཡུལ་དེ་དང་པོ་ནས་ཡོད་པ་ཞིག་ཡིན་པ་དེ་ཁས་ལེན་གྱི་ཡོད། ཡིན་ནའང་ཡོད་དང་མེད་ཀྱི་བར་བསམ་བློའི་ངོས་འཛིན་སྟངས་ཐད་ལ་བྱེ་བྲག་སྨྲ་བ་དང༌། མདོ་སྡེ་པ། སེམས་ཙམ་པ། དབུ་མ་པ། སེམས་གཙོ་སྨྲ་བ། ང་རང་ཚོ་དངོས་གཙོ་སྨྲ་བ་བཅས་སོ་སོས་ངོས་འཛིན་གང་འདྲ་བྱེད་མིན་སྐོར་གཙོ་བོ་བཤད་ཀྱི་ཡོད་པ་ལས་དངོས་པོ་དེ་དང་པོ་ནས་ཡོད་དང་མེད་ཀྱི་སྐོར་ལ་རྩོད་གླེང་བྱེད་དགོས་དོན་མེད། དངོས་པོ་དེ་ཨང་དང་པོ་ཡིན་པ་དེ་ཚང་མ་གཅིག་འགྱུར་ཡིན། འོན་ཀྱང་ཡོད་ལུགས་ཡོད་སྟངས་ཐད་ལྟ་བ་ཐ་དད་དུ་འགྱུར་བ་སྟེ། དབུ་མ་རང་རྒྱུད་པས་ཡོད་ལུགས་ཡོད་སྟངས་དེ་དངོས་པོ་དེ་ཉིད་དང་པོ་ནས་ཡོད་པ་དེ་ལ་རང་གི་བློ་མ་འཁྲུལ་བ་སྟེ་བློ་གནོད་པ་མེད་པ་འདིས་དངོས་པོ་དེ་ལ་འཆར་སྣང་བྱུང་བའི་ཐོག་ནས་ཕར་བཞག་པ་ཞིག་ལས་ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་པ་ཞིག་མིན་པར་འདོད་ཅིང༌། དཔེར་ན། གོང་ཞུས་ལྟར་རྟ་གཅིག་ལ་ཆ་བཞག་ན་མི་རིགས་སོ་སོ་དང་ཡུལ་སོ་སོས་རྟ་ལ་མིང་འདོགས་སྟངས་མི་འདྲ་བ་ཡོད་དེ། བོད་རིགས་ཀྱིས་རྟ་ཟེར་བ་དང༌། རྒྱ་མི་རིགས་ཀྱིས་མཱ་ཟེར་བ། རྒྱ་གར་བས་ཧ་ཡ་ཟེར་བ། དེ་བཞིན་ཤིང་ལ་བོད་རིགས་ཀྱིས་ཤིང་ཟེར་བ་དང༌། རྒྱ་རིགས་ཀྱིས་རྨུ་ཟེར་བ། རྒྱ་གར་བས་གྲི་རྒྱ་ཟེར་བ་ལྟར་མིང་གཅིག་མཚུངས་མི་ཡོང་བ་དེ་ནི་དངོས་པོ་དེར་ངོས་འཛིན་བྱེད་སྟངས་ལ་གཞིགས་ནས་སོ་སོས་མིང་འདོགས་སྟངས་མི་འདྲ་བ་བྱུང་བ་རེད། ཡིན་ནའང་འཆར་སྣང་དེ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། སོ་སོས་དངོས་པོ་དེ་ལ་མིང་ཕར་བཏགས་པ་དེས་སོ་སོས་བཏགས་ནས་བྱུང་བ་ཞིག་མིན་པར་དངོས་པོ་དེ་ཉིད་ཀྱི་ཐོག་ང་རྟ་ཡིན། ང་ཤིང་ཡིན་ཞེས་རྟགས་ཐམ་ཡོད་བསྡད་པ་ལྟར་འཆར་སྣང་ལ་ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་པ་ལྟ་བུ་ཞིག་མཐོང་གི་ཡོད། བསམ་བློ་ཡག་པོ་ཞིག་བཏང་ཡོང་དུས། རྟ་ཡིན་ནའང་འདྲ། ཤིང་ཡིན་ནའང་འདྲ་དེ་རྣམས་ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་བསྡད་འདུག་གམ། ཡང་ན་ཕྱི་རོལ་ཡུལ་དང་པོ་ནས་གནས་བསྡད་པ་དེ་རང་གི་སེམས་ལ་ཚུར་འཆར་སྣང་བྱུང་ནས་རང་གིས་མིང་དེ་འདྲ་ཞིག་བཏགས་ཏེ་ངོས་འཛིན་དེ་འདྲ་ཞིག་བྱས་ནས་བྱུང་འདུག་གམ། དངོས་འབྲེལ་དེ་ལ་ཞིབ་འཇུག་བྱེད་སྐབས་ཕྱི་རྐྱེན་ནང་རྐྱེན་གཉིས་འཛོམས་ནས་ཡོད་བསྡད་པ་ཞིག་ལས། དེ་བཞིན་ཕྱི་རྐྱེན་ལ་མ་ལྟོས་པར་ནང་རྐྱེན་ཁོ་ནར་བརྟེན་ནས་བྱུང་བ་ཞིག་ཀྱང་མེད། ཕྱི་རྐྱེན་དངོས་པོ་དེ་མེད་ན་ནང་རྐྱེན་གྱི་ངོས་འཛིན་དེ་ཡོང་ཐབས་མེད། དངོས་པོ་དེ་ཡོད་པ་ཞིག་གི་ཐོག་ལ་རང་གིས་ངོས་འཛིན་བྱེད་དགོས་པ་ཞིག་ལས། དངོས་པོ་མེད་པ་ཞིག་ལ་རང་གིས་ངོས་འཛིན་བྱེད་རྒྱུ་མེད། ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དང་པོ་ནས་ཡོད་བསྡད་པ་དེ་ལ་རང་གི་སེམས་ཀྱིས་ངོས་འཛིན་བྱེད་དགོས། དེ་གཉིས་ཕན་ཚུན་གྱི་འབྲེལ་བ་ནི། འཆར་སྣང་དེ་དགོས་པ་ཡིན། འཆར་སྣང་དེ་མ་བྱུང་ན་ངོས་འཛིན་བྱེད་མི་ཐུབ། འཆར་སྣང་དེ་ཇི་ལྟར་ཡོང་གི་ཡོད་དམ་ཞེ་ན། ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་བསྡད་པའི་འཆར་སྣང་ཞིག་ཡོང་གི་ཡོད། འཆར་སྣང་དེ་བྱུང་སྟབས་འཆར་སྣང་དེ་བྱུང་བ་ལྟར་ཕར་ངོས་འཛིན་བྱས། འཆར་སྣང་གང་འདྲ་བྱུང་བ་བཞིན་ངོས་འཛིན་དེ་ལྟར་བྱེད་པ་ཡིན། དེར་འཆར་སྣང་དེ་འཁྲུལ་པ་རེད་ལ་ངོས་འཛིན་དེ་ཡང་འཁྲུལ་བསྡད་པ་ཞིག་རེད། ཡོད་ལུགས་ཡོད་སྟངས་དེ་འདྲ་མིན། ཕྱི་རོལ་ཡུལ་དང་པོ་ནས་ཡོད་བསྡད་པ་དེ་རང་གི་སེམས་ལ་འཆར་སྣང་བྱུང་རྗེས་དེར་ངོས་འཛིན་བྱུང་ཞིག་རེད། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པའི་ཕྱི་རོལ་ཡུལ་རང་གིས་ངོས་ནས་གྲུབ་པ་དེ་ཡོད་པར་འདོད། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ལ་མ་ལྟོས་པར་ཕྱི་རོལ་ཡུལ་རང་གི་ངོས་ནས་གྲུབ་པ་ཞིག་མེད། ཡོད་དང་མེད་གཉིས་ཀྱི་མཚམས་དེ་འདི་རེད། ཡོད་རྒྱུའི་མཚམས་དང་མེད་རྒྱུའི་མཚམས་ཀྱང་འདི་རེད། ད་དུང་དེ་ལ་དཔེ་ཞིག་ཞུས་ན། དཔེར་ན། སྒྱུ་མ་མཁན་(魔术师)གྱིས་མིག་འཁྲུལ་རྩེས་ཏེ་སྒམ་ཆུང་ནང་ནས་ཕུག་རོན་འདོན་སྐབས་ཁོ་རང་གིས་བལྟས་ནའང་ཕུག་རོན་ཞིག་མཐོང་གི་ཡོད་ལ། ལྟད་མོ་བས་བལྟས་ན་ཡང་ཕུག་རོན་ཞིག་མཐོང་གི་ཡོད། འོན་ཀྱང་ང་ཚོས་མཐོང་བ་དང་ཁོ་རང་གིས་མཐོང་བ་གཉིས་མི་འདྲ་བ་སྟེ། ཁོ་རང་གིས་འདི་ངས་བཟོས་པ་ཡིན་བསམ་པ་ལས་ཕུན་རོན་དངོས་གནས་ཡིན་པར་ངོས་འཛིན་བྱེད་ཀྱི་མེད་པ་དང༌། ལྟད་མོ་བས་དངོས་གནས་ཕུན་རོན་གསོན་པ་ཡིན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་དེར་ངོས་འཛིན་བྱེད་སྟངས་ཐ་དད་ཡིན། ལྟད་མོ་བའི་མིག་འཁྲུལ་ནས་སྒྱུ་མ་མཁན་གྱིས་འཁྲབ་པའི་དངོས་པོ་དེ་མངོན་སུམ་དུ་མངོན་ཏེ་སྒམ་ཆུང་སྟོང་པའི་ནང་ཕུག་རོན་གསོན་པ་ཞིག་ཡོད་པའི་འཆར་སྣང་བྱུང་ནས་སྒམ་ཆུང་དེའི་ནང་གི་དངོས་པོ་དེ་ངོ་མ་རེད་འདུག་སྙམ་གྱི་ཡོད། དེ་ཡང་སྟོང་ཉིད་མ་རྟོགས་ན་འཆར་སྣང་དེ་འདྲ་ཞིག་ཡོད་པ་ལས་སྟོང་ཉིད་རྟོགས་ཚར་ན་འཆར་སྣང་དེ་འདྲ་ཡོང་མི་སྲིད། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པར་མ་ལྟོས་པར་ཕྱི་རོལ་ཡུལ་རང་གི་ངོས་ནས་གྲུབ་པ་ཡིན་པར་ངོས་འཛིན་བྱས་ན་དེ་ལ་བདེན་འཛིན་ཟེར། བདེན་པར་མེད་པ་དེ་སྟོང་པ་ཉིད་རེད། དེ་ཡང་བདེན་པར་གྲུབ་པ་མེད་པའི་རྒྱུ་མཚན་དེ་ལ་ནང་གསེས་རིག་པ་ལྔ་ཡོད། འོན་ཀྱང་གཏན་ཚིགས་རིག་པ་སློབ་སྦྱོང་བྱེད་མ་མྱོང་མཁན་ལ་བཤད་ན་དཀའ་ངལ་ཐུག་རྒྱུ་ཡིན་པས་འདིར་རིག་པ་ལྔ་ཡོད་པར་ངོས་འཛིན་ན་འགྲིག་པ་ཡིན།

དབུ་མ་རང་རྒྱུད་པར་ནང་གསེས་ཕྱེ་ན་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་སྟེ་གཉིས་ཡོད། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་མིང་བཏགས་དགོས་དོན་ནི་དབུ་མའི་ལྟ་བའི་ནང་དུ་གང་ཟག་གི་བདག་མེད་འཇོག་སྟངས་ཐད་མདོ་སྡེ་པ་དང་མཐུན་པོ་ཡོད་པས་དེར་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཟེར། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཟེར་བ་ནི། ཆོས་ཀྱི་བདག་མེད་འཇོག་སྟངས་ཐད་སེམས་ཙམ་པ་དང་མཐུན་པོ་ཡོད་པས་ན་དེར་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བཏགས། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་ནའང་འདྲ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡིན་ནའང་འདྲ། དེ་གཉིས་ཀས་རྡུལ་ཕྲན་མང་པོ་བསགས་པའི་གཟུགས་རགས་པ་དེ་དབང་ཤེས་ཀྱི་དམིགས་རྐྱེན་ཡིན་པར་འདོད། གཟུགས་ཕྲ་མོ་དེ་དབང་ཤེས་ཀྱིས་མཐོང་མི་ཐུབ། དཔེར་ན། ཕྱི་རོལ་གྱི་གཟུགས་ཡོད་པ་དེ། གཟུགས་ནི་མིག་གི་མཐོང་རྒྱུ་ཞིག་ཡིན་པ་ལས་རྣ་བས་ཐོས་ཐུབ་པ་ཞིག་མིན། དེང་སང་ང་ཚོའི་ཞིབ་འཇུག་མཁན་གྱི་རི་མོ་ལ་གཟུགས་ཡོད་པར་འདོད། ཡིན་ནའང་། ལྟ་ཚུལ་དེར་ད་ལྟ་ངས་ཡག་པོ་ཞིག་བསམ་བློ་འཁོར་གྱི་མི་འདུག དེའི་ཤོད་སྟངས་ལྟར་བྱས་ན་དྲི་མ་ལ་གཟུགས་མེད་ལ་གཟུགས་ནི་མིག་གིས་མཐོང་དགོས་པ་ཞིག་ཡིན་ཟེར། གཟུགས་ལ་གཟུགས་རགས་པ་དང་ཕྲ་མོ་གཉིས་ཡོད། གཟུགས་རགས་པ་ནི་ས་རྡུལ་དང༌། ཆུ་རྡུལ། མེ་རྡུལ་སོགས་རྡུལ་ཕྲན་མང་པོ་འདུས་པ་ལས་གྲུབ་པ་ཞིག་ཡིན་སྟེ། གོང་དུ་ཞུས་པ་ལྟར། རྡུལ་ཕྲ་རབ་བདུན་ལ་རྡུལ་ཕྲན་གཅིག རྡུལ་ཕྲན་བདུན་ལ་ལུག་རྡུལ་གཅིག ལུག་རྡུལ་བདུན་ལ་གླང་རྡུལ་གཅིག་རེད། ལུག་གི་སྤུའི་ཐོག་ཏུ་འགོས་པའི་ཐལ་བ་ལ་ལུག་རྡུལ་དང༌། བ་གླང་གི་སྤུའི་སྟེང་དུ་འགོས་པའི་ཐལ་བ་ལ་གླང་རྡུལ་ཟེར་ཞིང༌། ལུག་གི་སྤུ་དང་གླང་གི་སྤུ་ལ་སྦོམ་ཕྲ་དབྱེ་བ་ཡོད་སྟབས་དེའི་སྟེང་དུ་གནས་པའི་ཐལ་བ་ལའང་ཆེ་ཆུང་གི་དབྱེ་བ་ཡོད། གླང་རྡུལ་བདུན་ཚུར་འདུས་ན་ཉི་མའི་ཟེར་གྱི་ནང་དུ་ཡོད་པའི་རྡུལ་ཕྲན་གཅིག་ཡིན་པས་དེ་ང་ཚོས་ཆེ་ཤེལ་མི་དགོས་པར་ཤའི་མིག་གིས་མཐོང་ཐུབ། དེས་ན་དེ་ལྟར་བཤད་དུས་རྡུལ་ཕྲན་འདུས་ནས་བསགས་པའི་གཟུགས་རགས་པ་དེ་དབང་ཤེས་སྐྱེ་རྒྱུའི་རྐྱེན་གཅིག་རེད་ཟེར། དེའི་ཐོག་ལ་མདོ་སྡེ་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ལྟ་ཚུལ་གཅིག་མཚུངས་ཡིན། རྡུལ་ཕྲན་བསགས་པའི་གཟུགས་རགས་པ་ཟེར་བ་ནི་རྡུལ་ཕྲན་རིགས་མཐུན་པ་ཞིག་བསགས་པ་དེ་ལ་ཟེར། དཔེར་ན་ས་རྡུལ་དང་ཆུ་རྡུལ་གཉིས་རིགས་མཐུན་མིན་པར་ས་རྡུལ་དེ་སྐམ་པོ་དང་ཆུ་རྡུལ་དེ་རློན་པ་ཡིན་པ་དང༌། ས་རྡུལ་དེ་ཚ་གྲང་སྙོམ་པོ་དང༌། ཆུ་རྡུལ་དེ་གྲང་མོ། མེ་རྡུལ་དེ་ཚ་པོ་ཡིན་པས་རྡུལ་ཕྲན་གྱི་རིགས་དེ་དག་གཅིག་མཚུངས་མིན། ས། ཆུ། མེ། རླུང་འབྱུང་བ་བཞི་པོའི་རྡུལ་ཕྲན་ནི་རིགས་མི་འདྲ་བ་ཡིན། རྡུལ་ཕྲན་རིགས་མཐུན་པ་ཡིན་ན་ས་རྡུལ་དང་ས་རྡུལ་འདུས། མེ་རྡུལ་དང་མེ་རྡུལ་འདུས། ཆུ་རྡུལ་དང་ཆུ་རྡུལ་འདུས། རླུང་རྡུལ་དང་རླུང་རྡུལ་འདུས་ཏེ་གཅིག་གིས་གཅིག་ལ་སྦྱར་ནས་སོ་སོའི་འཐོན་ཤུགས་ཆེ་རུ་སོང་སྟབས་དེའི་ནང་ཆུ་རྡུལ་འཐོན་ཐུབ་པ་དང༌། མེ་རྡུལ་འཐོན་ཐུབ་པ། དྲོད་སྐྱེ་ཐུབ་པ། བཞའ་ཚན་སྐྱེ་ཐུབ་པ། དེ་བཞིན་མེ་རྡུལ་དང་ཆུ་རྡུལ་གཉིས་ཐུག་སྐབས་དྲོད་སྐྱེས་ཏེ་བརླན་གཤེར་སྐྱེ་ཐུབ་པ་དང༌། དྲོད་མ་སླེབས་ན་ཆུ་རྡུལ་ཆགས་མི་ཐུབ། དྲོད་སླེབས་ན་མེ་རྡུལ། མེ་རྡུལ་དེ་མ་འཛོམས་ན་དེ་ལ་བརླན་གཤེར་སླེབས་ནས་ཆུ་རྡུལ་ཆགས་འགྲོ་གི་རེད། ས་རྡུལ་ཕན་ཚུན་རུབ་རུབ་བཟོ་མཁན་དེ་རླུང་རྡུལ་ཡིན། རླུང་རྡུལ་གྱིས་ཕར་ཚུར་འབྲེལ་བ་བྱས་ཏེ་ས་རྡུལ་རྣམས་གཅིག་གིས་གཅིག་ལ་བསྐོར་ནས་རུབ་རུབ་བཟོ་གི་ཡོད། རྡུལ་ཕྲན་ནས་དེ་ལྟར་རིམ་གྱིས་ཆེ་རུ་ཕྱིན་རྗེས་ད་ལྟའི་སའི་གོ་ལ་འདི་བྱུང་བ་རེད། དེ་ཚོའི་ཤོད་སྟངས་ང་རང་ཚོ་དངོས་གཙོ་སྨྲ་བ་དང་གཅིག་མཚུངས་རེད། རྡུལ་ཕྲན་ལ་བརྟེན་ནས་འཇིག་རྟེན་ཆགས་པའི་ལྟ་བ་དེ་གཅིག་པ་ཡིན། རྡུལ་ཕྲན་རིགས་མཐུན་པ་མང་པོ་ཞིག་འཛོམས་རྗེས་དེའི་སྟོབས་ཤུགས་ཆེ་རུ་སོང་རྐྱེན་དངོས་པོ་གཞན་ཚུར་འཐེན་རྒྱུའི་འཐེན་ཤུགས་དེ་ཡང་ཆེ་རུ་འགྲོ་གི་ཡོད། འཐེན་ཤུགས་དེ་ཆེ་རུ་ཕྱིན་སྟབས་གཞི་ནས་རྡུལ་ཕྲན་རིགས་མི་མཐུན་པ་རྣམས་ཚུར་འཐེན་ཐུབ་ཀྱི་ཡོད། དེས་ན་རྡུལ་ཕྲན་རིགས་མི་མཐུན་པ་གཉིས་འཛོམས་ཚེ། དཔེར་ན་ས་དང་མེ་འཛོམས་ཚེ་དྲོད་སླེབས་པ་དང༌། དྲོད་སླེབས་ན་ས་དང་མེ་གཉིས་སྡོམ་ནས་ཆུ་ཡོང་གི་རེད། འཐེན་ཤུགས་དེ་གཙོ་བོ་རླུང་རྡུལ་གྱི་ཐོག་ནས་འཐེན་དགོས་ཀྱི་ཡོད་པ་རེད། དཔེར་ན་ཉི་མ་ཡག་པོ་བསྟན་པའི་སྐབས་སུ་དུ་བ་ཡོད་པའི་ཁང་པའི་ནང་ཉི་མའི་མདངས་ལ་བལྟས་ཚེ་རྡུལ་ཕྲན་ཁ་ཤས་ཕར་འགྲོ་བ། ཁ་ཤས་ཚུར་འོང་བ། ཁ་ཤས་སྐོར་བ་རྒྱག་བཞིན་སྡོད་པ་སོགས་སྣ་ཚོགས་མཐོང་རྒྱུ་ཡོད་པ་དེ་ཚོ་ནི་རྡུལ་ཕྲན་རིགས་མ་མཐུན་པ་ཡིན། རྡུལ་ཕྲན་མར་འགྲོ་མཁན་དེ་ཚོ་ཆུ་རྡུལ་ཡིན། ཡར་འགྲོ་མཁན་དེ་མེ་རྡུལ་གྱི་གྲས་ཡིན། གང་ལགས་ཤེ་ན། མེ་རྡུལ་དེ་ཡང་པོ་ཡིན་པས་ཡར་མཁའ་ལ་འགྲོ་གི་ཡོད། ཆུ་རྡུལ་དེ་ལྗིད་པོ་ཡིན་པས་མར་བབ་ཡོང་གི་ཡོད། རྡུལ་ཕྲན་རིགས་མཐུན་པ་མང་པོ་འདུས་ནས་བསགས་སྐབས་དེའི་འཐེན་ཤུགས་ཇེ་ཆེར་ཕྱིན་ཏེ་རྡུལ་ཕྲན་རིགས་མི་འདྲ་བ་མང་པོ་ཚུར་འདུས་རྗེས་སའི་གོ་ལ་འདི་ཆེ་རུ་ཕྱིན་ནས་དེའི་སྟེང་དུ་ང་རང་ཚོའི་འཇིག་རྟེན་དེ་ཆགས་པ་རེད་ཟེར། རྡུལ་ཕྲན་བསགས་པ་ཟེར་བ་དང་རྡུལ་ཕྲན་འདུས་ཟེར་བ་དེ་གཉིས་ཀྱི་གོ་དོན་ཐ་དད་ཡིན་ཏེ། རྡུལ་ཕྲན་རིགས་མཐུན་པ་མང་པོ་བསགས་པ་དེ་ལ་རྡུལ་ཕྲན་བསགས་པ་ཟེར་བ་དང༌། རིགས་མ་མཐུན་པ་ཚུར་རུབ་རུབ་བྱས་པ་དེ་ལ་འདུས་པ་ཟེར། རྡུལ་ཕྲན་འདུས་པའི་སྐབས་སུ་དེ་རུབ་རུབ་བྱེད་སའི་རྟེན་གཞི་ཞིག་དགོས་པར་བརྟེན་རྡུལ་ཕྲན་བསགས་པ་དང་འདུས་པ་གཉིས་ཀྱི་གོ་བ་ལེན་ཕྱོགས་དང་ཕྱི་རོལ་གྱི་གཟུགས་རགས་པ་ཆགས་སྟངས་ཐད་མདོ་སྡེ་པ་དང་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་ལྟ་བ་མཐུན་པོ་ཡོད།

རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་ཕྱི་རོལ་གྱི་དོན་ཟེར་བ་དེ་ཁས་ལེན་གྱི་མེད། ལྟ་བ་དེའི་ཐད་སེམས་ཙམ་པ་དང་མཐུན་པོ་ཡོད་པས་དེར་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བཏགས། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་ཐོག་མར་གསར་གཏོད་གནང་མཁན་སློབ་དཔོན་ལེགས་ལྡན་འབྱེད་ཡིན་པ་དང༌། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བ་ཐོག་མར་གསར་གཏོད་གནང་མཁན་སློབ་དཔོན་ཞི་བ་འཚོ་ཡིན། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་བོད་ལ་སངས་རྒྱས་ཆོས་ལུགས་ཐོག་མར་དར་སྤེལ་གཏོང་སྐབས་ཀྱི་དབུ་མའི་ལྟ་བ་དེ་ནི་མཁན་པོ་ཞི་བ་འཚོའི་ལྟ་བ་དེ་ཡིན་ཅིང༌། དེ་ནི་དབུ་མ་རང་རྒྱུད་པ་རེད། སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྟ་བ་དེ་དབུ་མ་ཐལ་འགྱུར་བ་ཡིན། ཡིན་ནའང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བོད་ཀྱི་མི་ལ་ཆོས་གསུངས་སྐབས་ཁོ་རང་གི་ལྟ་བ་ངོ་མ་དེ་གསུངས་ཀྱི་མེད། གང་ཡིན་ཞེ་ན། ཁོང་གི་ལྟ་བ་དེ་མང་ཚོགས་ཀྱིས་གོ་ཐུབ་ཀྱི་མེད་པས་མཁན་པོ་ཞི་བ་འཚོའི་ལྟ་བ་དང་མཐུན་པ་བྱས་ཏེ་ཆོས་གསུངས་པ་རེད། དེ་བཞིན་མི་ལ་རས་པ་དང་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སློབ་མར་ཆོས་གསུངས་སྐབས་ལྟ་བ་འདྲ་མིན་འགའ་ཞིག་ཡོད་པ་དེ་ཚོ་ནི་སློབ་མ་སོ་སོའི་གནས་ཚད་མི་འདྲ་བ་ལ་བརྟེན་ནས་གསུངས་པ་ལས་ཁོ་རང་གི་ལྟ་བ་ངོ་མ་དེ་གསུངས་ཡོད་མིན་ངེས་གཏན་མེད། མཁན་པོ་ཞི་བ་འཚོས་ཁོང་ཉིད་ཀྱི་ལྟ་བ་ངོ་མ་དེ་གསུངས་ཡོད། དེ་གང་ཞེ་ན། སྐབས་དེ་དུས་བོད་ཀྱི་མི་ལ་སེམས་ཙམ་པའི་ལྟ་བ་དང་དབུ་མ་རང་རྒྱུད་པའི་ལྟ་བ་གཉིས་ནས་དབུ་མ་རང་རྒྱུད་པའི་ལྟ་བ་དེ་བཤད་ན་ཕན་པ་ཆེ་བ་དང་མིའི་སེམས་དང་མཐུན་པའམ་འཕྲོད་པ་ཡོད་པ་རེད། སྐབས་དེ་དུས་རྒྱ་གར་གྱི་སློབ་དཔོན་དང་རྒྱ་ནག་གི་སློབ་དཔོན་ཧྭ་ཤང་དེ་ཚོ་རྩོད་པ་བརྒྱབ་ནས་རྒྱའི་ཧྭ་ཤང་ཕམ་པ་རེད་ཅེས་བཤད་སྲོལ་ཞིག་ཡོད། དེ་ཕམ་པ་རེད་ཟེར་བ་དེ་གཙོ་བོ་གང་ལགས་ཤེ་ན། གཅིག་ནས་སྐབས་དེ་དུས་རྒྱ་ནག་ཧྭ་ཤང་གི་ལྟ་བ་དེ་བོད་ཀྱི་གནས་ཚུལ་དང་མཐུན་གྱི་མེད་པ་དང༌། གཉིས་ནས་ཧྭ་ཤང་གི་ལྟ་བ་དེ་ཉམས་ལེན་བྱེད་མཁན་གྱི་ལྟ་བའི་གནས་ཚད་མཐོ་པོ་ཞིག་ལ་སླེབས་ན་མ་གཏོགས་གོ་བ་ཡག་པོ་ལོན་ཐུབ་ཀྱི་མེད་པས། དེ་གོ་བ་ཡག་པོ་ལོན་མ་ཐུབ་ན་ལྷ་བཞེངས་རྒྱུ་དང༌། སྔགས་བགྲངས་རྒྱུ། སྒོམ་རྒྱག་རྒྱུ་དེ་ཚོ་དགོས་པ་མེད་པར་སྟོང་པ་ཉིད་གཅིག་པུ་སྒོམ་སྟེ་བསྡད་ན་འགྲིག་གི་རེད་ཟེར་བར་གོ་ལོག་ཐེབས་ཀྱི་ཡོད་སྟབས་སྐབས་དེ་དུས་རྒྱ་ནག་ཧྭ་ཤང་དང༌། བོད་ཀྱི་སློབ་དཔོན། རྒྱ་གར་གྱི་སློབ་དཔོན་བཅས་བར་རྩོད་པ་བྱུང་བའི་རྒྱུ་མཚན་གཙོ་བོ་དེར་ཐུག་ཡོད། ཧྭ་ཤང་གི་ལྟ་བ་དེ་ནི་སེམས་ཙམ་པའི་ལྟ་བ་ཡིན་པ་དང་མཁན་པོ་ཞི་བ་འཚོ་ནི་དབུ་མ་རང་རྒྱུད་པའི་ལྟ་བ་ཡིན་པས་སྐབས་དེར་སེམས་ཙམ་པའི་ལྟ་བ་དེ་བོད་ཀྱི་མི་ལ་གསུངས་པ་ཡིན་ན་བོད་ཀྱི་མིའི་བསམ་བློའི་གནས་ཚད་དང་མ་མཐུན་པར་གོ་བ་གཞན་ལ་ཕྱིན་ཏེ་ལྡོག་ཕྱོགས་སུ་འགྲོ་གི་ཡོད། དེ་བཞིན་དབུ་མ་ཐལ་འགྱུར་བའི་ལྟ་བ་བཤད་ནའང་དེ་བས་ཀྱང་གོ་བ་ལེན་ཁག་པོ་ཡོད་པས་སྐབས་དེ་དུས་བོད་ཀྱི་མིའི་བསམ་བློའི་གནས་ཚད་དང་བསྟུན་ནས་དབུ་མ་རང་རྒྱུད་པའི་ལྟ་བ་དེ་བཤད་ན་ཅུང་མཐུན་པ་ཡོད། བོད་ལ་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཐོག་མ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་གསུངས་ཤིང༌། ཁོང་གིས་སློབ་མ་ཁ་ཤས་ལ་དབུ་མ་རང་རྒྱུད་པའི་ལྟ་བ་གསུངས་པ་དང༌། ཉུང་ཤས་ལ་དབུ་མ་ཐལ་འགྱུར་བའི་ལྟ་བ་གསུངས་ཡོད།

kདབུ་མ་ཐལ་འགྱུར་བ།

དབུ་མ་ཐལ་འགྱུར་བ་ཞེས་པ་ནི་རྒོལ་བ་སྔ་ཕྱི་གཉིས་ཀྱི་བློ་ངོར་མཐུན་སྣང་དུ་གྲུབ་པའི་རྩོད་གཞི་ཆོས་ཅན་ལ་ལྟོས་མི་དགོས་པར་ཕ་རོལ་པོའི་ཁས་བླངས་ཙམ་ལ་འཁྲིལ་ནས་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་ཐུབ་པ། དེ་ནི་རྒོལ་བ་སྔ་ཕྱི་གཉིས་ཀྱི་བློ་ངོར་མཐུན་སྣང་དུ་གྲུབ་པའི་རྩོད་གཞི་ཆོས་ཅན་ཟེར་བ་དེ་དགོས་པ་མེད། ཁོ་གཉིས་ཐུན་མོང་གི་རྩོད་གཞི་ཟེར་བ་དེ་ཡང་དགོས་པ་མེད་ཟེར། ཕ་རོལ་པོ་སྟེ་སྔ་རྒོལ་དེའི་ལྟ་ཚུལ་དེ་གཞིར་བཟུང་ནས་གཞན་གྲགས་ཀྱི་གཏན་ཚིགས་བཀོད་ཆོག་ཟེར། ཕན་ཚུན་གཉིས་རྩོད་པ་བྱེད་པའི་ཚེ་རང་རྒྱུད་ཀྱི་སྦྱོར་བ་དེ་དགོས་པ་མེད་པར་གཞན་གྲགས་ཀྱི་གཏན་ཚིགས་བཀོད་ན་འགྲིག་པར་འདོད་པས་རང་རྒྱུད་ཀྱི་གཏན་ཚིགས་ཟེར་བ་དེ་དགོས་པ་མེད་ཟེར། ཕ་རོལ་ངོས་ཀྱི་ཁོ་རང་གི་ཁས་ལེན་གྱི་ལྟ་ཚུལ་ཞིག་ཡོད་པ་དེ་གཞིར་བཟུང་ནས་ཁོ་ལ་གཞན་ལ་གྲགས་པའི་གཏན་ཚིགས་བཀོད་ཆོག་པར་འདོད་པས་ན་དབུ་མ་ཐལ་འགྱུར་པ་ཞེས་བཏགས། གཞན་གྲགས་ཀྱི་གཏན་ཚིགས་ཟེར་བ་ནི། དཔེར་ན་ཁོ་རང་གིས་ཁས་ལེན་བྱས་པའི་རྒྱུ་མཚན་ཞིག་ཡོད་པ་དེ་ཉིད་རྒྱུ་མཚན་དུ་འཁྱེར་ནས་ཁོ་རང་ལ་ཕར་རྒྱུ་མཚན་བཤད་ཆོག ཁོ་རང་ཉིད་ཀྱིས་ཁས་ལེན་བྱས་པའི་རྒྱུ་མཚན་གཞན་ཞིག་འཁྱེར་ཏེ་ཁོ་རང་གི་ལྟ་ཚུལ་དེ་ལ་རིགས་པའི་གཞུང་ལུགས་བཀོད་པ་ཡིན་ན་དེས་འགྲིག་པར་འདོད་པ་ལས་ཕན་ཚུན་གཉིས་ཀའི་ཐུན་མོང་གི་ལྟ་ཚུལ་ཞིག་དགོས་པ་མེད་ཟེར། དབུ་མ་ཐལ་འགྱུར་བའི་བཤད་སྟངས་འདི་ལྟར་ཡིན་སྟབས་གཞན་གྲགས་ཀྱི་གཏན་ཚིགས་ལ་ཐལ་འགྱུར་ཟེར། ཐལ་འགྱུར་ཟེར་བའི་གོ་དོན་ནི། ཁྱེད་ཀྱི་ཁས་ལེན་དེ་དེ་ལྟར་མ་ཡིན། འདི་ལྟར་ཡིན་ཞེས་ཕྱི་ནང་གོ་ལྡོག་ནས་མ་བཤད་པར། ཁྱེད་ཀྱིས་ཁས་ལེན་འདི་བྱས་པ་ཡིན་ན་འདི་ཡང་ཁས་ལེན་དགོས་ཞེས་བཤད་ཆོག་པ་དེ་ཡིན། འདི་བཤད་ན་ཕན་པ་གང་ཡོད་དམ་ཞེ་ན། ཕར་ངོས་ནས་སོ་སོའི་ཁས་ལེན་དེ་ལ་སྐྱོན་ཆ་ཡོད་པ་མཐོང་ནས་རང་གི་ཁས་ལེན་གྱི་ལྟ་བ་དེ་ཕར་དབྱུགས་ཏེ་ལྟ་བ་གསར་པ་དང་ལེན་བྱ་རྒྱུར་ཕན་པ་ཡོད་ཟེར། ཁོ་རང་གི་ཁས་ལེན་དེ་ལ་སྐྱོན་བརྗོད་བྱས་ནས་བཞག་ན་འགྲིག་པ་ལས་ངའི་འདི་ཡིན་ཞེས་རྒྱུ་མཚན་ངེས་པར་བཀོད་དགོས་དོན་མེད་ཟེར། ཁོ་རང་གི་ཁས་ལེན་དེ་གཞིར་བཞག་ནས་དེ་ལ་སྐྱོན་བརྗོད་བྱས་ཏེ་འདི་ཁས་བླངས་ན་འདི་ཡང་ཁས་ལེན་དགོས་ཞེས་བཤད་ན་འགྲིག་པ་ཡིན། དབུ་མ་ཐལ་འགྱུར་བའི་ལྟ་བ་ཐོག་མར་གསར་གཏོད་གནང་མཁན་སློབ་དཔོན་སངས་རྒྱས་བསྐྱངས་ཡིན་པ་དང༌། ལྟ་བ་དེ་དར་སྤེལ་གནང་མཁན་སློབ་དཔོན་ཟླ་བ་གྲགས་པ་ཡིན། ཟླ་བ་གྲགས་པ་དབུ་མ་ཐལ་འགྱུར་བའི་ལྟ་བ་དར་སྤེལ་གནང་མཁན་ཡིན་ཟེར་བའི་རྒྱུ་མཚན་ནི་ཐོག་མར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མའི་ལྟ་བ་གསར་གཏོད་མཛད་རྗེས་དེ་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དགག་པ་བཏང་ཐོག་དབུ་མ་རང་རྒྱུད་པའི་ལྟ་བ་དེ་གསུངས་པ་རེད། དེ་ལ་སློབ་དཔོན་ཟླ་བ་གྲགས་པས་ཁྱེད་ཀྱིས་སློབ་དཔོན་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་བྱས་པའི་སྐྱོན་དེ་སློབ་དཔོན་སངས་རྒྱས་བསྐྱངས་ལ་མེད་ལ། ཁྱེད་ཀྱིས་ཁས་ལེན་དེ་བྱས་ཚེ་ཁྱེད་ལ་སྐྱོན་དེ་ཡོང་རྒྱུ་རེད་ཅེས་སློབ་དཔོན་ལེགས་ལྡན་འབྱེད་ལ་སྐྱོན་བརྗོད་དང་སློབ་དཔོན་སངས་རྒྱས་བསྐྱངས་ལ་དག་སེལ་མཛད་དེ་། དེ་ནས་བཟུང་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཧ་ཅང་ཤུགས་ཆེན་པོ་དར་སྤེལ་བྱུང་བ་རེད། འདིར་གནད་འགག་གང་ཡོད་དམ་ཞེ་ན། སློབ་དཔོན་ཟླ་བ་གྲགས་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་སློབ་མ་ཡིན་པས་ཁོང་རྣམ་གཉིས་བར་གྱི་འབྲེལ་བ་ནི་བླ་སློབ་བར་གྱི་འབྲེལ་བ་ཡིན། སློབ་དཔོན་ཀླུ་སྒྲུབ་དགུང་གྲངས་སུམ་བརྒྱ་ཙམ་བཞུགས་ཚུལ་བཤད་སྲོལ་ཡོད་པ་དེ་ཆོས་ཀྱི་ནང་ཁས་ལེན་གྱི་ཡོད། གང་ཞེ་ན་སློབ་དཔོན་ཀླུ་སྒྲུབ་ཀྱི་སྐུ་ཚེ་སྟོད་སྨད་བར་གསུམ་ལ་སློབ་མ་ཁག་གསུམ་བྱུང་ཡོད་པ་དང༌། སྐུ་ཚེའི་སྟོད་སྨད་བར་གསུམ་སོ་སོར་བྱུང་བའི་སློབ་མ་དེ་དག་གི་ལོ་རྒྱུས་བཤད་དུས་སློབ་དཔོན་ཀླུ་སྒྲུབ་དགུང་ལོ་སུམ་བརྒྱ་ཙམ་ཞིག་མ་མཐར་ཡང་བཞུགས་ཡོད། དེང་སང་ཁ་ཤས་ཀྱིས་ཀླད་པ་ཞེ་དྲག་དཀྲུག་མཁན་དང་བསམ་བློ་ཞེ་དྲག་གཏོང་མཁན་དེ་ཚོ་ཚེ་ཐུང་བ་ཡོད་ཚུལ་ཤོད་ཀྱི་ཡོད་ནའང་དོན་དངོས་དེ་འདྲ་མིན། སྔོན་མ་ཀླད་པ་ཞེ་དྲག་དཀྲུག་མཁན་བསམ་བློ་མང་པོ་གཏོང་མཁན་དེ་ཚོ་ཁ་ཤས་ལོ་བརྒྱ་ལྷག་ཙམ་སྡོད་མཁན་ཡོད་པ་དང་ཉུང་ཤོས་ལ་ལོ་དྲུག་ཅུ་སྡོད་མཁན་ཡོད། དེ་ཀླད་པ་དཀྲུག་པའི་རྐྱེན་གྱིས་ཡིན་ནམ་ཞེ་ན་དེ་མིན། ཉེ་དུས་རྒྱ་ཡིག་གི་<<དཔྱད་གཞིའི་ཚགས་པར་>>(参考消息)ཞེས་པའི་ནང༌། ཀླད་པ་ཞེ་དྲག་དཀྲུག་མཁན་དེ་ཚོ་ཚེ་རིང་པོ་སྡོད་པའི་རྒྱུ་མཚན་ནི། ཁོ་རང་ཀླད་པ་དཀྲུག་རྒྱུའི་སོ་སོའི་ལས་ཀ་དེ་ལ་རང་འགུལ་དང་སྤྲོ་སྣང་གི་བསམ་པ་ཤུགས་ཆེན་པོ་ཡོད་པས་རང་གི་སེམས་ལ་སྤྲོ་སྣང་ཡོད་པའི་ལས་ཀ་ཞིག་བྱེད་རྒྱུ་བྱུང་ན་ཚེ་རིང་པོ་སྡོད་ཐུབ་ཀྱི་ཡོད་པ་རེད་ཅེས་འཁོད་འདུག སློབ་དཔོན་ཀླུ་སྒྲུབ་དང་ཟླ་བ་གྲགས་པ་སོགས་ཀྱིས་དཔེ་ཆ་ཧ་ཅང་མང་པོ་བརྩམས་ཡོད་ཅིང༌། དཔེ་ཆ་མང་པོ་འདི་ལྟ་བུ་རྩོམ་ལུགས་ལ་བལྟས་ན་མི་ཚེ་ཧྲིལ་པོ་དཔེ་ཆ་རྩོམ་མ་ཚར་བར་བཞུགས་པ་ལྟ་བུ་ཞིག་ཡོད། བོད་ལ་ཆ་བཞག་ན། བོ་དོང་པཎ་ཆེན་འཇིགས་མེད་གྲགས་པ་དགུང་ལོ་བརྒྱད་ཅུ་ཙམ་བཞུགས་པ་རེད། ཁོང་གིས་བརྩམས་གནང་བའི་གསུང་རྩོམ་དེ་བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་བསྡོམས་ཀྱི་མང་ཉུང་ཙམ་ཞིག་ཡོད་ཅིང༌། དེང་སང་འཇར་མན་ནུབ་མས་པར་བསྐྲུན་བྱས་པ་ཁོ་ནར་དེབ་བདུན་ཅུ་དོན་ལྔ་ཡོད། ཁོང་ལ་དྲུང་ཡིག་བརྒྱད་ཡོད་པར་དུས་གཅིག་ལ་གཞུང་མང་པོ་དཔོད་བྲིས་གནང་གི་ཡོད་པ་རེད། ཁོང་གིས་ཕྱག་དཔེ་ཐེངས་གཅིག་གཟིགས་ན་བརྗེད་རྒྱུ་རྩ་བ་ནས་མེད། ཁོང་གི་ཀླད་པ་དཀྲུག་སྟངས་དང་དཀའ་བ་སྤྱད་སྟངས་ལ་གཞིགས་ན་ལོ་སུམ་ཅུ་བཞི་བཅུ་ལ་གཤེགས་དགོས་པ་ཞིག་ཡོད་ནའང་དགུང་ལོ་བརྒྱད་ཅུ་བཞུགས་པ་ཡིན། དེ་བཞིན་བོད་དུ་དཔེ་ཆ་རྩོམ་མཁན་མང་པོ་ཞིག་སྟེ་བུ་སྟོན་རིན་པོ་ཆེ། སྡེ་དགེ་མི་ཕམ། ཀུན་མཁྱེན་ཀློང་ཆེན་པ། དེ་བཞིན་ས་སྐྱ། རྙིང་མ། བཀའ་བརྒྱུད། དགེ་ལུགས་པ་བཅས་ཀྱི་ནང་དུ་དཔེ་ཆ་མང་པོ་བྲིས་མཁན་བྱུང་ཡོད་ནའང་མང་ཆེ་བ་དགུང་ལོ་བདུན་ཅུ་ཙམ་བཞུགས་པ་ཤ་སྟག་ཡིན། དེར་བརྟེན་རང་གི་དགའ་སྣང་དང་སྤྲོ་སྣང་ཡོད་པའི་ལས་ཀ་དེ་བྱེད་ཐུབ་པ་ཡིན་ན་ཚེ་རིང་པོ་བསྡད་ཐུབ་ཀྱི་ཡོད། སློབ་དཔོན་ཀླུ་སྒྲུབ་དགུང་ལོ་སུམ་བརྒྱ་བཞུགས་མིན་གང་ལྟར་ནའང་ཁོང་སྐུ་ཚེ་རིང་པོ་བཞུགས་པ་ཤོད་མི་དགོས་པ་ཞིག་ཡིན། གོང་གསལ་ནི་འདིར་ཞར་བྱུང་དུ་བཤད་པ་ཡིན་ནོ།།

དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་སྟོང་པ་ཉིད་ཀྱི་ལྟ་ཚུལ་འཇོག་སྟངས་དེ་དབུ་མ་རང་རྒྱུད་པ་ལས་གཏིང་ཟབ་པ་ཡོད། དབུ་མ་རང་རྒྱུད་པ་དང་དབུ་མ་ཐལ་འགྱུར་པའི་ལྟ་བ་འཇོག་སྟངས་ཐད་གཏིང་ཟབ་ལོས་ཀྱི་ཁྱད་པར་ནི། དབུ་མ་ཐལ་འགྱུར་བས་རྟོག་པས་བཏགས་ཙམ་མ་ཡིན་པར་ཕྱི་རོལ་ཡུལ་གྱི་ངོས་ནས་གྲུབ་པ་མེད་ཟེར། དབུ་མ་རང་རྒྱུད་པས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ལ་མ་ལྟོས་པར་ཕྱི་རོལ་ཡུལ་གྱི་ངོས་ནས་གྲུབ་པ་མེད་ཟེར། ལྟ་ཚུལ་དེ་གཉིས་བར་དུ་གཏིང་ཟབ་ལོས་ཁྱད་པར་ཆེན་པོ་ཡོད། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཟེར་བ་དེ་དང་རྟོག་པས་བཏགས་ཙམ་ཟེར་བའི་ཙམ་དེར་དབྱེ་བ་ཆེན་པོ་ཡོད། གཙོ་བོ་བཏགས་ཙམ་ཟེར་བའི་ཙམ་གྱི་ནུས་པ་དེ་རེད། དབུ་མ་རང་རྒྱུད་པས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་ཟེར་བའི་ཙམ་དེ་ཁས་ལེན་གྱི་ཡོད། རྟོག་པས་བཏགས་ཙམ་གྱི་ཆོས་ཟེར་བ་དེ་མེད་པར་འདོད། རྟོག་པས་བཏགས་ཙམ་ཡིན་ན་དངོས་པོ་དེ་མེད་དགོས་ཏེ་དཔེར་ན་རི་བོང་གི་རྭ་ཡང་རྟོག་པས་བཏགས་ཙམ་ཡིན་པ་དང་ནམ་མཁའི་མེ་ཏོག་ཀྱང་རྟོག་པས་བཏགས་ཙམ་ཡིན་པས་རྟོག་པས་བཏགས་ཙམ་ཡིན་ན་མེད་དགོས་ཟེར། འོན་ཀྱང་དབུ་མ་ཐལ་འགྱུར་བས་ཕྱི་རོལ་ཡུལ་གྱི་ཡོད་སྟངས་དེ་ནི། རྟོག་པས་བཏགས་ཙམ་དུ་ཡོད་ཟེར། རྟོག་པས་བཏགས་ཙམ་གྱི་ཐོག་ནས་ཡོད། ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་པ་མེད་ཟེར། དེས་ན་དེ་གཉིས་བར་ཧ་ཅང་དབྱེ་བ་ཆེན་པོ་ཡོད། དབུ་མ་རང་རྒྱུད་པས་ཕྱི་རོལ་གྱི་ཡུལ་དེ་རང་གི་བསམ་པར་ཚུར་སྣང་བྱུང༌། འཆར་སྣང་བྱུང་བའི་སྟེང་དུ་ཕར་བཞག་པ་ཞིག་རེད། འཆར་སྣང་བྱུང་བ་དེ་ཕར་བཞག་པ་དེ་དང་ཕྱི་རོལ་ཡུལ་གཉིས་པོ་འཛོམས་ནས་ཡོད་པ་ཞིག་ལས་འཆར་སྣང་བྱུང་བའི་དབང་གིས་ཕར་བཞག་ཙམ་ཞིག་མིན། ཕྱི་རོལ་གྱི་ཡུལ་དེ་རང་ལ་འཆར་སྣང་བྱུང་བའི་དབང་གིས་ཕར་བཞག་པ་ཞིག་རེད། བཞག་ལུགས་བཞག་སྟངས་དེ་འདྲ་ཡིན། ཕྱི་རོལ་ཡུལ་དེ་རང་ལ་འཆར་སྣང་བྱུང་བའི་དབང་གིས་ཕར་བཞག་པ་མ་ཡིན་པར། ཕྱི་རོལ་ཡུལ་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་དེ་མེད་ཟེར། དབུ་མ་ཐལ་འགྱུར་བས་རྟོག་པས་བཏགས་ཙམ་མ་ཡིན་པར་ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་གྲུབ་པ་ཞིག་མེད། ཕྱི་རོལ་ཡུལ་དེ་ཡོད་ལུགས་ཡོད་སྟངས་ནི། རྟོག་པས་བཏགས་ཙམ་དུ་ཡོད་པར་འདོད་པས་རྟོག་པས་བཏགས་ཙམ་ཟེར་བ་དེར་རིགས་པ་ཧ་ཅང་གཏིང་ཟབ་པོ་ཡོད། དཔེ་འཇོག་སྟངས་གཅིག་མཚུངས་ཡིན། གོང་དུ་དཔེ་ཞུས་པ་ལྟར། རྟ་ཟེར་དུས་ང་རང་ཚོའི་རྟ་དེའི་ཡོད་ལུགས་ཡོད་སྟངས་དེ་རྟོག་པས་བཏགས་ཙམ་ཡོད་ཟེར། དེ་ཡང་བོད་པའི་མིས་ལྟ་དུས་ཁོའི་མིང་དུ་རྟ་ཞེས་བཏགས་པ་དང༌། རྒྱ་རིགས་ཀྱིས་མཱ་ཞེས་བཏགས་པ། རྒྱ་གར་བས་ཧ་ཡ་ཞེས་བཏགས་ཡོད་པས་མིང་དེ་ཙམ་བཏགས་པ་དེས་ཕྱི་རོལ་ཡུལ་དེ་ཡོད་ལུགས་ཡོད་སྟངས་དེ་ཤེས་པ་ལས་དེ་ལས་ལྷག་པའི་ཡོད་ལུགས་ཡོད་སྟངས་ཞིག་ཟུར་དུ་འཚོལ་རྒྱུའི་དགོས་པ་མེད་ཟེར། མིང་དེ་ཕར་བཏགས་ཙམ་ཞིག་རེད་ལ་མིང་བཏགས་པ་དེས་རྟ་དེ་ཡོད་པ་གོ་ཆོད་པ་རེད། ཚད་དེ་ལས་བརྒལ་ནས་ད་དུང་ཡོད་ལུགས་ཡོད་སྟངས་ཞིག་ཟུར་དུ་བཙལ་དགོས་རྒྱུ་མེད་ཟེར། དབུ་མ་ཐལ་འགྱུར་བས་དེ་ལྟར་བཤད་ཀྱི་ཡོད། རྟོག་པས་བཏགས་པ་ཟེར་བ་དེ་རྟོག་པས་ངོས་འཛིན་བྱས་པའི་དོན་ཡིན། མིང་ཞིག་བཏགས་པ་ལ་ངོས་འཛིན་བྱེད་དགོས། ངོས་འཛིན་བྱས་པའི་རྗེས་ལ་མིང་དེ་འདོགས་དགོས། དཔེར་ན། པོ་ཏ་ལའི་པར་རིས་ཤིག་ལ་ཆ་བཞག་ན། པོ་ཏ་ལ་ཞེས་ཐེངས་མང་གོ་མྱོང་ཡང་མཐོང་མ་མྱོང་བའི་མི་ཞིག་གིས་པར་རིས་དེ་མཐོང་རུང་པོ་ཏ་ལ་ཡིན་པ་ཤེས་ཚོར་མི་ཐུབ་ཅིང༌། པོ་ཏ་ལ་དེ་དང་པོ་ནས་ཡོད་ཡོད་པ་ཡིན་ནའང་དེའི་ཡོད་ལུགས་ཡོད་སྟངས་དེ་ནི་ཕྱི་རོལ་གྱི་ཡུལ་ཕར་ངོས་སུ་ཡོད་བསྡད་པ་དེ་ལ་རང་གིས་ངོས་འཛིན་བྱས་པ་དེ་ཙམ་ཞིག་རེད། དེས་གོ་ཆོད་ཀྱི་རེད། རང་གིས་ཕྱི་རོལ་ཡུལ་གནས་ཡོད་པ་དེ་ལ་རང་ངོས་ནས་ངོས་འཛིན་བྱས་པ་དེས་པོ་ཏ་ལ་ཡོད་པ་གོ་ཆོད་པ་ལས། དེ་ལས་ལྷག་ཙམ་གྱི་ཚད་གཞི་ཞིག་བཙལ་ནས་པོ་ཏ་ལ་ཟེར་དགོས་པའི་མིང་འདོགས་ས་དེ་པོ་ཏ་ལའི་རྒྱ་ཕིབས་རེད་དམ། ཡང་ན་པོ་ཏ་ལའི་གཤམ་གྱི་རྡོ་གཅལ་དེ་རེད་དམ། པོ་ཏ་ལའི་ཁང་པ་དམར་པོ་དེ་རེད་དམ། ཡང་ན་དཀར་པོ་དེ་རེད་དམ། དེ་འདྲའི་བརྟག་དཔྱད་བྱེད་དགོས་དོན་མེད། དེ་འདྲའི་ཆ་ཚང་བའི་མིང་འདོགས་སའི་གཞི་ཕྱི་རོལ་ཡུལ་དུ་གནས་བསྡད་པ་དེ་ལ་མིང་འདོགས་མཁན་གྱིས་པོ་ཏ་ལ་ཞེས་མིང་བཏགས་ནས་ངོས་འཛིན་བྱས་པ་དེ་ཙམ་གྱིས་འགྲིག་པ་ལས། དེ་ལས་ལྷག་ཙམ་ཟུར་དུ་བཙལ་དགོས་དོན་མེད་ཟེར། དེས་ན་འདི་ལ་རྟོག་པས་བཏགས་ཙམ་ཡིན་ཟེར་དགོས་པ་དེ་ཡིན། གཅིག་གིས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ལ་མ་ལྟོས་པར་ཕྱི་ངོས་ནས་གྲུབ་པ་མེད་པར་འདོད་པ་དང༌། གཅིག་གིས་རྟོག་པས་བཏགས་ཙམ་ཡིན་པར་འདོད་པ་ཡིན་པས་དེ་གཉིས་བར་དབྱེ་བ་ཆེན་པོ་ཡོད། དབུ་མ་ཐལ་འགྱུར་བས་ལྟོས་ནས་ཡོད་པ་ཞིག་མིན་པར་ཕྱི་རོལ་ཡུལ་གནས་པ་དེ་ལ་མིང་གིས་ཕར་བཞག་ཙམ་ཞིག་ཡིན་པར་འདོད་པ་དང༌། དབུ་མ་རང་རྒྱུད་པས་ཕྱི་རོལ་ཡུལ་དང་སེམས་གཉིས་ཕན་ཚུན་ལྟོས་ནས་ཡོད་པར་འདོད་པ་ཡིན་ཟེར། ཕྱི་རོལ་ཡུལ་ཡོད་པ་ལ་མིང་དེ་བཏགས་པར་ལྟོས་དགོས་སམ་མི་དགོས་ཤེ་ན། མིང་དེ་བཏགས་པ་ལ་ལྟོས་མི་དགོས། མིང་དེ་བཏགས་ནའང་དེ་དང་པོ་ནས་ཡོད་བཞིན་པ་ཡིན། ཁྱོད་ཀྱིས་མིང་འདོགས་མིན་ནམ་ངོས་འཛིན་བྱེད་མིན་ལ་མ་ལྟོས་པར་དེ་གནས་ཡོད་པ་ཞིག་ཡིན། དེ་ཡོད་དང་མེད་ཀྱི་བསམ་བློ་དེ་ནི་དེ་ལ་མིང་གཅིག་བཏགས་ནས་གཞི་ནས་འདུག་བསམ་པའི་འཆར་སྣང་ཞིག་བྱུང་བ་ལས། ཁྱོད་ཀྱིས་ངོས་འཛིན་བྱེད་མིན་ལ་མ་ལྟོས་པར་དེ་གནས་པ་ཞིག་ཡིན། དེས་ན་དེ་ཕར་ངོས་སུ་ཡོད་ལུགས་ཡོད་སྟངས་ནི། དངོས་པོ་དེ་ལས་བསམ་བློས་ངོས་འཛིན་བྱས་པ་ཙམ་ཞིག་ཡིན། དེས་གོ་ཆོད་ཀྱི་རེད། དཔེར་ན། རི་བོང་གི་རྭ་ཟེར་བ་དེ་གང་ཡིན་ནམ་ཞེ་ན། ཕྱི་རོལ་ཡུལ་དེ་གནས་མེད། དེ་ནི་རི་བོང་གི་རྣ་བ་དེ་རྭ་ཅོ་ཡིན་པར་འཁྲུལ་ནས་བཏགས་པས་ཕྱི་རོལ་ཡུལ་དང་མཐུན་མེད། ཕྱི་རོལ་ཡུལ་གྱི་དངོས་ཡོད་གནས་ཚུལ་དང་མཐུན་མེད། ཕྱི་རོལ་ཡུལ་དེ་ཡོད་པ་དེ་ལ་རང་གི་སེམས་ཀྱིས་མིང་བཏགས་ཙམ་ཞིག་བྱུང་ན་དེ་ཉིད་ཀྱིས་དངོས་པོ་དེ་ཡོད་པ་གོ་ཆོད་པ་ལས་ངེས་པར་དུ་ཁྱོད་ཀྱིས་ངོས་འཛིན་བྱས་ན་ཡོད་པ་དང༌། ཁྱོད་ཀྱིས་ངོས་འཛིན་མ་བྱས་ན་མེད་པ་ཞིག་མིན་པར་དེ་དང་པོ་ནས་ཡོད་པ་ཞིག་ཡིན། ཡིན་ནའང་ཡོད་པར་ངོས་འཛིན་བྱས་མེད་པར་ངོས་འཛིན་བྱས་ཟེར་བའི་རང་གི་བསམ་བློ་དེ་དངོས་པོ་དེ་ལ་མིང་ཞིག་བཏགས་ནས་ངོས་འཛིན་བྱས་པ་དེ་ཡིན། མིང་བཏགས་ནས་འདུག་བསམ་པ་མ་ཟད་ཕྱི་རོལ་ཡུལ་གྱི་ངོས་ནས་གྲུབ་པའི་འཆར་སྣང་ཡོང་གི་ཡོད་པས་གདགས་གཞི་ཚོགས་པ་ལ་བརྟེན་ནས་བློས་ཕར་བཏགས་པ་ཞིག་རེད། གདགས་གཞི་ཟེར་བ་ནི་མིང་བཏགས་སའི་གཞི་དེ་ལ་ཟེར། གདགས་གཞི་ཚོགས་པ་དེ་ནི་ཕྱི་རོལ་གྱི་ཡུལ་དེ་དང་པོ་ནས་ཡོད་པ་དེ་རེད། ཕྱི་རོལ་ཡུལ་གྱི་མིང་བཏགས་སའི་གཞི་དེ་འཛོམས་རྗེས་ཆ་རྐྱེན་དེ་འཛོམས་པ་ལ་བརྟེན་ནས་མིང་དེ་ཕར་བཏགས་པ་ཞིག་རེད། དཔེར་ན་རྟ་ཞེས་མིང་འདོགས་སྐབས་རྟ་དེའི་མིང་བཏགས་སའི་གཞི་དེ་སེམས་ཅན་རྟའི་ཁྱད་ཆོས་ལྡན་པ་ཞིག་ལ་མིང་བཏགས་མཁན་མི་ཞིག་གིས་རྟ་ཞེས་མིང་བཏགས་པ་རེད། དེ་ལ་རྟ་ཞེས་མ་བཏགས་པར་མིང་གཞན་ཞིག་བཏགས་ནའང་འགྲིག་གི་རེད། བོད་ཀྱིས་རྟ་ཞེས་དང༌། རྒྱ་ནག་གིས་མཱ། རྒྱ་གར་བས་ཧ་ཡ་ཞེས་བཏགས་པའི་རྒྱུ་མཚན་དངོས་པོ་ཁོ་རང་གི་ངོས་ནས་འཚོལ་རྒྱུ་མེད། ཁྱེད་ཀྱིས་རྟ་ཞེས་བཏགས་པའི་རྒྱུ་མཚན་ཡང་དངོས་པོ་དེ་རང་གི་ངོས་ནས་འཚོལ་རྒྱུ་མེད། བོད་པས་རྟ་ཞེས་བཏགས་པ་དེ་འགྲིག་ཡོད་ན་རྒྱ་གར་བས་ཧ་ཡ་ཞེས་བཏགས་པར་མ་འགྲིག་པ་གང་ཡང་མེད་པས་མིང་དེ་ཕར་བཏགས་པ་ཙམ་ཞིག་དང༌། རྟོག་པས་བཏགས་ཙམ་ཞིག་ཡིན། གདགས་གཞི་ཚོགས་པ་ལ་བརྟེན་ནས་མིང་དེ་བཏགས་པ་ཙམ་རེད། གདགས་གཞི་དེ་ཆ་ཚང་བ་ཞིག་མེད་ན་ཁོ་ལ་ངོས་འཛིན་དེ་མེད། དེ་བཞིན་རྟའི་མཇུག་མ་ཞིག་ཡོད་པར་ཆ་མཚོན་ན་འདིར་རྟའི་མཇུག་མ་ཞིག་འདུག་ཟེར་བ་ལས་འདིར་རྟ་འདུག་རྩ་བ་ནས་ཟེར་སྲོལ་མེད་ཅིང༌། ཆ་ཚང་བ་ཞིག་ཡོད་ན་རྟ་ཟེར། ཡང་ཤིང་ངམ་དཀར་ཡོལ་གྱིས་རྟའི་གཟུགས་བཟོས་པ་ཞིག་ཡིན་ནའང་རྟ་འདུག་བསམ་པ་ཞིག་ཡོང་གི་རེད། དེས་འགུལ་སྐྱོད་བྱེད་ཐུབ་མིན་ལ་མ་ལྟོས་པར་རི་མོ་ཆ་ཚང་བ་ཞིག་བྲིས་ཡོད་ན་དངོས་པོ་དེར་འཛིན་བྱེད་ཀྱི་རེད། དེར་བརྟེན་གདགས་གཞི་ཚོགས་པ་ལ་བརྟེན་ནས་མིང་དེ་བཏགས་ཙམ་ཞིག་རེད། དཔེར་ན་ང་རང་ལ་ཆ་བཞག་ན། ཕ་མས་མིང་ལ་ཟླ་བ་ཞེས་བཏགས། དེ་རྗེས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གསུམ་པས་དུང་དཀར་ཞེས་བཏགས། དེ་རྗེས་ཡང་རང་གི་ཆོས་ཞུ་སའི་བླ་མས་བློ་བཟང་འཕྲིན་ལས་ཞེས་བཏགས་གནང་ཡོད་པས་མིང་དེ་ཚོ་གང་ཞིག་འགྲིག་པ་ཡིན་དང་གང་ཞིག་མ་འགྲིག་པ་ཡིན་ཞེ་ན་ཚང་མ་འགྲིག་ཡོད་ལ། དེ་བཞིན་ང་ལ་མིང་གཞན་མིག་དམར་ཞེས་བཏགས་ནའང་མ་འགྲིག་པ་མེད། དེས་ན་གདགས་གཞི་ཚོགས་པ་ལ་བརྟེན་ནས་མིང་བཏགས་ཙམ་གྱི་དངོས་པོ་ཞིག་ཡིན། དཔེར་ན་རྡུལ་ཕྲན་ཟེར་བ་དེ་ཡང་ཕྱི་རོལ་ཡུལ་གྱི་རྡུལ་ཕྲན་ཞེས་མིང་འདོགས་རྒྱུའི་ཆ་རྐྱེན་དེ་མིང་འདོགས་སའི་གདགས་གཞི་དེ་ཚོགས་པ་ལ་བརྟེན་ནས་དངོས་པོའི་མིང་ལ་རྡུལ་ཕྲན་ཞེས་བཏགས་པ་ཙམ་ཡིན། དངོས་པོ་དེ་ཡོད་ལུགས་ཡོད་སྟངས་ཟེར་བ་དེ་ནི་རྡུལ་ཕྲན་ཁོ་རང་གི་གྲུབ་གཞི་དེ་ལྟར་བྱུང་མིན་ལ་ཟེར་བ་མིན་པར་བསམ་བློའི་ཐོག་ནས་དངོས་པོ་དེ་ལ་ཡོད་ལུགས་ཡོད་སྟངས་ཀྱི་ངོས་འཛིན་གང་འདྲ་བྱེད་ཀྱི་ཡོད་པ་དེའི་ཡོད་ལུགས་ཡོད་སྟངས་དེ་བཤད་ཀྱི་ཡོད། ང་རང་ཚོ་སྐྱེས་པ་ནས་ད་ལྟ་བར་དུ་གང་ཞིག་ལ་གོམས་འདྲིས་བྱས་ཡོད་དམ་ཟེར་ན། ཕྱི་རོལ་ཡུལ་གྱི་ཐོག་ནས་དངོས་པོ་གང་འདྲ་ཞིག་ཡིན་ནའང་ཕྱི་རོལ་ཡུལ་དེ་རང་གི་ངོས་ནས་ཚུར་གྲུབ་བསྡད་པའི་འཆར་སྣང་དེ་ཤུགས་ཧ་ཅང་ཆེ་བ་ཡོད་པ་ལས། དངོས་པོ་དེ་ལ་ཕར་མིང་དེ་བཏགས་པའམ་ཕར་ངོས་འཛིན་བྱས་པ་རེད་བསམ་པའི་བསམ་བློ་དེ་རྩ་བ་ནས་མེད། རང་གིས་ཕར་ངོས་ལ་ངོས་འཛིན་བྱས་པ་དེ་ཕྱི་རོལ་ཡུལ་དེ་རང་གི་ངོས་ནས་གྲུབ་པའི་འཆར་སྣང་དེ་ཤུགས་ཆེ་བ་ཡོད། དེ་ལ་བདག་འཛིན་ལྷན་སྐྱེས་ཟེར། ལྷན་སྐྱེས་ཟེར་དགོས་པའི་རྒྱུ་མཚན་ནི་རང་སྐྱེས་པ་ནས་མཉམ་དུ་ཡོད་བསྡད་པའི་བསམ་བློ་དེ་ལ་ཟེར། གང་ཡིན་ཞེ་ན། དངོས་པོ་དེ་བདེན་པར་གྲུབ་པར་འཛིན་ནས་ངས་ངོས་འཛིན་བྱས་པ་དེ་ཡིན། དེ་བདེན་པ་ཡིན་ན། མིང་དེ་བཏགས་ཙམ་མ་ཡིན་པར་བདེན་པ་ཡིན་ན་དངོས་པོ་དེ་ལ་འགྱུར་བ་ཡོད། དངོས་པོ་གང་འདྲ་ཞིག་ཡིན་ནའང་ཚང་མར་འགྱུར་བ་ཡོད། འགྱུར་བ་ཡོད་སྟབས་དེ་བདེན་པ་མེད་པ་ཞིག་རེད། དེ་ཕྱི་རོལ་ཡུལ་གྱི་ངོས་ནས་ཚུར་གྲུབ་པ་ཞིག་ཡིན། དང་པོ་སོན་དེར་འགྱུར་བ་ཡོད། སོན་ལ་འགྱུར་བ་བྱུང་ནས་རྗེས་སུ་མྱུ་གུ་སྐྱེས་པ་རེད། སོན་ཟེར་བའི་དངོས་པོ་དེ་དང་པོ་ནས་མིས་མིང་དེ་བཏགས་ཙམ་ཞིག་ཏུ་ཡོད། དངོས་པོ་དེ་རང་ཉིད་དངོས་པོ་དེ་རང་གི་ངོས་ནས་གྲུབ་བསྡད་པ་ཞིག་མིན། རྒྱུ་དང་རྐྱེན་འཛོམས་པ་ལ་བརྟེན་ནས་དེ་སོན་ཆགས་པ་རེད། རྗེས་མ་རྒྱུ་དང་རྐྱེན་འཛོམས་དུས་མྱུ་གུ་སྐྱེས་ཡོང་གི་རེད། རྗེས་མ་རྒྱུ་དང་རྐྱེན་འཛོམས་དུས་དེ་མེད་པ་ཆགས་པ་རེད། དེ་མེད་པ་ཆགས་ནའང་འདྲ། དེ་ཡར་སྐྱེས་པ་ཡིན་ནའང་འདྲ། དེ་སོན་བྱས་ཏེ་ཡར་སྐྱེ་རྒྱུ་བསྡད་ཡོད་ནའང་འདྲ། གང་ལྟར་གང་ཡིན་རུང་ཚང་མ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཤ་སྟག་མ་གཏོགས་ཕྱི་རོལ་ཡུལ་དེ་རང་གི་ངོས་ནས་ཚུར་རང་བཞིན་གྱིས་བྱུང་བ་ཞིག་རྩ་བ་ནས་མེད། རང་བཞིན་གྱིས་བྱུང་བ་ཞིག་ཡོད་ན། སོན་དེ་ག་དུས་ཡིན་ནའང་སོན་དེ་རང་བྱས་ནས་སྡོད་པ་ལས་ཡར་མྱུ་གུ་སྐྱེ་རྒྱུ་རྩ་བ་ནས་ཡོང་མི་སྲིད། དེ་རང་བཞིན་རེད། དཔེར་ན་ང་རང་ཚོའི་སེམས་ལ་མི་བསམ་དགུ་བསམ་མང་པོ་བསམ། སྐབས་རེ་འདོད་ཆགས། ང་རྒྱལ། ཁོང་ཁྲོ། ཞེ་སྡང༌། གཏི་མུག་སོགས་འདྲ་མིན་སྐྱེ་རྒྱུ་ཡོད་པ་དེ་ང་རང་ཚོའི་བསམ་བློའི་རང་བཞིན་མ་ཡིན་པར་རྒྱུ་དང་རྐྱེན་འཛོམས་པ་ལ་བརྟེན་ནས་བྱུང་བ་ཞིག་རེད། དེ་ནི་རྟེན་འབྲེལ་རེད། རྟེན་ནས་བྱུང་བ་ཞིག་རེད། དེ་ལ་འགྱུར་བ་ཡོང་རྒྱུ་ཡོད། འགྱུར་བ་ཡོང་རྒྱུ་ཡོད་སྟབས་དེ་རང་བཞིན་གྱི་ངོས་ནས་ཚུར་བྱུང་བ་ཞིག་མིན། ངན་པ་བཟང་པོ་ཆགས་རྒྱུ་ཡོད་ལ་བཟང་པོ་ངན་པ་ཡང་ཆགས་རྒྱུ་ཡོད་པས་དེ་ནི་རྟེན་ནས་བྱུང་བ་ཞིག་རེད། དེ་རང་བཞིན་གྱིས་གྲུབ་པ་ཞིག་མིན། ཕྱི་རོལ་ཡུལ་དེ་རང་གི་ངོས་ནས་རང་བཞིན་གྱིས་བྱུང་བ་ཞིག་མིན། རྒྱུ་དང་རྐྱེན་ཞིག་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པས་འགྱུར་བ་ཡོད། དཔེར་ན་ཐག་ཁྲ་སྦྲུལ་འཛིན་གྱི་བསམ་བློ་དེ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། ཐག་པ་ཁྲ་ཁྲ་དེ་སྦྲུལ་ཡིན་པར་འཁྲུལ་པ་དེ་ལ་ཆ་རྐྱེན་ཞིག་འཛོམས་དགོས། ཆ་རྐྱེན་དེ་མ་འཛོམས་ན་སྦྲུལ་རེད་བསམ་པའི་སྐྲག་སྣང་དེ་རྩ་བ་ནས་ཡོང་མི་སྲིད། གང་ལགས་ཤེ་ན། གཅིག་ནས་ཁོས་སྔོན་མ་སྦྲུལ་མཐོང་མྱོང་བ་ཞིག་དགོས་པ་དང༌། གཉིས་ནས་ཐག་པ་ཁྲ་ཁྲ་དེ་སྦྲུལ་འདྲ་པོ་ཡོད་པ་ཞིག་དགོས། ཆ་རྐྱེན་དེ་མེད་ན་ཐག་པ་དེ་སྦྲུལ་རེད་བསམ་པའི་སྐྲག་སྣང་དེ་ཡོང་མི་ཐུབ། ཆ་རྐྱེན་དེ་ཚོ་འཛོམས་ན་རང་ལ་སྐྲག་སྣང་སྐྱེ་བའི་བསམ་པ་ཡོང་གི་རེད། ཕྱི་རོལ་ཡུལ་དེ་ལ་རང་གིས་སྦྲུལ་འདུག་བསམ་པའི་སྐྲག་སྣང་སྐྱེ་རྒྱུ་དེ་ནི་རང་གི་བསམ་བློས་ཐག་པ་ཁྲ་ཁྲ་དེ་སྦྲུལ་རེད་བསམ་པའི་ཕར་བཏགས་ཙམ་ཞིག་ལས་ཐག་པ་ཁྲ་ཁྲ་དེ་སྦྲུལ་འདྲ་པོ་ཡོད་པ་ལས་སྦྲུལ་ངོ་མ་མིན། དེར་བརྟེན་འདིར་གོང་དུ་བཤད་པ་ལས་གོ་བ་གཏིང་ཟབ་ཏུ་ཕྱིན་ཡོད། དཔེ་དེ་ནང་བཞིན་ང་རང་ཚོས་ཕྱི་རོལ་ཡུལ་ལ་ངོས་འཛིན་བྱེད་སྐབས་བསམ་བློ་གང་འདྲ་ཞིག་གཏོང་གི་ཡོད་དམ་ཟེར་ན། དཔེར་ན། རྟ་ཟེར་དུས་རྟའི་མཇུག་མ་ལ་རྟ་ཞེས་མིང་བཏགས་པ་ལྟ་བུ་ཞིག་ཡོད། སྐབས་རེ་རྟ་ཟེར་བའི་ཕྱི་རོལ་ཡུལ་ཆ་ཚང་འཛོམས་པ་ཞིག་ཡོད་པ། ཁོ་རང་ཉིད་ཀྱི་བསམ་བློའི་ཐོག་ནས་ཕར་བཏགས་པ་མིན་པར་ཕྱི་རོལ་ཡུལ་ཁོ་རང་གི་ངོས་ནས་རྟ་ཞེས་ཚུར་རང་བཞིན་གྱིས་གྲུབ་བསྡད་པ་ལྟ་བུ་ཞིག་བསམ་བློ་འཁོར་གྱི་ཡོད། འདི་ནི་བདག་འཛིན་ལྷན་སྐྱེས་ཟེར་བ་དེ་ཡིན། བདག་འཛིན་ལྷན་སྐྱེས་ཟེར་བ་ནི་རང་སྐྱེས་པ་ནས་ད་བར་སོ་སོར་གོམས་འདྲིས་ཀྱི་ཐོག་ནས་ངོས་འཛིན་བྱེད་སྟངས་ཤིག་རེད། དེ་ལ་བདག་འཛིན་ཡང་ཟེར། དེ་བཞིན་ང་ང་ཟེར་དུས་ཐོག་མར་ང་ཟེར་བ་དེ་གང་འདྲ་ཞིག་ཡོད་དམ་ཟེར་ན། མི་ཞིག་གིས་རང་ཉིད་སྐད་བཏང་ན་ང་སྐད་གཏོང་གི་འདུག་བསམ་པ་ཙམ་ལས་མེད། དེ་ནས་ཁྱོད་རང་ལ་རྐུན་མ་ཞེས་འབོད་པ་ཡིན་ན། གཞི་ནས་རང་གི་སེམས་ལ་ང་རྐུན་མ་མིན་པར་རྐུན་མ་ཞེས་འབོད་བྱུང་བསམ་སྟེ། ང་ཟེར་བ་དེ་རང་གི་རྐང་ལག་དང་ལུས་པོ་གང་ལའང་ལྟོས་མི་དགོས་པ། ང་ཟེར་རྒྱུ་ལག་པས་བཟུང་རྒྱུ་ཡོད་པ། མིག་གིས་མཐོང་རྒྱུ་ཡོད་པ་ཞིག་ཡོད་པའི་འཆར་སྣང་ཡོང་རྒྱུ་ཡོད་པ་དང༌། རང་གི་ཕུང་པོ་ལྔ་པོ་ལ་བརྟེན་ནས་ང་ཟེར་བ་མིང་ཕར་བཏགས་བཞག་པ་དེ་མ་ཡིན་པ། ཕྱི་རོལ་གྱི་ཡུལ་ཕུང་པོ་དེ་རང་གི་ཐོག་ནས་ཚུར་ང་ཟེར་བ་རང་བཞིན་གྱིས་གྲུབ་བསྡད་པ་ལྟ་བུ་ལག་པས་བཟུང་རྒྱུ་ཡོད་པ་དང་མིག་གིས་མཐོང་རྒྱུ་ཡོད་པ་ལྟ་བུ་ཞིག་ཡོང་རྒྱུ་ཡོད། དེ་ལ་གང་ཟག་གི་བདག་འཛིན་ཟེར། ཕྱི་རོལ་གྱི་ཡུལ་ལ་ཕར་བཤད་པ་ཡིན་ན་ཆོས་ཀྱི་བདག་འཛིན་ཟེར། སོ་སོ་རང་གི་ང་ཟེར་བ་བསམ་བློ་གཏོང་རྒྱུ་དེའི་ཐོག་ལ་བཤད་ན་གང་ཟག་གི་བདག་འཛིན་ཞེས་བཤད་ཀྱི་ཡོད། སྟོང་པ་ཉིད་ཟེར་བ་ནི། ང་ཡིན་ནའང་འདྲ། ཕྱི་རོལ་གྱི་ཡུལ་ཡིན་ནའང་འདྲ། གང་ལྟར་སོ་སོའི་མིང་བཏགས་ཡུལ་དེའི་གདགས་གཞིའི་ཆ་རྐྱེན་ཚང་མ་འཛོམས་པའི་ཐོག་ཏུ་རང་གི་སེམས་ཀྱིས་ཕར་འདི་དང་འདི་རེད་བསམ་པའི་ངོས་འཛིན་བྱས་པ་ཙམ་ཞིག་ལས། ཕྱི་རོལ་གྱི་ཡུལ་ཁོ་རང་གི་ངོས་ནས་རང་བཞིན་གྱིས་གྲུབ་པ་ཞིག་མེད། དེ་ལ་སྟོང་པ་ཉིད་ཟེར། དེ་ནི་དབུ་མ་ཐལ་འགྱུར་བའི་སྟོང་པ་ཉིད་ཀྱི་འཇོག་སྟངས་དེ་ཡིན། དབུ་མ་ཐལ་འགྱུར་བའི་སྟོང་པ་ཉིད་འཇོག་སྟངས་དང་དབུ་མ་རང་རྒྱུད་པའི་སྟོང་པ་ཉིད་འཇོག་སྟངས་གཉིས་རྩ་བ་ནས་འདྲ་གི་མེད། དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལྟ་བ་དེ་ལ་ཁྱད་ཆོས་བརྒྱད་ཡོད་པ་སྟེ།

དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་པོ། སྟོང་པ་ཉིད་ཀྱི་ལྟ་བ་འཇོག་ཚུལ་ཐུན་མོང་མ་ཡིན་པ། སྟོང་པ་ཉིད་ཀྱི་ལྟ་བ་ཟེར་བ་དེ་སེམས་ཙམ་པ་དང༌། དབུ་མ་རང་རྒྱུད་པ་སོགས་ཀྱི་སྟོང་པ་ཉིད་ཟེར་བའི་མིང་དེ་ཚང་མས་ཁས་ལེན་གྱི་ཡོད། འོན་ཀྱང་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་སྟངས་ཀྱི་ཐད་ལ་དབུ་མ་ཐལ་འགྱུར་བར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད། དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་ཀྱི་ནང་ནས་དང་པོ་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་སྟངས་ཐུན་མོང་མ་ཡིན་པ་དེ་ཡིན། དེ་ནི་གནད་འགག་ཆེ་བ་ཞིག་ཡིན། དབུ་མ་རང་རྒྱུད་པའི་འཇོག་སྟངས་དང་དབུ་མ་ཐལ་འགྱུར་བའི་འཇོག་སྟངས་གཉིས་མིང་དེ་འདྲ་གི་མེད། དབུ་མ་རང་རྒྱུད་པས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཕྱི་རོལ་ཡུལ་རང་གི་ངོས་ནས་གྲུབ་པ་མེད་པ་དེ་ལ་སྟོང་པ་ཉིད་ཟེར། དབུ་མ་ཐལ་འགྱུར་བས་རྟོག་པས་བཏགས་ཙམ་མ་ཡིན་པར་ཕྱི་རོལ་གྱི་ཡུལ་རང་གི་ངོས་ནས་གྲུབ་པ་ཞིག་མེད་ཟེར། དེ་ནི་སྟོང་པ་ཉིད་ཡིན་པར་འདོད། དེས་ན་དེ་གཉིས་བར་ལ་གཏིང་ཟབ་ལོས་ཧེ་བག་ཆེན་པོ་ཡོད། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཟེར་བ་དེ་དང་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་ཟེར་བའི་ཙམ་དེའི་བར་དབྱེ་བ་ཆེན་པོ་ཆགས་པ་ཡིན། དབུ་མ་རང་རྒྱུད་པས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར་ཕྱི་རོལ་གྱི་ཡུལ་ངོས་ནས་གྲུབ་པ་མེད་ཟེར་བ་ནི། ཕྱི་རོལ་གྱི་ཡུལ་དེ་རང་གི་སེམས་སུ་འཆར་སྣང་བྱུང་ནས་དེའི་ཐོག་ཏུ་རང་གི་བསམ་བློ་ཚད་མ་ཞིག་གིས་ཕར་ངོས་འཛིན་བྱས་པ་དེ་གཉིས་འཛོམས་ནས་བྱུང་བ་ཞིག་ཡིན་པར་འདོད་པ་དང༌། དབུ་མ་ཐལ་འགྱུར་བས་ཕྱི་རོལ་གྱི་ཡུལ་དང་པོ་ནས་གནས་པ་དེ་ལ་རང་གི་སེམས་ཀྱིས་ཕར་མིང་བཏགས་ཙམ་ཞིག་ལས་ཕྱི་རོལ་གྱི་ཡུལ་ཁོ་རང་གི་ངོས་ནས་གྲུབ་པ་ཞིག་མེད་ཟེར། དེ་ཡོད་པ་ཡིན་ན་ཕྱི་རོལ་གྱི་ཡུལ་དེ་རང་ལ་འགྱུར་བ་རྩ་བ་ནས་མེད་པ་ཞིག་ཡོང་དགོས་པར་འདོད། འོན་ཀྱང་ཕྱི་རོལ་གྱི་ཡུལ་ལ་འགྱུར་བ་ཡོད་ལ། དེ་བཞིན་རང་གི་སེམས་ཀྱི་ངོས་འཛིན་བྱེད་པ་དེ་ཡང་འགྱུར་བ་ཡོད། དཔེར་ན་གོང་དུ་ཞུས་པ་ལྟར་རྟ་ལ་ཆ་བཞག་ན། བོད་རིགས་དང༌། རྒྱ་རིགས། རྒྱ་གར་བ་བཅས་མི་གསུམ་འཛོམས་པའི་སྐབས་སུ་གཅིག་གིས་བསམ་ན་རྟ་རེད་བསམ་པ། གཅིག་གིས་བསམ་ན་མཱ་རེད་བསམ་པ། གཅིག་གིས་བསམ་ན་ཧ་ཡ་རེད་བསམ་པའི་བསམ་ཚུལ་ཡོང་གི་ཡོད། ངོས་འཛིན་བྱེད་སྟངས་དེ་གསུམ་ཀ་འགྲིག་པ་ལས། ཁྱོད་ཀྱིས་ངོས་འཛིན་བྱས་པ་དེ་མ་འགྲིག་པ་རེད། ངས་ངོས་འཛིན་བྱས་པ་འདི་འགྲིག་པ་རེད་ཅེས་སུ་ལའང་བཤད་རྒྱུ་མེད། སོ་སོའི་ངོས་འཛིན་བྱེད་སྟངས་མི་འདྲ་བ་ནི་གང་ཡིན་ཞེ་ན་མིང་གདགས་སའི་གཞི་དེ་གཅིག་ཡིན་ནའང་ཕྱི་རོལ་གྱི་ཡུལ་གཅིག་པ་དེ་ལ་ངོས་འཛིན་མི་འདྲ་བ་གསུམ་བྱེད་ཀྱི་ཡོད་པས་དངོས་པོ་གང་འདྲ་ཞིག་ལའང་དེ་འདྲ་ཡིན། མི་གང་འདྲ་ཞིག་དང་མི་རིགས་མི་འདྲ་བ་མང་པོ་ཞིག་གིས་དངོས་པོ་གཅིག་ལ་ངོས་འཛིན་བྱེད་སྐབས་ངོས་འཛིན་མི་འདྲ་བ་སྣ་ཚོགས་ཡོང་གི་ཡོད། མི་གཅིག་ལ་ཆ་བཞག་ན་གཅིག་གིས་དགྲ་ཡིན་པར་ངོས་འཛིན་བྱེད་པ་དང༌། གཅིག་གིས་གཉེན་ཡིན་པར་ངོས་འཛིན་བྱེད་པ། དེ་བཞིན་སོ་སོས་ཀྱང་ན་ནིང་མི་དེ་དགྲ་ཡིན་པར་ངོས་འཛིན་བྱེད་པ་དང༌། ད་ལོ་གཉེན་ཡིན་པར་ངོས་འཛིན་བྱེད་པའི་འགྱུར་བ་དེ་འདྲ་ཡོང་རྒྱུ་ཡོད། ཕྱི་རོལ་གྱི་ཡུལ་རང་གི་ངོས་ནས་གྲུབ་པ་རྟགས་ཐམ་བཏབ་པ་ལྟ་བུ་ཞིག་རྩ་བ་ནས་བཟོ་རྒྱུ་མེད་པ་དེ་འདྲ་ཞིག་མེད་ཟེར། རང་གི་བསམ་བློ་དེ་ལ་ཡང་འགྱུར་བ་ཡོད་པ་དང༌། འདོད་ཆགས། ང་རྒྱལ། ཞེ་སྡང༌། གཏི་མུག་སོགས་སྐྱེ་རྒྱུ་ཡོད། དེ་ནི་བསམ་བློ་དེ་རང་གི་རང་བཞིན་གྱི་ཐོག་ནས་ཚུར་བྱུང་བ་ཞིག་མིན་པར་ཕྱི་རོལ་ཡུལ་དེ་རང་གི་ངོས་ནས་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་རེད། ཕྱི་རོལ་ཡུལ་ལ་རང་གི་བསམ་བློ་ངོས་འཛིན་བྱེད་པའི་སྐབས་སུའང་ཕྱི་རོལ་གྱི་ཡུལ་ཏེ་ངོས་འཛིན་བྱེད་སའི་གཞི་དེ་གནས་པ་དེ་ལ་རང་གིས་འདི་རེད་བསམ་སྟེ་ངོས་འཛིན་བྱས་པ་དེ་ཙམ་ཞིག་རེད། ངོས་འཛིན་དེ་འདྲ་ཞིག་བྱས་པ་དེས་ཕྱི་རོལ་གྱི་ཡུལ་དེ་ཡོད་པ་གོ་ཆོད་པ་ལས། ཚད་དེ་ལས་བརྒལ་ནས་ད་དུང་ཡོད་ལུགས་ཡོད་སྟངས་ཤིག་བཙལ་ནས་ཟུར་དུ་རྙེད་རྒྱུ་མེད་ཟེར། ཡིན་ནའང་ང་རང་ཚོ་སྐྱེ་བ་མང་པོ་ནས་བདེན་འཛིན་དང་བདག་འཛིན་ལ་གོམས་འདྲིས་བྱས་པ་ཞིག་ཡིན་པས་ན། ཕྱི་རོལ་གྱི་ཡུལ་གང་འདྲ་ཞིག་ངོས་འཛིན་བྱས་ཡོང་བའི་སྐབས་སུ་ཡིན་ནའང་ཕྱི་རོལ་གྱི་ཡུལ་དེ་ལ་ཕར་རང་གིས་མིང་བཏགས་པ་ཙམ་མ་ཡིན་པར་ཕྱི་རོལ་ཡུལ་དེ་རང་གི་ངོས་ནས་ཚུར་རང་བཞིན་གྱིས་གྲུབ་བསྡད་པའི་འཆར་སྣང་དེ་འདྲ་ཞིག་ཤུགས་ཆེན་པོ་ཡོང་གི་ཡོད་པས་དེ་མེད་པ་བཟོ་དགོས་ཟེར། སྟོང་པ་ཉིད་ཀྱི་ལྟ་བ་འཇོག་སྟངས་ཐུན་མོང་མ་ཡིན་པ་ཟེར་བ་དེ་ཡིན། དབུ་མ་ཐལ་འགྱུར་བས་རང་བཞིན་དུ་གྲུབ་པ་མེད་པར་འདོད་པ་དང་དེང་སང་ང་ཚོས་རང་བཞིན་དུ་གྲུབ་པ་ཡོད་པར་འདོད་པ་དེ་གཉིས་ཀྱི་ཚིག་ལ་བལྟས་ན་འགལ་བ་ཧ་ཅང་ཆེན་པོ་ཡོད་དེ་གཅིག་གིས་ཡོད་པར་འདོད་པ་དང་གཅིག་གིས་རང་བཞིན་དུ་བྱུང་བ་མེད་པར་འདོད་པ་ཡིན། ཡིན་ནའང་བསམ་བློ་གཏོང་ས་ཐ་དད་ཡིན་ཏེ། དབུ་མ་ཐལ་འགྱུར་བས་རང་བཞིན་དུ་བྱུང་བ་མེད་ཟེར་བ་དེ་ནི་རྒྱུ་དང་རྐྱེན་མེད་པར་རང་བཞིན་དུ་བྱུང་བ་མེད་ཟེར། དངོས་པོ་གང་འདྲ་ཞིག་ཡིན་ནའང་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཤ་སྟག་ལས་རྒྱུ་དང་རྐྱེན་མེད་པར་བྱུང་བའི་དངོས་པོ་གཅིག་ཀྱང་མེད་ཟེར། རང་བཞིན་གྱིས་བྱུང་ན་རྒྱུ་དང་རྐྱེན་མེད་པར་གྲུབ་དགོས་པར་འདོད་པ་ཡིན། དེང་སང་ང་རང་ཚོས་རང་བཞིན་དུ་བྱུང་བ་ཡོད་ཟེར་བ་དེ་ནི་མིས་བཟོ་མི་དགོས་པར་དངོས་པོ་དེ་རང་རང་བཞིན་གྱིས་གྲུབ་པ་ཞིག་ལ་ཟེར་གྱི་ཡོད། འདི་གཉིས་བར་བསམ་བློ་གཏོང་ས་འདྲ་གི་མེད། རང་བཞིན་གྱིས་གྲུབ་པ་དང་མ་གྲུབ་ཟེར་བའི་དབྱེ་མཚམས་ཕྱེ་སའམ་བསམ་བློ་གཏོང་ས་རྦད་དེ་ཐ་དད་ཡིན། དེ་གཉིས་མ་འཁྲུག་པ་བྱེད་དགོས། དབུ་མ་ཐལ་འགྱུར་བས་རང་བཞིན་དུ་བྱུང་བ་མེད་ཟེར་བ་དེ་གང་ལ་བསམ་བློ་བཏང་ནས་བཤད་པ་ཡིན་དང༌། དེང་སང་མར་ལེ་རིང་ལུགས་ཀྱི་ཐོག་ནས་རང་བཞིན་གྱིས་གྲུབ་པ་ཡོད་ཟེར་བ་དེ་བསམ་བློ་གང་འདྲ་ཞིག་བཏང་ནས་བཤད་པ་ཡིན་དེ་གཉིས་ཀྱི་དབྱེ་མཚམས་ཡག་པོ་ཞིག་ཤེས་པ་བྱེད་དགོས།

དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ལ་སྟོང་པ་དང་རྟེན་འབྱུང་ཟུང་འབྲེལ་ཟེར་བ་ཞིག་ཡོད། རྟེན་འབྲེལ་དང་རྟེན་འབྱུང་གཉིས་ཟུང་འབྲེལ་བྱས་ནས་ཁས་བླངས་པ་དེ་ལ་དབུ་མ་པ་ཟེར་གྱི་ཡོད། ཡིན་ནའང་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་སྟངས་ཐད་མི་འདྲ་བ་ཡོད། གོང་དུ་ཞུས་པ་ལྟར་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་སྟངས་ཐད་དབུ་མ་ཐལ་འགྱུར་བ་དང་རང་རྒྱུད་པ་གཉིས་མི་འདྲ་བ་ཡོད། དེ་བཞིན་འདིར་རྟེན་འབྱུང་ཟེར་བ་དེ་ཡང་དབུ་མ་ཐལ་འགྱུར་པ་དང་རང་རྒྱུད་པ་གཉིས་འཇོག་སྟངས་མི་འདྲ་བ་ཡོད། རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་རྟེན་འབྲེལ་ཟེར་བ་ནི་ནང་པ་སངས་རྒྱས་པ་ཚང་མས་ཁས་ལེན་གྱི་ཡོད། འོ་ན་སྐབས་འདིར་དབུ་མ་ཐལ་འགྱུར་བའི་ཐུན་མོང་མིན་པའི་རྟེན་འབྲེལ་ཟེར་བ་དེ་གང་ཡིན་ནམ་ཞེ་ན། རྟོག་པས་ཕར་བཏགས་ཙམ་དུ་ཡོད་པའི་རྟེན་འབྲེལ་ཞིག་རེད། དེའི་རྟེན་འབྲེལ་དེ་ཧ་ཅང་གོ་བ་ལེན་ཁག་པོ་ཡོད། དབུ་མ་ཐལ་འགྱུར་པའི་ལྟ་བ་སྟེ་སྟོང་པ་ཉིད་དེ་གོ་ཁག་པོ་ཡོད། གཉིས་ནས་རྟེན་འབྱུང་དེ་ཧ་ཅང་གོ་ཁག་པོ་ཡོད། སྟོང་པ་ཉིད་དེ་འཇོག་སྟངས་མི་འདྲ་བ་མ་ཟད་རྟེན་འབྱུང་དེའང་འཇོག་སྟངས་འདྲ་གི་མེད། དབུ་མ་ཐལ་འགྱུར་བའི་རྟེན་འབྱུང་དེ་ནི་རྟོག་པས་བཏགས་ཙམ་གྱི་རྟེན་འབྱུང་དེ་རེད། གང་ཞེ་ན། ཕྱི་རོལ་གྱི་ཡུལ་དང་རང་གི་སེམས་གཉིས་འབྲེལ་བ་བྱས་ནས་རང་སེམས་ཀྱིས་ཕྱི་རོལ་གྱི་ཡུལ་ངོས་འཛིན་བྱེད་པའི་དུས་སྐབས་སུ་གང་འདྲ་བྱས་ཏེ་ངོས་འཛིན་བྱེད་ཀྱི་ཡོད་དམ་ཟེར་ན། རྟོག་པས་ཕར་བཏགས་ཙམ་མ་ཡིན་པར་ཕྱི་རོལ་གྱི་ཡུལ་ཁོ་རང་གི་ངོས་ནས་གྲུབ་པར་ངོས་འཛིན་བྱེད་ཀྱི་ཡོད། ངོས་འཛིན་བྱེད་སྟངས་དེ་ནི་འཁྲུལ་བ་ཞིག་ཡིན། ངོས་འཛིན་དེ་མེད་པ་བཟོ་དགོས། དེས་ན་དངོས་པོ་ཁོ་རང་གི་ཡོད་ལུགས་ཡོད་སྟངས་དེ་ནི་ཕྱི་རོལ་གྱི་ཡུལ་དེ་ལ་ངོས་འཛིན་བྱེད་མཁན་གྱི་མིའི་བསམ་བློའི་ནང་དུ་འཆར་སྣང་བྱུང་ནས་འཆར་སྣང་བྱུང་བའི་སེམས་དེས་ཕྱི་རོལ་ཡུལ་ལ་ཕར་མིང་བཏགས་ཙམ་ཞིག་ཡོད་པར་འདོད་པ་ལས་ཕྱི་རོལ་གྱི་ཡུལ་ཁོ་རང་གི་ངོས་ནས་གྲུབ་བསྡད་པ་མེད་པར་འདོད་པ་ཡིན། མ་གཞི་ཕྱི་རོལ་གྱི་ཡུལ་དེ་སེམས་ལ་ལྟོས་མི་དགོས་པ་དང་སེམས་ཡོད་ཡོད་མེད་ལ་མ་ལྟོས་པར་གནས་བསྡད་པ་ཞིག་ཡིན་པས་རང་གིས་ངོས་འཛིན་བྱས་ནའང་འདྲ། ངོས་འཛིན་མ་བྱས་ནའང་འདྲ་གང་ལྟར་ཡོད་ཡོད་པ་ཡིན། ཕྱི་རོལ་ཡུལ་དེ་དང་པོ་ནས་མེད་ན་རང་གིས་ངོས་འཛིན་བྱེད་མི་ཐུབ། དང་པོ་ནས་ཡོད་པ་དེ་ཡང་རང་གིས་ངོས་འཛིན་ཐུབ་པ་དང་མ་ཐུབ་སྣ་ཚོགས་ཡོད། གང་ལྟར་ཕྱི་རོལ་གྱི་ཡུལ་ཡོད་དང་མེད་ཟེར་བ་དེ་ཇི་ལྟར་བཞག་པ་ཡིན་ནམ་ཞེ་ན། བསམ་བློས་ངོས་འཛིན་བྱེད་སྟངས་ཤིག་ཡིན། བསམ་བློས་ངོས་འཛིན་ཐུབ་ན་ཡོད་ཟེར་བ་དང་བསམ་བློས་ངོས་འཛིན་མ་ཐུབ་ན་མེད་ཟེར་བ་ཙམ་ལས་ཕྱི་རོལ་ཡུལ་ཉིད་ཡོད་དང་མེད་ཀྱི་དོན་མིན། དཔེར་ན། རྡུལ་ཕྲན་ཟེར་བ་དེ་འཇིག་རྟེན་དང་པོ་མ་ཆགས་གོང་ནས་ཡོད་པ་ལས་མ་རྩའི་རིང་ལུགས་ཀྱི་རྒྱལ་ཁབ་བྱུང་རྗེས་གཞི་ནས་བྱུང་བ་ཞིག་མིན་ན་ཡང་མ་རྩའི་རིང་ལུགས་རྒྱལ་ཁབ་བྱུང་རྗེས་གཞི་ནས་ངོས་འཛིན་ཐུབ་པ་མ་ཟད་བཀོལ་སྤྱོད་ཀྱང་བྱས་པ་རེད། འོན་ཀྱང་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུའི་ཕྱི་རོལ་ཡུལ་ཁོ་རང་འཇིག་རྟེན་ཁམས་དང་པོ་ཆགས་དུས་ནས་ཡོད་ན་ཡང་དེར་ང་ཚོས་ངོས་འཛིན་བྱེད་མ་ཐུབ་པར་ལུས་པ་ཞིག་རེད། དེར་བརྟེན་མ་གཞི་ཕྱི་རོལ་གྱི་ཡུལ་དེ་དང་པོ་ནས་གནས་བསྡད་པ་ཞིག་ཡིན་ན་ཡང་སྐབས་དེའི་མིས་ངོས་འཛིན་བྱེད་ཐུབ་མེད། སངས་རྒྱས་ཆོས་ལུགས་ནང་རྡུལ་ཕྲན་མཚོན་ཆ་ཞེས་བཤད་མེད་ཀྱང་རྡུལ་ཕྲན་རིམ་པ་མང་པོ་ཞིག་བཤད་ཡོད་པ་གོང་དུ་ཞུས་ཟིན་པ་ཡིན། དེར་བརྟེན་རྡུལ་ཕྲན་དེ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ལ། ཡོད་པ་དེ་ཡང་ཆེ་ཤེལ་གྱིས་བལྟས་ནས་ངོས་འཛིན་བྱས་པ་མིན། ང་རང་ཚོའི་ཤའི་མིག་གིས་མཐོང་ཐུབ་པའི་རྡུལ་ཕྲན་དེ་ལས་ཆུང་བའི་རྡུལ་ཕྲན་ཡོད་པ་རིགས་པས་གྲུབ་པ་དང་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ཡོད་པར་གྲུབ་པ་རེད། དེ་ཡང་དབང་པོ་མངོན་སུམ་གྱིས་མཐོང་ནས་ཡོད་པར་གྲུབ་པ་ཞིག་མིན། དཔེར་ན། གནམ་གྱི་སྐར་མར་ཆ་བཞག་ན་མིག་གིས་མཐོང་ཐུབ་པའི་སྐར་མ་ལས་མིག་གིས་མཐོང་མི་ཐུབ་པའི་སྐར་མ་དེ་བས་མང་བ་ཡོད། མིག་གིས་མཐོང་ཐུབ་པའི་སྐར་མ་དུང་ཕྱུར་གཉིས་དང་ཕྱེ་བ་བརྒྱད་དང་ས་ཡ་ལྔ་ཡོད། འདིར་མིག་གིས་མཐོང་ཟེར་བ་ནི་རྒྱང་ཤེལ་གྱིས་བལྟས་ནས་མཐོང་ཐུབ་པའི་དོན་མིན་པར་ཤའི་མིག་གིས་ཐད་ཀར་མཐོང་ཐུབ་པ་ལ་ཟེར། སྐར་མ་དུང་ཕྱུར་གཉིས་དང་བྱེ་བ་བརྒྱད་དང་ས་ཡ་ལྔ་ཡོད་པ་དེ་ཡང་ང་རང་ཚོ་སྡོད་སའི་འཇིག་རྟེན་ཁམས་འདིའི་ནང་དུ་ཡོད་པ་ལས་འཇིག་རྟེན་ཁམས་གཞན་དག་གི་བར་སྣང་དུ་ཡོད་པའི་སྐར་མ་དེའི་ཁོངས་སུ་གཏོགས་མེད། ང་རང་ཚོའི་སའི་གོ་ལ་དེ་དང་འབྲེལ་བ་ཡོད་པའི་སྐར་མ་གོང་གསལ་དེ་དག་ཡིན་པ་ལས་མིག་གིས་མཐོང་མ་ཐུབ་པའི་སྐར་མ་དེ་ལས་ལྡབ་མང་པོས་མང་བ་ཡོད། ཉི་མའི་ཟེར་གྱི་ནང་དུ་འཁོད་པའི་རྡུལ་ཕྲན་དེ་ཡང་ང་རང་ཚོའི་ཤའི་མིག་གིས་ཐད་ཀར་མཐོང་བ་ཞིག་ལས་ད་དུང་མིག་གིས་མཐོང་མ་ཐུབ་པའི་རྡུལ་ཕྲན་མང་པོ་ཡོད་པ་དེ་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་ཚུར་གྲུབ་པ་ཞིག་རེད། གང་ལྟར་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་གྲུབ་པ་ཡིན་ནའང་འདྲ། ཡང་ན་མངོན་སུམ་གྱིས་མཐོང་སྟེ་གྲུབ་པ་ཡིན་ནའང་འདྲ། རྣ་བས་མངོན་སུམ་དུ་ཐོས་ནས་གྲུབ་པ་ཡིན་ནའང་འདྲ། གང་ལྟར་ཚང་མ་རང་གི་སེམས་ལ་འཆར་སྣང་ཞིག་བྱུང་བའི་རྗེས་སུ་ངོས་འཛིན་བྱས་ཏེ་ཡོད་དང་མེད་ཟེར་བའི་ཐ་སྙད་དེ་འདི་ལྟར་གྲུབ་པ་ཡིན། དེ་ངོས་འཛིན་བྱེད་ལུགས་བྱེད་སྟངས་ཇི་ལྟར་ཡིན་ནམ་ཞེ་ན། དངོས་པོ་འདི་དང་དེ་ཟེར་བའི་མིང་དེ་ཕྱི་རོལ་གྱི་ཡུལ་ཁོ་རང་གི་ངོས་ནས་ཚུར་གྲུབ་བསྡད་པ་ཞིག་གི་འཆར་སྣང་ཞིག་ཡོང་གི་ཡོད་པ་ལས་དེ་མེད། དེ་མེད་སྟབས་ཕྱི་རོལ་གྱི་ཡུལ་དེ་ལ་མིང་གང་འདྲ་ཞིག་བཏགས་ནའང་འགྲིག་པ་ལས། མིང་འདི་བཏགས་ན་འགྲིག་པ་དང་མིང་དེ་བཏགས་ན་མི་འགྲིག་པ་གང་ཡང་མེད། དཔེར་ན་སྔོན་མ་ང་རང་ཚོའི་འཇིག་རྟེན་འདིའི་ཐོག་ཐོག་མར་མིས་རྟ་ཞིག་མཐོང་སྐབས་མིང་ལ་རྟ་ཞེས་བཏགས་པ་རེད། སྐབས་དེ་དུས་ཁོ་ལ་རྟ་ཞེས་མ་བཏགས་པར་མིང་གཞན་ཞིག་བཏགས་ནའང་འགྲིག་པ་ཡིན། འགྲིག་པའི་རྒྱུ་མཚན་ནི། རྒྱ་གར་བས་ཧ་ཡ་ཞེས་བཏགས་ཡོད། བོད་ཀྱིས་རྟ་ཞེས་བཏགས་ཡོད། དེ་བཞིན་རྒྱ་མི་རིགས་ཀྱིས་མཱ་ཞེས་བཏགས་ཡོད་པས་འགྲིག་པའི་རྒྱུ་མཚན་དེ་ཡིན། དངོས་པོ་ཁོ་རང་གཅིག་མཚུངས་རེད། དེ་ནི་དངོས་པོ་གཅིག་ལ་མིང་མི་འདྲ་བ་བཏགས་པ་རེད། དངོས་པོ་གཅིག་ལ་མིང་མི་འདྲ་བ་བཏགས་པར་བརྟེན་དངོས་པོ་འདི་དང་དེ་ཞེས་ངོས་འཛིན་བྱེད་སྟངས་དེ་དངོས་པོ་དེ་རང་གིས་ཕར་དེ་ལ་མིང་བཏགས་ཙམ་ཞིག་མ་གཏོགས་ཕྱི་རོལ་ཡུལ་གྱི་ངོས་ནས་ཚུར་གྲུབ་པ་ཞིག་རྩ་བ་ནས་མེད། དེ་ནི་སྟོང་པ་ཉིད་དང་རྟེན་འབྱུང་གཉིས་ཀ་དེའི་ནང་དུ་ཚུད་ཡོད། རྟོག་པས་ཕར་བཏགས་ཙམ་ཟེར་བའི་ཙམ་དེ་ནི་ཕར་བཏགས་ཙམ་མ་གཏོགས་ཕྱི་རོལ་ཡུལ་གྱི་ངོས་ནས་ཚུར་གྲུབ་པ་མེད་ཟེར། ཕྱི་རོལ་ཡུལ་ནས་ཚུར་གྲུབ་པ་མེད་ཟེར་བའི་བཀག་སྟངས་ནི་ཙམ་ཟེར་བ་དེ་ཡིན། རྟོག་པས་ཕར་བཏགས་ཙམ་གྱི་རྟེན་འབྲེལ་དེ་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད། རང་ངོས་ནས་གྲུབ་པ་མེད་པ་དེ་ནི་སྟོང་པ་ཉིད་ཡིན། རྟོག་པས་ཕར་བཏགས་ཙམ་ནི་རྟེན་འབྱུང་རེད། རྟོག་པས་ཕར་བཏགས་ཙམ་དེ་དང་རང་ངོས་ནས་གྲུབ་པ་མེད་པ་གཉིས་ཟུང་འབྲེལ་བྱས་ཚེ་གཞི་ནས་སྟོང་པ་དང་རྟེན་འབྱུང་ཟུང་འབྲེལ་ཟེར་བ་དེ་ཆགས་པ་རེད། དེར་བརྟེན་སྟོང་པ་ཉིད་ཀྱི་ལྟ་བ་དེ་ཤེས་རྟོགས་མ་བྱུང་གོང་ཡོད་པ་དང་རང་བཞིན་དུ་གྲུབ་པ་གཉིས་ཀྱི་དབྱེ་བ་དེ་ཡག་པོ་ཞིག་ཆོད་མི་ཐུབ། ཁ་ནས་དབྱེ་བ་གཅོད་ཐུབ་ནའང་སེམས་ཀྱི་ཐོག་ནས་ཡོད་ལུགས་ཡོད་སྟངས་ཀྱི་དབྱེ་བ་དེ་སྟོང་པ་ཉིད་ཤེས་རྟོགས་བྱུང་ཟིན་རྗེས་མ་གཏོགས་གཅོད་མི་ཐུབ། རྟོག་པས་ཕར་བཏགས་ཙམ་གྱི་རྟེན་འབྱུང་དེ་ཤེས་རྟོགས་བྱེད་དགོས་ན་སྟོང་པ་ཉིད་རྟོགས་ན་མ་གཏོགས་ཤེས་ཐབས་མེད། དེར་བརྟེན་དབུ་མ་ཐལ་འགྱུར་བས་མ་གཏོགས་གྲུབ་མཐའ་སྨྲ་བ་གཞན་གྱིས་སྟོང་པ་ཉིད་ཀྱི་ལྟ་བ་ཡག་པོ་རྟོགས་མ་ཐུབ་པའི་རྒྱུ་མཚན་ནི་རྟོག་པས་ཕར་བཏགས་ཙམ་གྱི་རྟེན་འབྱུང་དེ་མི་ཤེས་པ་དང་བློ་ལ་ཆུད་ཀྱི་མེད་པ་རེད། རྟོག་པས་ཕར་བཏགས་ཙམ་ཡིན་ན་དངོས་པོ་དེ་མེད་དགོས། ཡོད་ན་རང་བཞིན་གྱིས་ཡོད་དགོས། རང་བཞིན་གྱིས་མ་གྲུབ་ན་མེད་དགོས་ཟེར་བ་དེའི་དབྱེ་བ་རྩ་བ་ནས་ཕྱེ་ཐུབ་ཀྱི་མེད་པ་རེད། དེ་ཕྱེ་མ་ཐུབ་པ་དེ་ང་རང་ཚོའི་བསམ་བློ་གཏོང་སྟངས་དང་གཅིག་མཚུངས་ཆགས་པ་རེད། ང་རང་ཚོའི་བསམ་བློའི་ནང་དུ་དངོས་པོ་དེ་རང་བཞིན་གྱིས་བྱུང་བ་ཞིག་རེད། དེ་མིན་ན་མི་འདུག་བསམ་པ་ཞིག་ཡོད། འདི་སློབ་སྦྱོང་བྱས་ཚར་བའི་རྗེས་སུ་ཡོད་དེ། རང་བཞིན་གྱིས་གྲུབ་པ་མ་རེད་ཅེས་ཁ་ནས་ཤོད་ཐུབ། ཡིན་ནའང་བསམ་བློའི་ཐོག་ནས་དངོས་འབྲེལ་ངོས་འཛིན་བྱས་ཏེ་དབྱེ་བ་ཕྱེ་རྒྱུ་དེ་ཁག་པོ་རེད། དབུ་མ་ཐལ་འགྱུར་བ་ཕུད་དེ་མིན་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གཞན་ཚོས་སྟོང་པ་ཉིད་ཟེར་བ་དེས་ཡོད་པའི་མཐའ་བཀག་པ་ཡིན་གསུངས་ཀྱི་ཡོད། དབུ་མ་ཐལ་འགྱུར་བས་དེ་ལས་ལྡོག་པ་སྟེ། རྟོག་པས་ཕར་བཏགས་ཙམ་གྱི་རྟེན་འབྱུང་ཟེར་བ་དེས་ཡོད་པའི་མཐའ་བཀག་པ་དང༌། སྟོང་པ་ཉིད་ཟེར་བ་དེས་མེད་པའི་མཐའ་བཀག་པ་ཡིན་ཟེར། ཤོད་སྟངས་དེ་གཉིས་བར་རྩ་བ་ནས་དབྱེ་བ་ཡོད་ལ་དེ་གཉིས་བར་རིགས་པ་གཏིང་ཟབ་ལོས་ཧེ་བག་ཆེན་པོ་ཤོར་ཡོད། དེར་བརྟེན་རྟོག་པས་ཕར་བཏགས་ཙམ་ཟེར་དུས་ཡོད་ལུགས་ཡོད་སྟངས་དེ་ཚད་གཞི་དེ་འདྲ་ཞིག་གི་སྟེང་དུ་ཡོད། ཚད་དེ་ལས་བརྒལ་ཏེ་ཡོད་ན་མི་འགྲིག་ཅེས་བརྗོད་པ་ཡིན་པས་ཡོད་པའི་མཐའ་བཀག་པ་ཡིན་ཟེར། ཡོད་ལུགས་ཡོད་སྟངས་ནི་རྟོག་པས་ཕར་བཏགས་ཙམ་དུ་ཡོད་པར་འདོད་ཅིང༌། དེ་ནས་ཕར་བརྒལ་ན་རང་བཞིན་གྱིས་གྲུབ་པ་ཟེར་བར་འགྱུར་འགྲོ་བར་འདོད། ཚད་དེ་ལས་བརྒལ་ན་རང་བཞིན་གྱིས་གྲུབ་པ་ཟེར་བ་དེ་ཆགས་ཀྱི་རེད། དེ་ནི་ཡོད་པའི་མཐའ་རེད། རྟོག་པས་ཕར་བཏགས་ཙམ་ཟེར་བ་དེས་ཡོད་པའི་མཐའ་བཀག་པ་ཡིན་ཟེར། རང་བཞིན་གྱིས་མ་གྲུབ་པ་ཟེར་བ་ནི་རང་བཞིན་གྱིས་མ་གྲུབ་ཟེར་བ་ལས་རྩ་བ་ནས་མེད་ཟེར་བའི་དོན་མིན། སྟོང་པ་ཉིད་ཟེར་བ་ནི་སྟོང་པ་སྟོང་རྐྱང་རྩ་བ་ནས་མེད་པའི་དོན་མིན། དེ་ནི་རང་བཞིན་གྱིས་མ་གྲུབ་ཟེར། དེར་བརྟེན་སྟོང་པ་ཉིད་ཟེར་བ་དེ་མེད་པའི་མཐའ་བཀག་པ་ཡིན་པར་འདོད། དབུ་མ་ཐལ་འགྱུར་བའི་སྟོང་པ་ཉིད་ཀྱི་ལྟ་བ་ཡོད་པའི་མཐའ་དང་མེད་པའི་མཐའ་བཀག་སྟངས་ཀྱི་དབྱེ་བ་དེ་ལྟར་རེད། དེས་ན་རང་བཞིན་གྱིས་གྲུབ་པར་ངོས་འཛིན་བྱས་པ་དེ་ལ་ཆོས་ཀྱི་བདག་འཛིན་ཟེར།

གཞི་གང་ཟག་སྟེ་སོ་སོ་རང་གིས་ང་ང་ཞེས་ང་རང་བཞིན་དུ་གྲུབ་པར་ངོས་འཛིན་བྱས་པ་ཡིན་ན་གང་ཟག་གི་བདག་འཛིན་དང༌། གང་ཟག་མ་ཡིན་པའི་དངོས་པོ་གཞན་གྱི་ཐོག་ལ་རང་བཞིན་གྱི་གྲུབ་པར་ངོས་འཛིན་ཚེ་ཆོས་ཀྱི་བདག་འཛིན་དུ་འདོད་ཅིང༌། གང་ལྟར་གང་ཟག་གི་བདག་འཛིན་ཡིན་ནའང་འདྲ་ཆོས་ཀྱི་བདག་འཛིན་ཡིན་ནའང་འདྲ། དེ་གཉིས་ཀ་ཉོན་མོངས་ཡིན་པར་ཁས་ལེན་གྱི་ཡོད། དེར་བརྟེན་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་སྟངས་ཐད་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་འདྲ་བྱུང་བ་ཡིན་སྟབས་ཆོས་ཀྱི་བདག་འཛིན་ཟེར་བ་དེ་ཉོན་མོངས་ཡིན་པར་ཁས་བླངས་པ་རེད། ཆོས་ཀྱི་བདག་འཛིན་ཉོན་མོངས་ཡིན་ཞེས་ཁས་ལེན་དགོས་པའི་རྩ་བ་དེ་ལ་ཐུག་པ་ཡིན། སྟོང་པ་ཉིད་ཀྱི་ལྟ་བ་འཇོག་སྟངས་དེ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་ཡིན་སྟབས། ཆོས་ཀྱི་བདག་འཛིན་ཉོན་མོངས་ཡིན་པར་ཁས་ལེན་པ་དེ་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད་ཅེས་ཤོད་དགོས་པའི་རྒྱུ་མཚན་དེ་འདྲ་ཡིན། རྗེ་ཙོང་ཁ་པའི་གསུང་འབུམ་ནང་དུ་དབུ་མ་ཐལ་འགྱུར་བའི་ཁྱད་ཆོས་བརྒྱད་ཀྱི་བཤད་པ་ཞིག་ཡོད། དེའི་ནང་དུ་ཆོས་ཀྱི་བདག་འཛིན་ཉོན་མོངས་སུ་ཁས་ལེན་པ་དེ་དབུ་མ་ཐལ་འགྱུར་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད་ཅེས་གསུངས་ཡོད་པ་དེ་གཙོ་བོ་གང་དུ་ཐུག་ཡོད་དམ་ཟེར་ན། དེ་ནི་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་སྟངས་དེ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་ཡིན། དེ་ནི་གནད་འགག་ཆེ་ཤོས་རེད། སྟོང་པ་ཉིད་ཀྱི་ལྟ་བ་དེ་རིགས་པས་སྒྲུབ་དགོས་པ་དང༌། རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་སྒྲུབ་དགོས། དེ་ལའང་རིགས་པ་གཉིས་ཡོད་པ་སྟེ། གང་ཟག་གི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་དང་ཆོས་ཀྱི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་གཉིས་སོ། །གང་ཟག་གི་བདག་མེད་སྒྲུབ་བྱེད་ཀྱི་རིགས་པ་དེ་གང་འདྲ་ཞིག་ཡིན་ནམ། དེས་ཐོག་མར་གང་བྱ་དགོས་སམ་ཞེ་ན། གང་ཟག་གི་བདག་ཟེར་བ་དེ་ཡོད་རྒྱུ་དང་མེད་རྒྱུ་གཉིས་ཡོད་པ་ལས་མེད་དགོས་རྒྱུའི་གང་ཟག་གི་བདག་ཟེར་བ་དེ་གང་འདྲ་ཞིག་ཡིན་མིན་ངོས་འཛིན་བྱེད་དགོས་ཀྱི་ཡོད་པ་རེད། དེ་ངོས་འཛིན་བྱེད་པ་དེ་ལ་དགག་བྱ་ངོས་འཛིན་ཟེར། དགག་བྱ་དེ་ངོས་འཛིན་མ་ཐུབ་ན་འགོག་དགོས་རྒྱུ་དེ་བཀག་མ་ཐུབ་པར་ཚད་ལས་བརྒལ་ཏེ་བཀག་པའམ་ཡང་ན་འགོག་དགོས་རྒྱུ་དེ་ཚད་ལོན་པ་ཞིག་བཀག་མི་ཐུབ། ཚད་མ་ལོན་པ་དེར་དགག་བྱ་ཁྱབ་ཆུང་བ་ཟེར་བ་དང་ཚད་ལས་བརྒལ་བ་དེ་ལ་དགག་བྱ་ཁྱབ་ཆེ་བ་ཟེར། དགག་བྱ་དེ་ཁྱབ་ཆེ་བ་བྱས་ཏེ་ཚད་ལས་བརྒལ་ན་མི་འགྲིག་ལ། དགག་བྱ་དེ་ཁྱབ་ཆུང་བ་བྱས་ཏེ་ཚད་མ་ལོན་ནའང་མི་འགྲིག་པར་ཚད་ཏག་ཏག་ཅིག་གི་ཐོག་ཏུ་སྡོད་དགོས། དེ་འདྲ་ཡིན་ན་གང་ཟག་གི་བདག་ཟེར་བའི་མེད་དགོས་པའི་གང་ཟག་གི་བདག་དེ་གང་འདྲ་ཞིག་ཡོད་དམ། རང་གི་བསམ་བློའི་ནང་དུ་གང་འདྲ་ཞིག་འཆར་གྱི་འདུག་གམ། དེ་སྔོན་ལ་ངོས་འཛིན་བྱེད་དགོས། དེ་ངོས་འཛིན་བྱེད་སྟངས་ཀྱི་ཐབས་ཤེས་མང་པོ་ཡོད། གང་ཟག་གི་བདག་ཟེར་བ་དེ་ལ་དཔེ་ཞིག་ཞུས་ན་རང་གི་མིང་ལ་བཀྲ་ཤིས་ཟེར་གྱི་ཡོད་ཚེ། མི་གཅིག་གིས་བཀྲ་ཤིས་ཟེར་བྱུང་ན་དེ་དུས་ང་སྐད་གཏོང་གི་འདུག་བསམ་པའི་འཆར་སྣང་མ་གཏོགས་བསམ་བློ་གཞན་མེད། དེ་རྗེས་རང་ལ་བཀྲ་ཤིས་རྐུན་མ་ཁྱོད་མར་ཐོན་ཤོག་ཅེས་ཟེར་བྱུང་ན་དེ་དུས་ཁོང་ཁྲོ་ལངས་ཏེ་ངས་རྐུན་མ་རྐུ་རྒྱུ་མ་བྱུང་བར་ཁོས་ང་ལ་རྐུན་མ་ཞེས་བརྗོད་བྱུང་བསམ་སྟེ་གཞི་ནས་ང་ཟེར་བའི་བསམ་བློ་དེ་ཤུགས་ཆེ་རུ་ཕྱིན་ནས། ང་ཟེར་བ་མིག་གིས་མཐོང་རྒྱུ་ཡོད་པ་དང༌། ལག་པས་བཟུང་རྒྱུ་ཡོད་པ། རང་གི་ཕུང་པོ་ལྔ་ལ་ལྟོས་མི་དགོས་པར་ང་ཞེས་ལིང་ལིང་ཞིག་འཆར་ཡོང་རྒྱུ་ཡོད་པ། བསྟོད་བསྔགས་བཏང་ན་གནམ་ལ་མཆོང་འགྲོ་མཁན། སྨད་ར་བཏང་ན་ས་ལ་འཛུལ་འགྲོ་མཁན་དེ་འདྲའི་ནད་མི་འཁྱོགས་པའི་ང་ཞིག་ཡོང་རྒྱུ་ཡོད་པས་མེད་པ་བཟོ་དགོས་པ་དེ་རེད། འོན་ཀྱང་ང་འགྲོ ང་སྡོད། ང་སློབ་སྦྱོང་བྱེད་ཟེར་བ་སོགས་ཀྱི་ང་ཡི་བསམ་བློ་ཞིག་ཡོད་པ་དེ་མེད་པ་བཟོ་དགོས་པའི་ང་དེ་མིན་པར་དེ་སངས་རྒྱས་ལའང་ཡོད་པ་ཞིག་ཡིན། གཙོ་བོ་རང་གི་ཕུང་པོ་ལ་ལྟོས་མི་དགོས་པའི་ང་ལིང་ལིང་ཞིག་འདུག་བསམ་པའི་འཆར་སྣང་དེ་གང་ཟག་གི་བདག་འཛིན་ཡིན་པས་དེ་མེད་པ་བཟོ་དགོས། འོན་ཀྱང་དེ་ངོས་འཛིན་ཧ་ཅང་ཁག་པོ་ཡོད། དེ་ཡང་སྐབས་རེ་འཇིག་རྟེན་འདིའི་ཐོག་ང་ལས་སྐྱིད་པ་མེད་སྙམ་པའམ། ཡང་ན། སྐབས་རེར་འཇིག་རྟེན་འདིའི་ཐོག་ང་ལས་སྐྱོ་བ་མི་འདུག་སྙམ་པ་ཡོང་སྐབས་ང་ཟེར་བའི་འཆར་སྣང་དེ་གསལ་པོ་ཡོད་པ་དང༌། དེ་མ་ཡིན་པའི་གནས་སྐབས་སུ་སྤྱིར་བཏང་གི་ང་ཞིག་གི་བསམ་བློ་མ་གཏོགས་གཞན་མེད། དེར་བརྟེན་ཕུང་པོ་ལྔ་ལ་ལྟོས་མི་དགོས་པའི་ང་ལིང་ལིང་ཞིག་འདུག་སྙམ་པའི་འཆར་སྣང་དེ་རྟག་ཏུ་མེད་པ་ཡིན་སྟབས་དེ་བཙལ་ནས་དེ་ལ་ཕོག་ཐུག་གཏོང་ཆེད་མཚན་མོ་དུར་ཁྲོད་སྟེང་དུ་ཕྱིན་ནས་གཅོད་ཟེར་བ་ཞིག་གཏོང་སྲོལ་ཡོད་ཅིང༌། དེ་ནི་མཚན་མོ་དུར་ཁྲོད་ཐོག་སྐྲག་ནས་སྣང་ཚུལ་འདྲ་མི་འདྲ་མང་པོ་མངོན་རྒྱུ་ཡོད་པ་ལྟ་བུ་དཔེར་ན། ཤར་ནས་སྐད་གཏོང་གི་ཡོད་པ་ལྟ་བུ། ནུབ་ནས་འགུལ་སྐྱོད་བྱེད་ཀྱི་ཡོད་པ་ལྟ་བུ་སོགས་འཆར་སྣང་མང་པོ་ཡོང་རྒྱུ་ཡོད་ལ། སྐབས་རེ་མི་ཤི་ཚར་བ་སླར་ཡང་མཐོང་རྒྱུ་ཡོད་པ་ལྟ་བུ་ཡོང་དུས་གདོན་འདྲེ་འདུག་བསམ་སྟེ་རང་ཉིད་སྐྲག་སྣང་སྐྱེས་ནས་ད་ང་གཅིག་བྱས་སོང་སྙམ་པའི་འཆར་སྣང་ཧ་ཅང་ཤུགས་ཆེན་པོ་ཡོང་རྒྱུ་ཡོད། དགའ་སྣང་དང༌། སྐྱོ་སྣང༌། སྐྲག་སྣང་དེ་གསུམ་གང་འདྲ་ཞིག་བྱུང་ནའང་ངར་འཛིན་གྱི་བསམ་བློའི་འཆར་སྣང་གསལ་པོ་ཡོང་གི་ཡོད། དེར་བརྟེན་དུར་ཁྲོད་ཀྱི་ཐོག་ཏུ་གཅོད་གཏོང་བར་འགྲོ་བའི་རྒྱུ་མཚན་དེ་ཡིན། དེ་ནི་གཅོད་གཏོང་དུས་བེད་སྤྱོད་པའི་ཌ་མ་རུ་དེ་ལ་གཅོད་ཌམ་ཟེར། དེ་ཡང་དགེ་ལུགས་པ་དང་བཀའ་བརྒྱུད་པའི་གཅོད་ཌམ་ཆེ་ཆུང་མི་འདྲ་ཞིང༌། དགེ་ལུགས་པའི་གཅོད་ཌམ་དེ་ཆུང་ཆུང་ཞིག་ལས་མེད་ལ་དཀྲོལ་བའི་སྐད་དེ་རང་གི་རྣ་བར་ཐོས་ཙམ་ཞིག་ལས་སྒོའི་ཕྱི་ངོས་ལ་གོ་བ་དཀྲོལ་མི་ཆོག་པ་དང༌། བཀའ་བརྒྱུད་པའི་གཅོད་ཌམ་དེ་ཧ་ལམ་རྔ་ཆུང་ཙམ་ཞིག་ཡོད་ལ་དཀྲོལ་སྐབས་སྐད་ཀྱང་ཆེན་པོ་ཡོད། དགེ་ལུགས་པའི་ཌ་མ་རུ་དཀྲོལ་བྱེད་ཀྱི་འཐུམ་སྒྲིལ་དེ་གཉིས་སོ་སོའི་ནང་ནས་འབྲུ་བདུན་རེ་བླུགས་ཡོད། དེར་བརྟེན་རང་གཙོ་བོ་བྱེད་པའི་སྒེར་སེམས་ཏེ་ང་ཟེར་བའི་བསམ་བློ་ལིང་ལིང་དེ་མེད་པར་བཟོ་བའམ་བདག་འཛིན་གཅོད་པར་བྱེད་པའི་ཐབས་དེ་ལ་གཅོད་ཅེས་བཏགས་པ་ཡིན། གཅོད་གཏོང་སྐབས་གདངས་ཞིག་གཏོང་རྒྱུ་ཡོད་པ་དེའང་བཀའ་བརྒྱུད་པ་དང་དགེ་ལུགས་གཉིས་མི་འདྲ་ཞིང༌། བཀའ་བརྒྱུད་པས་ཞི་བ་ལམ་ཟབ་ཟེར་བ་དང༌། དགེ་ལུགས་པས་ནམ་མཁའ་སྒོ་འབྱེད་ཟེར། དེ་བཞིན་རྙིང་མ་དང༌། ས་སྐྱ་སོགས་ཚང་མར་སོ་སོའི་གཅོད་གཏོང་སྟངས་མི་འདྲ་བ་རེ་ཡོད། སྔོན་མ་ངའི་དགེ་རྒན་དགའ་ལྡན་ཁྲི་རིན་པོ་ཆེས་”གཅོད་ཟེར་བ་དེ་ལ་ཁུངས་རྩ་བ་ནས་གཏུགས་ས་མེད། ཤཱཀྱ་མུ་ནེས་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་དེ་ཚོ་མེད་པ་བཟོ་དུས་ཌ་མ་རུ་འཁྱེར་ནས་གདངས་གཏོང་བཞིན་དུ་གཅོད་དགོས་ཞེས་གསུངས་མེད། དེ་ནི་སྒོམ་བརྒྱབ་ནས་བསམ་བློ་བཏང་སྟེ་གང་ཟག་གི་བདག་འཛིན་མེད་པ་བཟོ་དགོས་པ་ལས་ཁ་ནས་གདངས་བཏང་ལག་པར་ཌ་མ་རུ་འཁྱེར་ཏེ་གཅོད་བཏང་ནས་གང་ཟག་གི་བདག་འཛིན་དང་ཆོས་ཀྱི་བདག་འཛིན་མེད་པ་བཟོས་པ་སུ་བྱུང་ཡོད་དམ། དེ་ནི་ཆོས་ལུགས་གཞན་གྱི་བྱེད་སྟངས་དེ་སོ་སོའི་ཐོག་ཏུ་ཚུར་འཁྱེར་ཏེ་ལད་ཟློས་བྱས་པ་ཞིག་ལས་དངོས་གནས་དྲང་གནས་ཀྱི་དགེ་ལུགས་པར་གཅོད་མེད་”ཅེས་བཀའ་སྐྱོན་གནང་མྱོང་ཡོད། དགེ་ལུགས་པས་གཅོད་ལ་ཐོག་མར་དར་སོ་ཆེན་པོ་བྱེད་རྒྱུ་དེ་ག་དུས་ནས་འགོ་ཚུགས་པ་རེད་དམ་ཞེ་ན། སྔོན་མ་ཙོང་ཁ་པ་ཞལ་བཞུགས་སྐབས་སྲོལ་དེ་མེད་ཅིང༌། རྗེས་སུ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་དུས་ལ་གཅོད་ཀྱི་གཞུང་དེ་བཟོས་གནང་ནས་དར་རྒྱས་ཆེན་པོ་བྱུང་བ་ཡིན། དེར་བརྟེན་གཅོད་གཏོང་བ་དེ་གཙོ་བོ་ནི་ང་ཟེར་བའི་བསམ་བློ་དེ་གང་འདྲ་བྱས་ནས་ཡོང་གི་ཡོད་མེད་བརྟག་དཔྱད་བྱས་ནས་དེ་མེད་པ་བཟོ་ཆེད་དུ་དུར་ཁྲོད་སྟེང་དུ་ཕྱིན་ཏེ་རང་གི་སེམས་ལ་ཞེད་སྣང་སྐྱེ་རུ་བཅུག་ནས་ཞེད་སྣང་སྐྱེ་བ་དང་ཆབས་ཅིག་བསམ་བློའི་ཟུར་གཅིག་ནས་ང་ཟེར་བའི་བསམ་བློའི་འཆར་སྣང་དེ་ཇི་ལྟར་ཡོང་མིན་བརྟག་དཔྱད་བྱས་ནས་དེ་མེད་པ་བཟོ་བའི་སྟོང་པ་ཉིད་ཀྱི་ལྟ་བ་དེ་སྒོམ་གྱི་ཡོད་པ་རེད།

དེ་ནས་སྟོང་པ་ཉིད་ཀྱི་ལྟ་བ་དེ་ལ་ཐོག་མར་གོ་བ་ཆགས་པའི་དུས་སྐབས་གཅིག་དང༌། དེ་ནས་སྟོང་པ་ཉིད་རྟོགས་པའི་སྐབས་སུ་སྐྲག་སྣང་སྐྱེ་བའི་དུས་སྐབས་གཅིག དེ་ནས་དངོས་འབྲེལ་སྟོང་པ་ཉིད་ཀྱི་ལྟ་བ་ངོས་བཟུང་བའི་དུས་སྐབས་གཅིག་བཅས་དུས་སྐབས་གསུམ་ཡོད། ཐོག་མར་སྟོང་པ་ཉིད་ཀྱི་ལྟ་བ་ལ་གོ་བ་ཆགས་པ་ཟེར་བ་དེ་ནི། དཔེར་ན་ད་ལྟ་ང་རང་ཚོར་སློབ་ཚན་འདི་མར་ཁྲིད་དུས་ནང་དོན་དེ་ཚོ་ཉན་པ་དང་ཆབས་ཅིག་བསམ་བློའི་ནང་གོ་བ་ཞིག་ཡོང་གི་ཡོད་པ་དེ་ནི་ཐོག་མའི་གོ་བ་ཆགས་པའི་དུས་སྐབས་དེ་ཡིན། སྐྲག་སྣང་སྐྱེ་བའི་དུས་སྐབས་དེ་ནི་སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་ལ་ཉེ་བའི་དུས་སུ་སླེབས་ཉེར་ཡོད་ཅིང༌། དེ་དུས་ང་མི་འདུག ང་བརླག་སོང༌། ང་གཅིག་བྱས་སོང་བསམ་ནས་ང་རྦད་དེ་བརླག་པ་ལྟ་བུ་ཆགས་ཏེ་སོ་སོའི་ལུས་པོ་ལ་འཐམས་ནས་ད་ང་ག་རེ་བྱས་པ་ཡིན་ནམ་སྙམ་པའི་ཞེད་སྣང་སྐྱེ་དགོས་པ་ཞིག་གི་དུས་སྐབས་ཤིག་ཤར་རྒྱུ་ཡོད། ཡང་འགའ་ཤས་ལ་སྟོང་པ་ཉིད་ཀྱི་ལྟ་བ་དེ་རྟོགས་པའི་དུས་སྤྲང་པོར་གཏེར་རྙེད་པ་ལྟ་བུའི་སྤྲོ་སྣང་ཆེན་པོ་ཞིག་ཡོང་རྒྱུ་ཡོད་པས་དེ་དུས་སྟོང་པ་ཉིད་ཀྱི་ལྟ་བ་དེ་དངོས་འབྲེལ་ཤེས་རྟོགས་ཐུབ་པའི་དུས་ལ་སླེབས་པར་འདོད་པ་ཡིན། དེར་བརྟེན་སྟོང་པ་ཉིད་ཀྱི་ལྟ་བ་ལ་ཨ་མ་ཞེས་དང་རང་གི་སེམས་དེ་ལ་བུ་ཞེས་མིང་བཏགས་པ་ཡིན། དཔེར་ན། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ནང་དུ། ཤར་ཕྱོགས་རི་བོའི་རྩེ་ནས། །དཀར་གསལ་ཟླ་བ་ཤར་བྱུང༌། །མ་སྐྱེས་ཨ་མའི་བཞིན་རས། །ཡིད་ལ་ལྷང་ལྷང་བྱས་བྱུང༌། །ཞེས་པར་ཆ་བཞག་ན་ཚིག་དེ་རང་ལ་ཐད་ཀར་ལྟ་དུས་སོ་སོའི་དགའ་རོགས་དེ་དྲན་གྱི་ཡོད་པ་ལྟ་བུ་ཡོད་རུང༌། དོན་ངོ་མ་དེ་མ་ཡིན་པར་དེ་ལ་གསང་སྔགས་ཀྱི་གཞུང་གི་ཐོག་ནས་འགྲེལ་བཤད་ཆ་ཚང་ཡོད། ཚིག་དེར་ཐད་ཀར་བལྟས་ན་བོད་སྐད་དུ“འདོད་གཞས”དང༌། རྒྱ་སྐད་ནང་དུ“情歌”ཟེར་བའི་ཁོངས་སུ་གཏོགས་པ་ལྟ་བུ་དང་ཚིག་དངོས་ཀྱི་དོན་ཡང་འདོད་བརྩེ་མཚོན་པ་ལྟ་བུར་སྣང་ཡང༌། དེའི་ནང་གསལ་བའི་ཨ་མ་ནི་སྟོང་པ་ཉིད་ལ་གོ་དགོས་པ་དང༌། ཆུང་འདྲིས་བྱམས་པ་ནི་རྟེན་འབྲེལ་ལ་གོ་དགོས་ཤིང༌། དེ་ཡང་རྟོག་པས་བཏགས་ཙམ་གྱི་རྟེན་འབྲེལ་དེ་ཡིན། གོང་གསལ་བྱམས་པ་ཟེར་བ་དེ་ལའང་འགྲེལ་བཤད་རྒྱག་སྟངས་ཁག་གཉིས་ཡོད་དེ། གཅིག་ནི་སྟོང་པ་ཉིད་ཀྱི་ལྟ་བའི་ཐོག་ནས་འགྲེལ་བཤད་རྒྱག་སྟངས་ཤིག་དང༌། གཞན་ཞིག་ནི་གསང་སྔགས་ཀྱི་གཞུང་གི་ཐོག་ནས་འགྲེལ་བཤད་རྒྱག་སྟངས་བཅས་གཉིས་ཡོད། ཚངས་དབྱངས་རྒྱ་མཚོའི་མགུར་གླུ་དེར་དེང་སང་སྤྱིར་བཏང་དགའ་རོགས་ཕན་ཚུན་བར་གཏོང་རྒྱུའི་གཞས་ལྟ་བུར་གོ་བ་ལེན་པ་ལས་དེའི་ནང་གི་དོན་དག་ལྟེ་བ་གཏིང་ཟབ་ཤོས་དེ་ཤེས་རྟོགས་བྱེད་ཐུབ་མེད།

དེ་ནས་དགག་བྱ་དེ་ངོས་འཛིན་དུས་དགག་བྱ་དེ་གང་འདྲ་ཞིག་ཡིན་ནམ་ཞེ་ན། རང་གི་ཕུང་པོ་ལྔ་ལས་ལོགས་སུ་ང་ཟེར་བ་ཞིག་ཟུར་དུ་འདུག་བསམ་པའི་བསམ་བློའམ་འཆར་སྣང་དེ་འགོག་དགོས། དགག་བྱ་དེ་ནི་ཚད་མ་ལོན་པར་ཆུང་དྲགས་པ་མིན་ལ་ཚད་ལས་བརྒལ་ཏེ་ཆེ་དྲགས་པ་ཡང་མིན་པར་ཏག་ཏག་གི་མཚམས་དེ་རེད། དགག་བྱ་དེ་ཡག་པོ་ཞིག་ངོས་བཟུང་རྗེས་རང་གིས་བསམ་བློ་བཏང་ན་རིགས་པ་བདུན་ཡོད་དེ།

༡. ང་དང་ཕུང་པོ་གཉིས་དེ་རང་བཞིན་གྱིས་གྲུབ་པའི་གཅིག་ཡིན་པ་དེ་འགོག་དགོས། ང་དང་ཕུང་པོ་གཉིས་དེ་སྐབས་རེ་གཅིག་ཡིན་པ་ལྟ་བུ་འཆར་རྒྱུ་ཡོད་དེ། ང་ཟེར་ནའང་ཕུང་པོ་ལྔ་ཡིན་པ་དང༌། ཕུང་པོ་ལྔ་ཟེར་ནའང་ང་ཡིན་པ། དེ་གཉིས་བར་ཆུ་དང་འོ་མ་འདྲེས་པ་ལྟར་དབྱེ་བ་ཕྱེ་ཐབས་མེད་པར་རང་བཞིན་གྱིས་གྲུབ་པའི་གཅིག་ཡིན་པ་ལྟ་བུའི་འཆར་སྣང་ཞིག་ཡོང་རྒྱུ་ཡོད་པ་དེ་འགོག་དགོས། དེ་ཇི་ལྟར་འགོག་དགོས་སམ་ཞེ་ན། ང་དང་ཕུང་པོ་གཉིས་དེ་རང་བཞིན་གྱིས་གྲུབ་པའི་གཅིག་ཡིན་ན་རང་ལ་ཕུང་པོ་ལྔ་ཡོད་པས་ཕུང་པོ་ལྔ་ཡོད་པ་ནང་བཞིན་ང་ཡང་ལྔ་དགོས་པ་དང༌། ཡང་ན་ང་གཅིག་ལས་མེད་པ་ལྟར་ཕུང་པོ་ཡང་གཅིག་ལས་མེད་དགོས་པས་དེ་འདྲ་ཡོང་མི་སྲིད། ཕུང་པོ་ནི་ས་ལ་སྦས་ནའང་འདྲ། མེར་སྲེག་བཏང་ནའང་འདྲ། དུར་ཁྲོད་དུ་བསྐྱལ་ནས་བྱ་རྒོད་ལ་སྟེར་ནའང་འདྲ་དེ་མེད་པར་འགྱུར་སྲིད་ནའང༌། ང་དེ་མེར་བསྲེགས་གཏོང་བ་སོགས་བྱས་ནའང་དེ་མེད་པ་བཟོ་ཐུབ་ཐབས་མེད། དེང་སང་ང་རང་ཚོའི་ལྟ་སྟངས་ལྟར་བྱས་ན་ང་དེ་མེད་པར་འགྲོ་བ་ཡིན་པར་འདོད་རུང༌། སངས་རྒྱས་ཆོས་ལུགས་པས་དེ་མེད་པ་ཆགས་རྒྱུ་མེད་པ་མ་ཟད། ད་དུང་སྐྱེ་བ་རྗེས་མ་ལ་འགྲོ་གི་ཡོད་པར་འདོད། གོང་གསལ་དེ་ནི་ང་དང་ཕུང་པོ་གཉིས་རང་བཞིན་དུ་གྲུབ་པའི་གཅིག་ཡིན་པ་དེ་འགོག་རྒྱུ་དེ་རེད། ཕུང་པོ་ལྔ་ཡོད་པ་ནང་བཞིན་ང་ཟེར་བའང་ལྔ་ཡོད་དགོས་པ་དང༌། ཡང་ན་ང་གཅིག་ལས་མེད་པ་ལྟར་ཕུང་པོ་ཡང་གཅིག་མ་གཏོགས་མེད་དགོས་པ། དེ་བཞིན་ཕུང་པོ་མེད་པ་ཆགས་ན་ང་ཡང་མེད་པ་ཆགས་དགོས། དེ་ལྟར་ན་ང་སྐྱེ་བ་རྗེས་མ་ལ་མེད་དགོས་པ་དང་སྐྱེ་བ་སྔོན་མ་ལ་ཡང་མེད་དགོས། སྐྱེ་བ་སྔོན་མའི་ཕུང་པོ་ད་ལྟ་མེད་ལ་དེ་བཞིན་ད་ལྟའི་ཕུང་པོ་དེ་སྐྱེ་བ་ཕྱི་མ་ལ་མེད། དེས་ན་ང་ཡང་སྐྱེ་བ་སྔ་མ་ལ་མེད་པ་དང༌། སྐྱེ་བ་རྗེས་མ་ལ་མི་འགྲོ་བ། ཚེ་འདི་ལ་གློ་བུར་དུ་བྱུང་བ་ཞིག་ཡིན་དགོས།

༢. རང་བཞིན་གྱི་ཐ་དད་ཡིན་པའི་བསམ་པ་དེ་འགོག་དགོས། ཕུང་པོ་ལྔ་དང་ང་ལོགས་སུ་ཡོད་པ་ལྟར་བྱས་ཚེ་གཟུགས་ཀྱི་ཕུང་པོ་དང༌། འདུ་ཤེས་ཀྱི་ཕུང་པོ། ཚོར་བའི་ཕུང་པོ། འདུ་བྱེད་ཀྱི་ཕུང་པོ་སོགས་ཟུར་ཞིག་ཏུ་བཞག རང་གི་མགོ་ནས་རྐང་པ་བར་དུ་ཚང་མ་ཟུར་ཞིག་ཏུ་བཞག་སྟེ། ང་ཟེར་བ་དེ་འདི་རེད་ཅེས་མཛུབ་མོ་འཛུགས་རྒྱུ་ཡོད་པ་ཞིག་དགོས་པས་དེ་ནི་མེད། ཁོ་གཉིས་རང་བཞིན་གྱིས་གྲུབ་པའི་ལོགས་སུ་དགར་བ་ཞིག་ཡིན་ན་ཁོ་གཉིས་ལོགས་སུ་ངོས་འཛིན་རྒྱུ་ཡོད་པ་ཞིག་དགོས། རང་གི་ཕུང་པོ་ལྔ་དང་དབང་པོ་ལྔ་ཚང་མ་ཕར་བཞག་སྟེ་ལོགས་སུ་ང་ཟེར་བ་ཞིག་མཛུབ་མོ་འཛུགས་རྒྱུ་ཡོད་པ་ཞིག་དགོས་ན་ཡང་དེ་ཡོང་མི་སྲིད། དེ་མེད་སྟབས་ཁོ་གཉིས་རང་བཞིན་གྱིས་གྲུབ་པའི་ལོགས་བཀར་མིན་པས་དེ་ནི་རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་པ་དེ་བཀག་པ་རེད།

༣. ང་དེ་ཕུང་པོར་བརྟེན་ནས་ཡོད་པའི་བསམ་པ་དེ་འགོག་དགོས། ཕུང་པོ་དེས་བརྟེན་ཡུལ་དང་ང་དེས་བརྟེན་བྱ་བྱས་ནས་ང་ཟེར་བ་དེ་ཕུང་པོར་བརྟེན་ནས་གནས་པ་ལྟ་བུའི་འཆར་སྣང་ཞིག་ཡོང་རྒྱུ་ཡོད་པ་དང༌། རང་གི་ཕུང་པོ་ལྔ་པོ་དེ་ཕྱི་ངོས་སུ་ཆགས་པ་དང༌། ང་ཞེས་ཁོག་པའི་ནང་དུ་གནས་པ་ལྟ་བུའི་བསམ་བློ་ཞིག་འཁོར་གྱི་ཡོད། ཡིན་ནའང་ང་ཟེར་བའམ་བདག་དེ་ཕུང་པོ་ལྔ་ལ་བརྟེན་ནས་གནས་པ་ཞིག་མིན། དེ་ཡིན་ཚེ་བརྟེན་ས་དེ་མེད་པ་ཆགས་དུས་ང་དེ་ཡང་མེད་པ་ཆགས་དགོས། འོན་ཀྱང་དེ་འདྲ་མ་ཡིན་པར་ཕུང་པོ་དེ་མེད་པ་ཆགས་ནའང༌། ང་དེ་ད་དུང་མུ་མཐུད་ནས་སངས་མ་རྒྱས་བར་དུ་གནས་པ་ཞིག་ཡིན།

༤. ང་ལ་ཕུང་པོ་ལྔ་པོ་དེ་ཚུར་བརྟེན་ནས་བསྡད་པ་ལྟ་བུའི་འཆར་སྣང་དེ་འགོག་དགོས། དེ་འདྲ་ཡིན་ན་ཕུང་པོ་ལྔ་ལས་ལོགས་སུ་མགོ་ནས་རྐང་པའི་བར་དུ་བཙལ་ནས་ང་ཟེར་བ་ཞིག་ཟུར་དུ་མཛུབ་མོ་འཛུགས་རྒྱུ་ཡོད་དགོས།

༥. ང་ཟེར་བ་དེ་ཕུང་པོ་ལྔ་དང་ལྡན་པ་ཞིག་ཡིན་པར་ངོས་འཛིན་པའི་བསམ་པ་དེ་འགོག་དགོས། དེ་གང་འདྲ་ཡིན་ནམ་ཞེ་ན། དཔེར་ན། ཤིང་རྟ་འཁོར་ལོ་ཞིག་ལ་བཞག་ན། སྔོན་ལ་འགྲོ་མཁན་རྟ་ཁ་ཤས་ཤིག་ཡོད་དགོས་པ་དང༌། རྟ་ཡོད་པ་གཅིག་པུས་མི་འགྲིག་པར་ད་དུང་སྒྲོམ་དང༌། འཁོར་ལོ། སྐེ་འཁོར། སྐེ་ཤིང༌། འཐེན་ཐག་སོགས་ཡོ་བྱད་མང་པོ་ཞིག་ཚང་དགོས་པ་ལས་དེ་ནས་གཅིག་མ་ཚང་ནའང་ཤིང་རྟ་འཁོར་ལོའི་མཚན་ཉིད་ཚང་མེད་པར་བརྟེན་དེ་དག་ཕར་བཞག་ནས་ཤིང་རྟ་འཁོར་ལོ་ཞིག་ཟུར་དུ་སྟོན་རྒྱུ་མེད། དཔེར་དེ་དང་འདྲ་བར་ཕུང་པོ་ལྔ་ཕར་བཞག་ནས་མགོ་ལ་ཞྭ་མོ་ལྡན་པ་ནང་བཞིན་ང་ལ་ཕུང་པོ་ལྔ་དེ་ལྡན་པ་ཞིག་མིན། དེ་ནི་ང་ལ་ཕུང་པོ་ལྔ་ལྡན་པ་དེ་བདེན་པ་མིན་ཟེར་བ་ཡིན།

༦. ཕུང་པོ་ལྔ་ཆ་ཚང་འཛོམས་པའམ་ཚོགས་པ་དེ་ང་ཡིན་པར་འདོད་པའི་འཆར་སྣང་དེ་འགོག་དགོས། ཕུང་པོ་ལྔ་ཆ་ཚང་ཚོགས་པ་དེ་ང་ཡིན་པར་འདོད་ན་མི་འགྲིག རྒྱུ་མཚན་གང་ཞེ་ན། ཕུང་པོ་ལྔ་ཚོགས་པ་དེ་མིང་འདོགས་ས་ཞིག་དང་ང་དེ་མིང་བཏགས་པ་ཙམ་ཞིག་ཡིན། དེ་འདྲ་ཞིག་ལས་ཕུང་པོ་ལྔ་ཚོགས་པ་དེ་རང་ང་ཉིད་ཅེས་བརྗོད་ན་མི་འགྲིག དཔེར་ན། ཁྱེད་རང་གི་མིང་ལ་བཀྲ་ཤིས་ཟེར་གྱི་ཡོད་ན་ཕུང་པོ་ལྔ་ཆ་ཚང་འཛོམས་པའི་བཀྲ་ཤིས་དེ་བཀྲ་ཤིས་ཟེར་བའི་མིང་འདོགས་སའི་གཞི་དེ་ཡིན། དེ་བཀྲ་ཤིས་ཞེས་མིང་འདོགས་ས་དེ་ཡིན་པ་ལས་བཀྲ་ཤིས་མིན། འོ་ན་བཀྲ་ཤིས་གང་དུ་འདུག་གམ་ཞེ་ན་བཀྲ་ཤིས་དེ་ཕུང་པོ་ལྔ་ཚོགས་པ་དེ་ལ་བརྟེན་ནས་མིང་བཏགས་ཙམ་ཞིག་ལས་མེད། མིང་འདོགས་ས་ཁོ་རང་བཀྲ་ཤིས་མིན། མིང་འདོགས་ས་དེ་བཀྲ་ཤིས་ཡིན་ན་བཀྲ་ཤིས་ཤི་ནས་དུར་ཁྲོད་ཀྱི་སྟེང་དུ་བཞག་པའི་བཀྲ་ཤིས་ཀྱི་རོ་དེ་ཡང་བཀྲ་ཤིསཡིན་དགོས་ཀྱང་དེ་བཀྲ་ཤིས་མིན། དེར་བརྟེན་དེ་ནི་མིང་འདོགས་ས་ཙམ་ཞིག་ལས་བཀྲ་ཤིས་མིན། དེར་བརྟེན་ཕུང་པོ་ལྔ་ཚོགས་པ་དེ་ང་ཞེས་མིང་འདོགས་ས་ཡིན་པ་ལས་ང་མིན། དེ་བཞིན་དཔེར་ན། མི་ལོང་བ་ཞིག་ཡོད་ན་དེ་མིང་འདོགས་སའི་གཞི་ཡིན་པ་ལས་ཁོ་རང་མིན། དེ་ཁོ་རང་ཡིན་ན་ཁོ་རང་མིག་ལོང་བ་ཡིན་དུས་ང་དེ་ཡང་ལོང་བ་ཞིག་ཡོང་དགོས་པས་དེ་འདྲ་ཡོང་མི་སྲིད། ཡང་དཔེར་ན་མི་དེ་རྐང་ཀྱོག་ཡིན་ནའང་ང་དེ་རྐང་ཀྱོག་མ་ཡིན་པར་ང་དེ་ཆ་ཚང་ཡིན་ཏེ་མི་གཟུགས་པོ་ཐང་ཐང་ཞིག་གི་ང་དང་འདྲ་མཚུངས་ཞིག་ལས་ང་རྐང་ཀྱོག་ཞིག་དང་ལོང་བ་ཞིག་རྩ་བ་ནས་མེད་པ་ལྟ་བུ་ཡིན།

༧. ཕུང་པོ་ལྔ་ཚོགས་པའི་དབྱིབས་སམ་བཟོ་ལྟ་དེ་ང་ཡིན་པར་འདོད་པའི་བསམ་པ་དེ་འགོག་དགོས། ཕུང་པོ་ལྔ་ལ་བཟོ་ལྟ་ཡོད། ཡིན་ནའང་ང་ལ་བཟོ་ལྟ་མེད། ཕུང་པོ་ལྔ་ཚོགས་པའི་དབྱིབས་དེ་ང་ཡིན་ན་དབྱིབས་དེ་གང་འདྲ་ཞིག་ཡོད་པ་ལྟར་ང་དེ་ཡང་བཟོ་ལྟ་དེ་འདྲ་ཞིག་ཡོད་དགོས། དཔེར་ན་སྦྲུལ་ལ་ཆ་བཞག་ན་སྦྲུལ་གྱི་ང་དེ་རིང་པོ་ཞིག་དང༌། སི་ལི་པད་ཀོག་གི་ང་དེ་སྒོར་སྒོར་ཞིག མི་ཤ་རྒྱགས་པའི་ང་དེ་རྒྱགས་པ་ཞིག མི་ཤ་སྐམ་པོའི་ང་དེ་སྐམ་པོ་ཞིག དེ་འདྲ་ཡོང་མི་སྲིད། དེར་བརྟེན་མིང་འདོགས་སའི་གཞི་ཡིན་ནའང་འདྲ། ཕུང་པོ་ལྔ་ཆ་ཚང་འཛོམས་པ་དེ་ཡིན་ནའང་འདྲ། དེའི་བཟོ་ལྟ་དེ་ཡིན་ནའང་འདྲ། གང་ལྟར་དེ་ཚོ་ཚང་མ་ང་མིན། དེ་རྣམས་ཕར་བཀག་ཚར་དུས་རང་བཞིན་གྱིས་གཅིག་ཏུ་གྲུབ་པ་ཡང་མིན། ང་དང་ཐ་དད་ཀྱང་མིན། བཟོ་བལྟ་དེ་ཡང་མིན། ཆ་ཚང་འཛོམས་པ་དེ་ཡང་མིན་ལ། གང་ལྟར་གོང་གསལ་བདུན་པོ་དེ་རྣམས་ཚང་མ་མིན། འོ་ན་ང་ཟེར་བ་དེ་གང་དུ་སོང་ངམ་ཞེས་འཚོལ་སྐབས། དེ་ནི་རང་གི་ཕུང་པོ་ལྔ་ཚོགས་པ་དེའི་སྟེང་དུ་ང་ཞེས་རང་གི་སེམས་ཀྱིས་ཕར་ངོས་འཛིན་བྱས་པ་དེ་ཙམ་ཞིག་ལས་མེད། དེ་ཙམ་ཞིག་ལས་ལྷག་མེད། ལྷག་མ་དེ་གཅིག་པོ་ཙམ་ཡིན།

འོ་ན་ང་ཟེར་བ་དེ་རྩ་བ་ནས་མེད་པ་ཡིན་ནམ་ཞེ་ན། རྩ་བ་ནས་མེད་པ་ཡང་མ་ཡིན་པར་རྟོག་པས་ཕར་བཏགས་ཙམ་ཞིག་ཡོད། དེ་ལ་རྟེན་འབྲེལ་གྱི་རིགས་པ་ཟེར། ང་ཟེར་བ་དེ་རྟོག་པས་ཕར་བཏགས་ཙམ་དུ་ཡོད་པ་ཤེས་རྟོགས་བྱུང་ན། ད་དུང་ང་ཡི་བ་ཟེར་ཞིག་ཡོད། ང་ཡི་བ་ཟེར་བ་ནི། འདི་ངའི་ཡིན། འདི་ཡང་ངའི་ཡིན་སྙམ་པ་ལྟ་བུའམ་འདི་ཁོའི་མ་རེད་ངའི་ཡིན་སྙམ་པའི་བསམ་བློ་དེ་ལ་ཟེར། དེར་བརྟེན་ང་ཡི་བ་ཟེར་བ་དེ་ཡང་དེ་རིང་ཅ་ལག་དེ་སོ་སོས་བདག་པོ་བརྒྱབ་སོང་ན་སོ་སོའི་རེད། སང་ཉིན་མི་གཞན་གྱིས་བདག་པོ་བརྒྱབ་སོང་ན་སང་ཉིན་ཁོའི་རེད། གང་ལྟར་སོ་སོ་རང་གི་ཡིན་བསམ་པའི་བསམ་བློ་དེ་མ་བཞག་བར་དུ་སོ་སོའི་ཡིན་པ་དང་སོ་སོའི་ཡིན་བསམ་པའི་བསམ་བློ་དེ་དབྱུགས་ཚར་ན་སོ་སོའི་མིན་པས་དངོས་པོ་དེ་རང་རང་གི་ཡིན་དང་མིན་དེ་རང་གིས་དེ་ལ་སོ་སོའི་ཡིན་བསམ་པའི་ངོས་འཛིན་བྱེད་མིན་ལ་རག་ལུས་པ་ལས་དངོས་པོ་དེ་རང་གི་ཐོག་ནས་རང་གི་རེད་ཟེར་བ་ཞིག་མེད། དེ་དང་འདྲ་བར་ངའི་མིག ངའི་མགོ ངའི་རྐང་པ། ངའི་ལག་པ་ཟེར་བ་དེ་ཡང་རང་གི་སེམས་ནང་དེ་རང་གི་ཡིན་བསམ་པའི་བསམ་བློ་དེ་ཡོད་ཕྱིན་ཆད་རང་གི་རེད་བསམ་པའི་བསམ་བློ་དེ་བྱུང་བ་ལས་རང་གི་ཡིན་བསམ་པའི་བསམ་བློ་དེ་དབྱུགས་ཚར་ན་རང་གི་ཡིན་བསམ་པ་དེ་ཡོང་མི་སྲིད། དཔེར་ན། མི་ཁ་ཤས་ཀྱིས་རང་གི་མིག་འདི་རང་གི་ཡིན་པའི་བསམ་བློ་མེད་པར་མི་གཞན་ལ་སྦྱིན་པ་གཏོང་མཁན་ཡང་ཡོད། དེ་ནི་རང་གི་བསམ་བློའི་ནང་རང་གི་མིག་འདི་རང་གི་ཡིན་བསམ་པའི་བསམ་བློ་དེ་མེད་པར་རྦད་དེ་བློས་བཏང་བྱས་པ་ཞིག་ཡིན། ང་ཡི་བ་ཟེར་བ་དེ་ཡང་རང་གི་བསམ་བློའི་ཐོག་ནས་ངོས་འཛིན་བྱས་པ་དེ་ཙམ་ཞིག་ལས་ཕྱི་རོལ་གྱི་ཡུལ་གྱི་ངོས་ནས་ཚུར་གྲུབ་པ་ཞིག་མིན། དེར་བརྟེན་ང་ཚོས་གོང་དུ་གང་ཟག་གི་བདག་མེད་ཟེར་བ་དེ་སྔོན་ལ་བཤད་པ་ཡིན། རྒྱུ་མཚན་གང་ཡིན་ཞེ་ན། སྔོན་ལ་དངོས་པོ་ཚང་མའི་བདག་མེད་ལ་བསམ་བློ་བཏང་ན་ཤེས་རྟོགས་མི་ཐུབ་སྟབས་སྔོན་ལ་རང་གི་ཉམས་མྱོང་ངོ་མའི་ཐོག་ནས་རང་ལ་ཡོད་པའི་ང་ཟེར་བའི་བསམ་བློ་དེ་གང་འདྲ་ཞིག་འདུག་གམ་བསམ་བློ་བཏང༌། དེ་ནས་བདག་མེད་ཟེར་བ་དེ་བསམ་བློ་བཏང༌། དེ་ནས་དེ་དཔེ་ལ་བཞག་སྟེ་དངོས་པོ་ཚང་མའི་ཐོག་གི་བདག་མེད་ཟེར་བ་དེ་རང་བཞིན་གྱིས་མ་གྲུབ་པ་ཟེར་བ་དེ་ལ་བསམ་བློ་གཏོང་དགོས། དེ་ལ་ཆོས་ཀྱི་བདག་མེད་ཟེར། རིགས་པ་གཏོང་སྟངས་གོང་དུ་ཞུས་པ་ལྟར་ཡིན།

གོང་དུ་ཞུས་པའི་རིགས་པ་བདུན་གྱི་སྟེང་དུ་ད་དུང་རིགས་པ་བཞི་ཡོད་དེ། ༡. ཡོད་མེད་སྐྱེ་འགོག ༢. མུ་བཞི་སྐྱེ་འགོག ༣. གཅིག་དུ་བྲལ། ༤. རྟེན་འབྲེལ་བཅས་སོ། །འདིར་ང་ཚོས་གཙོ་བོ་མུ་བཞི་སྐྱེ་འགོག་དང་རྟེན་འབྲེལ་གཉིས་ཞུ་གི་ཡིན། མུ་བཞི་སྐྱེ་འགོག་ཅེས་པ་དེ་གང་ལགས་ཟེར་ན། དེ་ལ་མུ་བཞི་ཡོད་པ་སྟེ། རང་ལས་སྐྱེ་བ་འགོག་པ་སྟེ་རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་མིན་པ། གཞན་ལས་སྐྱེ་བ་འགོག་པ་སྟེ་རང་དང་འབྲེལ་མེད་དོན་གཞན་གྱི་རྒྱུ་ལས་སྐྱེ་བ་མིན་པ། གཉིས་ཀ་ལས་སྐྱེ་བ་འགོག་པ་སྟེ་རང་གཞན་གཉིས་ཀ་ལས་སྐྱེ་བ་མིན་པ། རྒྱུ་མེད་ལས་སྐྱེ་བ་འགོག་པ་སྟེ་རྒྱུ་མེད་པ་ལས་སྐྱེ་བ་མིན་པ་བཅས་བཞིའོ།།

དང་པོ། རང་ལས་སྐྱེ་བ་འགོག་པ་དེ་ནི་སོ་སོ་རང་ཉིད་ལས་རང་ཉིད་བྱུང་བ་མིན་པར་འདོད། དེ་གང་ཞེ་ན། མུ་སྟེགས་པས་སོ་སོ་རང་ལ་རང་བྱུང་བ་ཡིན་པར་བཤད་ཅིང༌། དེ་ནི་ཚེར་མ་ལ་རྣོ་ཡོད་པ་དང༌། སྲན་མ་རིལ་རིལ་ཡིན་པ། རྨ་བྱའི་སྒྲོ་མདོངས་ལ་ཚོས་གཞི་སྣ་ཚོགས་ཡོད་པ་དེ་ཚོ་ཚང་མ་རང་ལས་རང་བྱུང་བ་ཤ་སྟག་ཡིན་པ་དང༌། དེ་དག་རང་བཞིན་གྱིས་བྱུང་བ་ཡིན་ཏེ་དེ་ལ་རྒྱུ་དང་རྐྱེན་གང་ཡང་མེད། རང་ལས་རང་སྐྱེས་པ་དེ་ལ་བདག་སྐྱེས་ཟེར། བདག་ལས་སྐྱེས་པ་ཟེར་བ་དེས་རྒྱུ་དང་འབྲས་བུ་གཉིས་ངོ་བོ་གཅིག་ཡིན་པར་འདོད། མུ་སྟེགས་པས་ཟེར་ན། རྒྱུ་དེ་ངོ་བོ་འགྱུར་ནས་འབྲས་བུའི་ངོ་བོ་ཆགས་པ་དང༌། རྣམ་པ་མི་འདྲ་བ་ལས་ངོ་བོ་གཅིག་པ་ཡིན་པ་ངོ་བོ་གཅིག་མཚུངས་ཀྱི་རྒྱུ་ལས་སྐྱེས་པར་བརྟེན་རང་ལས་རང་བྱུང་བར་འདོད། ལྟ་བ་དེ་ཚོ་འགོག་པའི་རིགས་པ་དེ་གང་འདྲ་ཞིག་ཡིན་ནམ་ཞེ་ན། རང་ལས་རང་བྱུང་བ་ཡིན་ན་རྒྱུའི་དུས་སུ་འབྲས་བུ་དེ་ཡོད་དགོས་པ་དང་འབྲས་བུའི་ངོ་བོ་ཐོབ་ཟིན་པ་དགོས། དེ་ཐོབ་ཟིན་ཚེ་སླར་ཡང་སྐྱེ་དགོས་པའི་དོན་སྙིང་མེད། རྒྱུ་དང་འབྲས་བུ་གཉིས་ངོ་བོ་མི་འདྲ་བ་ཡིན་སྟབས་སླར་ཡང་སྐྱེས་པ་ལས་ངོ་བོ་གཅིག་ཡིན་ན་ཡང་བསྐྱར་སྐྱེ་དགོས་དོན་མེད། ཡང་མིན་ན་རྒྱུ་དང་འབྲས་བུ་གཉིས་དབྱིབས་དང་ནུས་པ་ཚང་མ་གཅིག་མཚུངས་ཡིན་དགོས་པ་དང༌། ཁ་དོག་ཀྱང་གཅིག་མཚུངས་ཡིན་དགོས། འོན་ཀྱང་རྒྱུ་དང་འབྲས་བུ་གཉིས་ནུས་པ་མི་འདྲ་བ་དང་བཟོ་ལྟ་མི་འདྲ་བ་སོགས་ཡིན་སྟབས་ངོ་བོ་གཅིག་ཡིན་ན་ནུས་པ་དང། དབྱིབས། ཁ་དོག་སོགས་ཚང་མ་གཅིག་མཚུངས་ཤིག་ལས་དེ་མིན་ཡོང་མི་སྲིད། འོན་ཀྱང་དེ་ཚོ་ཚང་མ་མི་འདྲ་བ་ཡོད་པས་རྒྱུ་དང་འབྲས་བུ་གཉིས་ཀྱི་ངོ་བོ་ཐ་དད་ཡིན་སྟབས་རང་ལས་རང་བྱུང་བ་མིན། གོང་གསལ་དེས་བདག་ལས་སྐྱེས་པ་ཟེར་བ་དེ་བཀག་པ་རེད།

གཉིས་པ། གཞན་ལས་སྐྱེ་བ་དེ་འགོག་དགོས། རྒྱུ་མཚན་ནི། རྒྱུ་དང་འབྲས་བུ་གཉིས་ཀ་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ཏེ། དེ་གཉིས་རང་བཞིན་གྱི་ཐོག་ནས་ལོགས་སུ་བཀར་བ་ཡིན་ལ་དེ་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་ཞིག་ཀྱང་ཡིན། རང་བཞིན་གྱིས་གྲུབ་པའི་གཞན་ཞིག་ཡིན་སྟབས་དེ་ལས་སྐྱེས་པ་རེད་ཅེས་བཤད་ན་མི་འགྲིག དེ་གཉིས་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་གཞན་ཞིག་ཡིན་པ་ལས་རང་བཞིན་གྱིས་བྱུང་བའི་གཞན་ཞིག་མིན། རྒྱུ་དང་འབྲས་བུ་གཉིས་ཁག་ཁག་ཆགས་པ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཁག་ཁག་ཆགས་པ་ཞིག་ཡིན་པ་ལས་རང་བཞིན་གྱིས་ཁག་ཁག་ཆགས་པ་ཞིག་མིན། རང་བཞིན་གྱིས་ཁག་ཁག་ཆགས་པ་ཞིག་ཡིན་ན་ཁོ་གཉིས་བར་འབྲེལ་བ་མེད་དགོས་པ་དང༌། རྒྱུ་དང་འབྲས་བུ་གཉིས་འབྲེལ་བ་རྩ་བ་ནས་ཡོང་མི་སྲིད། འོ་ན་རྒྱུ་དང་འབྲས་བུར་འབྲེལ་བ་ཡོད་པ་དེ་གང་ཡིན་ནམ་ཞེ་ན། རྒྱུ་དང་འབྲས་བུ་གཉིས་འབྲེལ་བ་ཡོད་པ་དང༌། རྒྱུ་དང་རྐྱེན་ལ་བརྟེན་ནས་ཁོ་གཉིས་ཁག་ཁག་ཆགས་པ་ཡིན་པས་ན་རང་བཞིན་གྱིས་གྲུབ་པའི་གཞན་མིན་པར་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་གཞན་ཞིག་ཡིན་སྟབས་རྒྱུ་དེ་ལ་བརྟེན་ནས་འབྲས་བུ་དེ་ཡོང་རྒྱུ་ཡོད་པར་འདོད་པར་མ་ཟད། རྒྱུ་འགག་པ་དང་འབྲས་བུ་སྐྱེ་བ་གཉིས་དུས་མཉམ་ཡིན་ཏེ། རྒྱུ་དེ་མ་འགག་བར་དུ་འབྲས་བུ་དེ་སྐྱེ་མི་སྲིད་པ་དཔེར་ན་རྒྱ་མ་བཀྱག་སྐབས་རྒྱ་རྡོ་ཡར་མཐོ་རུ་འགྲོ་དུས་རྒྱ་མ་མར་གུག་འགྲོ་བ་དང༌། རྒྱ་རྡོ་མར་དམའ་རུ་འགྲོ་དུས་རྒྱ་མ་ཡར་མཐོ་རུ་འགྲོ་བ་དུས་མཉམ་པ་ཡིན་པས་དཔེ་དེ་ལྟར་རྒྱུ་དེ་མར་འགགས་པ་དང་འབྲས་བུ་དེ་ཡར་སྐྱེ་བའི་དུས་ཚོད་དེ་ཆུ་ཚོད་སྐར་ཆ་གཅིག་ཀྱང་ཧེ་བག་མེད་པར་དུས་མཉམ་ཡིན་པས་རྒྱུ་དེ་འགགས་ནས་འབྲས་བུ་སྐྱེ་དགོས་པ་ཡིན། རྒྱུ་དེ་ཡོད་བཞིན་དུ་འབྲས་བུ་དེ་སྐྱེ་མི་ཐུབ། ཡིན་ནའང་འབྲས་བུ་དེ་སྐྱེ་བ་ལ་རྒྱུ་དེ་ལ་བརྟེན་དགོས། རྒྱུ་དེ་དང་འབྲས་བུ་དེ་ཁག་ཁག་ཡིན་ཟེར་བའི་རྒྱུ་མཚན་ནི། རྒྱུ་དེ་འགགས་ནས་འབྲས་བུ་དེ་སྐྱེ་དགོས་པས་ཡིན། འོན་ཀྱང་ཁོ་གཉིས་རང་བཞིན་གྱིས་གྲུབ་པའི་ཁག་ཁག་མིན་པར་ཁོ་གཉིས་རྒྱུ་དང་རྐྱེན་ལ་བརྟེན་ནས་ཁག་ཁག་ཆགས་པ་རེད། ཁོ་གཉིས་བར་འབྲེལ་བ་ཡོད་སྟབས་རྒྱུ་དེ་འགགས་ནས་འབྲས་བུ་དེ་སྐྱེ་ཐུབ་ཀྱི་ཡོད་པ་དང་རྒྱུ་དེ་ལ་བརྟེན་ནས་འབྲས་བུ་དེ་ཡོང་ཐུབ་ཀྱི་ཡོད། དེས་ན་རང་བཞིན་གྱིས་གྲུབ་པའི་གཞན་མིན་པར་འདོད།

གསུམ་པ། གཉིས་ཀ་ལས་སྐྱེ་བ་དེ་འགོག་དགོས། གཉིས་ཀ་ལས་སྐྱེ་བ་ཟེར་བ་དེ་གོ་བདེ་པོ་ཡོད། རང་ལས་སྐྱེ་བ་དང་གཞན་ལས་སྐྱེ་བ་གཉིས་བཀག་ཚར་རྗེས་གཉིས་ཀ་ལས་སྐྱེ་བ་དེ་དེ་གཉིས་དང་ཆབས་ཅིག་ཏུ་བཀག་ཐུབ་པ་ཡིན་པས་དེའི་སྐོར་རྒྱས་པོ་ཞུ་དགོས་པ་མི་འདུག

བཞི་པ། རྒྱུ་མེད་ལས་སྐྱེ་བ་དེ་འགོག་དགོས། མ་གཞི་མུ་སྟེགས་པའི་ནང་གི་རྒྱང་འཕེན་པ་ཟེར་བ་དེས་རྒྱུ་མེད་པར་འབྲས་བུ་སྐྱེ་བར་འདོད་ཅིང༌། དེས་འབྲས་བུ་ཁོ་རང་རང་བཞིན་གྱིས་སྐྱེ་བ་ཞིག་ལས་དེ་ལ་རྒྱུ་དང་རྐྱེན་གང་ཡང་མེད་དེ། དཔེར་ན་སྲན་མ་རིལ་རིལ་ཆགས་པ་དང༌། ཚེར་མ་རྣོན་པོ་ཆགས་པ། ཤིང་གི་ལོ་མ་སྔོན་པོ་ཆགས་པ་སོགས་ཚང་མར་རྒྱུ་གང་ཡང་མེད་ཟེར། དེ་ལྟར་སྐབས་རེ་ང་ཚོའི་བསམ་བློའི་ནང་དུའང་དེ་ཚོ་རང་བཞིན་གྱིས་གྲུབ་པ་རེད་བསམ་གྱི་ཡོད། འོན་ཀྱང་རྒྱུ་མེད་པར་སྐྱེ་བ་ཟེར་བ་ནི་རྩ་བ་ནས་མེད། རྒྱུ་མེད་པར་སྐྱེ་བ་ཡིན་ན་དངོས་པོ་ཚང་མ་གཅིག་ལ་གཅིག་བརྟེན་གྱི་འབྲེལ་བ་དེ་རྩ་བ་ནས་མི་དགོས་ཏེ། ཐ་ན་རྡོའི་སྟེང་ནས་ཤིང་སྐྱེ་ཆོག་ལ་ཤིང་གི་སྟེང་ནས་རྡོ་སྐྱེ་ཆོག་པ་ཡིན། རྒྱུ་མེད་པར་སྐྱེ་གི་ཡོད་ན་དངོས་པོ་གཅིག་ལས་དངོས་པོ་གང་དང་གང་ཡང་སྐྱེ་ཆོག་པ་ཡིན། འོན་ཀྱང་དེ་ཡོང་མི་ཐུབ། དེ་ཡོང་བ་ལ་ངེས་པར་དུ་རྒྱུ་དང་རྐྱེན་འཛོམས་དགོས་པ་དཔེར་ན། ཕག་པ་ལ་ཕག་ཕྲུག་ལས་ཁྱི་སྐྱེ་མི་སྲིད་པ་དང་བྱ་ལ་བྱ་ལས་གཞན་སྐྱེ་མི་སྲིད། དེའི་རྒྱུ་མཚན་གང་དུ་ཐུག་ཡོད་ཅེ་ན། རྒྱུ་མེར་པར་གཏན་ནས་སྐྱེ་མི་སྲིད་པར་རྒྱུ་ཞིག་ངེས་པར་དགོས་པ་དེ་དངོས་ར་འཕྲོད་པ་རེད། རྒྱུ་ཞིག་དགོས་པ་ཡིན་སྟབས་གཅིག་ལ་བརྟེན་ནས་ཚང་མ་སྐྱེ་ཐུབ་པ་ཞིག་མིན་པར་འབྲས་ལ་འབྲས་སྐྱེ་བ་ལས་ནས་སྐྱེ་མི་སྲིད་ལ་ནས་ལ་ནས་ལས་གྲོ་སྐྱེ་མི་སྲིད་པ་ལྟར་དེ་ལ་རྒྱུ་ཞིག་ངེས་པར་དགོས་ཀྱི་ཡོད་པའི་རྟགས་རེད། དེར་བརྟེན་དངོས་པོ་ཚང་མ་ངོ་བོ་མི་འདྲ་བ། རྣམ་པ་མི་འདྲ་བ། མདོག་མི་འདྲ་བ། བྲོ་བ་མི་འདྲ་བ་སོགས་སྣ་ཚོགས་ཡོད་པ་དེ་རྒྱུ་ཞིག་ཡོད་པ་ལ་བརྟེན་ནས་བྱུང་བ་ལས་རྒྱུ་མེད་ན་དངོས་པོ་ཚང་མ་མདོག་གཅིག་པ། ནུས་པ་གཅིག་པ། བྲོ་བ་གཅིག་པ། བཟོ་ལྟ་གཅིག་པ་བཅས་ཡོང་དགོས་པས་དེ་ཡོང་སྲིད་ཐབས་མེད། དེ་ཡོང་མི་སྲིད་པའི་རྐྱེན་གྱིས་དངོས་པོ་དེ་རྣོ་པོ་ཆགས་དགོས་པ་དེ་ལ་རྒྱུ་ཞིག་ཡོད་པ་དང་མདོག་སྙིང་རྗེ་པོ་རྨ་བྱའི་སྒྲོ་མདོངས་ལྟ་བུ་ཡོང་བ་དེའང་དེ་ལ་རྒྱུ་ཞིག་ཏན་ཏན་ཡོད་པ། དེ་བཞིན་དངོས་པོ་སོ་སོར་བཟོ་དབྱིབས་འདྲ་མིན་སྣ་ཚོགས་ཡོད་པ་དེའང་དེ་ལ་རྒྱུ་ཞིག་དང་རྐྱེན་ཞིག་ཡོད་པའི་རྟགས་མཚན་ཡིན་པ་ལས་རྒྱུ་མེད་པའི་རྟགས་མཚན་རྩ་བ་ནས་མིན། གོང་གསལ་དེས་རྒྱུ་མེད་པ་ལས་སྐྱེ་བ་ཟེར་བ་དེ་བཀག་པ་ཡིན། རྟེན་འབྲེལ་གྱི་རིགས་པ་ཟེར་བ་དེ་གང་ཟག་གི་བདག་མེད་ལ་སྦྱར་ཆོག་པ་མ་ཟད་ཆོས་ཀྱི་བདག་མེད་ལའང་སྦྱར་ཆོག་པ་ཡིན། རྟེན་འབྲེལ་གྱི་རིགས་པ་ཟེར་བ་དེ་གང་ཞིག་ལ་ཟེར་རམ་ཞེ་ན། དངོས་པོ་གང་འདྲ་ཞིག་ཡིན་ནའང་རང་བཞིན་གྱིས་གྲུབ་པ་མིན། མིན་པའི་རྒྱུ་མཚན་གང་ཞེ་ན་རྟེན་འབྲེལ་ཡིན་ཏེ་རྟེན་ནས་བྱུང་བ་ཞིག་ཡིན། རྟེན་ནས་བྱུང་བ་ཡིན་སྟབས་རང་བཞིན་གྱིས་གྲུབ་པ་མིན་ཟེར། རྟེན་ནས་བྱུང་བ་དེ་རང་བཞིན་གྱིས་མ་གྲུབ་པའི་རྟགས་ཡིན། དེར་བརྟེན་རིགས་པའི་ནང་ནས་གཏིང་ཟབ་ཤོས་དང༌། རིགས་པ་རྣོ་ཤོས། གོ་བདེ་ཤོས། ནུས་པ་ཆེ་ཤོས་ནི་རྟེན་འབྲེལ་གྱི་རིགས་པ་དེ་ཡིན། གོང་གསལ་དེ་རྣམས་ནི་མུ་བཞི་སྐྱེ་འགོག་ཟེར་བའི་དོན་ཡིན། དེ་ནི་མཐའ་བཞི་ལས་སྐྱེ་བ་དེ་བཀག་པ་ཡིན།

གཅིག་དུ་བྲལ་ཞེས་པ་དེ་གང་ཡིན་ནམ་ཞེ་ན། གཅིག་དུ་བྲལ་གྱི་རིགས་པ་ནི་ཡང་ན་གཅིག་བྱས་ནས་ཡོད་དགོས་པ་དང༌། ཡང་ན་ལོགས་སུ་བཀར་ནས་ཡོད་དགོས་པ་ལས། གཅིག་ཀྱང་མིན་པ། ལོགས་བཀར་ཡང་མིན་པ་ལ་ཡོད་ལུགས་ཡོད་སྟངས་ཤིག་མེད། དངོས་པོ་དེ་ཡོད་པ་ཡིན་ན་དངོས་པོ་དེ་དང་དེ་གཉིས་གཅིག་པ་བྱས་ནས་ཡོད་དགོས་པའམ་ཡང་ན་དངོས་པོ་དེ་དང་དངོས་པོ་གཞན་དེ་ལོགས་བཀར་བྱས་ནས་ཡོད་དགོས་པ་ལས། གཅིག་ཀྱང་མིན་པ་ལོགས་བཀར་ཡང་མིན་པ་འདི་འདྲ་ཞིག་ཡིན་ན་དངོས་པོ་དེ་ཡོང་ཤེས་ཐབས་མེད། ཡང་ན་གཅིག་བྱས་ནས་ཡོད་དགོས། ཡང་ན་ལོགས་བཀར་བྱས་ནས་ཡོད་དགོས། དེས་ན་ང་ཟེར་བ་ཞིག་དང་ཕུང་པོ་ལྔ་ཟེར་བ་དེ་གཉིས་ལ་ཆ་བཞག་ན་ང་ཟེར་བ་དེ་ཡོད་ན་ཕུང་པོ་ལྔ་དང་གཅིག་མཚུངས་བྱས་ཏེ་ཡོད་དམ་ཡང་ན་ཕུང་པོ་ལྔ་དང་ལོགས་བཀར་བྱས་ནས་ཡོད་དམ་ཞེ་ན། ང་ཚོས་ང་ཟེར་མཁན་དེ་ཡོད་ན་ཕུང་པོ་ལྔའི་སྟེང་དུ་ཡོད་པའི་བསམ་བློ་ཞིག་འཁོར་གྱི་ཡོད། ང་ཟེར་བ་དེ་ཕུང་པོ་ལྔ་དང་གཅིག་པ་བྱས་ནས་འདུག་གམ། ཡང་ན་ཕུང་པོ་ལྔ་དང་ལོགས་བཀར་བྱས་ནས་འདུག་གམ་དེ་རིགས་པ་གཏོང་དགོས། ཕུང་པོ་ལྔ་དང་གཅིག་པ་བྱས་ནས་ཡོད་པ་ཡིན་ན་གོང་དུ་བཤད་པའི་རང་བཞིན་གྱིས་གྲུབ་པའི་གཅིག་ཡིན་པ་ཟེར་བའི་རིགས་པ་དེ་འགོག་བྱེད་ཀྱི་རིགས་པ་དེ་བཤད་ནས་འགོག་དགོས། ཕུང་པོ་ལྔ་དང་ལོགས་སུ་ཡོད་ན། ཕུང་པོ་ལྔ་ཕར་བཞག་ནས་ང་ཟེར་བ་ཞིག་ཟུར་དུ་ངོས་འཛིན་རྒྱུ་ཞིག་ཡོད་དགོས། དེ་ཡང་གོང་དུ་ང་ཚོས་རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་པའི་བསམ་པ་འགོག་བྱེད་ཀྱི་རིགས་པ་དེ་ཤོད་རྒྱུ་ཡིན། གཅིག་ཡིན་པ་འགོག་པ་དང་རང་བཞིན་གྱིས་གྲུབ་པའི་ཐ་དད་ཡིན་པ་འགོག་པའི་རིགས་པ་དེ་གཉིས་བསྡོམས་པའི་རིགས་པ་དེ་ལ་གཅིག་དུ་བྲལ་ཞེས་བརྗོད་པ་ཡིན།

ཡོད་མེད་སྐྱེ་འགོག་ཞེས་པ་ནི། རྒྱུ་ཡོད་པ་ལས་སྐྱེས་པ་ཡིན་ནམ་ཡང་ན་རྒྱུ་མེད་པ་ལས་སྐྱེས་པ་ཡིན། རྒྱུ་ཡོད་པ་ལས་སྐྱེས་པ་ཡིན་ན་རྒྱུ་གང་འདྲ་ཞིག་ལ་བརྟེན་ནས་སྐྱེས་པ་ཡིན་ནམ། རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེས་པ་ཡིན་ནམ། རང་དང་ངོ་བོ་ཐ་དད་ཀྱི་རྒྱུ་ལས་སྐྱེས་པ་ཡིན་ཞེས་ཕར་བཀག་པའམ་རྒྱུ་མེད་པ་ལས་སྐྱེས་པ་ཡིན་ན་མི་འགྲིག་ཅེས་ཕར་བཀག་པ་དེ་ཡོད་པ་ལས་སྐྱེ་བ་དང་མེད་པ་ལས་སྐྱེ་བ་བཀག་པ་ཡིན་པས་ཡོད་མེད་སྐྱེ་འགོག་ཟེར། གོང་དུ་ང་ཚོས་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་ཀྱི་དང་པོ་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་ཚུལ་དེ་དབུ་མ་རང་རྒྱུད་པ་ལས་གཏིང་ཟབ་པ་ཡོད་ལུགས་སྐོར་ཞུས་པ་ཡིན།

དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཉིས་པ། རང་རིག་འགོག་ཚུལ་ཐུན་མོང་མ་ཡིན་པའི་སྐོར། དབུ་མ་ཐལ་འགྱུར་བས་རང་རིག་ཁས་མི་ལེན་པ་སྟེ། རང་གི་སེམས་རང་གིས་ཤེས་རྟོགས་ཐུབ་ཟེར་བ་རྩ་བ་ནས་ཡོང་མི་ཤེས་པར་འདོད་པ་ཡིན། དེ་ནི་རྟ་ཡིས་རྟ་ལ་ཞོན་པ་ལྟ་བུ་ཡོང་མི་སྲིད་ཅིང༌། མི་ཡིས་ཕར་རྟ་ལ་ཞོན་དགོས་པ་ལས་རྟ་ཡིས་རྟ་ལ་ཞོན་ཟེར་བ་ཞིག་མེད་དེ་ཞོན་མཁན་རྟ་དང་བཞོན་སའི་ཡུལ་ཡང་རྟ་ཞིག་ཡོང་མི་སྲིད་པ་བཞིན་ཤེས་རྟོགས་བྱ་ཡུལ་དང་ཤེས་རྟོགས་བྱེད་མཁན་གཉིས་ཀ་གཅིག་ཡིན་པ་རྩ་བ་ནས་ཡོང་མི་ཤེས་ཤིང༌། ཡུལ་དང་ཡུལ་ཅན་གཉིས་ཀ་གཅིག་ཡིན་པ་དེ་རྩ་བ་ནས་ཡོང་མི་ཤེས་པ་ཡིན། དེར་བརྟེན་སེམས་ཙམ་པས་རང་རིག་ཡོད་པའི་རྒྱུ་མཚན་དེ་ལ་གང་བཀོད་ཡོད་དམ་ཞེ་ན། སྔོན་མ་རང་གི་སེམས་ལ་དྲན་པའམ་སྔོན་མ་རང་རིག་མྱོང་བ་དེ་དེང་སང་དྲན་རྒྱུ་ཡོད་པས་ད་ལྟའི་རང་གི་སེམས་ལ་དྲན་པ་དེ་སྔོན་མའི་རང་གི་སེམས་དེ་ཤེས་པ་ཡིན་པས་དེས་ན་རང་རིག་ཅེས་བརྗོད་པ་ཡིན། འོན་ཀྱང་ཐལ་འགྱུར་བས་དེ་དྲན་པ་ཡིན་པ་ལས་རང་རིག་མིན་པར་འདོད་དེ། དཔེར་ན། སྔོན་མ་རང་ཉིད་གཤག་བཅོས་ཤིག་བྱས་ཡོད་ན་སྐབས་དེར་གཤག་བཅོས་བྱེད་དུས་ན་ཚ་བཏང་བ་དེ་ད་ལྟ་རང་ཉིད་གཟུགས་པོ་བདེ་པོ་ཆགས་ནས་བསམ་བློ་གཏོང་སྐབས་སྔོན་མ་གཤག་བཅོས་བྱེད་དུས་ན་ཚ་དེ་འདྲ་བཏང་བྱུང་བསམ་པའི་སོ་སོའི་ཚོར་བ་དེ་ད་ལྟ་དྲན་རྒྱུ་ཡོད་ནའང་དེ་ཇི་ལྟར་དྲན་པ་ཡིན་ནམ་ཞེ་ན། སྔོན་མའི་ཚོར་བ་དེ་འདྲ་པོ་ཞིག་གམ་དེ་དང་འདྲ་བའི་རྣམ་པ་ཞིག་དྲན་པ་ཡིན་སྟབས་དེ་དྲན་པ་ལས་རིག་པ་མིན། དེ་ཡང་ཕྱི་རོལ་གྱི་ཡུལ་དེའང་རང་གི་སེམས་ཡིན་པ་དང་དེ་ཤེས་རྟོགས་ཐུབ་མཁན་དེའང་རང་གི་སེམས་ཡིན་པ་དེ་འདྲ་མ་ཡིན་པར། སྔོན་མ་གཤག་བཅོས་བྱེད་སྐབས་ཀྱི་ཚོར་བ་ངོ་མ་ཞིག་ཡོད་པ་དེ་སོང་ཟིན་ཞིང༌། ད་ལྟ་དེ་འདྲ་པོ་ཞིག་རང་གི་སེམས་ལ་འཆར་ཏེ་དྲན་ཡོང་བ་ལས་རང་གི་སེམས་རང་གི་རིག་པ་མིན།

དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསུམ་པ། རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པ། རང་རྒྱུད་ཀྱི་གཏན་ཚིགས་ཁས་མི་ལེན་པ་ཟེར་བ་ནི། དབུ་མ་རང་རྒྱུད་པས་སྔ་རྒོལ་དང་ཕྱི་རྒོལ་གཉིས་ཕན་ཚུན་མ་མཐུན་པའི་རྩོད་པ་བྱུང་བའི་སྐབས་སུ་ཕར་ངོས་ལ་རྒྱུ་མཚན་ཤོད་སྐབས་ཕན་ཚུན་གཉིས་ཐུན་མོང་དུ་ཁས་ལེན་པའི་ལྟ་ཚུལ་གཅིག་ལ་གཞི་བཞག ཐུན་མོང་དུ་ཁས་ལེན་པའི་དཔེ་ཞིག་བཞག་སྟེ་དེ་རྒྱུ་མཚན་ལ་བཀོད་ནས་ཕར་ངོས་ནས་དོན་གནད་དེའི་ཐོག་ལ་གོ་བ་སྐྱེ་ཐུབ་པ་ཞིག་ཡོང་བ་བྱེད་དགོས་པ་དང༌། བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་དགོས་ཟེར། དབུ་མ་ཐལ་འགྱུར་བས་དེ་འདྲ་དགོས་པ་མེད་པར་ཕར་ངོས་རང་ནས་ཁས་ལེན་པའི་རྒྱུ་མཚན་ཞིག་དཔེ་ལ་བཞག་ནས་དེ་རྒྱུ་མཚན་ལ་བཀོད་ན་འགྲིག་པས་ན་དེ་མིན་ཕན་ཚུན་གཉིས་ཀས་ཐུན་མོང་ལ་ཁས་ལེན་པའི་རྒྱུ་མཚན་ཞིག་ལ་གཞིར་བཞག་ནས་དེ་རྒྱུ་མཚན་ལ་བཀོད་ནས་གྲུབ་དགོས་པ་མེད། གང་ལགས་ཤེ་ན། དེ་འདྲ་ཡོང་མི་སྲིད་དེ། དཔེར་ན། ཕར་ངོས་ཀྱི་ལྟ་ཚུལ་ནི་གཞན་ཞིག་ཡིན་པ་དང་རང་གི་ལྟ་ཚུལ་ཡང་གཞན་ཞིག་ཡིན་པས་ཕན་ཚུན་གཉིས་ཐུན་མོང་གི་ལྟ་ཚུལ་ཞིག་རྒྱུ་མཚན་དུ་བཀོད་དེ་སྒྲུབ་དགོས་པ་མེད་ཟེར། ཕར་ངོས་ནས་ཁས་ལེན་པའི་རྒྱུ་མཚན་ཞིག་དང་དཔེ་ཞིག་བཞག་ནས་དེ་རྒྱུ་མཚན་དུ་བཀོད་དེ་ཕར་ངོས་ནས་དོན་གནད་དེ་ལ་གོ་བ་སྐྱེས་ན་དེས་འགྲིག་པ་ཡིན་ཟེར། དེ་ཙམ་མ་ཟད་ཕར་ངོས་ཀྱི་ཁས་ལེན་དེ་ལ་ཁྱེད་རང་གིས་ཁས་ལེན་དེ་འདྲ་བྱས་ན་དེ་ལ་སྐྱོན་དེ་འདྲ་ཡོད་ཅེས་གནོད་སྐྱོན་ཡོད་པ་དེར་གནོད་སྐྱོན་ཡོད་པའི་རྒྱུ་མཚན་དེ་རྣམས་བཤད་ན་འགྲིག་གི་རེད་ཟེར། དེར་བརྟེན་དེ་ལ་གཞན་ལ་གྲགས་པའི་གཏན་ཚིགས་ཞེས་བརྗོད།

དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བཞི་པ། ཕྱི་རོལ་གྱི་དོན་ཁས་ལེན་པའི་ཁྱད་ཆོས་སྐོར། ཕྱི་རོལ་གྱི་དོན་ཁས་ལེན་པའི་ཁྱད་ཆོས་ཟེར་བ་ནི། ཕྱི་དོན་གྱི་དོན་མེད་པའི་རང་རིག་ཟེར་བ་དེ་དབུ་མ་ཐལ་འགྱུར་བས་ཁས་ལེན་གྱི་མེད། ཐལ་འགྱུར་བས་ཕྱི་རོལ་གྱི་དོན་ཞེས་པ་ཡོད་པར་འདོད་ཅིང༌། ཕྱི་རོལ་གྱི་དོན་ཟེར་བ་དེ་མེད་ན་མི་འགྲིག་ཟེར། དཔེར་ན། སེམས་ཙམ་པས་རྡུལ་ཕྲན་ཆ་མེད་ཟེར་བ་དེ་མེད་པར་འདོད་པ་སྟེ། རྡུལ་ཕྲན་ཆུང་ཆུང་གང་འདྲ་ཞིག་ཡིན་ནའང་ཁོ་ལ་ཆ་ཤས་དང་ལྡན་པ་ཞིག་ཡིན་ཟེར། རྡུལ་ཕྲན་ཆ་མེད་ཟེར་བ་དེ་མེད་པས་ན་ཕྱི་རོལ་གྱི་དོན་ཟེར་བ་དེ་ཡོང་མི་སྲིད་ཅིང༌། རྡུལ་ཕྲན་ཆུང་ཤོས་ཤིག་ཡིན་ནའང་ཤར་ལྷོ་ནུབ་བྱང་སོགས་ཕྱོགས་ཀྱི་ཆ་ཟེར་བ་དེ་ཡོད་དགོས་པས་ཆ་རྩ་བ་ནས་མེད་པ་ཟེར་བ་ཡོང་མི་སྲིད། འོན་ཀྱང་དེ་མེད་པ་ཙམ་གྱིས་ཕྱི་རོལ་གྱི་དོན་ཟེར་བ་མེད་དགོས། ཕྱི་རོལ་གྱི་དོན་ཟེར་བ་དེ་གཙོ་བོ་གང་འདྲ་ཞིག་ལ་ཟེར་རམ་ཞེ་ན། ང་རང་ཚོའི་དབང་པོ་ལྔའི་ཤེས་པ་ཡོད་པ་དེ་ཚང་མ་འཁྲུལ་ཤེས་ཡིན་པར་སེམས་ཙམ་པས་ཁས་ལེན་གྱི་ཡོད། དེ་འཁྲུལ་ཤེས་ཡིན་སྟབས་དོན་དངོས་ཇི་མ་ཇི་བཞིན་ཤེས་རྟོགས་མི་ཐུབ་པ་ཡིན་ཟེར། དབུ་མ་ཐལ་འགྱུར་བས་མ་གཞི་དབང་པོ་ལྔའི་ཤེས་པ་དེ་འཁྲུལ་བའི་ཤེས་པ་ཡིན་ཏེ། དེས་དོན་དངོས་ཀྱི་དོན་དམ་མཐར་ཐུག་དེ་རང་གིས་ཤེས་རྟོགས་བྱེད་ཐུབ་ཀྱི་མེད། ཡིན་ནའང་ཕྱིའི་སྣང་ཚུལ་རྫུན་མ་ཙམ་ཞིག་ཡོད་པ་དེའི་སྣང་ཚུལ་དངོས་དེ་ཤེས་ཐུབ་ཀྱི་ཡོད། ཕྱིའི་སྣང་ཚུལ་གྱི་གནས་ཚུལ་ངོ་མ་ཞིག་ཡོད་པ་དེ་མངོན་ཤེས་འཁྲུལ་པ་ཡིན་ནའང་ཤེས་རྟོགས་བྱེད་ཐུབ་ཅེས་ཟེར། དེའི་དོན་དམ་མཐར་ཐུག་གི་ངོ་བོ་ངོ་མ་དེ་དབང་ཤེས་ཀྱིས་ཤེས་རྟོགས་བྱེད་མི་ཐུབ། འོན་ཀྱང་དབང་པོའི་ཤེས་པས་ཕྱི་རོལ་ཡུལ་ཁོ་རང་གི་ཕྱི་རོལ་ཡུལ་གྱི་ཕྱིའི་སྣང་ཚུལ་གྱི་དོན་ཟེར་བ་དེ་ཡོད་ཟེར། ཕྱི་རོལ་གྱི་དོན་ཡོད་པའི་རྒྱུ་མཚན་ནི་དཔེར་ན་རྨི་ལམ་གཏོང་བ་དང༌། དེ་བཞིན་མིག་ཐང་པོ་མེད་ནའང་གནམ་ནས་སྤུ་བབས་ཡོང་བ་མཐོང་རྒྱུ་ཡོད་པ་དེ་ཚོ་མ་གཞི་འཁྲུལ་པ་ཡིན་ནའང་འཁྲུལ་པ་དེའི་སྣང་ཚུལ་རྫུན་མ་དེ་ཁོ་རང་གིས་ཤེས་རྟོགས་བྱས་པ་ཞིག་རེད། དོན་དངོས་ཐོག་ཏུ་རྨི་ལམ་ནང་དུ་མི་མེད་ལ་གནམ་གྱི་དགུང་དུ་སྐྲ་དང་སྤུ་སོགས་ཀྱང་མེད། འོན་ཀྱང་དེ་ཡོད་པ་ལྟ་བུའི་འཆར་སྣང་དེ་འདྲ་ཞིག་ཡོང་རྒྱུ་ཡོད། འཆར་སྣང་དེ་འདྲ་ཡོང་སའི་བསམ་བློ་དེའང་རྫུན་མ་ཞིག་དང་འཁྲུལ་པ་ཞིག་ཡིན་པས་ཕྱི་རོལ་གྱི་དོན་ཟེར་བ་དེ་ཡོད་པ་ལ་སྐྱོན་མེད་ཟེར།

དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྔ་པ། ཉན་ཐོས། དགྲ་བཅོམ་པ། རང་རྒྱལ་དགྲ་བཅོམ་པ་གཉིས་ཀྱིས་ཆོས་ཀྱི་བདག་མེད་མ་རྟོགས་ན་ཉོན་མོངས་ཀྱི་རྩ་བ་དེ་གཅོད་མི་ཐུབ། ཉོན་མོངས་ཀྱི་རྩ་བ་དེ་གཅོད་མ་ཐུབ་ན་འཁོར་བ་ནས་ཐར་མི་ཐུབ། འཁོར་བ་ནས་ཐར་བ་བྱེད་དགོས་ན་གང་ཟག་གི་བདག་མེད་དང་ཆོས་ཀྱི་བདག་མེད་གཉིས་ཀ་རྟོགས་དགོས་པ་ལས་གང་ཟག་གི་བདག་མེད་གཅིག་པུ་རྟོགས་པ་ཙམ་གྱིས་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་རྩ་བ་ནས་སྤོང་ཐུབ་པ་ཞིག་ཡོང་ཐབས་མེད། དེར་བརྟེན་ཕྱི་རོལ་ཡུལ་དང་ཕྱི་རོལ་ཡུལ་གྱི་དངོས་པོ་ཚང་མ་རང་བཞིན་གྱིས་གྲུབ་པ་མིན་པར་རྟོག་པས་བཏགས་ཙམ་ཡིན་པ་དེ་འདྲ་ཞིག་ཤེས་རྟོགས་བྱས་མེད་ན་ཕྱི་རོལ་ཡུལ་དེ་རང་བཞིན་གྱིས་གྲུབ་པ་རེད་བསམ་པའི་བསམ་བློ་ནོར་འཁྲུལ་དེ་རང་གི་སེམས་ལ་གནས་སྡོད་ཀྱི་རེད། དེ་གནས་བསྡད་པ་ཡིན་ན་གང་ཟག་གི་བདག་མེད་ཀྱང་ཆ་ཚང་བ་ཞིག་རྟོགས་མེད་པའི་རྟགས་མཚན་རེད། གང་ཟག་གི་བདག་མེད་ཆ་ཚང་བ་ཞིག་རྟོགས་མེད་ན་འཁོར་བ་ནས་ཐར་བ་ཞིག་ཡོང་མི་ཐུབ། དེར་བརྟེན་ཉན་ཐོས་དང༌། རང་རྒྱལ། དགྲ་བཅོམ་པ་བཅས་ལ་ཆོས་ཀྱི་བདག་འཛིན་སྤངས་ནས་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་ཟེར།

དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དྲུག་པ། ཆོས་ཀྱི་བདག་འཛིན་ཟེར་བ་དེ་ཉོན་མོངས་ཡིན་པར་འདོད་དེ། གང་ལགས་ཤེ་ན། གང་ཟག་གི་བདག་མེད་ཆ་ཚང་བ་ཡག་པོ་ཞིག་རྟོགས་དགོས་ན་ཆོས་ཀྱི་བདག་མེད་རྟོགས་དགོས། ཆོས་ཀྱི་བདག་མེད་མ་རྟོགས་ན་གང་ཟག་གི་བདག་མེད་ཆ་ཚང་བ་ཞིག་རྟོགས་མི་ཐུབ། དེའི་རྒྱུ་མཚན་ནི། གང་ཟག་ཡིན་ནའང་འདྲ། ཆོས་ཡིན་ནའང་འདྲ། དེ་རང་བཞིན་གྱིས་གྲུབ་པ་རེད་བསམ་པའི་བསམ་བློ་དེ་ཡོད་ན་རང་གི་སེམས་རྒྱུད་ཀྱི་ཉོན་མོངས་དེ་མེད་པ་བཟོ་ཐུབ་མེད། ཕྱི་རོལ་གྱི་ཡུལ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པ་རེད་བསམ་པའི་བསམ་བློ་ཡོད་ཕྱིན་འདོད་ཆགས་དང༌། ཞེ་སྡང༌། གཏི་མུག་སོགས་ཚང་མ་མེད་པ་བཟོ་མི་ཐུབ། འདོད་ཆགས་སྐྱེ་སའི་ཡུལ་དང༌། ཞེ་སྡང་སྐྱེ་སའི་ཡུལ། གཏི་མུག་སྐྱེ་སའི་ཡུལ་དེ་ཚོ་ཚང་མ་ཕྱི་རོལ་གྱི་ཡུལ་ངོས་ནས་གྲུབ་པའི་བསམ་པའམ་འཆར་སྣང་ཡོད་ཕྱིན་ཆད་ལ། རང་གི་སེམས་རྒྱུད་ལ་ཉོན་མོངས་མེད་པ་ཞིག་རྩ་བ་ནས་ཡོང་མི་ཐུབ་པས་ཕྱི་རོལ་གྱི་ཡུལ་དེ་རང་བཞིན་གྱིས་གྲུབ་པ་རེད་སྙམ་པའི་བསམ་བློ་དེ་ཉོན་མོངས་ཡིན་པ་དེ་དེ་ནས་གཏན་འཁེལ་བ་རེད། དེར་བརྟེན་ཉོན་མོངས་སྐྱེ་སའི་རྩ་བ་དེ་ཆོས་ཀྱི་བདག་འཛིན་དང་གང་ཟག་གི་བདག་འཛིན་ལ་ཐུག་ཡོད་སྟབས་འཁོར་བ་ནས་ཐར་བ་དང་ཉོན་མོངས་སྤོང་དགོས་ན་ངེས་པར་དུ་ཆོས་ཀྱི་བདག་འཛིན་སྤོང་དགོས་པ་དང་ཆོས་ཀྱི་བདག་མེད་རྟོགས་དགོས་པ་ཡིན་པས་ཆོས་ཀྱི་བདག་འཛིན་ཉོན་མོངས་ཡིན་པའི་རྒྱུ་མཚན་དེ་འདྲ་ཡིན་ཟེར།

དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བདུན་པ། ཞིག་པ་དངོས་པོ་ཡིན་པར་འདོད་པའི་སྐོར། ཞིག་པ་ཟེར་ནི་དངོས་པོ་ཐོག་མར་ཡོད་པ་དེ་རྗེས་སུ་མེད་པར་གྱུར་ནས་ཞིག་འགྲོ་བ་དེ་ལ་ཟེར་བར་བརྟེན་ཞིག་པ་དེ་དངོས་པོ་ཡིན་ཟེར། ཞིག་པ་དེ་དངོས་པོ་ཡིན་ཟེར་བའི་རྒྱུ་མཚན་ནི། དབུ་མ་རང་རྒྱུད་པ་མན་ཆད་ཀྱིས་ཞིག་པ་དེ་དངོས་པོ་མིན་པར་འདོད། འོན་ཀྱང་དབུ་མ་ཐལ་འགྱུར་བས་ཞིག་པ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་ཞིང༌། རྒྱུ་དང་རྐྱེན་མ་འཛོམས་ན་དེ་ཞིག་མི་སྲིད་ཅིང༌། དེ་དང་པོ་ཆགས་པ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་ཆགས་པ་དང༌། བར་དུ་གནས་པ་དེའང་རྒྱུ་དང་རྐྱེན་ལ་བརྟེན་ནས་གནས་པ། ཐ་མ་འཇིག་པ་དེ་ཡང་རྒྱུ་དང་རྐྱེན་ལ་བརྟེན་ནས་འཇིག་པ་ཡིན་པས། དང་པོ་ཆགས་པ་དང༌། བར་དུ་གནས་པ། མཐའ་མ་འཇིག་པ་ཚང་མ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན། དེར་བརྟེན་སྐྱེས་པ་དངོས་པོ་ཡིན་པ་མ་ཟད། གནས་པ་དངོས་པོ་ཡིན་ལ། ཞིག་པ་ཡང་དངོས་པོ་ཡིན། སྐྱེས་པ་དང་གནས་པ་གཉིས་པོ་དངོས་པོ་ཡིན་པ་དེ་དབུ་མ་རང་རྒྱུད་པ་སོགས་ཚང་མས་ཁས་ལེན་གྱི་ཡོད། འོན་ཀྱང་ཞིག་པ་དངོས་པོ་ཡིན་པ་ཁས་ལེན་མཁན་དབུ་མ་ཐལ་འགྱུར་བ་མ་གཏོགས་མེད། གང་ཞེ་ན། ཞིག་པ་དེའང་དེ་འཇིག་དགོས་པའི་རྒྱུ་རྐྱེན་འཛོམས་ཚེ་འཇིག་འགྲོ་བ་ཡིན། དེར་བརྟེན་དངོས་པོ་གཅིག་ལ་ཆ་བཞག་ན་རྒྱུ་རྐྱེན་གསུམ་ཡོད་དེ་དངོས་པོ་དེ་གནས་པའི་རྒྱུ་རྐྱེན་གཅིག་དང༌། དངོས་པོ་དེ་སྐྱེ་བའི་རྒྱུ་རྐྱེན་གཅིག དངོས་པོ་དེ་འཇིག་པའི་རྒྱུ་རྐྱེན་གཅིག་བཅས་ཡིན། དཔེར་ན་མི་ཤི་བ་དེ་ཡང་དངོས་པོ་རེད། མི་ཤི་བ་དེ་གང་འདྲ་བྱས་ཏེ་ཤི་བ་ཡིན་ནམ་ཞེ་ན། དེ་ནི་ཤི་རྒྱུའི་རྒྱུ་དང་རྐྱེན་འཛོམས་ནས་ཤི་བ་ལས་རྒྱུ་མེད་པ་དང་རྐྱེན་མེད་པར་ཤི་བ་མིན་སྟབས་དེ་དངོས་པོ་ཡིན་ཟེར། དེ་བཞིན་དངོས་པོ་གང་དང་གང་ཡིན་ནའང་དེ་ཞིག་པ་དེ་དངོས་པོ་ཡིན་ཟེར། འདིར་ནང་གསེས་ཞིབ་ཕྲ་ཕྱེ་ན་མང་པོ་ཡོད་ཀྱང་སྟབས་བདེ་ཙམ་ཞིག་ཞུས་ན་དེ་ལྟར་ཡིན། གོང་གི་དོན་དག་རྡོག་རྡོག་དེ་དག་ཤེས་པ་བྱེད་དགོས། མི་ཤི་ཚར་ན་མེད་པར་གྱུར་ཟིན་རུང་མི་ཤི་བ་དེ་དངོས་པོ་ཡིན་ཏེ་ཤི་བའི་རྒྱུ་རྐྱེན་འཛོམས་པ་ལ་བརྟེན་ནས་ཤི་བའི་འབྲས་བུ་དེ་བྱུང་བ་རེད། དེ་ང་རང་ཚོ་མར་ཁེ་སི་རིང་ལུགས་པས་ཀྱང་ཁས་ལེན་གྱི་ཡོད། དེ་ཡང་གསར་པ་ཡོང་བ་དང་ཆབས་ཅིག་རྙིང་པ་མེད་པར་འགྲོ་བ་ལས་རྙིང་པ་དེ་མེད་པ་མ་ཆགས་ན་གསར་པ་དེ་ཡོང་ཐབས་མེད་ཅིང༌། རྗེས་སུ་རྩ་བ་ནས་མེད་པ་ཆགས་རྒྱུའི་རྒྱུ་རྐྱེན་ཞིག་འཛོམས་པས་ན་དེ་རྩ་མེད་དུ་ཕྱིན་པ་རེད། དེར་བརྟེན་དངོས་པོ་གང་འདྲ་ཞིག་ཡིན་ནའང་རྙིང་པ་མེད་པར་འགྱུར་བཞིན་དུ་གསར་པ་ཡོང་བ་ལ་བརྟེན་ནས་རྒྱུན་མཐུད་དེ་གནས་པ་ཞིག་ཡིན། གསར་པ་དེ་མ་ཡོང་ན་མཚམས་ཆད་པ་རེད། དཔེར་ན་ཁྱེད་རང་གིས་ཉི་མ་གཅིག་ལ་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་གཏོང་གི་ཡོད། ཁ་སང་གི་དབུགས་དེ་ཁ་སང་སྔོན་མ་ཕྱིན་ཚར་བ་རེད། དེ་རིང་ཁྱེད་ཀྱིས་གཏོང་བའི་དབུགས་དེ་གསར་པ་ཡིན་པ་མ་གཏོགས་ཁ་སང་གི་དབུགས་དེ་མིན་ལ། ད་ལྟ་གཏོང་བའི་དབུགས་དེ་ད་གིན་གྱི་དབུགས་དེ་མིན་པར་དེ་ཡང་དབུགས་གསར་པ་ཡིན་པས་དབུགས་རྙིང་པ་བཏང་བ་དང་གསར་པ་ཡོང་བ་ལ་བརྟེན་ནས་ཁྱེད་རང་སྐུ་ཚེ་རིང་པོ་བཞུགས་པ་རེད། རྙིང་པ་ཕར་བཏང༌། གསར་པ་ཚུར་མ་ཡོང་ན་ཉི་མ་དེ་རིང་ནས་ཁྱེད་ཉིད་འཇིག་རྟེན་འདི་ན་དགོངས་པ་ཞུས་ཟིན་པ་ཡིན། དེས་ན་རྙིང་པ་དབྱུགས་ནས་གསར་པ་ཡོང་བའི་རྒྱུན་དེ་མཐུད་མ་ཐུབ་པའི་མཚམས་དེར་སླེབས་མ་ཐག་དངོས་པོ་དེ་མེད་པ་ཆགས་འགྲོ་བ་ཡིན། གཅིག་ན་རྙིང་པ་འཇིག་པ་དེ་གསར་པ་ཆགས་པའི་རྒྱུ་ཡིན་པ་དང༌། གཉིས་ནས་རྙིང་པ་འཇིག་པ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་ལ་རྙིང་པ་འཇིག་པ་དེ་གསར་པ་ཆགས་པའི་རྒྱུ་རྐྱེན་ཡང་ཡིན། ཡིན་ནའང་རྙིང་པ་འཇིག་ནས་གསར་པ་མ་ཆགས་ན་རྙིང་པ་དེའི་རྒྱུན་ཆད་པ་རེད།

དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་པ། དུས་གསུམ་གྱི་རྣམ་གཞག་འཇོག་སྟངས་ཐུན་མོང་མ་ཡིན་པའི་སྐོར། དུས་གསུམ་གྱི་རྣམ་གཞག་སྟེ་འདས། མ་འོངས། ད་ལྟ་དུས་གསུམ་ཚང་མས་ཁས་ལེན་གྱི་ཡོད། མུ་སྟེགས་པས་ཁས་ལེན་གྱི་ཡོད་ལ་ནང་པ་སངས་རྒྱས་པའི་གྲུབ་མཐའ་ཚང་མས་དུས་གསུམ་ཁས་ལེན་གྱི་ཡོད། འོན་ཀྱང་སོ་སོའི་འཇོག་སྟངས་མི་འདྲ་བ་ཡོད། དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་དུས་གསུམ་འཇོག་སྟངས་ནི། དཔེར་ན་སོན་ཞིག་ལ་ཆ་བཞག་ན་སོན་དེ་མྱུ་གུ་ཡར་སྐྱེས་མ་ཐག་པའི་སྐད་ཅིག་དང་པོ་དེ་ལ་མྱུ་གུ་དེ་ཡར་སྐྱེས་པ་ཡིན། དེ་ནས་སྐད་ཅིག་གཉིས་པ་དེ་ལ་རྙིང་པ་དེ་དབྱུགས་ནས་གསར་པ་བྱུང་བ་རེད། དེར་བརྟེན་སྐད་ཅིག་གཉིས་པའི་སྐབས་སུ་སྔོན་མའི་སྐད་ཅིག་དང་པོ་དེ་མེད་པ་ཆགས་ཟིན་པ་རེད། དེ་བཞིན་སྐད་ཅིག་གསུམ་པའི་སྐབས་སུ་སྐད་ཅིག་གཉིས་པའི་རྙིང་པ་དེ་དབྱུགས་ནས་གསར་པ་ཡོང་བ་རེད། དེར་བརྟེན་རྙིང་པ་འཇིག་པ་དེ་འདས་པ་དང་གསར་པ་ཆགས་པ་དེ་ད་ལྟ་བ་ཡིན། མ་འོངས་པ་དེ་དངོས་པོ་དེ་ཡོང་རྒྱུའི་གྲ་སྒྲིག་གི་དུས་སྐབས་ཤིག་ཡིན་ཏེ་ཡོང་རྒྱུའི་རྒྱུ་རྐྱེན་འཛོམས་པར་བརྟེན་མ་འོངས་པ་ནི་དངོས་པོ་དེ་ཡོང་རྒྱུའི་རྒྱུ་རྐྱེན་དེ་འཛོམས་ནས་ད་ལྟ་མ་སྐྱེས་ཀྱི་བར་མཚམས་དེ་ཡིན། དེ་ནི་དེའི་རྒྱུའི་དུས་སྐབས་ཡིན་པ་ལས་འབྲས་བུའི་དུས་སྐབས་མིན། རྒྱུའི་དུས་སྐབས་དེ་འགགས་མ་ཐག་འབྲས་བུའི་དུས་སུ་སླེབས་ཡོང་བ་ཡིན། རྒྱུ་དེ་མ་འགག་བར་དུ་འབྲས་བུ་དེ་གྲུབ་མི་ཐུབ་པར་བརྟེན་དབུ་མ་ཐལ་འགྱུར་བས་བཤད་ན་མ་འོངས་པ་ཡང་དངོས་པོ་ཡིན། ད་ལྟ་བ་ཡང་དངོས་པོ་ཡིན། འདས་པ་ཡང་དངོས་པོ་ཡིན་ཟེར། དབུ་མ་རང་རྒྱུད་པ་མན་ཆད་ཀྱི་འདས་པ་དང་མ་འོངས་པ་གཉིས་དངོས་པོ་མིན་པར་ད་ལྟ་བ་གཅིག་པུ་དངོས་པོ་ཡིན་པར་འདོད། དབུ་མ་ཐལ་འགྱུར་བས་འདས་ད་ལྟ་མ་འོངས་གསུམ་ཀ་དངོས་པོ་ཡིན་པར་མ་ཟད་དེ་གསུམ་པོ་ཚང་མར་རྒྱུ་ཡོད་པར་འདོད། འདས་པ་ལ་རྒྱུ་ཡོད་ལ། ད་ལྟ་བ་ལའང་རྒྱུ་ཡོད། མ་འོངས་པ་ལ་ཡང་རྒྱུ་ཡོད། མདོར་ན་འདས་མ་འོངས་ད་ལྟ་ཚང་མ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པ་དང་རྟེན་འབྲེལ་ཡིན་ཟེར། དེ་ནི་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་རེད།

གོང་གསལ་དེ་རྣམས་ནི་དབུ་མ་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་བརྒྱད་པོ་སོ་སོའི་ནང་དོན་སྙིང་པོ་དེ་རྣམས་རེད། དེར་བརྟེན་དབུ་མ་ཐལ་འགྱུར་བའི་ལྟ་བ་དེ་ཧ་ཅང་གོ་ཁག་པོ་ཡོད། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡིས་ང་ཚོ་རྒྱ་གར་ལ་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་མི་བརྒྱ་རེའི་ནང་སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཤེས་མཁན་དེ་མི་གཅིག་ལས་མེད་པ་དང༌། རིགས་པའི་གཞུང་ལུགས་ཤེས་མཁན་མི་བརྒྱ་ཐམ་པའི་ནང་བྱེ་བྲག་སྨྲ་བ་གཅིག་ལས་མེད། བྱེ་བྲག་སྨྲ་བ་བརྒྱ་ཐམ་པའི་ནང་དུ་མདོ་སྡེ་པ་གཅིག་ལས་མེད། མདོ་སྡེ་པའི་རིགས་པའི་གཞུང་ལུགས་ཤེས་མཁན་བརྒྱའི་ནང་དུ་སེམས་ཙམ་པའི་རིགས་པའི་གཞུང་ལུགས་ཤེས་མཁན་གཅིག་ལས་མེད། སེམས་ཙམ་པའི་རིགས་པའི་གཞུང་ལུགས་ཤེས་མཁན་བརྒྱའི་ནང་དུ་དབུ་མ་རང་རྒྱུད་པའི་ལྟ་བ་ཤེས་མཁན་གཅིག་ལས་མེད། དབུ་མ་རང་རྒྱུད་པའི་རིགས་པའི་གཞུང་ལུགས་ཤེས་མཁན་བརྒྱའི་ནང་དུ་དབུ་མ་ཐལ་འགྱུར་བའི་རིགས་པའི་གཞུང་ལུགས་ཤེས་མཁན་གཅིག་ལས་མེད་ཅེས་གསུངས་ཡོད། དེར་བརྟེན་གང་ལྟར་དབུ་མ་ཐལ་འགྱུར་བའི་ལྟ་བ་གོ་ཐུབ་མཁན་ཧ་ཅང་ཉུང་ཉུང་ཡིན་པ་རེད། གོང་དུ་སངསང་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་མི་བརྒྱ་ཐམ་པའི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཤེས་མཁན་མི་གཅིག་ལས་མེད་ཅེས་དང༌། དེ་ནས་རིམ་པས་ཡར་འདེད་ནས་དབུ་མའི་ལྟ་བ་ཤེས་མཁན་གྱི་ནང་དུ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཤེས་མཁན་གཅིག་མ་གཏོགས་མེད་ཅེས་གསུངས་པ་དེ་ལ་གནད་འགག་ཆེན་པོ་ཡོད། དཔེར་ན། ལྷ་ས་ལ་ཆ་བཞག་ན་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་མང་པོ་ཡོད་ཀྱང་དེ་ཚོའི་ནང་དོན་དངོས་ཐོག་སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཤེས་མཁན་གཅིག་ཀྱང་ཡོད་དང་མེད་དེ་བཤད་ཁག་པོ་རེད། དེ་བཞིན་དགོན་པའི་ནང་དུ་གྲྭ་པ་མང་པོ་ཡོད་ཀྱང་དངོས་འབྲེལ་སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཤེས་མཁན་དེ་དགོན་པའི་ནང་དུའང་མི་གཅིག་གཉིས་ལ་ཐུག་ཡོད། མང་ཆེ་བས་སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་རྒྱ་ཆེན་པོ་ཤེས་རྟོགས་ཐུབ་རྒྱུ་ལྟ་ཅི་ཁ་འདོན་བྱེད་སྐབས་རྟག་ཏུ་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་རྟག་ཏུ་ཁ་ནས་འདོན་གྱི་ཡོད་ན་ཡང་སངས་རྒྱས་ཟེར་བ་དེ་གང་ཞིག་སངས་པ་ཡིན་དང་གང་ཞིག་རྒྱས་པ་ཡིན། དགེ་འདུན་ཟེར་བ་དེ་གང་ཞིག་དགེ་ཡིན་དང་གང་ཞིག་འདུན་ཡིན་དེ་ཚོ་ཡང་ཤེས་ཀྱི་མེད། དཔེར་ན་སངས་རྒྱས་ཟེར་དུས་མང་ཆེ་བས་ཕལ་ཆེར་གཙུག་ལག་ཁང་ནང་གི་ཇོ་བོའི་སྐུ་ལྟ་བུ་ཞིག་ལ་གོ་བ་ལེན་པ་ལས་ག་རེ་སངས་པ་ཡིན་དང་ག་རེ་རྒྱས་པ་ཡིན་མིན་མི་ཤེས་པ་དང༌། དེ་བཞིན་དགེ་འདུན་ཟེར་དུས་དགོན་པའི་ནང་གྲྭ་ཆས་དམར་རིལ་རིལ་བཞེས་པ་དེ་འདྲ་ཞིག་ལ་གོ་བ་ལེན་པ་ལས་དགེ་གང་ཡིན་དང་འདུན་གང་ཡིན་ཤེས་ཀྱི་མེད་པ་རེད། དེ་བཞིན་བླ་མ་ཟེར་དུས་སངས་རྒྱས་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་ཧ་ཅང་གཏིང་ཟབ་པོ་ཤེས་མཁན་ཞིག་ཡིན་དགོས་ནའང་དོན་དངོས་ཐོག་དེང་སང་ཡོད་པའི་བླ་མ་མང་པོ་ཞིག་ལ་སངས་རྒྱས་དང༌། ཆོས། དགེ་འདུན་ཟེར་བ་དེ་ཚོ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་དམ་ཞེས་དྲིས་ན་ཡང་དེ་ཚོ་ཆ་ཚང་བཤད་རྒྱུ་ཡོད་པ་ཞིག་ཧ་ཅང་ཉུང་ཉུང་རེད། དེར་བརྟེན་སངས་རྒྱས་ཆོས་ལུགས་ལ་དད་པ་བྱེད་མཁན་ནང་དེའི་རིགས་པའི་གཞུང་ལུགས་ཤེས་མཁན་བརྒྱ་ཆ་གཅིག་ཡིན། ལྷག་པར་དུ་དེང་སང་བརྒྱ་ཆ་གཅིག་དེའང་ཡོད་མེད་ཀྱི་མཚམས་སུ་སླེབས་ཡོད། གོང་དུ་ང་ཚོས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་སྐོར་ཞུས་ཟིན་པ་ཡིན།

 

གསུམ་པ། བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་བཤད་པ།

 

བོད་ཀྱི་སངས་རྒྱས་ཆོས་ལུགས་དེ་ནང་ས་ནས་དར་ཡོད་ལ་རྒྱ་གར་ནས་ཀྱང་དར་ཡོད། དེ་ཡང་ནང་ས་ནས་དར་བ་དེ་མང་བ་ཡོད་དམ་རྒྱ་གར་ནས་དར་བ་དེ་མང་བ་ཡོད། དེའི་ཐད་ང་ཚོས་བཀའ་འགྱུར་པོད་བརྒྱ་ཐམ་པ་དང་བསྟན་འགྱུར་པོད་ཉིས་བརྒྱ་བཅུ་ཡོད་པ་དེའི་ནང་གཟིགས་ན་ཧ་ཅང་གསལ་པོ་ཡོད། མ་གཞི་ནང་ས་ནས་མང་པོ་བསྒྱུར་ཡོད་ནའང་རྒྱ་གར་ནས་བསྒྱུར་བ་དང་བསྡུར་ན་བཅུ་དང་གཅིག་གི་མང་ཉུང་ཤོར་ཡོད། འོ་ན་ཐོག་མར་རྒྱ་གར་ནས་དར་བ་ཡིན་ནམ་ཡང་ན་ནང་ས་ནས་དར་བ་ཡིན་ཞེ་ན། ཐོག་མར་རྒྱ་གར་ནས་དར་བ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་འདྲ་དེ་ཐོག་མར་ག་ནས་བྱུང་བ་ཡིན་ནམ་ཞེ་ན། དེ་ནང་ས་ནས་བྱུང་བ་ཡིན། དེའི་དབྱེ་བ་དེ་གསལ་པོ་ཕྱེ་དགོས། འོན་ཀྱང་སངས་རྒྱས་ཆོས་ལུགས་དར་དང་མ་དར་ཟེར་བ་དེ་སྐུ་འདྲ་ཡོད་དང་མེད་ལ་ལྟ་རྒྱུ་མེད། དེ་ནི་མིས་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ཤེས་ཏེ་ལག་ལེན་བསྟར་བ་ནས་སངས་རྒྱས་ཆོས་ལུགས་དར་བར་བརྩི་དགོས། དཔེར་ན་རྒྱལ་ནང་དུ་མར་ལེ་རིང་ལུགས་དར་དང་མ་དར་ཟེར་བ་དེ་མར་ལེ་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དེ་མིའི་བསམ་བློའི་ནང་དུ་ཟུག་ནས་མིས་ཁས་ལེན་པ་དེ་ནས་འགོ་བཙུགས་ཏེ་མར་ལེ་རིང་ལུགས་དེ་རང་རྒྱལ་དུ་དར་བ་རེད་ཅེས་བརྗོད་དགོས་པ་ལས་མར་ཁེ་སིའི་སྐུ་པར་དང་ལེ་ཉིན་གྱི་སྐུ་པར་ནང་སར་བྱུང་བ་དེ་ལ་མར་ལེ་རིང་ལུགས་དར་བར་བརྩི་མི་རུང་བ་ལྟ་བུ་ཞིག་ཡིན། དེར་བརྟེན་སངས་རྒྱས་ཆོས་ལུགས་བོད་ལ་དར་བ་དང་མ་དར་ཟེར་བ་དེ་ཡང་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་དེ་མིའི་བསམ་བློའི་ནང་དུ་ཟུག་སྟེ་མིས་ཁས་བླངས་ནས་ལག་ལེན་བསྟར་བ་དེ་ནས་འགོ་བཙུགས་ཏེ་སངས་རྒྱས་ཆོས་ལུགས་དར་བ་ཡིན་ཞེས་བརྗོད་དགོས། རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་སུ་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་ཉི་ཤུ་རྩ་གཅིག་ཐུ་མི་སམ་བྷོ་ཊས་བསྒྱུར་གནང་བ་དང་དེ་བཞིན་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་དགེ་བ་བཅུ་དེ་རྒྱལ་པོ་སྲོང་བཙན་སྒམ་པོས་ཁྲིམས་སུམ་ཅུ་སོ་དྲུག་གི་ནང་དུ་གཏན་འབེབས་མཛད་པ་དེ་ནས་སངས་རྒྱས་ཆོས་ལུགས་བོད་ལ་དར་བ་ཡིན། འོན་ཀྱང་མི་ལ་ལས་རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་མིའི་ཆོས་ཀྱི་ཆུ་ཚད་མཐོ་པོ་དེ་འདྲ་མེད་པས་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་ཉི་ཤུ་རྩ་གཅིག་ཐུ་མི་སམ་བྷོ་ཊས་བསྒྱུར་ཟེར་བ་ཡོང་མི་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་ནི་བསམ་བློ་ཧ་ཅང་གུ་དོགས་པོ་ཞིག་ཡིན་ཏེ། སྐབས་དེར་ནང་ས་དང་དེ་བཞིན་ཉེ་འཁོར་དུ་ཡོད་པའི་རྒྱ་གར་དང་བལ་ཡུལ་སོགས་འཛམ་གླིང་རྒྱལ་ཁབ་གཞན་ཚང་མ་བཀས་བཀོད་རྒྱུད་འཛིན་གྱི་སྤྱི་ཚོགས་སུ་སླེབས་ནས་ཡར་རྒྱས་ཆེན་པོ་བྱུང་སྟེ་ལོ་སྟོང་ཕྲག་ཁ་ཤས་སོང་ཟིན་ནའང་བོད་དེ་ད་དུང་བསྐལ་པ་ཡ་ཐོག་གི་སྤྱི་ཚོགས་ཀྱི་ཧ་ཅང་རྗེས་ལུས་ཀྱི་རྣམ་པར་ལུས་པ་ལྟ་བུ་ཞིག་ཡོང་མི་སྲིད་པས་བཤད་སྟངས་དེ་རྩ་བ་ནས་མི་འགྲིག ཐུ་མི་སམ་བྷོ་ཊས་བསྒྱུར་གནང་བའི་སངས་རྒྱས་ཆོས་ལུགས་ཀྱི་ཆོས་དཔེ་ཉི་ཤུ་རྩ་གཅིག་དེ་བཀའ་འགྱུར་གྱི་ནང་དུ་ཡོད་པས་དེ་ཚོ་བལྟ་དུས་དེང་སང་གི་མི་ཚོ་ཡིད་ཆེས་ཀྱི་མེད་པ་རེད། དེ་བཞིན་ཏུན་ཧོང་ཡིག་ཆའི་ནང་<<ལུགས་ཀྱི་བསྟན་བཅོས་>>ཟེར་བ་ཞིག་ཡོད་པ་དེའི་ནང་སྤུན་མཆེད་རྒན་གཞོན་གཉིས་ཕན་ཚུན་གཏམ་གླེང་བྱས་ཏེ་མི་ལ་འབྲེལ་བ་བྱེད་སྟངས་དང༌། སོ་སོའི་བཟའ་ཚང་ལ་འབྲེལ་བ་བྱེད་སྟངས། མི་ལ་སྐད་ཆ་ཤོད་སྟངས། ཕྲུ་གུར་སློབ་གསོ་རྒྱག་སྟངས་སོགས་སྐོར་ལ་དྲི་བ་དྲིས་ལན་བྱས་པའི་དཔེ་ཆ་ཡག་པོ་ཞིག་ཡོད་པ་དེའང་མི་ལ་ལས་དེ་དུས་བོད་ལ་ཆུ་ཚད་དེ་འདྲ་ཡོང་ཤེས་ཀྱི་མ་རེད་ཅེས་སྐབས་དེ་དུས་བྲིས་པ་ཡིན་པར་ཡིད་ཆེས་བྱེད་ཀྱི་མེད་པ་རེད། དེ་བཞིན་གནས་ཚུལ་གཞན་ཞིག་སྟེ། བོད་ཀྱི་རིག་གནས་དེ་སངས་རྒྱས་ཆོས་ལུགས་བོད་ལ་བྱུང་བའི་རྗེས་སུ་བྱུང་བ་མ་གཏོགས། སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བོད་ལ་རིག་གནས་རྩ་བ་ནས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ངོས་འཛིན་བྱེད་སྟངས་དེའང་འགྲིག་གི་མེད། བོད་ཀྱི་ཆོས་དང་རིག་གནས་ཚང་མའི་ཁུངས་གཏུགས་ས་རྒྱ་གར་ལ་གཏུགས་ཐོག་རྒྱ་གར་ནས་བྱུང་བ་ཡིན་ན་ཧ་ཅང་ཡག་པོ་ཡིན་པ་ཞིག་ལ་ངོས་འཛིན་པ་དང༌། རྒྱ་གར་ནས་མ་བྱུང་ན་སོ་སོ་རང་ལ་གང་ཡང་མེད་པ་ལྟ་བུའི་ལྟ་བ་ཞིག་ཡོད། དེའི་ཐད་སྔོན་མ་བོད་ཀྱི་ལོ་རྒྱུས་འབྲི་སྟངས་ལ་གནད་དོན་དེ་རིགས་མང་པོ་ཞིག་ཡོད་པས་དེ་མི་འགྲིག་པ་རེད། གཞན་ཡང་སོ་སོའི་ཆོས་ལུགས་ཀྱི་ལངས་ཕྱོགས་ཁོ་ནར་ལངས་ནས་བོད་ཀྱི་ལོ་རྒྱུས་ཤོད་མི་རུང༌། ལོ་རྒྱུས་མི་སྣར་དབྱེ་ཞིབ་བྱེད་སྐབས་མི་དེས་ཆོས་ལུགས་གང་འདྲ་ཞིག་ལ་དགའ་པོ་བྱེད་ཀྱི་ཡོད་དང་མི་དེ་ཆོས་ལུགས་གང་འདྲ་ཞིག་གི་ཁོངས་སུ་གཏོགས་མིན་ལ་བལྟས་ནས་མི་དེ་ཡག་པོ་ཡིན་དང་སྡུག་པོ་ཡིན་དཔྱད་བརྗོད་བྱེད་མི་རུང༌། བོད་ཀྱི་ལོ་རྒྱུས་འབྲི་སྐབས་ལོ་རྒྱུས་ཀྱི་ཁྱོན་ཡོངས་ཀྱི་འཕེལ་ཚུལ་ཇི་མ་ཇི་བཞིན་ཤོད་དགོས་པ་ལས་སོ་སོ་ཆོས་གང་ལ་དད་ཞེན་ཆེ་བ་ཡོད་མེད་ཀྱི་ལངས་ཕྱོགས་སུ་བསྡད་ནས་ལོ་རྒྱུས་མི་སྣར་གདེང་འཇོག་དང་ཚོད་དཔག་བྱས་ན་དེ་ནི་ཕྱོགས་ཞེན་ཟེར་བ་དེ་ཡིན་པས་དེ་ལྟར་བྱེད་མི་རུང༌། བོད་ཀྱི་རིག་གནས་དེ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གནའ་སྔ་མོ་ནས་བོན་པོའི་ཆོས་དང་འབྲེལ་བ་ཧ་ཅང་དམ་པོ་ཡོད་པས་བོན་པོའི་ཆོས་ལ་བརྟག་དཔྱད་བྱས་ན་དེའི་ནང་ནས་གནའ་རབས་ཀྱི་བོད་ཀྱི་རིག་གནས་མང་པོ་ཞིག་རྙེད་ཐུབ་པ་ཡིན། སྔོན་མ་བོད་ཀྱི་རྒྱལ་པོ་དེ་ཡང་རྒྱ་གར་ནས་བྱུང་བ་རེད་ཟེར་བ་དང༌། བོད་ཀྱི་མི་དེ་ཡང་དང་པོ་རྒྱ་གར་ནས་བྱུང་བ་རེད་ཟེར་བ། བོད་ཀྱི་ཆོས་དེའང་དང་པོ་རྒྱ་གར་ནས་བྱུང་བ་རེད་ཟེར་བ་སོགས་མང་པོ་ཞིག་རྒྱ་གར་ནས་བྱུང་བ་ལྟ་བུ། རྒྱ་གར་གྱི་ཟླ་བ་དེ་ཡང་བོད་ཀྱི་ཟླ་བ་ལས་ཡག་པོ་ཡོད་པ་ལྟ་བུ། སོ་སོ་རང་ལ་ཟླ་བ་རྩ་བ་ནས་ཤར་རྒྱུ་མེད་པ་ལྟ་བུའི་ལྟ་བ་ཞིག་ཡོད། ང་ཚོས་ལྟ་བ་དེ་ལེགས་བཅོས་གཏོང་དགོས། བོད་དུ་སངས་རྒྱས་ཆོས་ལུགས་མ་དར་གོང་དུ་ཐོག་མར་བོན་པོའི་ཆོས་དར་བ་རེད། དེར་བརྟེན་བོན་པོའི་ཆོས་ཀྱི་སྐོར་དེ་སངས་རྒྱས་ཆོས་ལུགས་ཞུས་ཟིན་རྗེས་མཇུག་ཏུ་ཞུ་རྒྱུ་ཡིན།

༡. རྙིང་མ།

བོད་དུ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཐོག་མ་དེ་རྙིང་མ་ཡིན་པ་དང༌། དེ་ནས་བཀའ་གདམས་པ། ས་སྐྱ། བཀའ་བརྒྱུད། དགེ་ལུགས་བཅས་རིམ་པར་བྱུང་བ་ཡིན།

གསང་སྔགས་རྙིང་མ་ནི་དུས་རབས་བཅུ་གཅིག་པ་ཚུན་དུ་བཏགས་པའི་མིང་གསར་པ་ཞིག་ཡིན་པ་ལས་དེའི་སྔོན་དུ་གསང་སྔགས་གསར་རྙིང་དབྱེ་བ་ཕྱེ་སྲོལ་མེད། དེ་ནི་ལོ་ཙཱ་བ་བཻ་རོ་ཙ་ན་དང་ལོ་ཙཱ་བ་རིན་ཆེན་བཟང་པོ་མ་བྱོན་གོང་གི་དུས་སྐབས་དེའི་རིང་ལ་ལོ་ཙཱ་བས་བསྒྱུར་བའི་གསང་སྔགས་ཀྱི་གཞུང་རྣམས་ལ་གསང་སྔགས་རྙིང་མ་ཟེར་ཞིང༌། མིང་དེ་ལོ་ཙཱ་བ་རིན་ཆེན་བཟང་པོ་བྱུང་བའི་རྗེས་སུ་གསང་སྔགས་གསར་མའི་ལོ་ཙཱ་བས་ཕར་བཏགས་པའི་མིང་ཞིག་རེད། རྙིང་མ་རང་གི་དཔེ་ཆའི་ནང་དུ་གསང་སྔགས་སྔ་འགྱུར་ཞེས་འཁོད་ཡོད། དེ་ནི་དུས་རབས་བཅུ་གཅིག་པའི་རྗེས་སུ་གསང་སྔགས་རྙིང་མ་རང་གིས་སོ་སོར་བཏགས་པའི་མིང་ཡིན། གསང་སྔགས་རྙིང་མ་ཟེར་ནའང་འདྲ། གསང་སྔགས་སྔ་འགྱུར་ཟེར་ནའང་འདྲ། དེ་གཉིས་སོ་སོས་བཏགས་པ་དང་གཞན་གྱིས་བཏགས་པ་ཙམ་གྱི་དབྱེ་བ་ལས་གོ་དོན་གཅིག་ཡིན། གསང་སྔགས་གསར་མ་ནི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་བ་དང༌། མར་པ་ལོ་ཙཱ་བས་བསྒྱུར་བ། འགོས་ཁུག་པ་ལྷས་བཙས་ཀྱིས་བསྒྱུར་བ་དེ་གསུམ་ལ་ཟེར། བཀའ་བརྒྱུད་པ་དང་དགེ་ལུགས་པ་གསང་སྔགས་གསར་མ་ཡིན། ས་སྐྱ་བར་ཡབ་ཆོས་ཟེར་བ་ཞིག་ཡོད། དེ་ནི་ས་སྐྱའི་ཆོས་ལུགས་དང་པོ་ཐོག་མར་གསར་གཏོད་གནང་མཁན་འཁོན་དཀོན་མཆོག་རྒྱལ་པོའི་ཡབ་ནི་ཆོས་ལུགས་རྙིང་མ་ཡིན་པ་དང༌། དེ་ནས་འཁོན་དཀོན་མཆོག་རྒྱལ་པོའི་དུས་སུ་གསང་སྔགས་གསར་མ་ཡང་ཕྱག་བཞེས་མཛད་དེ་ཁོང་གིས་གསང་སྔགས་གསར་རྙིང་གཉིས་ཀ་གནང་གི་ཡོད། དེར་བརྟེན་ས་སྐྱའི་མི་རྒྱུད་སྔོན་མ་ཚོའི་ཆོས་རྒྱུད་དེ་རྙིང་མ་ཡིན་པས་ན། དེ་ལ་ཡབ་ཆོས་ཞེས་བརྗོད། ས་སྐྱ་པས་རྙིང་མ་དང་གསང་སྔགས་གསར་མའི་ཆོས་གཉིས་ཀ་ཁས་ལེན་གྱི་ཡོད། གསང་སྔགས་རྙིང་མའི་ལྟ་བ་དང་དགེ་ལུགས་པའི་ལྟ་བ་དེ་གཉིས་རྦད་དེ་ཐ་དད་ཡིན། འོན་ཀྱང་དགེ་ལུགས་པ་ཟེར་དུས་རྙིང་མའི་ཆོས་ལ་རྩ་བ་ནས་མི་དགའ་མཁན་ཞིག་ཏུ་ངོས་འཛིན་བྱས་ན་མི་འགྲིག རྙིང་མའི་ཕྱོགས་ནས་བོན་པོའི་ཆོས་དང་རྙིང་མའི་ཆོས་དེ་གཉིས་རྦད་དེ་ལོགས་སུ་བཀར་བ་ཡིན་པ་དང༌། བོན་པོའི་ཆོས་དེ་སངས་རྒྱས་ཆོས་ལུགས་མིན་པར་སངས་རྒྱས་ཆོས་ལུགས་དང་རྩ་བ་ནས་རྒྱབ་འགལ་ཡིན་པར་འདོད་པ་ཡིན། འོན་ཀྱང་བོན་པོ་རང་གི་ལོ་རྒྱུས་ནང་གསང་སྔགས་རྙིང་མའི་ཆོས་ཀྱི་རྫོགས་པ་ཆེན་པོའི་ཆོས་ཀྱི་ལྟ་བའི་ཁུངས་གཏུགས་ས་དེ་བོན་པོའི་ཆོས་ཡིན་ཟེར། དེ་ནི་བོན་གྱི་ལོ་རྒྱུས་དཔེ་ཆེའི་ནང་དུ་དེ་འདྲ་བྲིས་པ་མ་གཏོགས་རྙིང་མ་རང་གིས་བོན་པོའི་ཆོས་ཀྱི་ལྟ་བ་དང། རྙིང་མའི་ལྟ་བ་དེ་གཉིས་གཅིག་པ་ཡིན་པར་རྩ་བ་ནས་ཁས་ལེན་གྱི་མེད། དགེ་ལུགས་པའི་ཙོང་ཁ་པའི་སློབ་མ་ཁག་ཅིག་གིས་རྙིང་མའི་ལྟ་བ་དང་བོན་པོའི་ལྟ་བ་དེ་མཐུན་དང་མ་མཐུན་སྐོར་གསུངས་མེད། ཐུའུ་བཀྭན་གྲུབ་མཐའི་ནང་དུ་རྙིང་མ་དང་བོན་པོ་གཉིས་ཧ་ཅང་ཉེ་པོ་ཡོད་ཚུལ་འཁོད་འདུག་པ་དེ་ཐུའུ་བཀྭན་རང་གི་ལྟ་བ་ཡིན་པ་ལས་དགེ་ལུགས་པ་ཚང་མའི་ལྟ་བ་མིན། དེར་བརྟེན་ཐུའུ་བཀྭན་གྱི་གྲུབ་མཐའི་ནང་དུ་དེ་འདྲ་འཁོད་ཡོད་པ་དེ་དགེ་ལུགས་པ་ཚང་མས་དེ་ལྟར་ཁས་ལེན་གྱི་ཡོད་པ་རེད་ཅེས་བཤད་ན་མི་འགྲིག དཔེར་ན། ཙོང་ཁ་པའི་སློབ་མ་ཁག་ཅིག་གིས་བོན་པོའི་ཆོས་དེ་སངས་རྒྱས་ཆོས་ལུགས་དང་རྩ་བ་ནས་མི་མཐུན་པའི་རྒྱབ་འགལ་ཞིག་མིན། དེ་མིན་པའི་ཁུངས་གཏུགས་ས་དེ་བོན་པའི་ཆོས་ཀྱི་ཁུངས་གཏུགས་ས་བོན་པའི་ལྟ་བའི་རྣམ་གཞག་ཟེར་བ་ཞིག་ཡོད། དེའི་ནང་བོན་པོའི་ཆོས་དེ་སངས་རྒྱས་ཆོས་ལུགས་དང་རྩ་བ་ནས་མཐུན་ཐབས་མེད་པ་ཞིག་མིན་པའི་རྒྱུ་མཚན་མང་པོ་ཞིག་བོན་པོའི་གཞུང་གི་ནང་ནས་དྲངས་ཏེ་གསལ་བཤད་བྱས་ཡོད་པས་དཔེ་ཆ་དེ་ལ་བོན་པོའི་ལྟ་བའི་ཐོག་ནས་འགྲེལ་བཤད་བརྒྱབ་ཆོག་ལ་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བའི་ཐོག་ནས་ཀྱང་འགྲེལ་བཤད་རྒྱག་ཆོག་ཅིང༌། འགྲེལ་བཤད་གང་ནས་བརྒྱབ་ནའང་འགྲིག་པ་ཡིན་པས་བོན་པོ་དང་སངས་རྒྱས་ཆོས་ལུགས་གཉིས་བར་རྩ་བ་ནས་མཐུན་ཐབས་མེད་པ་ཞིག་མིན་ཞེས་འཁོད་ཡོད། སྤྱིར་བཏང་བོད་དུ་མི་མང་པོ་ཞིག་གིས་བོན་པོ་དང་སངས་རྒྱས་ཆོས་ལུགས་གཉིས་མེ་དང་སྤུ་ཐུག་པ་ནང་བཞིན་མཐུན་ཐབས་རྩ་བ་ནས་མེད་པ་ཞིག་ཏུ་ཆ་འཇོག་གི་ཡོད། ཐུའུ་བཀྭན་གྲུབ་མཐའི་ནང་དུ་རྙིང་མ་དང་བོན་པོ་གཉིས་ཧ་ཅང་ཉེ་པོ་ཡོད་ལུགས་བྲིས་ཡོད་པ་དེའི་ཐུའུ་བཀྭན་རང་གི་ཁུངས་གཏུགས་ས་ནི་བོན་པོའི་ལོ་རྒྱུས་ནང་དུ་བཤད་པ་དེ་ལ་ཁུངས་གཏུགས་ནས་གསུངས་པ་ཡིན།

བོད་ལ་གསང་སྔགས་ཀྱི་ཆོས་ཐོག་མར་དར་སྤེལ་གནང་མཁན་ནི་སློབ་དཔོན་པདྨ་འབྱུང་གནས་ཡིན་པ་དང༌། དེའི་རྗེས་སུ་པཎ་ཆེན་བི་མཱ་ལ་བྱུང༌། ཁོང་ནི་རྒྱལ་པོ་ཁྲི་རལ་པ་ཅན་དང་སད་ན་ལེགས་མཇིང་ཡོན་གྱི་དུས་ལ་བོད་དུ་ཕེབས་པ་རེད། ཁོང་རྣམ་གཉིས་ནི་བོད་ལ་གསང་སྔགས་ཀྱི་ཆོས་དར་སྤེལ་གནང་མཁན་གཙོ་བོ་ཡིན། སློབ་དཔོན་པདྨ་འབྱུང་གནས་ཀྱི་ལྟ་བ་དེ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན་པ་དང༌། པཎ་ཆེན་བི་མཱ་ལའི་ལྟ་བ་ངོ་མ་དེ་གང་ཡིན་མིན་གསལ་པོ་མེད། གང་ལགས་ཤེ་ན། ཁོང་གིས་ཆོས་གསུང་སྐབས་སློབ་མ་ཁ་ཤས་ལ་སེམས་ཙམ་པའི་ལྟ་བ་དང་མཐུན་པ་གསུངས་ཡོད། ཁ་ཤས་ལ་དབུ་མ་ཐལ་འགྱུར་བའི་ལྟ་བ་དང་མཐུན་པ་གསུངས་ཡོད། ཁ་ཤས་ལ་དབུ་མ་རང་རྒྱུད་པའི་ལྟ་བ་དང་མཐུན་པ་ཡང་གསུངས་ཡོད། ཁོང་རང་ཉིད་ཀྱི་ལྟ་བ་ངོ་མ་དེ་གང་ཡིན་མིན་གསུངས་མེད། དེ་ནི་ཆོས་གསུང་མཁན་གང་འདྲ་ཞིག་ཡིན་རུང༌། སློབ་མ་ཚོར་ཆོས་གསུང་སྐབས་སློབ་མའི་གནས་ཚད་ལ་གཞིགས་ནས་གསུངས་པ་ལས་སོ་སོས་ཤེས་ཚད་ཚང་མ་གསུང་སྲོལ་མེད། དེར་བརྟེན་པཎ་ཆེན་བི་མཱ་ལས་ཆོས་གསུང་སྐབས་གསུང་སྟངས་ཀྱི་ལྟ་བ་སྣ་ཚོགས་ཡོད། སྐབས་དེར་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དུ་སློབ་དཔོན་ཞི་བ་འཚོའི་དབུ་མའི་ལྟ་བ་དེ་ཁས་ལེན་དགོས་པར་བཀའ་ཕབ་སྟབས། སློབ་དཔོན་པདྨ་འབྱུང་གནས་ཀྱིས་ཀྱང་དབུ་མ་རང་རྒྱུད་པའི་ལྟ་བ་དང་བསྟུན་ནས་ཆོས་གསུངས་པ་ལས་ཁོང་རང་གི་ལྟ་བ་དབུ་མ་ཐལ་འགྱུར་བའི་ལྟ་བའི་ཐོག་ནས་གསུངས་པ་ཧ་ལམ་མེད་པ་ལྟ་བུ་ཡིན། དགེ་ལུགས་པས་སློབ་དཔོན་པདྨ་འབྱུང་གནས་དང་པཎ་ཆེན་བི་མཱ་ལ་གཉིས་ཀྱི་ལྟ་བ་དེ་དབུ་མ་ཐལ་འགྱུར་བའི་ལྟ་བ་མིན་ན་ཁོང་གཉིས་སྐུ་ཚེ་འདི་ལ་སངས་རྒྱས་མི་ཐུབ་ཅིང༌། ཁོང་གཉིས་སྐུ་ཚེ་འདི་ལ་སངས་རྒྱས་པ་ཡིན་པས་ཁོང་རྣམ་གཉིས་ཀྱི་ལྟ་བ་ངོ་མ་དེ་དབུ་མ་ཐལ་འགྱུར་བ་ཡིན་པ་དེ་ནས་ཤེས་ཐུབ་པ་ཡིན་པར་འདོད་པ་དང༌། དེ་བཞིན་མར་པ་དང་མི་ལ་སོགས་ཀྱིས་སློབ་མར་ཆོས་གསུང་སྐབས་ལྟ་བ་སྣ་ཚོགས་ཀྱི་ཐོག་ནས་གསུངས་ཡོད་ཀྱང་ཁོང་གཉིས་སྐུ་ཚེ་འདི་རང་དུ་སངས་རྒྱས་པ་ཡིན་པས་ལྟ་བ་ངོ་མ་དེ་དབུ་མ་ཐལ་འགྱུར་བ་ཡིན་ཟེར། དེ་ནི་དགེ་ལུགས་པའི་ཤོད་ཚུལ་ཡིན་པས་ང་ཚོས་དེ་ཚོ་ཡང་ཤེས་དགོས་པ་ཡིན། སྔོན་མ་རྒྱ་ཡིག་གི་དཔེ་ཆ་ཁ་ཤས་ནང་དུ་རྙིང་མ་དང་དགེ་ལུགས་པ་གཉིས་ཕན་ཚུན་རྩ་བ་ནས་མཐུན་ཐབས་མེད་པ་ལྟ་བུ་དང་དེ་བཞིན་དགེ་ལུགས་པའི་ནང་གི་མི་ཁག་གཅིག་གི་ལྟ་བ་དེ་དགེ་ལུགས་པ་ཡོངས་རྫོགས་ཀྱི་ལྟ་བ་ཡིན་པར་ནོར་ནས་བྲིས་པ་དེ་འདྲ་ཡོད། དེ་ཚོ་ནི་ཆོས་ལུགས་ལ་ཞིབ་ཕྲ་རྒྱུས་ཡོད་པའི་དགེ་རྒན་ལ་བརྟེན་ནས་སྦྱངས་པ་མ་བྱས་པར་སོ་སོས་དཔེ་ཆ་ཏོག་ཙམ་བལྟས་ཏེ་ཕྱོགས་གཅིག་ལ་བལྟས་ནས་ཕྱོགས་ཚང་མར་མཇུག་བསྡོམས་བཞག་པ་ཞིག་ཡིན།

འདིར་གསལ་བཤད་ཞུ་དགོས་པ་ཞིག་ལ། ཆོས་ལུགས་རིས་མེད་ཟེར་བ་དེར་གོ་བ་ལེན་སྟངས་གཉིས་ཡོད། གོ་བ་ལེན་སྟངས་དང་པོ་ནི། སོ་སོར་ཆོས་འདི་ཡིན་ཞེས་ངོ་མ་ཞིག་བསྟན་རྒྱུ་མེད་པར་ས་སྐྱ་དང༌། རྙིང་མ། དགེ་ལུགས། བཀའ་གདམས་སོགས་ཚང་མ་བྱས་པ་དེ་ལ་ཆོས་ལུགས་རིས་མེད་ཅེས་གོ་བ་ལེན་གྱི་ཡོད། དཔེར་ན། ྋརྒྱལ་བ་ལྔ་པ་ཆེན་པོས་ཆོས་ལུགས་གྲུབ་མཐའ་ཚང་མ་གནང་གི་ཡོད་པས་ཁོང་རང་གི་ལྟ་བ་ངོ་མ་དེ་གང་ཡིན་མིན་ཐད་ལྟ་སྟངས་མི་འདྲ་བ་ཡོད་ཅིང༌། དགེ་ལུགས་པས་ྋརྒྱལ་བ་ལྔ་པ་དགེ་ལུགས་པའི་ལྟ་བ་ཡིན་ཟེར་བ་དང༌། རྙིང་མས་ྋརྒྱལ་བ་ལྔ་པ་རྙིང་མའི་ལྟ་བ་ཡིན་ཟེར། གང་ཞེ་ན། ཁོང་གི་གསུང་འབུམ་ནང་དུ་རྙིང་མ་དང༌། དགེ་ལུགས། བཀའ་བརྒྱུད་སོགས་ཀྱི་དཔེ་ཆ་མང་པོ་ཡོད་པ་མ་ཟད། དེ་ཚོ་ཚང་མ་གྲུབ་མཐའ་སོ་སོའི་ལྟ་བའི་ཁྱད་ཆོས་དང་མཐུན་པར་མཛད་ཡོད་པས་ཁོང་གིས་མཛད་པའི་རྙིང་མའི་དཔེ་ཆར་ལྟ་དུས་ཁོང་དངོས་འབྲེལ་རྙིང་མའི་ལྟ་བ་ཕྱག་བཞེས་གནང་གི་ཡོད་པ་ལྟ་བུ་དང་ཡང་ཁོང་གིས་མཛད་པའི་ས་སྐྱའི་དཔེ་ཆར་ལྟ་དུས་དངོས་འབྲེལ་ས་སྐྱའི་ལྟ་བ་ཕྱག་བཞེས་གནང་གི་ཡོད་པ་ལྟ་བུའི་འཆར་སྣང་ཡོང་གི་ཡོད། གཞན་ཡང་ྋརྒྱལ་བ་སྐུ་ཕྲེང་བདུན་པའི་སྐབས་སུ་སླེ་ལུང་བཞད་པའི་རྡོ་རྗེ་ཞེས་པ་ཞིག་བྱུང་བ་དེ་ཡང་གྲུབ་མཐའ་གང་ལའང་མི་གཏོགས་པ་ཞིག་ཡིན་ཏེ། ཁོང་གིས་དགེ་ལུགས་པའི་ལྟ་བ་དང་རྙིང་མའི་ལྟ་བ་ཚང་མ་ཕར་བསྲེ་ཚུར་བསྲེ་བྱས་ཏེ་རྙིང་མས་བལྟས་ན་རྙིང་མ་མིན་པ་ལྟ་བུ། དགེ་ལུགས་པས་བལྟས་ན་དགེ་ལུགས་པ་ཡང་མིན་པ་ལྟ་བུ་ཞིག་ཚང་མ་མཉམ་བསྲེས་གནང་ཡོད་སྟབས་རྙིང་མ་བས་ཁོང་རྙིང་མའི་ཁོངས་ནས་ཕྱིར་འབུད་བྱས་པ་དང་དགེ་ལུགས་པས་ཀྱང་དགེ་ལུགས་པའིཁོང་ནས་ཕྱིར་འབུད་བྱས་ཏེ་གང་ལྟར་ཁོང་གང་ལའང་མ་ཚུད་པ་ཞིག་ཆགས་པ་རེད། དེ་ཡང་ྋརྒྱལ་བ་ལྔ་པས་མཛད་པ་དེ་སླེ་ལུང་བཞད་པའི་རྡོ་རྗེས་མཛད་པ་གཉིས་རྩ་བ་ནས་མི་འདྲ་བར་ྋརྒྱལ་བ་ལྔ་པས་གྲུབ་མཐའ་གང་འདྲ་ཞིག་གི་ལྟ་བའི་ཐོག་ནས་མཛད་ནའང་གྲུབ་མཐའ་དེ་རང་གི་ལྟ་བ་ཁོ་ན་ལས་གྲུབ་མཐའ་གཞན་དང་ཕན་ཚུན་ཕར་བསྲེ་ཚུར་བསྲེ་རྩ་བ་ནས་གནང་མེད། སླེ་ལུང་བཞད་པའི་རྡོ་རྗེ་དང༌། འོན་རྒྱལ་སྲས། ལོ་སེམས་པ་དེ་གསུམ་ལ་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་ཟེར། ཡིན་ནའང་བོད་ལ་སྤྲུལ་སྐུ་དེ་གསུམ་མ་གཏོགས་མེད་པ་མ་ཡིན་པར་ཨ་མདོ་ས་ཁུལ་ཕུད་པའི་བོད་དབུས་གཙང་གཉིས་ཀྱི་སེར་འབྲས་དགའ་གསུམ་གྱི་སྤྲུལ་སྐུ་ཚང་མ་བསྡོམས་པ་ཡིན་ན་སུམ་བརྒྱ་ལྷག་ཙམ་ཡོད། ཁོང་རྣམ་གསུམ་ལ་བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་ཞེས་ཟུར་དུ་མིང་དེ་འདྲ་ཞིག་བཏགས་ཡོད།

ཆོས་ལུགས་རིས་མེད་ཟེར་བ་དེར་གོ་བ་ལེན་སྟངས་གཉིས་པ་ནི། སོ་སོ་དཔེར་ན་དགེ་ལུགས་པའམ་ཡང་ན་རྙིང་མ་སོགས་གང་བྱས་ནའང་དེ་གཙང་མ་བྱས་ཐོག ཆོས་ལུགས་གྲུབ་མཐའ་གཞན་དག་ལ་དམའ་འབེབས་དང༌། དགག་པ། སྐྱོན་བརྗོད། མཐོང་ཆུང་སོགས་རྩ་བ་ནས་མ་བྱས་པར་གཏང་སྙོམས་སུ་བཞག་པ་དེ་ལ་ཆོས་ལུགས་རིས་མེད་ཟེར། དཔེར་ན་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི་རྙིང་མ་དང༌། དགེ་ལུགས། ས་སྐྱ། བཀའ་བརྒྱུད་སོགས་ཡོངས་རྫོགས་ཀྱིས་ཆ་འཇོག་བྱེད་ས་ཞིག་རེད་ལ་ཁས་ལེན་ས་ཞིག་ཀྱང་ཡིན། དགེ་ལུགས་པས་ཁོང་ནི་ྋརྒྱལ་བ་ཙོང་ཁ་པ་སྐུ་དངོས་ཡིན་ཟེར་གྱི་ཡོད་པ་དང༌། རྙིང་མ་བས་ཨུ་རྒྱན་པདྨའི་སྤྲུལ་པ་ཡིན་ཟེར་གྱི་ཡོད་ལ། བཀའ་བརྒྱུད་པས་ཀྱང་ཧ་ཅང་དད་པ་ཆེན་པོ་བྱེད་ཀྱི་ཡོད། དེ་བཞིན་ས་སྐྱ་བས་ཀྱང་དད་པ་ཆེན་པོ་བྱེད་ཀྱི་ཡོད། འོ་ན་ཁོང་རང་ཆོས་ལུགས་ཚང་མ་གནང་གི་ཡོད་དམ་ཞེ་ན་མ་ཡིན་པར་ཁོང་རང་དགེ་ལུགས་པའི་ཆོས་མ་གཏོགས་རྩ་བ་ནས་གནང་གི་མེད། ཡིན་ནའང་ཁོང་ལ་ཆོས་ལུགས་ཚང་མས་དེ་ལྟ་བུའི་དད་པ་ཆེན་པོ་བྱེད་པའི་རྒྱུ་མཚན་ནི། ཁོང་གིས་ཆོས་ལུགས་གཞན་དག་ལ་དམའ་འབེབས་དང་སྐྱོན་བརྗོད་ཀྱི་བཀའ་མོལ་ཚིག་ཟུར་ཙམ་ཡང་གསུངས་ཀྱི་མེད་པ་མ་ཟད། ཁོང་གིས་བོད་འདི་ལ་རྙིང་མ་དང༌། ས་སྐྱ། བཀའ་བརྒྱུད་པ་ལ་སོགས་པའི་གྲུབ་མཐའ་མང་པོ་ཡོད་པ་དེ་ཚོ་ཚང་མའི་དགོངས་པ་དེ་མཐར་ཐུག་ནས་བཤད་ན་གཅིག་ཡིན་པ་ལས་འགལ་བ་མེད་ཅེས་གསུངས་པ་ལས་སོ་སོའི་ཕྱོགས་ཞེན་གྱིས་ཆོས་ལུགས་གཞན་ལ་གནོད་པའི་བཀའ་མོལ་ཚིག་གཅིག་ཀྱང་གསུངས་མྱོང་མེད་སྟབས་མ་གཞི་ཁོང་རང་དགེ་ལུགས་པའི་ཆོས་གཙང་མ་གནང་མཁན་ཞིག་ཡིན་རུང་ཆོས་ལུགས་གཞན་ཚང་མས་ཧ་ཅང་ཆ་འཇོག་དང་དད་པ་ཆེན་པོ་བྱེད་ཀྱི་ཡོད། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གཉིས་དུས་རབས་གཅིག་ཡིན་པ་དང༌། པཎ་ཆེན་སྐུ་ཕྲེང་བཞི་པ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་རྩ་བའི་བླ་མ་ཡིན་པས་ཁོང་རྣམ་གཉིས་བར་གྱི་འབྲེལ་བ་ནི་བླ་སློབ་བར་གྱི་འབྲེལ་བ་ཡིན། འོན་ཀྱང་ཁོང་རྣམ་གཉིས་ཆོས་གནང་སྟངས་ཅུང་མི་འདྲ་བ་སྟེ། གཅིག་གིས་ཆོས་ལུགས་ཚང་མ་གནང་གི་ཡོད་པ་དང་གཅིག་གིས་ཆོས་ལུགས་གཅིག་མ་གཏོགས་གནང་གི་མེད། དེའི་རྒྱུ་མཚན་གང་ཡིན་ཞེ་ན། དེ་ནི་དམིགས་ཡུལ་དང་བྱེད་ཐབས་ཁག་ཁག་ཡིན་ཏེ། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ནི་བོད་ཀྱི་སྲིད་དབང་བཟུང་མཁན་གྱི་བླ་མ་ཞིག་ཡིན་སྟབས། ཆོས་ལུགས་ཚང་མར་མཐུན་སྒྲིལ་བྱེད་དགོས་པ་ལས་ཆོས་ལུགས་གཅིག་ལ་ཡག་པ་དང་ཆོས་ལུགས་གཅིག་ལ་སྡུག་པ་བྱས་པ་ཡིན་ན་བོད་མི་རིགས་ཡོངས་རྫོགས་ཀྱི་མཐུན་སྒྲིལ་ལ་གནོད་སྐྱོན་ཡོང་གི་ཡོད་སྟབས་ཁོང་གིས་ཆོས་ལུགས་ཚང་མ་ཕྱག་བཞེས་མཛད་དེ་ཆོས་ལུགས་ཚང་མའི་བླ་མ་བསྟེན་པ་མ་ཟད། ཆོས་ལུགས་ཚང་མའི་དཔེ་ཆ་བརྩམས་གནང་བ་དང༌། དེ་ཡང་ཆོས་ལུགས་སོ་སོའི་ལྟ་བ་ཕར་བསྲེ་ཚུར་བསྲེ་མ་གནང་བར་རང་རང་སོ་སོའི་ལྟ་བ་གཙང་མ་གཙང་རྐྱང་ཞིག་མཛད་ཡོད། དེར་བརྟེན་མི་ཁག་གཅིག་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཆབ་བེ་ཆོབ་བེ་རེད་ཟེར་བ་དང༌། ལོ་གསར་གྱི་དགུ་ཐུག་དང་གཅིག་པ་རེད་ཅེས་ཤོད་པ་མ་ཟད། སེ་འབྲས་དགའ་གསུམ་ནང་གི་དགེ་ལུགས་པའི་ཕྱོགས་ཞེན་ཆེན་པོ་ཡོད་པ་དེ་ཚོས་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པས་མཛད་པའི་དཔེ་ཆ་དེ་ཚོའི་ནང་རྙིང་མའི་ལྟ་བ་བསྲེས་མེད་དམ་སྙམ་ནས་ཡིད་ཆེས་དེ་ཙམ་བྱེད་ཀྱི་མེད་པ་དང༌། དེ་བཞིན་རྙིང་མ་ལ་ཕྱོགས་ཞེན་ཆེན་པོ་བྱེད་མཁན་དེ་ཚོར་ཡང་ལྟ་སྟངས་དེ་འདྲ་ཡོད། ཆོས་ལུགས་ཀྱི་ཕྱོགས་ཞེན་མི་བྱེད་མཁན་ཚོས་ཧ་ཅང་དད་པ་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཁོ་རང་སྐབས་དེར་ཆོས་ལུགས་ཚང་མ་ཕྱག་བཞེས་གནང་དགོས་པའི་རྒྱུ་མཚན་ནི་ཁོང་ཉིད་སྲིད་དབང་གི་བདག་པོ་ཡིན་པས་བོད་མི་རིགས་ཡོངས་ཀྱི་མཐུན་སྒྲིལ་ལ་ཕན་པ་ཡོང་ཆེད་དེ་ལྟར་མཛད་པ་ཡིན། དེ་ལ་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོས་ཕྱི་དགེ་ལུགས་པའི་མཁས་མཛེས། ནང་ས་སྐྱ། ལྟ་བ་གསང་སྔགས་རྙིང་མ་མཛད་པའི་ཐབས་ལ་བརྟེན་ནས་བོད་ཡོངས་རྫོགས་གོང་བུ་གཅིག་གྱུར་ཡོང་ཐབས་གནང་བའི་མཛད་པ་དེ་ཧ་ཅང་རླབས་ཆེན་པོ་ཞིག་རེད་ཅེས་མཇུག་བསྡོམས་དེ་འདྲ་ཞིག་གནང་ཡོད། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནི་བཀྲ་ཤིས་ལྷུན་པོའི་དགོན་བདག་ཡིན་པ་ལས་སྲིད་དབང་གི་བདག་པོ་མིན་སྟབས་ཁོང་གིས་དགེ་ལུགས་པའི་ཆོས་གཙང་མ་གནང་བ་མ་གཏོགས་ཆོས་ལུགས་གཞན་དག་རྩ་བ་ནས་གནང་གི་མེད། འོན་ཀྱང་ཆོས་ལུགས་གཞན་ལ་དམའ་འབེབས་དང་མཐོང་ཆུང་ཡང་རྩ་བ་ནས་གནང་གི་མེད། དེ་ཚོ་ང་ཚོས་མཁྱེན་དགོས།

རྙིང་མའི་ཐུན་མོང་མ་ཡིན་པའི་ལྟ་བའི་སྐོར་ལ་ང་རང་གིས་གང་ཤེས་པ་དང་གོ་བ་གང་ཐེབས་པ་དེ་འདིར་ཞུ་གི་ཡིན། རྙིང་མ་རང་གི་ལྟ་བ་ངོ་མ་དེ་ལ་རྫོགས་ཆེན་གྱི་ལྟ་བ་ཟེར། རྫོགས་པ་ཆེན་པོ་ཞེས་པ་དེར་ནང་གསེས་དབྱེ་ན་གཞི་རྫོགས་པ་ཆེན་པོ་དང༌། ལམ་རྫོགས་པ་ཆེན་པོ། འབྲས་བུ་རྫོགས་པ་ཆེན་པོ་སྟེ་གསུམ་ཡོད། རྫོགས་ཆེན་ཞེས་པའི་རྫོགས་པ་དེ་གང་ཞིག་རྫོགས་པ་ཡིན་ནམ་ཞེ་ན། དྲི་མ་དང་བྲལ་བའི་ད་ལྟའི་རིག་པ་(རིག་པ་ནི་སེམས་ཀྱི་དོན་)འདིའི་ནང་དུ་ཆོས་ཐམས་ཅད་རྫོགས་པ་ཡིན་པས་རྫོགས་ཆེན་ཟེར། དེ་ནི་རྫོགས་ཆེན་པ་ཟེར་བའི་ཚིག་ཁོ་རང་གི་གོ་དོན་ཡིན། ཚིག་འདིའི་འགྲེལ་བཤད་གོ་བདེ་ཤོས་དེ་ཀུན་མཁྱེན་ཀློང་ཆེན་པས་གསུངས་པ་རེད། དེ་ནི་གཤམ་གསལ་ལྟར། འཁྲུལ་སྣང་གི་དབང་གིས་སོ་སོ་ལ་སྣང་བ་ཡིན་པས་ཕར་ལྟ་དུས་བདེན་པ་ཡིན་མདོག་ཁ་པོ་ཞིག་ཡོད། འོན་ཀྱང་དོན་ལ་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་ཞིག་མིན། སྟོང་པ་ཉིད་ཀྱི་ངོ་བོ་དེ་ནས་གཡོ་འགུལ་རྩ་བ་ནས་མེད་པ་ཡིན་པས་ན་རྫོགས་པ་ཟེར། སྟོང་པ་ཉིད་དེའི་རང་བཞིན་ནི་སྤྲུལ་སྐུ་དང༌། ཆོས་སྐུ། ལོངས་སྐུ་གསུམ་ལ་ཚུར་ཤར་ཡོང་གི་རེད་ཟེར། དེ་ཤར་ཡོང་བས་ན་ཆེན་པོ་ཟེར། སྟོང་པ་ཉིད་ཀྱི་རྣམ་འགྱུར་དེ་སྤྲུལ་སྐུ་དང༌། ལོངས་སྐུ། ཆོས་སྐུ་གང་རུང་ཞིག་གི་ངོ་བོར་ཚུར་ཤར་ཡོང་བ་དེ་ལ་ཆེན་པོ་ཟེར། འདིར་ཆེན་པོ་ཟེར་བ་ནི་ཕུན་སུམ་ཚོགས་པའི་དོན་ཡིན་ཟེར་ཞེས་འགྲེལ་བཤད་གནང་ཡོད། ཀུན་མཁྱེན་ཀློང་ཆེན་པ་ནི་རྗེ་ཙོང་ཁ་པ་མ་བྱོན་གོང་གི་རྙིང་མའི་མཁས་པ་ཆེན་པོ་ཞིག་ཡིན། ཁོང་གི་གསུང་རྩོམ་ཧ་ཅང་མང་པོ་ཡོད། འདིར་གོང་གསལ་གྱི་འགྲེལ་པ་དེ་ཡང་བསྐྱར་གཅིག་བཤད་ན། ང་རང་ཚོར་འཆར་སྣང་བྱུང་བ་དེ་ཚོ་ཚང་མ་འཁྲུལ་སྣང་གི་དབང་གིས་བྱུང་བ་ཤ་སྟག་རེད་ཟེར། འཁྲུལ་སྣང་གི་དབང་གིས་བྱུང་བ་ཡིན་སྟབས་ཕར་བརྟག་དཔྱད་ཞིབ་འཇུག་མ་བྱས་པར་བལྟས་པ་ཡིན་ན་བདེན་པ་ཡིན་པ་ལྟ་བུ་ཞིག་ཡོད་མོད་དོན་དངོས་སུ་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་ཞིག་མེད་ཟེར། དེར་བརྟེན་སྟོང་པ་ཉིད་ཀྱི་རྣམ་འགྱུར་དེའི་ཐོག་ནས་གཡོ་འགུལ་མེད། ངོ་བོ་ནི་སྟོང་པ་ཉིད་ཀྱི་ངོ་བོ་དེ་རང་ཡིན། རྣམ་འགྱུར་དེ་སྣ་ཚོགས་ཡོད། ངོ་བོ་སྟོང་པ་ཉིད་དེ་ལ་རྣམ་འགྱུར་སྣ་ཚོགས་འཆར་ཡོང་བ་ཡིན་སྟབས། ང་ཚོས་ངོ་བོ་དེ་ཤེས་རྟོགས་མ་ཐུབ་པར་དེའི་རྣམ་འགྱུར་དེ་བདེན་པ་ཡིན་པ་ལྟ་བུ་ཞིག་མཐོང་གི་ཡོད། སྟོང་པ་ཉིད་ཀྱི་རྣམ་འགྱུར་དེ་ཆོས་སྐུ་དང༌། ལོངས་སྐུ། སྤྲུལ་སྐུ་སོགས་སྣེ་ཁ་གསུམ་ལ་འཆར་ཡོང་བ་ཡིན་སྟབས་རྫོགས་པ་དང་ཆེན་པོ་སྟེ་རྫོགས་ཆེན་ཞེས་བརྗོད་པ་ཡིན་ཟེར། ཀུན་མཁྱེན་ཀློང་ཆེན་པ་ནི་སྔ་འགྱུར་བསྟན་པའི་སྒྲོན་མེ་ཆེན་པོ་འགྲན་ཟླ་བྲལ་བ་ཞིག་ཡིན་པ་དང༌། མཚན་གཞན་དྲི་མེད་འོད་ཟེར་དང༌། ཚུལ་ཁྲིམས་བློ་གྲོས་ཏེ་ཀུན་མཁྱེན་ཚུལ་བློ་ཡང་ཞུ། གཡོ་རུ་གྲྭའི་ཆ་སྟོད་གྲོང་དུ་ཡབ་སྔགས་འཆང་བསྟན་པ་སྲུང་དང་ཡུམ་འབྲོམ་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་རབ་བྱུང་ལྔ་པའི་ས་སྦྲེལ་(༡༣༠༨)ལོར་སྐུ་འཁྲུངས། དགུང་ལོ་ལྔ་ལ་ཡི་གེ་འབྲི་ཀློག་རྣམས་བརྡ་སྤྲོད་ཞུས་པ་ཙམ་གྱིས་དཀའ་ཚེགས་མེད་པར་མཁྱེན། དགུང་ལོ་བདུན་ལ་ཡབ་སྔགས་འཆང་གི་དྲུང་ནས་བཀའ་བརྒྱད་བདེ་འདུས། རྟ་མགྲིན། ཕུར་པ། གུ་རུ་ཞི་དྲག་རྣམས་དབང་ལུང་མན་ངག་བཅས་ཕྱག་བཞེས་མཛད། སྨན་དང་རྩིས་ལ་སོགས་པའང་གསན་ནས་ཐུགས་སུ་ཆུད། དགུང་ལོ་བཅུ་གཉིས་པ་ལ་བསམ་ཡས་སུ་མཁན་པོ་བསམ་འགྲུབ་རིན་ཆེན་དང་སློབ་དཔོན་ཀུན་དགའ་འོད་ཟེར་གཉིས་ལས་རབ་བྱུང་གི་སྡོམ་པ་བཞེས་ཏེ་མཚན་ཚུལ་ཁྲིམས་བློ་གྲོས་ཞེས་གསོལ། སློབ་དཔོན་བཙན་དགོན་པ་དང་གཞོན་ནུ་རིན་ཆེན་གཉིས་ཀྱི་དྲུང་ནས་ཕར་ཕྱིན་དང་ཚད་མ། སློབ་དཔོན་གཞོན་ནུ་རྒྱལ་པོ་ལས་དབུ་མ། དཔང་ལོ་ཆེན་པོ་ལས་མངོན་པ་དང་ཟབ་མོ་མདོ་ལྔའི་བཤད་པ་བཅས་གསན་ནས་གྲྭ་ས་ཆེན་པོའི་སྡེ་ཕལ་ཆེ་བར་གྲྭ་སྐོར་མཛད་པས་མཁས་པའི་སྙན་གྲགས་ཀྱིས་ཁྱབ། སློབ་དཔོན་གཞོན་ནུ་དོན་གྲུབ་ལས་མདོ་སྒྱུ་སེམས་གསུམ་གྱི་གདམས་པ། སློབ་དཔོན་བཀྲ་ཤིས་རིན་ཆེན་ལས་ལམ་འབྲས་སྐོར་དང༌། ཞི་བྱེད། རྫོགས་ཆེན་གྱི་མན་ངག་སོགས་གསན་ཅིང༌། གཞན་ཡང་ཀརྨ་པ་རང་བྱུང་རྡོ་རྗེ་དང༌། ས་སྐྱའི་བླ་མ་བདག་ཉིད་ཆེན་པོ། བླ་མ་འཇམ་དབྱངས་པ་སོགས་བཅུ་ཕྲག་ལྷག་ཙམ་ལ་བསྟེན་ནས་གངས་ལྗོངས་སུ་དར་བའི་མདོ་སྔགས་ཀྱི་ཆོས་རྒྱུད་ཡོངས་གསན་བཞེས་གནང༌། ལྷག་པར་དུ་རིག་འཛིན་ཀུ་མཱ་རཱ་ཛའི་དྲུང་ནས་གསང་སྔགས་སྔ་འགྱུར་གྱི་གདམས་པ་མཐའ་དག་ཉམས་ཁྲིད་དུ་གསན་ནས་དབེན་གནས་མང་པོར་སྒྲུབ་པ་ཉམས་བཞེས་མཛད་པ་ལས་རྫོགས་པ་ཆེན་པོ་རང་སྣང་རིས་མེད་ཀྱི་ཉམས་རྟོགས་མཐར་ཕྱིན་ཏེ་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། གངས་རི་ཐོད་དཀར་དུ་བཞུགས་ནས་སྐལ་ལྡན་གྱི་སློབ་མ་མང་པོ་ལ་སྙིང་ཐིག་གི་ཆོས་རྒྱ་ཆེར་གསུངས་ཤིང༌། ཡང་ཏིག་སྐོར་གསུམ། རང་གྲོལ་སྐོར་གསུམ། ངལ་གསོ་སྐོར་གསུམ། མཛོད་བདུན་གྱི་ཕལ་ཆེ་བ་སོགས་གནས་འདི་ཉིད་དུ་བརྩམས་པར་མཛད་ཅིང༌། དགོན་གནས་བཏབ་པའི་མིང་ལ་ཨོ་རྒྱན་རྫོང་གནས་ཞེས་འདོགས་པར་མཛད། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ནས་དགུང་ལོ་ལྔ་བཅུ་ང་དྲུག་བཞེས་པ་རབ་བྱུང་དྲུག་པའི་ཆུ་ཡོས་(༡༣༦༣)ལོར་བསམ་ཡས་མཆིམས་ཕུར་དགོངས་པ་མྱ་ངན་ལས་འདས། སྐུ་གདུང་ཞུགས་ལ་ཕུལ་བས་ཐུགས་ལྗགས་སྤྱན་གསུམ་མེས་མ་འཚིག་པ་དང༌། རིང་བསྲེལ་གྲངས་མེད་བྱོན་པ་རྣམས་ནང་རྟེན་འདྲ་སྐུ་རིན་པོ་དང་ཕྱི་རྟེན་བྱང་ཆུབ་ཆེན་པོའི་མཆོད་རྟེན་ཀྱང་གནས་དེ་ཉིད་དུ་བཞེངས་པ་སོགས་རྣམ་ཐར་ཞིབ་པ་ཆག་རི་ཉི་གྲགས་མཆོག་སྤྲུལ་སྐུ་ཕྲེང་དྲུག་པ་ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མས་མཛད་པའི་<<གསང་ཆེན་སྔ་འགྱུར་ངེས་དོན་ཟབ་མོའི་བྱུང་བ་གསལ་བར་བྱེད་པའི་ལེགས་བཤད་>>ནང་གསལ་བ་དེར་གཟིགས། གཞན་ཡང་ཁམས་པ་ཆོས་གྲགས་བཟང་པོས་མཛད་པའི་<<ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་རྣམ་ཐར་མཐོང་བ་དོན་ལྡན་>>ཞེས་པ་བྲིས་པ་(ཤོག་གྲངས་༣༡ཡོད་པ་)ཞིག་ཀྱང་མཇལ་མྱོང་བ་དེའི་ནང་དུ་ཀུན་མཁྱེན་མཆོག་གི་གསུང་རྩོམ་གྲས་སུ། ཕྱིའི་གནས་ཐུན་མོང་གི་སྐོར་བསྟན་བཅོས་དགུ་བཅུ་གོ་ལྔ་དང༌། ནང་གི་གནས་རྒྱ་ཆེར་བཤད་པའི་བསྟན་བཅོས་བརྒྱ་དང་ཉེར་བརྒྱད། གསང་བའི་གནས་དེ་ཁོ་ན་ཉིད་སྟོན་པའི་བསྟན་བཅོས་སུམ་ཅུ་སྟེ་ཁྱོན་ཆོས་ཚན་ཉིས་བརྒྱ་ལྔ་བཅུ་ང་གསུམ་ཡོད་པར་གསུངས་ལ། སྡེ་དགེ་པར་ཁང་ཆེན་མོར་བཞུགས་པའི་གྲས་སུ་<<མཛོད་བདུན>><<ངལ་གསོ་སྐོར་གསུམ>><<རང་གྲོལ་སྐོར་གསུམ>><<མུན་སེལ་སྐོར་གསུམ>><<སྙིང་ཐིག་སྐོར་གསུམ་>><<ཡང་ཏིག་སྐོར་གསུམ་>>སོགས་བསྡོམས་པོད་བདུན་བཞུགས། ཀུན་མཁྱེན་དེའི་མཚན་གྱི་རྣམ་གྲངས་ཀྱང་མཛོད་བདུན་སོགས་ལས་ཀློང་ཆེན་རབ་འབྱམས་དང༌། ཀློང་གསལ་དྲི་མེད། རྡོ་རྗེ་གཟི་བརྗིད། རྡོ་རྗེ་སེམས་དཔའ། དྲི་མེད་འོད་ཟེར། བློ་གྲོས་མཆོག་ལྡན། ཚུལ་ཁྲིམས་བློ་གྲོས། ངག་གི་དབང་པོ། པདྨ་ལས་གྲོལ། སྣ་ཚོགས་རང་གྲོལ། བསམ་ཡས་པ་སོགས་དང་གཞན་ཡང་ཀུན་མཁྱེན་འཇིགས་མེད་དབང་པོའི་གསོལ་འདེབས་ལས་མདོ་ཁམས་པ་འཇིགས་མེད་འཕྲིན་ལས་འོད་ཟེར། རྒྱལ་བའི་མྱུ་གུ། མཁྱེན་བརྩེའི་ལྷ་བཅས་གསལ། ཁོང་གི་གསུང་རྩོམ་<<ཀློང་ཆེན་མཛོད་བདུན་>>ཞེས་པ་དེ་རྙིང་མ་བས་ཆ་འཇོག་བྱེད་སའི་གཞུང་ཆེན་པོ་ཞིག་ཡིན། ད་ལྟ་ང་རང་ཚོའི་ཤེས་བྱ་མཛོད་ཟེར་བ་དེའི་རྩ་བའི་ཁུངས་གཏུགས་ས་ནི་ཀློང་ཆེན་མཛོད་བདུན་ཡིན། ཁོང་གི་གསུང་རྩོམ་ནི་ཚིག་སྦྱོར་བདེ་ཞིང་འགྲེལ་པ་གསལ་ཐག་ཆོད་ཡོད་པས་རྙིང་མའི་ལྟ་བའི་སྐོར་ལ་འགྲེལ་བཤད་དང་གསལ་བཤད་གནང་བའི་ནང་དུ་འགྲེལ་བཤད་དེ་ལས་གསལ་བ་མེད།

དེ་ནས་རྫོགས་པ་ཆེན་པོ་ཟེར་བ་དེ་ལ་ནང་གསེས་དབྱེ་ན། ༡. སེམས་སྡེ། ༢. ཀློང་སྡེ། ༣. མན་ངག་གི་སྡེ་བཅས་གསུམ་ཡོད། སྡེ་གསུམ་དེ་རྣམས་དང་པོ་སུས་དར་སྤེལ་གནང་མིན་སྐོར་ཟུར་བལྟའི་དཔྱད་གཞིའི་རེའུ་མིག་ནང་བྲིས་ཡོད།

དང་པོ་སེམས་སྡེ་ཟེར་བའི་གོ་དོན་ནི། སྣང་བ་ཐམས་ཅད་སེམས་ཡིན་ལ་སེམས་དེ་རང་བྱུང་གི་ཡེ་ཤེས་སུ་ཤར་བ་དང་དེ་ལས་ལོགས་སུ་མེད་པ་ཡིན་པས་སེམས་ཀྱི་སྡེ་ཞེས་བརྗོད་པའོ། །དེ་གང་ཞེ་ན་སེམས་ལ་བརྟེན་ནས་སྟོང་པ་ཉིད་སྒོམ་གྱི་ཡོད་པས་དེ་ནི་སྤྱིར་བཏང་གི་སྟོང་པ་ཉིད་སྒོམ་སྟངས་དང་མི་འདྲ་བ་ཞིག་ཡིན། སྣང་བ་ཐམས་ཅད་སེམས་ཡིན་ཞེས་པ་དེ་ལ་གོ་བ་ཡག་པོ་ཞིག་མ་ལོན་ན་སེམས་ཨང་དང་པོ་ཡིན་ཟེར་བར་གོ་བ་ལོག་པའི་ཉེན་ཁ་ཆེན་པོ་ཡོད། སྣང་བ་ཐམས་ཅད་སེམས་ཡིན་ཞེས་པ་དེ་སེམས་ཨང་དང་པོ་ཡིན་པ་དང༌། དེ་གང་ཡང་མེད་པའི་སྟོང་པ་སྟོང་རྐྱང་ཡིན་ཞེས་བཤད་པ་མ་ཡིན་པར་སྣང་བ་ཐམས་ཅད་སེམས་ཡིན་ཟེར་བ་དེ་དངོས་པོ་དེ་རང་དང་པོ་ནས་གནས་ཡོད་པ་ཞིག་ཡིན་པ་དང༌། སྣང་བ་སེམས་ནས་བྱུང་བ་རེད། སེམས་མེད་ན་འཆར་སྣང་ཡོང་མི་སྲིད། འཆར་སྣང་ནི། དཔེར་ན། ཕ་གི་དགྲ་རེད་བསམ་པའི་འཆར་སྣང༌། འདི་གཉེན་རེད་བསམ་པའི་འཆར་སྣང༌། འདི་དགྲ་དང་གཉེན་གང་ཡང་མ་རེད་བསམ་པའི་འཆར་སྣང༌། ཕ་གི་ཡག་པོ་རེད་བསམ་པའི་འཆར་སྣང༌། འདི་སྡུག་པོ་རེད་བསམ་པའི་འཆར་སྣང༌། དེ་བཞིན་འདི་སྙན་པོ་འདུག་བསམ་པའི་འཆར་སྣང༌། དེ་སྙན་པོ་མི་འདུག་བསམ་པའི་འཆར་སྣང༌།  དེ་ཞིམ་པོ་འདུག་བསམ་པའི་འཆར་སྣང༌། འདི་ཞིམ་པོ་མི་འདུག་བསམ་པའི་འཆར་སྣང་དེ་ཚོ་ཚང་མ་འཆར་སྣང་ཤ་སྟག་ཡིན། འཆར་སྣང་དེ་སེམས་ཀྱི་འཆར་སྣང་ཡིན་པ་ལས་དངོས་པོ་དེ་རང་གི་འཆར་སྣང་མིན། དཔེར་ན། སེམས་ཀྱི་འཆར་སྣང་ཡིན་པའི་རྒྱུ་མཚན་ནི། ཕག་པ་ལ་ཆ་བཞག་ན་ང་རང་ཚོའི་གསང་སྤྱོད་ནང་གི་མི་གཙང་བ་དེ་ཟོས་ན་བྲོ་བ་ཞིམ་པོ་ཡོད་པ་དེ་ཕག་པའི་སེམས་ཀྱི་འཆར་སྣང་ཡིན་པ་ལས་ང་རང་ཚོ་ཁ་ལ་ཟ་རྒྱུ་ཕར་བཞག་སྣ་ལ་དྲི་མ་ཁ་ནའང་སྐྱུག་བྲོ་བ་ཞིག་མངོན་གྱི་ཡོད། འོན་ཀྱང་ཞིམ་པོ་འདུག་བསམ་པའི་འཆར་སྣང་དང་སྐྱུག་བྲོ་བའི་འཆར་སྣང་ཡོང་ཡུལ་གྱི་ངོ་བོ་གཅིག་ཡིན་ནའང་དེ་གཉིས་ལ་འཆར་སྣང་མི་འདྲ་བ་ཁག་གཉིས་ཡོང་རྒྱུ་ཡོད། དེ་གང་ལགས་ཟེར་ན་ཕྱི་རོལ་གྱི་ཡུལ་དེ་རང་ལ་ཞིམ་པོ་ཡོད་པ་ཞིག་དང་ཞིམ་པོ་མེད་པ་ཞིག་རེད་དམ་ཞེ་ན་དེ་མིན་པར་རང་གི་སེམས་ཀྱིས་ཞིམ་པོ་འདུག་བསམ་ན་ཞིམ་པོ་ཡོད། ཞིམ་པོ་མི་འདུག་བསམ་ན་ཞིམ་པོ་མེད། དེ་བཞིན་མི་འགའ་ཤས་ཤ་རུལ་པ་ཟ་རྒྱུར་དགའ་པོ་ཡོད་པ་མ་ཟད་དེ་ཟོས་ན་ཚོར་བ་ཞིམ་པོ་ཞིག་ཡོང་གི་ཡོད་པ་དང༌། ཡང་ཁ་གཅིག་ཤ་རུལ་པ་མཐོང་ནའང་སྐྱུག་བྲོ་བའི་ཚོར་སྣང་ཡོང་གི་ཡོད་པས་ཚོར་སྣང་ཚང་མ་སེམས་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་སྟབས་སྣང་བ་ཐམས་ཅད་སེམས་ཡིན་ཞེས་པ་དེ་བྱུང༌། སེམས་དེ་རང་ནི་རང་བྱུང་གི་སངས་རྒྱས་ཤིག་ཡིན་ཟེར། གོང་དུ་རང་བྱུང་གི་ཡེ་ཤེས་ཟེར་བ་དེ་རང་བྱུང་གི་སངས་རྒྱས་ཟེར་བའི་དོན་ཡིན། རྙིང་མའི་ལྟ་བ་ཤོད་སྟངས་དེ་འདྲ་ཡིན། སེམས་དེ་མེད་ན་སངས་རྒྱས་མི་ཐུབ། སེམས་དེ་རང་བྱུང་གི་སངས་རྒྱས་ཡིན་ཟེར་བའི་རྒྱུ་མཚན་ནི་དེ་ནོར་བུ་ལྟ་བུ་ཞིག་ཡིན། འོན་ཀྱང་ནོར་བུའི་ཕྱི་ལོགས་སུ་དྲེག་པ་འགོས་བསྡད་ཡོད། དྲེག་པ་སྣ་ཚོགས་འགོས་པའི་ནོར་བུ་ཞིག་ཡོད་ན་ཡང་དེ་ནོར་བུ་ཡིན་པ་དེ་ནོར་བུ་ངོ་མ་ཞིག་ཡིན་པ་ལས་གཞན་མིན། དེའི་ཕྱི་ངོས་སུ་འགོས་པའི་མི་གཙང་བ་དེ་ཁོ་རང་གི་ངོ་བོ་མིན། ཁོ་རང་གི་ངོ་བོ་ནི་དྲི་མ་དང་བྲལ་བ་ཞིག་ཡིན། སེམས་ཀྱི་ངོ་བོ་དེ་དྲི་མ་དང་བྲལ་བ་ཞིག་ལས་དེ་དྲི་མ་དང་བྲལ་བ་ཞིག་མིན་ན། མི་ངན་པ་དེ་མི་བཟང་པོ་ཞིག་ཏུ་འགྱུར་མི་ཐུབ་ལ་མི་ཁོང་ཁྲོ་དང་ལྡན་པ་ཞིག་མི་ཞི་ལྷོད་ཞིག་ཏུ་འགྱུར་མི་ཐུབ་སྟེ། ཁོ་རང་གི་སེམས་ཀྱི་ངོ་བོ་དེ་རང་ཡིན་ན་ཁོ་ལ་བཟོ་ཐབས་རྩ་བ་ནས་མེད། མི་ཁོང་ཁྲོ་ཚ་པོ་དེ་རྗེས་སུ་ཁོང་ཁྲོ་ཚ་པོ་མེད་པ་ཞིག་ཏུ་འགྱུར་རྒྱུ་ཡོད་པ་དེ་ཁོ་རང་གི་སེམས་ཀྱི་ངོ་བོ་དེ་ཁོང་ཁྲོ་ཚ་པོ་མེད་པ་ཡིན་པའི་སྟབས་ཀྱིས་ཡིན། ཁོང་ཁྲོ་ཚ་པོ་ཆགས་པ་དེ་ནི་ཁོ་རང་གི་སེམས་ཀྱི་ངོ་བོ་དེ་ལ་ཁོང་ཁྲོའི་དྲི་མ་བཙོག་པ་དེ་འགོས་པ་ཞིག་ལས་ཁོའི་སེམས་ཀྱི་ངོ་བོ་དེ་གཙང་མ་ཞིག་ཡིན་པས་མི་བཟང་པོ་དེ་ངན་པ་ཆགས་རྒྱུ་ཡོད་ལ་ངན་པ་དེའང་བཟང་པོ་ཆགས་རྒྱུ་ཡོད། དེར་བརྟེན་སེམས་ཀྱི་ངོ་བོ་དེ་ནི་སྣམ་བུ་དཀར་པོ་ནང་བཞིན་དྲི་མས་མ་འགོས་པ་ཞིག་ཡིན་པ་དང༌། དེ་རིག་པ་ཞིག་དང༌། སྟོང་པ་ཞིག་ཡིན། རིག་པ་དེ་ནི་ཡུལ་གང་འདྲ་ཞིག་ཡིན་ནའང་ངོས་འཛིན་བྱེད་ཐུབ་མཁན་ཞིག་དང༌། ཕྱི་རོལ་ཡུལ་གང་འདྲ་ཞིག་ཡིན་ནའང་ངོས་འཛིན་དང་ཤེས་རྟོགས་བྱེད་ཐུབ་མཁན་ཞིག་ཡིན། དེར་བརྟེན་འདིར་རིག་པ་ཟེར་བ་ནི་ཤེས་རྟོགས་བྱེད་ཐུབ་པའི་དོན་ཡིན་པ་དང་ཤེས་རྟོགས་བྱེད་ཐུབ་པའི་ནུས་པ་ཡོད་པ་ཞིག་ཡིན། ངོ་བོ་དེ་སྟོང་པ་ཉིད་ཡིན་པས་དེ་ལ་སེམས་ཀྱི་སྡེ་ཞེས་བརྗོད་པའོ། །དེའང་སྟོང་པ་ཉིད་ཤོད་སྟངས་དེ་འདྲ་ཞིག་བཤད་པ་དེ་ལ་སེམས་སྡེ་ཟེར།

གཉིས་པ་ཀློང་སྡེ་ནི་སྣང་བ་ཐམས་ཅད་ཆོས་ཉིད་ཀུན་ཏུ་བཟང་པོའི་ཀློང་དེ་ལས་འགྲོ་ས་གཞན་མེད་པ་ཟེར་བ་དེ་ལ་ཀློང་སྡེ་ཞེས་བརྗོད། དེ་ནི་ཀློང་སྡེ་ཟེར་བའི་ཚིག་གི་གོ་དོན་ཡིན། དེར་འགྲེལ་བཤད་བྱས་ན། དེ་ལ་དམིགས་པའི་བརྟེན་ས་སྒྲིབ་པའི་སེམས་ཟེར་བ་ཞིག་ཡོད། སེམས་དེ་གང་འདྲ་ཞིག་ཡིན་ཞེ་ན། བསམ་བློ་གང་ཡང་མ་བཏང་བར་སེམས་དེ་རང་གིས་གང་བསམ་གྱི་ཡོད་ནའང་དེ་ལ་བཞག་ན་གང་འཚམས་ནས་ཡལ་འགྲོ་བ་དང༌། ཁོང་ཁྲོ་ཟོས་པའི་རྗེས་སུ་ཁོང་ཁྲོ་དེ་གང་འཚམས་ནས་ཤི་འགྲོ་བ་ལས་ད་དུང་དེ་ལས་ཚད་མཐོ་རུ་འགྲོ་རྒྱུ་གང་ཡང་མེད། དེར་བརྟེན་སེམས་ཁོ་རང་ལ་འབད་བརྩོན་བྱེད་རྒྱུ་མེད། བསམ་བློ་ངན་པ་གང་འདྲ་ཞིག་འཁོར་བ་ཡིན་ནའང་བཀག་རྒྱུ་ལ་འབད་རྩོལ་མ་བྱས་པར་དེ་རང་འགུལ་དུ་བཞག་ན་གང་འཚམས་ནས་ཡལ་འགྲོ་གི་རེད། དེས་ན་སེམས་དེ་ངན་པ་བྱེད་རྒྱུའི་ཐོག་ལ་འབད་རྩོལ་མེད་པའི་ཐོག་ཏུ་བཞག་ཚེ་སེམས་ངན་པ་དེ་རང་བཞིན་གྱིས་ཕར་ཡལ་འགྲོ་བ་དེ་ལ་དམིགས་པའི་བརྟེན་ས་སྒྲིབ་པའི་སེམས་ཟེར། དམིགས་པའི་བརྟེན་ས་སྒྲིབ་པའི་སེམས་དེ་ཉིད་ཀྱི་ངོ་བོ་ཡལ་འགྲོ་བ་ཁོ་རང་སྟོང་པ་ཉིད་ཡིན་ཟེར། ཡལ་འགྲོ་བ་དེ་རང་སྟོང་པ་ཉིད་ཡིན་པ་ལས་དེ་ལས་ལོགས་སུ་སྟོང་པ་ཉིད་ཟེར་བ་ཞིག་མེད་ལ་དེ་ལས་ལོགས་སུ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཟེར་བ་ཞིག་ཟུར་དུ་བཙལ་བྱའི་ཡུལ་མེད། དེར་བརྟེན་སྣང་བ་དེས་རང་གི་སེམས་ལ་འཆར་སྣང་ག་རེ་བྱུང་བ་ཐམས་ཅད་སྟོང་པ་ཉིད་ཀྱི་ངོ་བོའམ་དེའི་ཀློང་དེ་ལས་(དེའི་ཀློང་ཟེར་བ་ནི་བར་ཀློང་ལ་དཔེ་བཞག་པ་ཡིན་)འགྲོ་ས་གཞན་མེད། དཔེར་ན་རྒྱ་མཚོ་ཆེན་པོ་ལ་བར་ཀློང་ཞིག་ཡོད་ཚེ་བར་ཀློང་དེའི་ནང་ཚུད་ཚེ་མི་དངོས་ཚང་མ་དེའི་ནང་ལྷུངས་རྒྱུ་ཡིན་པས་ཀློང་དེ་ལ་དཔེ་བཞག་པ་རེད། ཀློང་དེ་གཏིང་ཟབ་པོ་ཡོད་པ་ཞིག་རེད། སྟོང་པ་ཉིད་ཀྱི་ངོ་བོ་གཏིང་ཟབ་པ་དེ་ལས་ལོགས་སུ་མེད་ཟེར། སྟོང་པ་ཉིད་ཀྱི་ངོ་བོ་དེ་ཡང་རང་གི་སེམས་ཀྱི་ངོ་བོ་དེ་ལ་ཕར་བལྟས་པའི་སྐབས་སུ་དེ་ཡལ་འགྲོ་བ། དེ་རང་ཉིད་སེམས་ཀྱི་ངོ་བོ་སྟོང་པ་ཉིད་དེ་རང་ཡིན་པ་ལས། དེ་ལས་ལོགས་སུ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཟེར་བ་ཞིག་ཟུར་དུ་མེད་པར་འདོད་པ་དེ་ལ་ཀློང་སྡེ་ཟེར།

གསུམ་པ་མན་ངག་གི་སྡེ་ནི། སྤང་བླང་བྲལ་བ། སྤང་བླང་བྲལ་བ་ཞེས་པ་ནི། སྤང་བྱ་དང་བླང་བྱ་མེད་པར་འདི་སྤང་བྱ་རེད་འདི་བླང་བྱ་རེད་ཅེས་དེ་རང་གི་ངོས་ནས་བཤད་པ་མ་ཡིན་པར། རང་གི་སེམས་ཀྱི་ངོས་ནས་འདི་བླང་བྱ་དང་འདི་སྤང་བྱ་ཟེར་བའི་ངོས་འཛིན་མ་བྱས་པའི་དོན་ཡིན་པ་ལས་དངོས་པོ་དེ་རང་ལ་འདི་སྤང་བྱ་རེད། འདི་བླང་བྱ་ཟེར་བ་མེད་ཟེར་བ་མིན། དཔེར་ན་ཆོས་ཀྱི་གནས་ཚད་མཐོ་པོ་ལ་སླེབས་ན་སྤང་བྱ་དང་བླང་བྱ་མེད་པར་འདོད་ཅིང༌། ཆོས་ཀྱི་གནས་ཚད་མཐོ་པོ་ལ་མ་སླེབས་ན་སྤང་བྱ་དང་བླང་བྱ་ཡོད་དེ། དགེ་བ་བཅུ་དེ་བླང་བྱ་ཡིན་པ་དང་མི་དགེ་བ་བཅུ་དེ་སྤང་བྱ་ཡིན། ཆོས་ཀྱི་གནས་ཚད་མཐོན་པོར་སླེབས་རྗེས་སྤང་བླང་མེད་པའི་རྒྱུ་མཚན་ནི། དགེ་བ་དང་མི་དགེ་བ་རང་གིས་བྱས་ཚད་ཚང་མ་ཆོས་ལ་འགྲོ་བའི་གནས་ཚད་ཞིག་ལ་སླེབས་རྒྱུ་ཡོད་པ་དེ་ལ་སྤང་བླང་བྲལ་བ་ཟེར། དེ་ནི་རང་གི་ངོས་ནས་ཕར་བཞག་པ་ཞིག་རེད། དེ་ནས་གཉིས་སུ་མེད་པའི་ཡེ་ཤེས་ཟེར་བ་ནི་ཕྱི་རོལ་གྱི་ཡུལ་དང་རང་གི་སེམས་གཉིས་ལོགས་སུ་དབྱེ་བ་ཕྱེ་རྒྱུ་མེད་པ། ཡུལ་དང་ཡུལ་ཅན་གཉིས་ལོགས་སུ་དབྱེ་བ་ཕྱེ་རྒྱུ་མེད་པ་ཞིག་ལ་ཟེར་རམ་ཞེ་ན། ཡུལ་འདི་རེད། རང་གི་སེམས་འདི་རེད་ཅེས་ལོགས་སུ་དབྱེ་བ་ཕྱེ་རྒྱུ་མེད་པའི་ཚད་དེ་འདྲ་ཞིག་ལ་སླེབས་ན་གཞི་ནས་གཉིས་སུ་མེད་པའི་ཡེ་ཤེས་ཟེར་བ་དེ་ཡིན་པ་ལས་དང་པོ་ཉིད་ནས་ཕྱི་རོལ་གྱི་ཡུལ་དེ་དང་རང་གི་སེམས་དེ་ལོགས་སུ་བཀར་བ་མིན་ཞེས་པའི་དོན་མིན་ལ་དེ་གཉིས་གཅིག་རེད་ཟེར་བའི་དོན་ཡང་མིན། སེམས་ཀྱི་ངོ་བོ་སྟོང་པ་ཉིད་དེ་རྟོགས་ཚེ་ཕྱི་རོལ་གྱི་ཡུལ་དང་རང་གི་སེམས་དེ་གཉིས་སུ་མེད་པའི་འཆར་སྣང་ཞིག་ཡོང་རྒྱུ་ཡོད། དེ་གནས་ཚད་མཐོན་པོར་སླེབས་པའི་སྐབས་ཡིན་ཞིང༌། དེ་ལ་གཉིས་སུ་མེད་པའི་ཡེ་ཤེས་ཟེར། དེའི་སྐབས་སུ་སླེབས་དུས་དགྲ་ཡི་འཆར་སྣང་གྲུབ་ནའང་འདྲ། གཉེན་གྱི་འཆར་སྣང་གྲུབ་ནའང་འདྲ། རང་ལ་འཆར་སྣང་གང་འདྲ་ཞིག་བྱུང་ནའང༌། རང་གི་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཁོ་རང་གི་རྣམ་འགྱུར་ཞིག་ཡིན་པའི་བསམ་བློ་མ་གཏོགས་ཕྱི་རོལ་གྱི་ཡུལ་དེ་རང་གི་ངོས་ནས་ཚུར་བྱུང་བའི་འཆར་སྣང་ཞིག་ཡིན་པར་ངོས་འཛིན་གྱི་མེད། གནས་ཚད་དེ་འདྲ་ཞིག་ཏུ་སླེབས་སྐབས་ཡུལ་དང་ཡུལ་ཅན་གཉིས་ལོགས་སུ་དབྱེ་བ་མེད་པའི་འཆར་སྣང་ཞིག་ཡོང་རྒྱུ་ཡོད་པས། དེའི་སྐབས་སུ་གཞི་ནས་སྣང་བ་ཐམས་ཅད་སེམས་ཡིན་ཟེར་བའི་གནས་ཚད་དེ་ལ་སླེབས་པ་ལས། དང་པོ་ནས་སྟོང་པ་ཉིད་རྩ་བ་ནས་ཤེས་རྟོགས་མ་བྱུང་གོང་ནས་ཡོད་ཚད་ཚང་མ་སེམས་ནས་བྱུང་བ་ཡིན་ཟེར་བ་མིན། མི་ལ་རས་པའི་མགུར་འབུམ་གྱི་ནང་དུ་སྣང་བ་ཐམས་ཅད་སེམས་ལས་བྱུང་ཞེས་གསུངས་པ་དེ་སྟོང་པ་ཉིད་ཤེས་རྟོགས་བྱུང་ནས་སྟོང་པ་ཉིད་ཀྱི་གནས་ཚད་མཐོན་པོར་སླེབས་ཟིན་པའི་ངོས་འཛིན་བྱེད་སྟངས་ཤིག་ཡིན་པ་ལས་ཡོད་ཚད་ཚང་མ་སེམས་ལས་བྱུང་བ་ཡིན་ཟེར་བའི་རིགས་པའི་གཞུང་ལུགས་ཤིག་བཤད་པ་མིན། སྣང་བ་ཐམས་ཅད་འཁོར་བ་ཡིན། སྟོང་པ་ཐམས་ཅད་མྱང་འདས་ཡིན། སྣང་བ་དང་སྟོང་པ་གཉིས་ཟུང་དུ་འཇུག་པ་དེ་གཉིས་སུ་མེད་པའི་ཡེ་ཤེས་ཡིན་ཟེར། སྣང་བ་འཁོར་བ་ཡིན་ཟེར་བ་དེ་ནི་སྣང་བ་དེ་འདྲ་མིན་པར་སྣ་ཚོགས་སྣང་རྒྱུ་ཡོད། དེའི་ངོ་བོ་དེ་ཤེས་རྟོགས་མ་ཐུབ་ན་འཁོར་བ་དང་ཤེས་རྟོགས་ཐུབ་ན་མྱང་འདས་རེད། དེར་བརྟེན་སེམས་ཀྱི་ངོ་བོ་སྟོང་པ་ཉིད་དེ་ཤེས་རྟོགས་བྱུང་ཚེ་མི་དེ་ལ་འཁོར་བ་འདི་ཡིན་མྱང་འདས་འདི་ཡིན་ཟེར་བ་མེད་པར་འཁོར་འདས་གཉིས་གཅིག་ཏུ་གྱུར་ཟིན་པ་རེད། དེར་བརྟེན་བླང་བྱ་དང་སྤང་བྱ་གཉིས་མེད་ཀྱི་ཡེ་ཤེས་ཟེར་བ་དང་སྣང་སྟོང་ཟུང་འཇུག་གི་ཡེ་ཤེས་ཟེར་བ་དེ་ལྟར་ཡིན། དེར་མིང་སྣ་ཚོགས་ཡོད། དེ་བཞིན་སྣང་སྟོང་ཟུང་འཇུག སྤང་བླང་ཟུང་འཇུག འཁོར་འདས་ཟུང་འཇུག་དེ་འདྲ་བཤད་རྒྱུ་ཡོད། སྣང་བ་གང་འདྲ་ཞིག་བྱུང་ནའང་སྟོང་པ་ཉིད་ཀྱི་འཆར་སྣང་ཡིན་པའི་སྣང་བ་ཞིག་མ་གཏོགས་སྟོང་པ་ཉིད་མ་ཡིན་པའི་སྣང་བ་རྩ་བ་ཉིད་ཡོང་མི་སྲིད། རང་ལ་སྣང་བ་ཐམས་ཅད་སྟོང་པ་ཉིད་ཀྱི་འཆར་སྣང་ཁོ་ན་ལས་སྟོང་པ་ཉིད་མིན་པའི་འཆར་སྣང་རྩ་བ་ནས་ཡོང་རྒྱུ་མེད། དེས་ན་སྣང་བ་ཐམས་ཅད་ཟད་ས་ལ་འཁྱོལ་བ་ཟེར། སྣང་བ་ཟད་ས་ལ་འཁྱོལ་བའི་གནས་ཚད་དེ་ལ་སླེབས་པ་ཡིན། དེ་བཞིན་སྣང་བ་ཆོས་སྐུ་ལས་གྲོལ་བ་ཡང་ཟེར། དེ་རྣམས་ནི་རྙིང་མའི་ཐུན་མོང་མ་ཡིན་པའི་གསུང་ཚུལ་ཡིན་པས་དགེ་ལུགས་པ་དང་ཆོས་ལུགས་གཞན་དག་ལ་སྣང་བ་ཟད་ས་ལ་འཁྱོལ་བ་ཟེར་བ་དང་དེ་བཞིན་དེ་དང་འདྲ་བའི་མིང་དང་ཚིག་དེ་ཚོ་བེད་སྤྱོད་གཏོང་སྲོལ་མེད། ཆོས་ལུགས་སོ་སོ་ལ་སོ་སོའི་མིང་དང་ཚིག་མི་འདྲ་བ་ཡོད་པས་དེ་རྣམས་ཕར་བསྲེས་ཚུར་བསྲེས་བྱ་རྒྱུ་མེད། དེ་ཚོ་བསྲེས་ཚེ་ཁོ་རང་གི་དོན་དག་ངོ་མ་དེ་བརླག་ཉེན་ཡོད། དཔེར་ན། རྙིང་མའི་རྫོགས་པ་ཆེན་པོ་ཟེར་བའི་དོན་དེ་དགེ་ལུགས་པའི་ནང་དུ་ཚུར་བསྲེས། བཀའ་བརྒྱུད་པའི་ནང་དུ་ཕར་བསྲེས་བྱས་ཚེ་སོ་སོ་རང་གི་དོན་དག་ངོ་མ་ལྟེ་བ་དེ་བརླག་ཉེན་ཡོད། དེ་འདྲ་བྱས་ཚེ་ར་མ་ལུག་ཟེར་བ་དེ་ཆགས་ཀྱི་རེད།

རྙིང་མའི་གཞུང་གི་ནང་དུ་སེམས་ཀྱི་ངོ་བོ་དེ། ༡. ངོ་བོ་ཀ་དག་དང༌། ༢. རང་བཞིན་ལྷུན་གྲུབ། ༣. ཐུགས་རྗེ་ཀུན་ཁྱབ་བཅས་ཁྱད་ཆོས་གསུམ་དང་ལྡན་པ་ཞིག་ཡིན་པར་འདོད་པ་ཡིན།

སེམས་ཀྱི་ངོ་བོའི་ཁྱད་ཆོས་དང་པོ། ངོ་བོ་ཀ་དག་ཡིན་པ། ཀ་དག་ཟེར་བ་དེ་རྙིང་མས་གསུངས་པ་མ་གཏོགས་ཆོས་ལུགས་གཞན་གྱིས་རྩ་བ་ནས་གསུངས་སྲོལ་མེད། དེ་ཡང་ང་ཚོས་ཤེས་དགོས་པ་ཡིན། ཀ་དག་ཕྱག་རྒྱ་ཆེན་པོ་ཟེར། ཡི་གེ་ཀ་མད་སུམ་ཅུའི་ནང་ཀ་དེ་ཨང་དང་པོ་ཡིན་པས་དེ་ལ་དཔེ་བཞག་པ་རེད། ཀ་དག་ནི་ཀ་ནས་དག་པ་སྟེ་དང་པོ་ནས་དག་པ་ཟེར་བའི་དོན་ཡིན། དང་པོ་ཐོག་མ་ནས་དག་བསྡད་པ་ཞིག་ཡིན་པ་ལས་རྗེས་སུ་བཀྲུས་ཏེ་དག་པ་ཞིག་མིན་ཟེར་བ་ཡིན། རང་གི་སེམས་དེ་ཐོག་མར་བྱུང་དུས་ནས་སྟོང་པ་ཉིད་ཡིན་པ་ཞིག་ལས་དང་པོ་སྟོང་པ་ཉིད་མིན་པར་རྗེས་སུ་སྟོང་པ་ཉིད་ཆགས་པ་དེ་འདྲ་མིན། སེམས་ནི་དང་པོ་ཐོག་མར་བྱུང་དུས་ནས་སྟོང་པ་ཉིད་ཡིན་པ་ཞིག་རེད། དེ་རང་གིས་ངོ་མ་ཤེས་པ་རེད། དེ་ནི་རང་གི་ཨ་མ་རང་གིས་ངོ་མ་ཤེས་པ་ལྟ་བུ་ཞིག་ལས་སེམས་དང་པོ་ཉིད་ནས་སྟོང་པ་ཉིད་ཡིན་བཞིན་པ་ཡིན། སེམས་དེ་དང་པོ་གང་ནས་བྱུང་བ་དང༌། བར་དུ་གང་དུ་གནས་པ། མཐའ་མ་གང་དུ་སོང་བ། དེ་འདྲའི་སྐྱེ་བ་དང༌། འགག་པ་དང༌། གནས་པ་བཅས་ཀྱི་སྤྲུལ་པ་དེ་མེད། སེམས་དེ་ཐོག་མ་ག་དུས་བྱུང་བ་ཡིན་ནམ་ཞེ་ན། སྐྱེ་དུས་བྱུང་བ་ཡིན་ཟེར་དགོས་སམ་ཡང་ན་ཨ་མའི་ཁོག་པའི་ནང་དུ་ཕྲུ་གུ་ཆགས་དུས་བྱུང་བ་རེད་ཟེར་དགོས་སམ། གང་ལྟར་ཤོད་རྒྱུ་ཞིག་ཡོད་དགོས། འོན་ཀྱང་ཆོས་ཀྱི་ནང་དུ་ངའི་སེམས་དེ་དང་པོ་དེ་དུས་བྱུང་བ་རེད་ཅེས་ཤོད་སྲོལ་མེད་པར་འདོད་པ་ཡིན། དེ་བཞིན་སེམས་དེ་བར་དུ་གནས་པ་དེའང་རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས་པ་ལྟ་བུ་ཞིག་མེད། གང་ཞེ་ན། སེམས་དེ་སྐད་ཅིག་ཉིད་དུ་བརྗེད་འགྲོ་བ་ཞིག་ཡིན། རྙིང་པ་དབྱུགས་ནས་གསར་པ་ཡོང་བ་ཞིག་ལས་རྒྱལ་པོ་གསེར་ཁྲིར་གནས་པ་ལྟར་མེད། མཐའ་མ་གང་དུ་ཕྱིན་པ་དེའང་གྲོག་མ་ཚང་དུ་འཛུལ་བ་ལྟ་བུ་ཞིག་མེད། དེར་བརྟེན་སེམས་ལ་སྐྱེ་བ་དང༌། འགག་པ། གནས་པ་གསུམ་གྱི་སྤྲུལ་པ་དེ་མེད་པར་སྐྱེ་འགག་གནས་གསུམ་གྱི་སྤྲུལ་པ་དང་བྲལ་བ་དང༌། ཉོན་མོངས་དུག་གསུམ་གྱི་དྲི་མ་དང་བྲལ་བ་དེ་འདྲ་ཞིག་ཡིན་སྟབས་སེམས་ཀྱི་ངོ་བོ་དེ་ཀ་ནས་དག་པ་ཞིག་རེད་ཟེར། དེ་ལ་རིག་སྟོང་དབྱེར་མེད་ཟེར། རིག་པ་ནི་སེམས་ཀྱི་དོན་ཡིན་པས་སེམས་དང་སྟོང་པ་ཉིད་དབྱེ་བ་མེད་པ་དེ་ལ་རིག་སྟོང་དབྱེར་མེད་ཟེར།

སེམས་ཀྱི་ངོ་བོའི་ཁྱད་ཆོས་གཉིས་པ། རང་བཞིན་ལྷུན་གྲུབ་ཟེར་བའི་སྐོར། སེམས་ཀྱི་སྟོང་པ་ཉིད་དེ་ནི་རང་བཞིན་གྱིས་བྱུང་བ་ཞིག་ལས་སེམས་ཀྱི་སྟོང་པ་ཉིད་དེ་དཔེར་ན་མི་ཞིག་གིས་བུམ་པ་དེ་འདིར་བཞག་ཐོག་བུམ་པ་དེའི་སྟེང་དུ་ལྷན་པ་བརྒྱབ་ནས་འབྱར་བ་ལྟ་བུ་ཞིག་མིན། ཁོ་རང་གི་ངོ་བོ་ཉིད་དེ་འདྲ་ཡིན་པ་ལས་ཁོའི་སྟེང་དུ་མཛེས་རྒྱན་སྤྲས་ཏེ་མེ་ཏོག་དང་རི་མོ་བྲིས་པ་ལྟ་བུ་ཞིག་མིན། སེམས་ཀྱི་སྟོང་པ་ཉིད་ཀྱི་ངོ་བོ་དེ་རང་ཉིད་རང་བཞིན་གྱིས་གྲུབ་པ་ཞིག་རེད། སེམས་དེ་བྱུང་བ་ནས་སེམས་ཀྱི་ངོ་བོ་རང་བཞིན་གྱི་ལྷུན་གྲུབ་ཡིན་པ་མ་གཏོགས་སྟོང་པ་ཉིད་དེ་སེམས་ལ་ལྷན་པ་བརྒྱབ་པ་ལྟ་བུ་ཞིག་མིན། དེ་ནི་རང་བྱུང་ཞིག་རེད། རང་བྱུང་ཡིན་པས་ན་སེམས་དེ་རང་བཞིན་ལྷུན་གྲུབ་ཅིག་རེད།

སེམས་ཀྱི་ངོ་བོའི་ཁྱད་ཆོས་གསུམ་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་སྐོར། ཐུགས་རྗེ་ཀུན་ཁྱབ་ཟེར་བ་ནི། སྟོང་པ་ཉིད་ཀྱི་རྩལ་ཟེར་བ་ཞིག་ཡོད། སྟོང་པ་ཉིད་ཀྱི་རྩལ་ཟེར་བ་དེ་རྙིང་མའི་གཞུང་ནས་དེ་འདྲ་གསུངས་པ་ལས་དགེ་ལུགས་པའི་གཞུང་ནང་རྩལ་ཟེར་བ་དེ་གསུང་སྲོལ་མེད། དེ་ནི་སྟོང་པ་ཉིད་ཀྱི་རྣམ་འགྱུར་དེ་ལ་རྩལ་ཞེས་བརྗོད་པ་ཡིན། རྩལ་ཟེར་བའི་དོན་ནི་སྟོང་པ་ཉིད་ཀྱི་རྣམ་འགྱུར་བཤད་པ་རེད། སྟོང་པ་ཉིད་ཀྱི་རྩལ་ཟེར་བ་ནི་དག་དང་མ་དག་གི་སྣང་བ་སྣ་ཚོགས་འཆར་རྒྱུ་ཡོད་ཟེར་བ་དེ་ཡིན། དཔེར་ན་སངས་རྒྱས་ལ་དག་པའི་སྣང་བ་ཤར་རྒྱུ་ཡོད་པ་དང༌། སངས་མ་རྒྱས་པར་མ་དག་པའི་སྣང་བ་ཤར་རྒྱུ་ཡོད། སངས་རྒྱས་ལ་དག་པའི་སྣང་བ་ཤར་ནའང་འདྲ། སངས་མ་རྒྱས་པ་ལ་མ་དག་པའི་སྣང་བ་ཤར་ནའང་འདྲ། གང་ལྟར་སྣང་བ་སྣ་ཚོགས་སྣང་ཆོག་པ་སྟེ་དངོས་པོ་གཅིག་ལ་སྣང་བ་མི་འདྲ་བ་གསུམ་སྣང་ཆོག མི་ཞིག་ལ་ཆ་བཞག་ན་འཆར་སྣང་སྣ་ཚོགས་ཡོང་རྒྱུ་ཡོད་པས་དག་པའི་སྣང་བ་འཆར་ཆོག་ལ་མ་དག་པའི་སྣང་བ་ཡང་འཆར་ཆོག་པ་ཡིན་པས་སྣང་བ་དེ་ཚོ་ཚང་མ་སྟོང་པ་ཉིད་ཀྱི་རྩལ་ཡིན་པ་མ་གཏོགས་དེ་ལས་ལོགས་སུ་མེད་པ་དང༌། སྟོང་པ་ཉིད་ཀྱི་རྣམ་འགྱུར་དེ་ལས་ལོགས་སུ་མེད་ཟེར། སྟོང་པ་ཉིད་ཀྱི་རྩལ་དེ་དག་དང་མ་དག་གི་སྣང་བ་གང་ཡང་འཆར་རྒྱུ་ཡོད་པས་དེ་ལ་རྙིང་མ་བས་ཐུགས་རྗེ་ཀུན་ཁྱབ་ཅེས་གསུངས་ཤིང༌། དེ་ཡང་གསུངས་སྟངས་མི་འདྲ་བ་ཙམ་ལས་ནང་དོན་དགེ་ལུགས་དང་བཀའ་བརྒྱུད་ཚང་མས་གསུངས་སྟངས་དང་གཅིག་གྱུར་ཡིན་ཏེ་དཔེར་ན་སྟོང་པ་ཉིད་ཀྱི་རྣམ་འགྱུར་ཞེས་པར་སྟོང་པ་ཉིད་ཀྱི་རྩལ་ཞེས་གསུངས་པ་ལྟར་མིང་ཚིག་བེད་སྤྱོད་དང་འགྲེལ་བཤད་བྱེད་སྟངས་ཐ་དད་ཙམ་ལས་ནང་དོན་འགལ་བ་གང་ཡང་མེད།

རྙིང་མའི་ལྟ་བའི་ནང་དུ་སེམས་དང་རིག་པ་གཉིས་བར་དུ་དབྱེ་བ་ཞིག་ཕྱེ་གི་ཡོད་ཅིང༌། སེམས་ནི་དེའི་ངོ་བོའི་ཐོག་ནས་བཞག་པ་དང༌། རིག་པ་ནི་དེའི་ཁྱད་ཆོས་ཀྱི་ཐོག་ནས་བཞག་པ་དེ་འདྲ་ཞིག་གི་ཁྱད་པར་དུ་འདོད་པ་ཡིན། སེམས་ནི་ཁོའི་བསམ་བློའི་ནང་དུ་རྣམ་རྟོག་བཟང་ངན་ཅི་རིགས་ཡོང་རྒྱུ་ཡོད་པས་རྣམ་རྟོག་བཟང་ངན་གང་ཡིན་ལ་མ་ལྟོས་པ་དེ་ལ་སེམས་ཟེར། སེམས་དེ་རང་གི་ངོ་བོ་དེ་ནི་དྲི་མ་མེད་པ་དང༌། དེའི་ངོ་བོ་གསལ་པོ་ཤེས་རྟོགས་ཐུབ་པ་སྟེ། སེམས་ཀྱི་སྟོང་པ་ཉིད་ཤེས་རྟོགས་ཐུབ་པ་དེ་ལ་རིག་པ་ཟེར། དེ་ལ་ཡང་རིག་པ་ངོས་འཕྲོད་པ་ཟེར་བ་ཞིག་ཡོད། རིག་པ་རང་ངོས་འཕྲོད་པ་ཟེར་བ་ནི་སེམས་རང་ངོས་འཕྲོད་པ་དང༌། སེམས་རང་ངོས་འཕྲོད་པ་ཟེར་བ་ནི་རང་གི་སེམས་རང་གིས་ངོ་ཤེས་པ་ལྟ་བུ་རེད། སེམས་ཀྱི་སྟོང་པ་ཉིད་དེ་ཤེས་ན་རང་གི་སེམས་རང་གིས་ངོ་ཤེས་པ་དེ་ཡོང་གི་རེད་ཟེར། སེམས་ཀྱི་སྟོང་པ་ཉིད་ངོས་འཕྲོད་པའམ་རང་གི་སེམས་ཀྱི་ངོ་བོ་དེ་རང་གིས་ངོ་ཤེས་པ་ཡིན་ན་དེ་ལ་རིག་པ་རང་ངོར་འཕྲོད་པ་ཟེར། དེ་ལ་ནང་གསེས་ཀྱིས་དབྱེ་ན་རིམ་གྱིས་པ་དང་ཅིག་ཅར་བ་གཉིས་ཡོད། རིམ་གྱིས་པ་ཡི་སེམས་རང་ངོས་འཕྲོད་དུས་དང་པོ་སྣང་བ་ཐམས་ཅད་སེམས་ཡིན་པར་ཐག་གཅོད་དགོས་ཟེར། སེམས་དེ་ངོ་བོ་སྟོང་པ་ཉིད་ཡིན་པར་ཐག་བཅད། སྟོང་པ་ཉིད་དེ་གཉིས་མེད་ཟུང་འཇུག་ཡིན་པར་ཐག་བཅད། དེ་རྣམས་ནི་རིམ་གྱིས་པ་ཡི་སེམས་རང་ངོར་འཕྲོད་སྟངས་དེ་ཡིན། རིམ་གྱིས་པ་ཞེས་པ་ནི་གོ་རིམ་བརྒྱུད་ནས་འགྲོ་བའི་དོན་ཡིན་ཅིང༌། གོ་རིམ་དང་པོ་སྣང་བ་སེམས་ཡིན་པར་ཐག་བཅད། གོ་རིམ་གཉིས་པ་སེམས་སྟོང་པ་ཉིད་ཡིན་པར་ཐག་བཅད་པས་ན་རིམ་གྱིས་པ་ཞེས་བརྗོད། ཅིག་ཅར་བ་ཡི་སེམས་ཀྱི་ངོ་བོ་ངོས་འཕྲོད་སྟངས་ནི། གོང་གསལ་གོ་རིམ་དེ་རྣམས་བརྒྱུད་མ་དགོས་པར། བླ་མས་རང་གི་སེམས་དེ་ངོ་སྤྲོད་བྱས་པ་དེ་ཙམ་གྱིས་ལམ་སང་རང་གི་སེམས་ཀྱི་ངོ་བོ་ཤེས་རྟོགས་ཐུབ་པ་ཞིག་ཡོད་པ་དེ་ལ་ཅིག་ཅར་བ་ཟེར། མདོར་བསྡུས་ནས་བཤད་ན། རྙིང་མའི་ལྟ་བའི་ནང་དུ་རྣམ་རྟོག་བཟང་པོ་དང་ངན་པ་གང་ཡིན་ནའང་དེ་བཀག་འགོག་མ་བྱས་པར། རང་གི་སེམས་ལ་ཁོང་ཁྲོ་དང༌། འདོད་ཆགས་སོགས་ག་རེ་སྐྱེ་ནའང་དེ་མ་བཀག་པར་བཞག་ཚེ་རང་བཞིན་གྱིས་ཡལ་འགྲོ་བ་དང༌། རང་བཞིན་གྱིས་ཡལ་འགྲོ་བ་དེ་ནི་སྟོང་པ་ཉིད་ཡིན་ཟེར། ཡང་དེར་དགེ་ལུགས་པས་དེ་ཡལ་འགྲོ་བ་དེ་མི་རྟག་པའི་ཁྱད་ཆོས་ཡིན་པ་ལས་དེའི་སྟོང་པ་ཉིད་ཀྱི་ཁྱད་ཆོས་མིན་པར་འདོད་ཅིང༌། དངོས་པོ་གང་ཡིན་ནའང་རྙིང་པ་ཡལ་ནས་གསར་པ་ཡོང་བ་དེ་མི་རྟག་པའི་ཁྱད་ཆོས་ཡིན་པ་ལས་སྟོང་པ་ཉིད་ཀྱི་ཁྱད་ཆོས་མིན་ཟེར། མི་རྟག་པ་ཤེས་རྟོགས་བྱུང་བ་དེར་སྟོང་པ་ཉིད་ཤེས་རྟོགས་བྱུང་བ་ཡིན་པར་འཁྲུལ་ན་མི་འགྲིག་ཟེར། དེར་བརྟེན་ལྟ་བ་མི་འདྲ་བ་དེ་ལྟར་བྱུང་བ་ཡིན། དགེ་ལུགས་པས་སེམས་ཀྱི་ངོ་བོ་དེ་རང་དགར་བཞག་ནས་ཕར་ཡལ་འགྲོ་བ་དེ་མི་རྟག་པའི་ཁྱད་ཆོས་ཡིན་པ་ལས་སྟོང་པ་ཉིད་མིན་པར་འདོད། རྙིང་མ་བས་དེ་སྟོང་པ་ཉིད་ཡིན་ཟེར།

༢. བཀའ་གདམས་པ།

སྤྱིར་ན་བཀའ་གདམས་ཀྱི་ལྟ་བ་དང་དགེ་ལུགས་པའི་ལྟ་བ་གཅིག་མཚུངས་ཡིན། བཀའ་གདམས་ཟེར་བ་ནི། སངས་རྒྱས་ཀྱི་བཀའ་ཐམས་ཅད་འགལ་བ་མེད་པར་གང་ཟག་གཅིག་སངས་རྒྱས་ཐོབ་པར་བྱེད་པའི་གདམས་ངག་ཡིན་པར་ཁྱད་པར་མེད་པར་ཁས་ལེན་པ་དེ་ལ་བཀའ་གདམས་པ་ཟེར། སངས་རྒྱས་ཀྱི་བཀའི་ནང་ནས་ཡི་གེ་སྣ་གཅིག་ཀྱང་དབྱུགས་རྒྱུ་མེད། གང་ཟག་གཅིག་སངས་རྒྱས་པར་བྱེད་པའི་གདམས་ངག་ཤ་སྟག་ཡིན། བསྟན་འགྱུར་ནི་སངས་རྒྱས་ཀྱི་བཀའ་གོ་ཁག་པོ་ཡོད་པ་དེ་ལ་འགྲེལ་བཤད་བྱས་ནས་བསྟན་བཅོས་ཟེར་བ་དེ་བྱུང་བ་ལས་གདམས་ངག་ངོ་མ་དེ་སངས་རྒྱས་ཀྱི་བཀའི་ནང་དུ་ཡོད་པ་ལས་དེ་ལས་ལོགས་སུ་མེད་ཟེར། དེ་ཡིན་དུས་དང་པོ་ཆོས་བྱེད་པར་སྒོམ་རྒྱག་དགོས། སྒོམ་རྒྱག་པ་ལ་བསམ་བློ་གཏོང་དགོས། བསམ་བློ་གཏོང་བ་ལ་ཐོས་པ་ཡག་པོ་བྱེད་དགོས། ཐོས་པ་མ་བྱས་པར་སྒོམ་བརྒྱབ་པ་ཡིན་ན་འཕྱི་བ་བྲག་ཕུག་ནང་དུ་བསྡད་ནས་སྒོམ་རྒྱག་པ་དང་ཁྱད་མེད་ཟེར། དེར་བརྟེན། ཐོག་མ་གཞུང་ཆེན་པོ་ལྔ་ལ་ཐོས་བསམ་ཡག་པོ་ཞིག་བྱས་ནས་དེའི་རྗེས་ལ་སྒོམ་བརྒྱབ་སྟེ། ཐོས་པ་ཇི་ཙམ་མང་བ་ཡོད་ན་ཡང་བསམ་བློ་གཏོང་རྒྱུ་མང་བ་དང༌། བསམ་བློ་ཇི་ཙམ་གཏོང་རྒྱུ་མང་བ་ཡོད་ན་ཡང་སྒོམ་རྒྱག་རྒྱུ་མང་བ་དང་དེ་ལ་འབྲས་བུ་འཐོབ་རྒྱུ་མང་བ་ཡོད་པར་འདོད། ཐོས་པ་རྩ་བ་ནས་མེད་པར་སྒོམ་བརྒྱབ་པ་ཡིན་ན་སྐྱེ་བ་རྗེས་མ་དུད་འགྲོ་ལ་སྐྱེ་རྒྱུའི་རྒྱུ་མ་གཏོགས་འབྲས་བུ་གང་ཡང་ཐོབ་མི་སྲིད། རང་གི་སེམས་རྒྱུད་ཀྱི་ཉོན་མོངས་དུག་གསུམ་དེ་ཚོ་མེད་པ་བཟོ་མི་ཐུབ། གཞུང་ཆེན་པོ་ལ་ཐོས་བསམ་བྱེད་རྒྱུ་དེ་ཧ་ཅང་གལ་འགངས་ཆེ་བ་ཡིན་ཟེར། དེར་བརྟེན་སྔོན་མ་བཀའ་གདམས་ཀྱི་དགོན་པ་དེ་ཚོའི་ནང་དུ་གཞུང་ཆེན་པོ་ལ་ཐོས་བསམ་བྱེད་པའི་དགོན་པ་མང་པོ་བཙུགས་དོན་དེ་ལྟར་ཡིན་ཟེར། དེ་བཞིན་སེ་འབྲས་དགེ་གསུམ་དང༌། བཀའ་བརྒྱུད་པའི་དགོན་པ་གྲགས་ཅན་ཁག ཁམས་ཀྱི་རྙིང་མའི་དགོན་པ། དེ་བཞིན་སྡེ་དགེ སྨིན་གྲོལ་གླིང་སོགས་དེ་ཚོའི་ནང་དུ་གཞུང་ཆེན་པོ་ལ་ཐོས་བསམ་བྱེད་པའི་སྡེ་ཚན་བཙུགས་ཡོད་པ་མ་ཟད། དགེ་རྒན་ཡང་ཆེད་མངགས་བསྐོས་ཡོད། འོན་ཀྱང་གྲྭ་པ་ཡོད་ཚད་ཀྱིས་གཞུང་ཆེན་པོར་སློབ་གཉེར་བྱེད་ཀྱི་མེད་པར་དེའི་ནང་ནས་རིག་པ་ཡག་པ་དང་བསམ་བློ་གཏོང་ཐུབ་མཁན་དེ་རྣམས་ཟུར་དུ་འཐེན་ནས་དེ་ཚོས་སློབ་སྦྱོང་བྱེད་ཀྱི་ཡོད། དཔེར་ན། དགོན་པའི་ནང་དུ་ཆ་བཞག་ན། སེ་ར་དང་འབྲས་སྤུངས་སོགས་ཀྱི་ནང་དུ་གྲྭ་པ་དཔེ་ཆ་ལྟ་མཁན་ཁག་གཅིག་དང་དཔེ་ཆ་མི་ལྟ་མཁན་ཁག་གཅིག་ཡོད། དཔེ་ཆ་ལྟ་མཁན་དེ་ཚོས་གཞུང་ཆེན་པོའི་དཔེ་ཆ་ལྟ་གི་ཡོད། དགེ་བཤེས་གཏོང་དུས་ཀྱང་ཁོ་ཚོ་འགྲོ་གི་ཡོད། དཔེ་ཆ་མི་ལྟ་མཁན་དེ་ཚོས་རི་མོ་དང༌། ཨར་ལས་དང༌། དུང་རྒྱ་གླིང་སོགས་སྣ་ཚོགས་སྦྱོང་གི་ཡོད། སྔོན་མ་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་ཨ་མདོ་བཀྲ་ཤིས་འཁྱིལ་དུ་ཐོས་བསམ་གླིང་དང༌། སྨན་པ་གྲྭ་ཚང༌། སྔགས་པ་གྲྭ་ཚང་སོགས་གྲྭ་ཚང་མང་པོ་བཙུགས་གནང་ཡོད་ཅིང༌། ཐོས་བསམ་གླིང་གྲྭ་ཚང་ནང་དུ་ཡོད་པ་ཚང་མ་དཔེ་ཆ་ལྟ་མཁན་ཡིན་པ་མ་ཟད། གཞུང་ཆེན་པོར་ཐོས་བསམ་བྱེད་མཁན་ཡང་ཡིན་ལ། དེར་གྲྭ་གྲངས་ཀྱང་མང་པོ་དགོས་པ་ཡིན། དེ་ནས་གཞུང་ཆེན་པོ་ལྟ་མི་ཐུབ་མཁན་དེ་ཚོ་སྨན་པ་གྲྭ་ཚང་ནང་ཨེམ་རྗེ་བསླབ་པར་འགྲོ་དགོས། གོང་གསལ་གྲྭ་ཚང་དེ་གཉིས་ཀར་རིག་གནས་སྙན་ངག་དང༌། སུམ་རྟགས་སོགས་སློབ་གཉེར་བྱེད་དགོས་ཀྱི་ཡོད། དེའི་ནང་དགེ་བཤེས་བཏང་ཚར་བ་རྣམས་སྔགས་པ་གྲྭ་ཚང་ནང་དུ་གསང་སྔགས་སྦྱོང་བར་འགྲོ་དགོས། གོང་གསལ་དེ་རྣམས་ཀྱང་སློབ་སྦྱོང་བྱེད་མི་ཐུབ་མཁན་དེ་ཚོ་ཡང་ན་རི་མོ་བྲིས་ཤེས་པ་དང༌། ཡང་ན་དཔེ་ཆ་པར་བརྐོས་ཤེས་པ། ཡང་ན་དགོན་པའི་ཨར་ལས་བྱེད་ཤེས་པ་སོགས་གང་ལྟར་སོ་སོར་ཡོན་ཏན་ནམ་ལག་རྩལ་སྣེ་ཁ་གཅིག་འཁྱེར་རྒྱུ་མེད་ན་དགོན་པའི་ནང་དུ་བསྡད་མི་ཆོག་པ་ཡིན། དེ་བཞིན་སྐུ་འབུམ་ལའང་ལུགས་སྲོལ་དེ་འདྲ་བཟོས་ཡོད་ཀྱང་སྐུ་འབུམ་དགོན་པ་དེ་ཟི་ལིང་གྲོང་ཁྱེར་དང་བར་ཐག་ཉེ་བའི་རྐྱེན་གྱིས་ཟི་ལིང་གྲོང་ཁྱེར་ནང་དུ་སྐབས་དེ་དུས་ཚོང་པ་མང་པོ་ཡོད་སྟབས་སྐུ་འབུམ་དགོན་པ་ལའང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད། སྔོན་མ་བཀྲ་ཤིས་འཁྱིལ་གྱི་དགོན་པའི་ཉེ་འཁོར་ལ་མི་རིགས་གཞན་དག་སྡོད་མཁན་མེད་ལ་ཚོང་རྒྱག་མཁན་ཡང་མང་པོ་མེད་པས་གོང་གསལ་སྐུ་འབུམ་ལྟར་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དེ་དགོན་པར་ཐེབས་ཐུབ་ཀྱི་མེད་པ་རེད། གང་ལྟར་སེ་འབྲས་དགའ་གསུམ་ཡིན་ནའང་འདྲ། དེ་བཞིན་བཀྲ་ཤིས་ལྷུན་པོ་དང༌། བཀྲ་ཤིས་འཁྱིལ། སྐུ་འབུམ་སོགས་གང་དུ་ཡིན་ནའང༌། དགོན་པ་དེའི་ནང་བསྡད་ཚར་བའི་རྗེས་ལ་ཡོན་ཏན་སྣེ་ཁ་གཅིག་མ་ཤེས་ན་འགྲིག་ཐབས་མེད། གཞན་ཡང་སེ་ར་དང་འབྲས་སྤུངས་སོགས་ནང་དཔེ་ཆ་རྩ་བ་ནས་མི་ལྟ་མཁན་གྲྭ་པ་ལོ་ཆུང་ཆུང་སྣང་བ་གང་དྲན་བྱེད་མཁན་ཁག་གཅིག་ཡོད་པ་དེ་ཚོར་རྡོབ་རྡོབ་ཟེར་(བཀྲ་ཤིས་ལྷུན་པོར་དེ་ཚོར་གྲྭ་ཤར་ཟེར)། བཀྲ་ཤིས་ལྷུན་པོའི་གྲྭ་ཤར་ཡིན་ནའང་འདྲ། སེ་འབྲས་ཀྱི་རྡོབ་རྡོབ་ཡིན་ནའང་འདྲ། ཁོ་ཚོ་ཚང་མར་སྒྲིག་འཛུགས་ཡོད། ཁོ་ཚོ་དགོན་པའི་ནང་དུ་གཙོ་བོར་ཨར་ལས་དང༌། ཅ་ལག་དབོར་འདྲེན། ཚོགས་གཞུང་དུ་ཇ་ཐུག་བླུགས་འདྲེན། དེ་བཞིན་སྟོན་དཔྱིད་གཉིས་གྲོང་གསེབ་ལ་ཞིང་གཡོག་ཏུ་འགྲོ་བ་སོགས་བྱེད་པ་དང༌། དེའི་ནང་ནས་འགའ་ཤས་ཚོང་བརྒྱབ་ནས་རྒྱུ་སྟོབས་ཇེ་ཆེར་ཕྱིན་ཏེ་ཤག་ཚང་ཆེན་པོ་ཆགས་ནས་སྐུ་དྲག་བྱེད་མཁན་ཡང་ཡོད། དགོན་པའི་ནང་གཞུང་ཆེན་མོ་སློབ་སྦྱོང་བྱེད་རྒྱུ་དེ་གཙོ་བོ་གང་ཡིན་ཞེ་ན། གཞུང་ཆེན་པོ་བསླབས་རྗེས་གསང་སྔགས་བསླབ། གསང་སྔགས་བསླབ་ཚར་ནས་གཞི་ནས་སྒོམ་རྒྱག་དགོས་པ་ལས་གང་བྱུང་གིས་སྒོམ་བརྒྱབ་ན་འབྲས་བུ་ཐོབ་མི་ཐུབ་པ་མ་ཟད། བཀའ་གདམས་ཟེར་དུས་ཐོས་པ་དང༌། བསམ་པ། སྒོམ་པ་གསུམ་རྩ་བ་ནས་ཡ་མ་བྲལ་བ་བྱེད་དགོས་ཀྱི་ཡོད་པ་རེད། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་པ་དེ་ལ་བཀའ་གདམས་ཟེར། བཀའ་གདམས་ཀྱི་ཆོས་དེ་བོད་ལ་དར་བ་ནས་བོད་ལ་སངས་རྒྱས་ཆོས་ལུགས་དེ་དར་ཤུགས་ཆེན་པོ་བྱུང་ཡོད། གང་ལགས་ཤེ་ན། བཀའ་གདམས་ཀྱི་ལྟ་བ་དེས་ཆོས་བྱེད་སྟངས་ཀྱི་གདམས་ངག་དང་མན་ངག་དེ་ཚོ་ཚང་མ་བཀའ་འགྱུར་དང་བསྟན་འགྱུར་གྱི་ནང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་དང༌། དེ་ཚོ་སྔོན་ལ་སློབ་སྦྱོང་བྱེད་རྒྱུ་དེ་སྒོམ་རྒྱག་སྟངས་ཀྱི་གལ་ཆེ་ཤོས་ཡིན་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པས་སངས་རྒྱས་ཆོས་ལུགས་བོད་དུ་དར་རྒྱས་ཆེན་པོ་ཡོང་བའི་རྒྱུ་མཚན་དེ་ཡིན། བཀའ་གདམས་ཀྱི་ཆོས་དར་བ་ནས་བཟུང་<<ལམ་རིམ་>>ཟེར་བའི་དཔེ་ཆ་དེ་བྱུང་བ་རེད། ལམ་རིམ་མང་པོ་ཡོད། འོན་ཀྱང་ས་སྐྱ་བས་དེ་ལ་ལམ་འབྲས་ཟེར་བ་ལས་ལམ་རིམ་ཟེར་གྱི་མེད། ལམ་རིམ་ཟེར་བ་དེ་ལ་མདོ་ཡི་ལམ་རིམ་དང་སྔགས་ཀྱི་ལམ་རིམ་གཉིས་ཀ་ཡོད་ཅིང༌། དེ་ནི་ལམ་རིམ་པ་བྱས་ཏེ་འགྲོ་བ་གོ་རིམ་ཡིན་པས་ལམ་རིམ་ཞེས་བརྗོད།

བཀའ་གདམས་ལ་ནང་གསེས་མི་འདྲ་བ་གསུམ་ཡོད་པ་དེ་རྣམས་ནི་དེབ་ཐེར་དམར་པོའི་གཞུང་དངོས་ཀྱི་ནང་དུ་བཀའ་གདམས་གཞུང་པ་དང༌། བཀའ་གདམས་མན་ངག བཀའ་གདམས་ལམ་རིམ་དེ་གསུམ་གང་འདྲ་བྱས་ཏེ་བྱུང་མིན་སྐོར་གསལ་པོ་ཡོད་ལ་དེ་བཞིན་ཐུའུ་བཀྭན་གྱི་གྲུབ་མཐའི་ནང་དུའང་བྲིས་ཡོད། བཀའ་གདམས་ཀྱི་དབུ་མའི་ལྟ་བ་གཙོ་བོ་དེ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན། བཀའ་གདམས་གཞུང་པ་ཞེས་པའི་ནང་དོན་གཙོ་བོ་ནི། གཞུང་ཆེན་པོ་སྟེ་གཞུང་དྲུག་ཡོད། བཀའ་གདམས་ཀྱི་གཞུང་དྲུག་ལ་བརྟེན་ནས་རང་སོ་སོའི་སེམས་རྒྱུད་དེ་འདུལ་སྟངས་ཀྱི་བློ་སྦྱོང་བྱེད་ཀྱི་ཡོད་པ་དེ་ལ་བཀའ་གདམས་གཞུང་པ་ཟེར། གཞུང་ཆེན་པོ་ལྟ་མི་ཐུབ་མཁན་རིག་པ་ཅུང་སྐྱོ་བ་དེ་ཚོས་ལམ་རིམ་གྱི་དཔེ་ཆ་དེ་ཚོ་བལྟས་ཏེ་སྙིང་དོན་རྟོགས་ཐབས་བྱེད་ཀྱི་ཡོད་པས་དེ་དག་ལ་བཀའ་གདམས་ལམ་རིམ་པ་ཟེར། དཔེ་ཆ་ཡང་ལྟ་ཐུབ་པའི་གནས་ཚད་མེད་པར་བླ་མས་གསུངས་པའི་མན་ངག་དེ་རྣམས་རང་གིས་མ་བརྗེད་པ་བྱས་ཏེ་བསམ་བློ་གཏོང་གིན་གཏོང་གིན་བླ་མའི་མདུན་ནས་ཆོས་ཞུ་གིན་ཞུ་གིན་བྱས་ཏེ་སྒོམ་རྒྱག་མཁན་དེ་ལ་བཀའ་གདམས་མན་ངག་པ་ཟེར། བཀའ་གདམས་གཞུང་པ་དང༌། བཀའ་གདམས་ལམ་རིམ་པ། བཀའ་གདམས་མན་ངག་པ་དེ་གསུམ་གྱི་རྒྱུད་པ་ཆ་ཚང་བ་དེ་ཙོང་ཁ་པ་ལ་ཡོད། བཀའ་གདམས་པའི་ཁྱད་ཆོས་གཙོ་བོ་ནི་བླ་མ་གང་བྱུང་མང་བྱུང་བསྟེན་གྱི་མེད། བླ་མ་མ་བསྟེན་གོང་དུ་བརྟག་དཔྱད་ཡག་པོ་བྱེད་ཀྱི་ཡོད། དཔེར་ན་རང་གིས་བླ་མ་དེ་བསྟེན་པ་ཡིན་ན་རྗེས་སུ་དད་ལོག་སྐྱེ་ཉེན་ཡོད་མིན་བསམ་བློ་ཡག་པོ་བཏང་ནས་བསྟེན་པ་མ་གཏོགས་གང་བྱུང་བསྟེན་གྱི་མེད། བརྟག་དཔྱད་ཞིབ་འཇུག་མ་བྱས་པར་བླ་མ་གང་བྱུང་གི་མདུན་ནས་ཆོས་ཞུ་སྲོལ་མེད། དེ་བཞིན་སོ་སོའི་ལྟ་བ་དེ་གཙང་མ་བྱེད་པ་མ་གཏོགས་ཆོས་ལུགས་གཞན་གྱི་ལྟ་བ་དང་རང་གི་ལྟ་བ་བསྲེས་ནས་ཆོས་བྱེད་ཀྱི་མེད། གྲུབ་མཐའ་གཞན་ལ་དམའ་འབེབས་དང་མཐོང་ཆུང་ཁྱད་གསོད་སོགས་བྱེད་ཀྱི་མེད། སློབ་མའི་གནས་ཚད་ལ་བསྟུན་ནས་ཆོས་བཤད་པ་མ་གཏོགས། དེར་མ་བལྟས་པར་རང་གིས་ཤེས་ཚད་ཚང་མ་ཁྲིད་ཀྱི་མེད། དེ་བཞིན་གསང་སྔགས་ཀྱི་ཆོས་བྱེད་མཁན་ཡིན་ན་འདས་ཟིན་པའི་རྗེས་སུ་མ་གཏོགས་གསང་སྔགས་ཀྱི་ཆོས་བྱེད་ཀྱི་ཡོད་པ་སུས་ཀྱང་ཤེས་ཚོར་མི་ཐུབ། ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བ་དེ་བཀའ་གདམས་ཀྱི་ཁྱད་ཆོས་རེད། འདུལ་བའི་ཁྲིམས་གཙང་མ་སྐྱོང་བ་དེ་ཡང་ཁྱད་ཆོས་གཅིག་ཡིན། དེ་བཞིན་སངས་རྒྱས་ཀྱི་གསུངས་པའི་ནང་དུ་མེད་པའི་ཆོས་ཀྱི་མིང་ཚིག་གསར་པ་རྩ་བ་ནས་བཟོ་གི་མེད། དེ་བཞིན་ཆོས་ཁོ་ན་ལས་ཆབ་སྲིད་སོགས་འཇིག་རྟེན་གྱི་བྱ་བར་ཐེ་ཇུས་བྱེད་ཀྱི་མེད། དཔེར་ན་ཚོང་དང་ཕོ་མོའི་གཉེན་སྒྲིག་སོགས་འཇིག་རྟེན་གྱི་བྱ་བར་ཐེ་ཇུས་བྱེད་ཀྱི་མེད། དེ་བཞིན་སྤྱི་ཚོགས་དང་མི་གཞན་ལ་ཕན་སེམས་གཙོ་བོ་བྱས་པ་དེ་རྣམས་ནི་བཀའ་གདམས་པའི་ཁྱད་ཆོས་ཡིན། དེར་བརྟེན། བཀའ་གདམས་ཀྱི་ཆོས་དེ་བཀའ་རྒྱུད་པ་དང༌། རྙིང་མ། ས་སྐྱ། དགེ་ལུགས་པ་ཚང་མས་ཁས་ལེན་གྱི་ཡོད། ཁས་ལེན་པའི་རྒྱུ་མཚན་ནི་གོང་གསལ་ཁྱད་ཆོས་དེ་རྣམས་ལས་བྱུང་བའོ།།

༣. ས་སྐྱ་བ།

ས་སྐྱ་བ་ཞེས་པ་ནི། ཆོས་ལུགས་དེ་དང་པོ་ཆགས་སའི་ས་ཆ་དེ་ལ་བརྟེན་ནས་ཆོས་ལུགས་ལ་མིང་དེ་ལྟར་ཐོབ་པ་རེད། ས་སྐྱར་དགོན་པ་ལྷོ་བྱང་གཉིས་ཡོད་ཅིང༌། སྔོན་མ་ཡོན་རྒྱལ་རབས་ཀྱི་སྐབས་སུ་ས་སྐྱ་ལ་ཕུལ་བའི་དངོས་པོ་རྩ་འགངས་ཆེ་བ་ཚང་མ་དགོན་པ་བྱང་དུ་ཡོད། འོན་ཀྱང་དེང་སང་དགོན་པ་ལྷོ་སྟེ་ས་སྐྱའི་ལྷ་ཁང་ཆེན་མོ་མ་གཏོགས་བསྡད་མེད། དེང་སང་ས་སྐྱའི་ལྷ་ཁང་ཆེན་མོའི་ནང་དུ་འགྲོ་མགོན་འཕགས་པའི་སྐབས་སུ་བཞེངས་པའི་ལྷ་སྐུ་དང༌། ཡོན་རྒྱལ་རབས་སྐབས་ས་སྐྱར་ཕུལ་བའི་དཀར་ཡོལ་རྙིང་མ་སྣ་ཚོགས། དེ་བཞིན་བཀའ་འགྱུར་གསེར་བྲིས་སོགས་ལྷ་ཁང་ཆེན་མོའི་རྒྱབ་ངོས་སུ་ཐོག་བརྩེགས་ཉིས་བརྩེགས་ཡོད་པ་དེར་ཁྱོན་པོད་ཁྲི་བརྒལ་ཡོད་པས་ཕྱི་ས་རྡོའི་བརྩིགས་པ་ལོག་ན་ཡང་ནང་ཆོས་ཀྱི་བརྩིགས་པ་ལོག་མི་སྲིད་ཅེས་ཤོད་སྲོལ་ཡོད། གསེར་དངུལ་སོགས་རིན་ཆེན་གྱིས་བྲིས་པའི་བཀའ་འགྱུར་དེ་དག་ཀྱང་པོད་ཆེ་ཆུང་སྣ་ཚོགས་ཡོད་པས་མཛོ་ལ་བཀལ་ན་པོད་གཉིས་ཀྱིས་མཛོ་རྒྱབ་གཅིག་ལོན་པར་བཀའ་འགྱུར་མཛོ་རྒྱབ་མ་ཞེས་དང༌། དྲེལ་ལ་བཀལ་ན་པོད་གཉིས་ཀྱིས་དྲེལ་རྒྱབ་གཅིག་ལོན་པར་བཀའ་འགྱུར་དྲེལ་རྒྱབ་མ་ཟེར་ཞིང༌། པོད་གཅིག་མི་བཞི་ཡན་གྱིས་མ་གཏོགས་འཁྱོགས་ཀྱི་མེད།

ས་སྐྱའི་ཆོས་ལུགས་དེ་ཐོག་མར་འཁོན་མཆོག་རྒྱལ་པོས་དར་སྤེལ་གནང་བ་ཡིན་ཞིང༌། ཁོང་གི་ཡབ་ནི་ཆོས་ལུགས་རྙིང་མ་ཡིན། ཁོང་ནི་ཆོས་ལུགས་གསར་པ་ས་སྐྱ་དང་རྙིང་མ་གཉིས་ཀ་གནང་གི་ཡོད། འཁོན་དཀོན་མཆོག་རྒྱལ་པོ་ནི་(༡༠༣༤-༡༡༠༢)གསང་སྔགས་གསར་རྙིང་གཉིས་ཀར་མཁས་པ་ཞིག་ཡིན། ༡༠༧༣ ལོར་ཁོང་དགུང་ལོ་(༤༨)ལ་ཕེབས་དུས་ས་སྐྱ་དགོན་པ་ཕྱག་བཏབ་པ་དང༌། ས་སྐྱའི་དགོན་པ་དེ་ནས་ཆོས་ལུགས་དེ་དར་སྤེལ་བྱུང་སྟབས་ས་ཆུའི་མིང་དེ་ཆོས་ལུགས་ལ་ཐོགས་ནས་ས་སྐྱ་བ་ཞེས་བརྗོད། ས་སྐྱའི་གདུང་རྒྱུད་དེ་ལ་འཁོན་གྱི་གདུང་རྒྱུད་ཟེར་བ་དང༌། ཆོས་ཀྱི་ཆོས་རྒྱུད་ཀྱི་མིང་དེ་ལ་ས་སྐྱ་བ་ཟེར། ཙོང་ཁ་པས་ས་སྐྱའི་བླ་མང་པོའི་མདུན་ནས་གསང་སྔགས་ཀྱི་ཆོས་གསན་ཡོད་པས་དགེ་ལུགས་པའི་གསང་སྔགས་ཀྱི་ཆོས་ཀྱི་རྒྱུད་པ་མང་ཆེ་བ་ས་སྐྱ་ནས་ཡིན། གསང་སྔགས་གསར་མའི་ཆོས་ཀྱི་རྒྱུད་པ་དེ་ཚང་མ་ས་སྐྱ་ལ་ཡོད། ས་སྐྱའི་ལོ་རྒྱུས་རྒྱས་པ་ལྟ་འདོད་ན་<<ས་སྐྱའི་གདུང་རབས་>>སྟོད་ཆ་སྨད་ཆ་གཉིས་ཡོད་པ་ནས་སྟོད་ཆ་པར་མ་ཞིག་དང་སྨད་ཆ་བྲིས་མ་ཞིག་ཡོད་པ་དེའི་ནང་ཧ་ཅང་གསལ་པོ་ཡོད། དེ་བཞིན་ས་སྐྱར་བོད་ཡིག་དཔེ་ཆ་བྲིས་མ་དང་ཤིང་ཏཱ་ལའི་ལོ་མར་བྲིས་པའི་དཔེ་ཆ་ཧ་ཅང་མང་པོ་ཡོད། ས་སྐྱ་བའི་གྲུབ་མཐའི་ལྟ་བ་ངོ་མ་དེ་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན། འོན་ཀྱང་ཆོས་གསུང་སྐབས་ཁ་ཤས་ཀྱི་གསུང་སྟངས་ནི་དབུ་མ་རང་རྒྱུད་པ་ཡིན་པ་ལྟ་བུ། ཁ་ཤས་ཀྱི་གསུང་སྟངས་ནི་སེམས་ཙམ་པ་ཡིན་པ་ལྟ་བུ། ཁ་ཤས་ཀྱི་གསུང་སྟངས་ནི་དབུ་མ་ཐལ་འགྱུར་བ་ཡིན་པ་ལྟ་བུ་སྣ་ཚོགས་ཤིག་ཡོད་པ་དེ་ནི་ས་སྐྱ་བའི་ནང་ཁུལ་དུ་ལྟ་བ་མི་འདྲ་བ་ཡོད་པ་མ་ཡིན་པར་ཆོས་གསུང་མཁན་སོ་སོས་སློབ་མའི་གནས་ཚད་དང་འདོད་པར་བསྟུན་ནས་ཆོས་དེ་གསུངས་པ་ཡིན་སྟབས་གསུང་སྟངས་མི་འདྲ་བ་དེ་ལྟར་བྱུང་བ་རེད། དེ་བཞིན་བཀའ་བརྒྱུད་ཀྱི་མར་པ་དང༌། མི་ལ། དྭགས་པོ་ལྷ་རྗེ་སོགས་རྣམ་པའི་རང་ཉིད་ཀྱི་ལྟ་བ་དེ་དབུ་མ་ཐལ་འགྱུར་བ་ཡིན་ནའང་སློབ་མ་ལ་ཆོས་གསུང་དུས་སྐབས་རེ་དབུ་མ་རང་རྒྱུད་པ་ཡིན་པ་ལྟ་བུ། སྐབས་རེ་དབུ་མ་ཐལ་འགྱུར་བ་ཡིན་པ་ལྟ་བུ་སྣ་ཚོགས་གསུངས་ཡོད། ས་སྐྱ་རང་གི་ལམ་འབྲས་ཀྱི་ལྟ་བ་དེ་ལ་གསལ་སྟོང་འཛིན་མེད་ཟེར་ཞིང༌། དེ་ནི་ས་སྐྱ་རང་གི་ཆོས་ཀྱི་མིང་ཚིག་ཅིག་ཡིན་པས་བཀའ་བརྒྱུད་པ་སོགས་ཆོས་ལུགས་གཞན་ལ་གསལ་སྟོང་འཛིན་མེད་ཟེར་བ་དེ་གསུང་སྲོལ་མེད། དེར་བརྟེན་གསལ་སྟོང་འཛིན་མེད་ཟེར་བའི་མིང་ཚིག་དེ་འདྲ་ཡོད་ཕྱིན་ས་སྐྱ་བའི་དཔེ་ཆ་ཡིན་པར་ཐག་བཅད་ཆོག་ཅིང༌། ཆོས་ལུགས་སོ་སོའི་མིང་དང་ཚིག་དེ་ཚོ་ཡག་པོ་ཤེས་ན་དཔེ་ཆ་རྣམས་མཐོང་བ་ཙམ་གྱིས་དཔེ་ཆ་དེ་ཆོས་ལུགས་གང་གི་ཡིན་མིན་ཤེས་ཐུབ། དེར་བརྟེན་དཔེ་ཆའི་དཀར་ཆག་བཟོ་རྒྱུ་དེའང་ལས་སླ་པོ་ཞིག་མིན་པར་དཀར་ཆག་བཟོ་མཁན་ལ་ཆ་བཞག་ནའང་དཔེ་ཆར་བལྟས་པ་ཙམ་གྱིས་གྲུབ་མཐའ་གང་གི་དཔེ་ཆ་ཡིན་མིན་དང་རིག་གནས་བཅུ་པོ་གང་གི་ཁོངས་སུ་གཏོགས་མིན་ལམ་སང་དབྱེ་བ་ཕྱེ་ཐུབ་མཁན་གྱི་གནས་ཚད་མཐོ་པོ་ཞིག་དགོས་པ་ལས་ཡི་གེ་ཤེས་པ་ཙམ་གྱིས་དཔེ་ཆའི་དཀར་ཆག་བཟོ་མི་ཐུབ། གོང་གི་གསལ་སྟོང་འཛིན་མེད་ཟེར་བ་ནི་ས་སྐྱའི་ཐུན་མོང་མ་ཡིན་པའི་གསུང་སྟངས་ཤིག་ཡིན། དོན་གྱི་ཐོག་ལ་ཁྱད་པར་ཆེན་པོ་མེད་ནའང་མིང་ཚིག་བེད་སྤྱོད་བྱེད་སྟངས་ཐད་ཁྱད་པར་ཆེན་པོ་ཡོད། གསལ་སྟོང་འཛིན་མེད་ཀྱི་ལྟ་བ་དེ་ལ་ཡང་མདོ་ལུགས་ཀྱི་གསལ་སྟོང་འཛིན་མེད་ཀྱི་ལྟ་བ་དང་སྔགས་ལུགས་ཀྱི་གསལ་སྟོང་འཛིན་མེད་ཀྱི་ལྟ་བ་གཉིས་ཡོད།

མདོ་ལུགས་ཀྱི་གསལ་སྟོང་འཛིན་མེད་ཀྱི་ལྟ་བའི་བརྗོད་ཚུལ་ནི་རང་རྒྱུད་ཀྱི་ཕུང་པོ་ལྔ་དེ་བདེན་པར་འཛིན་པའི་བདེན་འཛིན་དེ་ངོས་བཟུང། དེ་ངོས་ཟིན་པ་ཡིན་ན་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཡིན་པས་བདེན་པར་གྲུབ་པ་མིན་སྙམ་སྟེ་སེམས་ཐག་བཅད་ནས་དེ་ལ་སེམས་རྩེ་གཅིག་ཏུ་བསམ་བློ་བཏང་སྟེ་བདེན་འཛིན་དེ་མེད་པ་བཟོས་ཐོག བདེན་པར་གྲུབ་པ་མེད་བསམ་པའི་ངོས་འཛིན་དེའི་ཐོག་ཏུ་སེམས་ལྷོད་ཤིག་ཤིག་ངང་སྡོད་དགོས་ཟེར། དེ་ལྟར་བྱས་ཚེ་རྣམ་རྟོག་ངན་པ་ཐམས་ཅད་རང་བཞིན་གྱིས་གྲོལ་ཏེ་སྦྲུལ་གྱི་མདུད་པ་སྦྲུལ་གྱི་རང་བཞིན་གྱིས་འགྲོལ་བ་ལྟ་བུ་ཡིན་ཟེར། སེམས་ཀྱི་ལྟ་བ་ངོས་འཛིན་བྱེད་རྒྱུའི་དྲན་པ་དེ་མ་ཡེངས་བར་དེའི་ཐོག་ཏུ་བཞག་སྟེ་དཔེ་ལ་བཞག་ནས་དངོས་པོ་གཞན་ཚང་མ་བདེན་པར་མེད་པ་ཞིག་ཤེས་རྟོགས་བྱེད་ཐུབ་པ་ཡིན་ཟེར། བདེན་པར་གྲུབ་པའི་སྟོང་པ་ཉིད་ཀྱི་ལྟ་བ་དེ་ལ་ཞི་གནས་ཐོབ་ཟིན་པ་ཞིག་དང་ཞི་གནས་མ་ཐོབ་པ་ཞིག་སྟེ་ཁག་གཉིས་ཡོང་གི་ཡོད་ཟེར། ཞི་གནས་ཐོབ་ཟིན་པ་ཞིག་གིས་སྟོང་པ་ཉིད་ཀྱི་ལྟ་བ་དེ་རྟོགས་ཚེ་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་ཆགས་པ་རེད་ཟེར། ཞི་གནས་ཐོབ་མ་མྱོང་བ་ཞིག་ཡིན་ན་སྟོང་པ་ཉིད་ཀྱི་ལྟ་བ་དེ་རང་གི་ཐོག་ནས་ཞི་གནས་སྒྲུབ་སྟེ་ཞི་གནས་ཐོབ་པར་བྱས་ན་འགྲིག་གི་རེད་ཟེར། བདེན་པར་གྲུབ་པ་རེད་ཟེར་བའི་ཚིག་སྐམ་པོ་དེ་ལ་བསམ་བློ་གཏོང་རྒྱུ་མ་ཡིན་པར་བདེན་པར་གྲུབ་ཟེར་བའི་མིང་ཚིག་དེ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་རང་གི་སེམས་ལ་འདྲེས་ཐུབ་པ་ཞིག་དགོས་ཟེར། ལྟ་ཐོག་ཏུ་བཞག་ནས་སེམས་ལྷོད་ཀྱིས་བཞག་པས་རྣམ་རྟོག་ངན་པ་ཐམས་ཅད་རང་གྲོལ་དུ་འགྲོ་བ་ནི་དང་པོ་ཡིན། གཉིས་པ་འཁོར་འདས་གཉིས་ཀྱི་རྩ་བ་དེ་རྩད་བཅད་ནས་དེ་སྟོང་པ་ཉིད་ཀྱི་ནང་དུ་ཕར་སྟིམ་དགོས་ཟེར། སྟིམ་ཟེར་བ་དེ་ནི་ཆུ་དང་འོ་མ་འདྲེས་པ་ལྟར་འདྲེས་བཅུག་པ་དེ་ཡིན། སྟིམ་ཞེས་པ་ནི་བྱ་བྱེད་ཐ་དད་པ་དང་ཐིམས་ཟེར་བ་ནི་བྱ་བྱེད་ཐ་མི་དད་པ་ཡིན། སྟིམ་ཟེར་བ་ནི་བྱེད་པ་པོ་ཞིག་གིས་བྱ་བ་དེ་བྱེད་དུ་བཅུག་པ་དེ་ལ་ཟེར། དེ་གང་ཞེ་ན། ང་རང་ཚོའི་གཞི་སྡོད་ཀྱི་སེམས་ཟེར་བ་ཞིག་ཡོད་པ་སྟེ་ད་ལྟ་ང་ཚོའི་སེམས་ལ་མི་དྲན་དགུ་དྲན་དྲན་རྒྱུའི་བསམ་བློ་དེ་ཡིན། སྟོང་པ་ཉིད་ཤེས་རྟོགས་མ་ཐུབ་མཁན་སེམས་ལ་མི་དྲན་དགུ་དྲན་མང་པོ་དྲན་རྒྱུ་ཡོད་པ་དེ་ལ་གཞི་སྡོད་ཀྱི་སེམས་ཟེར། སེམས་དེའི་ངོ་བོ་ནི་འོད་གསལ་ཞིག་རེད། འོད་གསལ་ཞེས་པ་ནི་ངོ་བོ་དེ་དྲི་མ་དང་བྲལ་བ་ཞིག་ཡིན། དྲི་མས་མ་གོས་པ་ཞིག་ཡིན་སྟབས་འོད་གསལ་ཞེས་བརྗོད་པ་ཡིན། འོན་ཀྱང་ཕྱི་ངོས་ལ་རྣམ་རྟོག་ངན་པའི་དྲི་མ་འགོས་པ་ལས་སེམས་ཀྱི་ངོ་བོ་ནི་དྲི་མ་དང་བྲལ་བ་ཞིག་ཡིན་པས་འོད་གསལ་བ་ཞིག་ཡིན། དཔེར་ན་ནོར་བུ་ཟེར་བ་དེ་འོད་ཆེན་པོ་ཞིག་ཡོད་ཀྱང་དེའི་ཕྱི་ངོས་སུ་དྲེག་པ་འགོས་ཚེ་འོད་དེ་མེད་པར་འགྱུར་འགྲོ་བ་ལྟ་བུ་ཡིན། དེ་ལ་འོད་མེད་པར་འགྱུར་བ་དེ་ནོར་བུ་ཁོ་རང་ལ་འོད་མེད་པ་མིན་པར་ཕྱི་ངོས་ལ་དྲེག་པ་ཆགས་ནས་འོད་དེ་གསལ་པོ་མེད་པར་གྱུར་པ་ཡིན། དཔེ་དེ་ལྟར་རང་གི་སེམས་དེ་ནོར་བུ་ལྟ་བུ་ཕྱི་ངོས་ལ་དྲི་མས་མ་གོས་པ་ཞིག་ཡིན་ཀྱང་རྣམ་རྟོག་ངན་པ་མང་པོ་ཞིག་གིས་འོད་དེ་སྒྲིབ་ནས་འོད་དེ་མི་མཐོང་བ་ཞིག་ཏུ་འགྱུར་བ་ཡིན་པས་རང་གི་སེམས་ཀྱི་ངོ་བོ་དེ་འོད་གསལ་བ་ཞིག་ཡིན། སེམས་ཀྱི་ངོ་བོ་ནི་འཁོར་བ་དང་མྱང་འདས་གཉིས་ཀྱི་གཞི་རྩ་རང་གི་སེམས་དེ་རེད་ཟེར། སེམས་ཀྱི་ངོ་བོ་དེ་ངོས་ཟིན་པའི་གནས་སྐབས་སུ་སངས་རྒྱས་དང་ངོས་མ་ཟིན་པའི་གནས་སྐབས་སུ་འཁོར་བ་ཡིན། ངོ་བོ་དེ་ངོས་མ་ཟིན་པའི་སྐབས་སུ་གང་འདྲ་ཞིག་ཡོང་གི་ཡོད་དམ་ཞེ་ན། ཕྱི་རོལ་གྱི་ཡུལ་དང་རང་གི་སེམས་གཉིས་དབྱེ་བ་ཕྱེ་ནས་གནས་ཡོད་པ། རང་གི་སེམས་ལ་སྣང་བ་མང་པོ་འཆར་བ་དེ་རྣམས་རང་གི་སེམས་ཁོ་རང་གི་སྣང་འཆར་མ་ཡིན་པར་ཕྱི་རོལ་ཡུལ་གྱི་ངོས་ནས་ཚུར་སྣང་བ་ལྟ་བུར་འཆར་བ། དེ་བཞིན་སྣང་བ་དེ་དང་རང་གི་སེམས་གཉིས་ལོགས་སུ་བཀར་བ་ཡིན་པ་ལྟ་བུ་ཞིག་འཆར་བ་ཡིན་སྟབས་དེའི་བག་ཆགས་དེ་ཧ་ཅང་གཏིང་ཟབ་པོ་ཡོད་དེ་ཐ་ན་གཉིད་ཁུག་པའི་གནས་སྐབས་སུའང་གཏིང་ཟབ་པོ་ཡོད། བག་ཆགས་དེ་འདྲ་ཡོད་པ་དེ་ནི་མ་རིག་པ་ཟེར་བ་དེ་ཡིན་པས་ཐོག་མར་འཁྲུལ་པ་དེའི་རྩ་བ་གཅོད་དགོས། སེམས་ཀྱི་ངོ་བོ་དེ་རྣམ་རྟོག་བཟང་པོ་དང་ངན་པ་གང་ལའང་བཟོ་བཅོས་མ་བརྒྱབ་པའི་སེམས་དེ་ཡིན། དེ་ནི་རང་གི་སེམས་ཀྱི་ངོ་བོ་དེ་རང་གི་ཐོག་ལ་ཐོག་མ་ནས་ཡོད་པ་ཞིག་ཡིན། འོན་ཀྱང་རང་གིས་མ་ཤེས་པ་དེ་གང་ལགས་ཤེ་ན། རང་གི་སེམས་ཀྱིས་རྟག་ཏུ་ངོས་འཛིན་བྱེད་སྟངས་ལ་རང་གི་སེམས་ཀྱི་འཆར་སྣང་དེ་སེམས་དེ་ངོས་མ་ཟིན་པའི་རྩ་བ་དེ་ལ་ཐུག་ཡོད་ཟེར། ཕྱི་རོལ་ཡུལ་གྱི་འཆར་སྣང་དེ་དང་རང་གི་སེམས་གཉིས་ཐ་དད་ཡིན་པའི་བསམ་པ་དེ་ནི་འཁྲུལ་པ་ཡིན་པས་དེ་མེད་པ་བཟོ་དགོས། དེ་མེད་པ་བཟོ་བར་དཔེ་མང་པོ་བསམ་བློ་གཏོང་དགོས་ལ་རིགས་པ་མང་པོ་གཏོང་དགོས། དཔེ་དང་རིགས་པ་དེ་གང་ཡིན་མིན་སྐོར་གོང་དུ་ང་ཚོས་དགྲ་དང་གཉེན་དང་རྟ་ལ་དཔེ་སྦྱར་ནས་ཞུས་པ་དེ་ཚོར་བསམ་བློ་བཏང་ནས་ཕྱི་རོལ་ཡུལ་གྱིས་རང་གི་སེམས་ལ་འཆར་སྣང་མང་པོ་ཡོང་སྟངས་དེ་རང་གི་སེམས་དང་ངོ་བོ་གཅིག་བྱས་ཏེ་ཡོང་བ་མ་གཏོགས་སེམས་ལས་ལོགས་སུ་མེད་པ་དེ་ཤེས་རྟོགས་ཐུབ་པ་དགོས་ཟེར། དེ་བྱུང་ན་གཞི་ནས་ཕྱི་རོལ་ཡུལ་ནས་ཚུར་གྲུབ་པ་དེ་བདེན་པ་རེད་སྙམ་པའི་བསམ་བློ་དེ་མེད་པ་བཟོ་ཐུབ། ཕྱི་རོལ་ཡུལ་དེ་རང་གི་སེམས་ལས་ལོགས་སུ་མེད་པ་ཞིག་ཏུ་ཤེས་རྟོགས་ཐུབ་ན། ཕྱི་རོལ་ཡུལ་གྱི་འཆར་སྣང་བྱུང་བ་དེ་རྣམས་དངོས་འབྲེལ་བདེན་པ་རེད་སྙམ་པའམ་ཁོ་རང་གི་ངོས་ནས་ཚུར་གྲུབ་པ་ལས་རང་གི་སེམས་ཀྱིས་ཕར་བཟོས་པ་མིན། ཕྱི་རོལ་ཡུལ་ནས་ཚུར་གྲུབ་པ་ཞིག་རེད་སྙམ་པའི་བསམ་བློ་དེ་མེད་པ་བཟོ་ཐུབ། དེ་ལོགས་སུ་བཀར་བ་མིན་པ་ཤེས་རྟོགས་བྱུང་ན་ཕྱི་རོལ་ཡུལ་ནས་ཚུར་གྲུབ་པ་ཞིག་རེད་བསམ་པ་དེ་མེད་པ་བཟོ་ཐུབ་ཟེར། དེ་ནི་ཕྱི་རོལ་ཡུལ་གྱི་ངོས་ནས་ཚུར་འཆར་སྣང་བྱུང་བ་ཞིག་མ་ཡིན་པར་རང་གི་སེམས་ཀྱི་ངོས་ནས་ཕར་འཆར་སྣང་བྱུང་བ་ཞིག་ཡིན་པ་དེ་ཤེས་རྟོགས་བྱེད་ཐུབ་ཅིང༌། དེ་ཤེས་རྟོགས་ཐུབ་ན་གཞི་ནས་སེམས་ཀྱི་ངོ་བོ་དེ་དངོས་འབྲེལ་རྟོགས་ཐུབ་པ་བྱུང་བ་རེད་ཟེར། དེ་དུས་སྣང་བ་ཐམས་ཅད་སེམས་ཡིན་ཟེར་བའི་དོན་ངོ་མ་དེ་ཤེས་རྟོགས་ཡོང་གི་ཡོད། དེ་ཤེས་རྟོགས་བྱུང་ནས་བསམ་བློ་རྒྱུན་རིང་པོ་བཏང་བ་ཡིན་ན་གཞི་ནས་འོད་གསལ་ཞེས་པ་དེ་ཤར་ཡོང་བ་དང་། གཉིད་ཁུག་པའི་སྐབས་སུ་ཡང་འོད་གསལ་ཞེས་པ་དེ་ཤར་ཡོང་བ། ཤི་དུས་སྐབས་ལ་ཡང་འོད་གསལ་ཞེས་པ་ཤར་ཡོང་བ་དེས་སངས་རྒྱས་ཐུབ་པ་ཡིན་ཞེས་ཟེར། གོང་གསལ་ལྟ་བ་དེ་ལ་གཟུང་འཛིན་གཉིས་མེད་ཀྱི་ལྟ་བ་ཟེར་ཞིང༌། མདོ་ལུགས་ཀྱི་གསལ་སྟོང་འཛིན་མེད་ཀྱི་ལྟ་བ་དེ་ཡིན།

སྔགས་ལུགས་ཀྱི་འཁོར་འདས་དབྱེར་མེད་ཀྱི་ལྟ་བ་དེ་ནི། སེམས་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་དེ་ལ་སྔགས་ལུགས་ཀྱི་སྟོང་པ་ཉིད་ཀྱི་ལྟ་བ་ཟེར། སེམས་ཀྱི་གནས་ལུགས་རྟོགས་པའི་ལྟ་བ་འཚོལ་སྟངས་བཀའ་བརྒྱུད་པའི་སེམས་ཀྱི་ངོ་བོ་ངོ་སྤྲོད་བྱེད་སྟངས་དང་སྤྱིར་བཏང་འདྲ་པོ་ཡོད། སེམས་ཀྱི་ངོ་བོ་འཚོལ་སྟངས་གང་འདྲ་བྱས་ནས་བཙལ་གྱི་ཡོད་དམ་ཞེ་ན། རང་གི་སེམས་དེ་གང་དུ་གནས་ཡོད་པ་དང༌། རང་གི་སེམས་དེ་མགོ་ནས་རྐང་པའི་བར་གང་དུ་གནས་ཡོད་མེད་བརྟག་དཔྱད་བྱེད་སྐབས་སེམས་ཀྱི་ངོ་བོ་དེ་མགོ་དང་རྐང་པའི་བར་གང་དུ་ཡང་མེད། འོན་ཀྱང་ང་ཚོས་བརྟག་དཔྱད་མ་བྱས་པའི་སྐབས་སུ་མགོ་ན་དུས་སེམས་དེ་མགོའི་སྟེང་དུ་ཡོད་པ་ལྟ་བུ། ལག་པ་ན་དུས་སེམས་དེ་ལག་པའི་སྟེང་དུ་ཡོད་པ་ལྟ་བུ་སོགས་ཀྱི་འཆར་སྣང་ཞིག་ཡོང་གི་ཡོད། ཡང་སྙིང་སེམས་དེ་གནས་ས་གང་དུ་གནས་ཡོད་དམ་ཞེ་ན། སེམས་དེ་མགོ་ནས་རྐང་པའི་བར་དུ་གང་སར་ཁྱབ་བསྡད་ཡོད་པ་ལྟ་བུ་ཞིག་ལས་གཏན་འཁེལ་བའི་གནས་གཞི་ཞིག་མཛུབ་མོ་བཙུགས་ནས་སྟོན་ས་མེད། དེ་བཞིན་སེམས་ཁོ་རང་གི་བཟོ་ལྟ་སྒོར་སྒོར། རྒྱགས་པ། ནར་ནར། རིལ་རིལ་སོགས་གང་ཡང་མིན། དེ་བཞིན་སེམས་ལ་ཚོས་མདོག་ཀྱང་མེད། གཟུགས་མེད། མདོག་མེད། བཟོ་ལྟ་མེད། བརྟག་དཔྱད་མ་བྱས་པའི་སྐབས་སུ་རང་གིས་སྔོན་པོ་མཐོང་དུས་སེམས་དེ་སྔོན་པོ་ཞིག་ཡོད་པ་ལྟ་བུ་དང༌། རང་གིས་དམར་པོ་མཐོང་དུས་སེམས་དེ་ཡང་དམར་པོ་ཞིག་ཡོད་པ་ལྟ་བུ། སེམས་དེ་དང་ཕྱི་རོལ་གྱི་ཡུལ་གཉིས་སྐབས་རེ་ཐ་དད་ཡིན་པ་ལྟ་བུ། སྐབས་རེ་མཉམ་དུ་ཡོད་པ་ལྟ་བུ་སོགས་འཆར་སྣང་འདྲ་མིན་སྣ་ཚོགས་ཡོང་གི་ཡོད། དངོས་འབྲེལ་སེམས་དེ་གནས་ས་གང་དུ་འདུག་གམ་ལྟ་དུས་སེམས་དེ་ཆེ་ཆུང་མེད་པ་དང་མདོག་མེད་པ་ཞིག་ཡིན་པས་སེམས་ཀྱི་ངོ་བོ་ནི་དྭངས་ཤིང་གང་ཡང་ཤེས་རྟོགས་ཐུབ་མཁན་ཞིག་ཡོད་པར་འདོད་པ་ཡིན། ཇི་ལྟར་བྱས་ནས་དེའི་ངོ་བོ་དེ་ཤེས་རྟོགས་ཐུབ་པ་བྱེད་དགོས་སམ་ཞེ་ན། དེ་ལ་ས་སྐྱ་བ་དང་བཀའ་བརྒྱུད་པ་སོགས་ཀྱིས་ནམ་རྒྱུན་གསུང་རྒྱུའི་ཚིག་ཅིག་ཡོད་པ་སྟེ། སེམས་འདས་པའི་རྗེས་མི་གཅོད། མ་འོངས་པའི་སྔོན་མི་བསུ། ད་ལྟའི་ཤེས་པ་སོ་མ་ལ་མ་བཅོས་པར་ཧྲིག་གེར་འཇོག་དགོས་ཞེས་པ་དེ་ཡིན། སེམས་འདས་པའི་རྗེས་མི་གཅོད་ཟེར་བ་ནི། སྔོན་མ་རང་གི་བསམ་བློ་འཁོར་བ་དེའི་མཇུག་མ་འདེད་རྒྱུ་མེད། སྔོན་མ་རང་གི་སེམས་ལ་དྲན་པ་དང༌། རང་གིས་མྱོང་བ་དང༌། གོ་བ་དང༌། མཐོང་བ་དེ་ཚོའི་མཇུག་མ་དེད་ནས་རྗེས་འདེད་བྱེད་རྒྱུ་མེད་པ་དེ་ལ་ཟེར། མ་འོངས་པའི་སྔོན་མི་བསུ་ཟེར་བ་ནི། རྗེས་སུ་ང་འདི་འདྲ་ཞིག་བྱ་དགོས་སྙམ་པ་ལ་སོགས་པའི་བསམ་བློ་མ་གཏོང་ཟེར། ད་ལྟའི་སེམས་ལ་ག་རེ་དྲན་པ་དེའི་ཐོག་ཏུ་བཀག་འགོག་རྩ་བ་ནས་མ་བྱས་པར་རང་དགར་བཞག་པ་དེ་ལ་ཟེར། ད་ལྟ་ཤེས་པ་སོ་མ་ཟེར་བ་ནི་ཤ་རྗེན་པར་ཤ་སོ་མ་ཟེར་བ་ལྟ་བུ་ངོ་མའི་དོན་ཡིན། ད་ལྟའི་སེམས་ལ་ག་རེ་དྲན་པ་དེ་རང་བཀག་འགོག་དང་བཟོ་བཅོས་མ་བྱས་པར་ཧྲིག་གེར་བཞག་པ་ཡིན་ན་སེམས་ཀྱི་ངོ་བོ་བཅོས་མ་མ་ཡིན་པ་དེ་མཐོང་ཐུབ་ཟེར། སེམས་ཀྱི་ངོ་བོ་བཅོས་མ་མ་ཡིན་པ་མཐོང་སྐབས་སེམས་དེ་གང་འདྲ་ཞིག་ཡིན་ནམ་ཞེ་ན། སེམས་ཐོག་མ་སྐྱེ་བ་དེ་ཁྱི་ཚང་ནས་ཐོན་ཡོང་བ་ལྟ་བུ་ཞིག་མིན། སེམས་གནས་པ་དེ་རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས་པ་ལྟ་བུ་ཞིག་མིན། སེམས་ཡལ་འགྲོ་བ་དེ་ཝ་མོ་ཚང་ལ་འཛུལ་བ་ལྟ་བུ་བརླགས་འགྲོ་བ་དེ་འདྲ་མིན་ཞེས་ཟེར། སེམས་དེ་སྐྱེ་བ་དང༌། འགག་པ། གནས་པ་གསུམ་གྱི་སྤྲུལ་པ་མེད་པའི་སེམས་ཀྱི་ངོ་བོ་ངོ་མ་དེ་མཐོང་བ་བྱེད་དགོས། སེམས་དེ་ནི་སྐད་ཅིག་ཉིད་དུ་བརྗེས་འགྲོ་བ་ཞིག་ཡིན། ཁོ་ལ་གནས་པའི་དུས་སྐབས་རྩ་བ་ནས་མེད། སེམས་ཀྱི་ངོ་བོ་སྐྱེ་འགག་གནས་མེད་ཀྱི་ངོ་བོ་མཐོང་བ་ཡིན་ན། དེ་དུས་སེམས་ཀྱི་ངོ་བོ་དེའི་གསུམ་ཆ་གཉིས་ཤེས་རྟོགས་ཐུབ་ཟིན་པར་འདོད། ད་དུང་དེའི་སྟེང་དུ་གང་དགོས་སམ་ཞེ་ན། སེམས་དེ་སྟོང་པ་ཡིན་པའི་དུས་སུ་གསལ་པོ་ཡིན་པ། གསལ་པོ་ཡིན་པའི་དུས་སུ་སྟོང་པ་ཡིན་པ། སེམས་ཁོ་རང་རྣམ་རྟོག་རང་འཆར་ཏེ། རང་གིས་ཆེད་དུ་མངགས་ནས་བཟོས་བཞག་པ་མ་ཡིན་པར་སེམས་ཁོ་རང་རང་བཞིན་གྱིས་རང་གི་སེམས་ལ་འཆར་ཡོང་བ་དེ་ལ་ཟེར། ྋརྒྱལ་བ་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོས་སྙན་ངག་གསན་པའི་སྐབས་སུ་མཚན་ལ་དབྱངས་ཅན་བཞད་པ་ཞེས་དང༌། རྙིང་མ་དང་ས་སྐྱའི་དཔེ་ཆ་བརྩམས་གནང་ནས་རྩོམ་པ་པོའི་མཚན་བཀོད་གནང་སྐབས་གང་ཤར་རང་གྲོལ་གྱིས་བརྩམས་ཞེས་བཀོད་གནང་གི་ཡོད། གང་ཤར་རང་གྲོལ་ཟེར་བ་ནི། རང་གི་སེམས་ལ་གང་ཤར་བ་དེ་བཟོ་བཅོས་མ་བྱས་པར་རང་དགར་བཞག་ནས་རང་བཞིན་གྱིས་སེམས་ཀྱི་ངོ་བོ་མཐོང་བ་སྟེ་སྦྲུལ་མདུད་སྦྲུལ་བཤིག་གི་དཔེ་ལྟར་རང་བཞིན་གྱིས་གྲོལ་བ་དེ་ལ་གང་ཤར་རང་གྲོལ་ཟེར་བ་ཡིན། སེམས་ཀྱི་ངོ་བོ་དེ་གསལ་བ་དང༌། དེའང་སྟོང་པ་ཉིད་ཡིན་པ། སྟོང་པ་ཉིད་ཡིན་པའི་དུས་སུ་གསལ་པོ་ཡིན་པ། གསལ་པོ་ཡིན་པའི་དུས་སུ་སྟོང་པ་ཉིད་ཡིན་པ། དེ་གཉིས་ཟུང་དུ་འཇུག་པ་དེ་ལ་གསལ་སྟོང་ཟུང་འཇུག་ཟེར། གསལ་སྟོང་ཟུང་འཇུག་དེ་ལ་རང་གིས་ཚིག་གི་ཐོག་ནས་གོ་བ་ལེན་ཐུབ་ཙམ་མིན་པར། སེམས་ཀྱི་ཐོག་ཏུ་གོ་བ་ངོ་མ་ཞིག་འཆར་ཚེ། ཕྱི་རོལ་ཡུལ་གྱི་འཆར་སྣང་གང་འདྲ་ཞིག་བྱུང་ནའང༌། སྣང་བ་བྱུང་ཚད་ཚང་མ་འཁོར་འདས་དབྱེར་མེད་ཀྱི་རྣམ་འགྱུར་ཤ་སྟག་ཡིན་པ་ལས་དེ་མིན་པའི་འཆར་སྣང་ཡོང་མི་སྲིད་ལ། འཆར་སྣང་སྤྱིར་བཏང་བའམ་དཀྱུས་མ་ཞིག་རྩ་བ་ནས་ཡོང་མི་སྲིད། དེ་དུས་སེམས་ཀྱི་སྟོང་པ་ཉིད་དེ་དངོས་འབྲེལ་རྟོགས་ཐུབ་པ་ཡིན་ཟེར། ད་དུང་དེ་ལས་གཏིང་ཟབ་པ་ཞིག་ནི་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་ཞེས་པ་དེ་ཡིན། གཉུག་མ་ཞེས་པ་ནི་དང་པོ་ནས་ཡོད་པ་ཞིག་ལས་རྗེས་སུ་གློ་བུར་དུ་བྱུང་བ་ཞིག་མིན། ཆོས་ཀྱི་ནང་དུའང་སེམས་ཟེར་བ་ནི་དང་པོ་ནས་ཡོད་པ་ཞིག་ལས། དང་པོ་མེད་པར་རྗེས་སུ་གནམ་ལ་མེ་ཏོག་ཤར་བ་ལྟ་བུ་གློ་བུར་དུ་བྱུང་བ་དེ་ཁས་ལེན་གྱི་མེད། ལྷན་ཅིག་སྐྱེས་པའི་སེམས་ཟེར་བ་ནི། སེམས་དེ་ཡང་རང་སྐྱེ་དུས་ནས་མཉམ་དུ་ཡོད་བཞིན་པ་ཞིག་ལས། རྗེས་མ་རང་ཆེན་པོ་ཆགས་རྗེས་གཞི་ནས་བྱུང་བ་དང༌། ཡང་ན་རང་ཨ་མའི་ཁོག་པའི་ནང་ནས་མར་སྐྱེས་ཚར་རྗེས་གཞི་ནས་བྱུང་བ་དེ་འདྲ་མིན་པར་རང་སྐྱེས་དུས་ནས་མཉམ་དུ་ཡོད་པའི་ལྷན་ཅིག་སྐྱེས་པའི་སེམས་ཤིག་ཡིན། གང་ཞིག་ལ་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་ཟེར་རམ་ཞེ་ན། སེམས་དེ་ལ་འཆར་སྣང་གང་བྱུང་བ་ཚང་མ་འཁྲུལ་པ་ཤ་སྟག་ཡིན་ཏེ་སྣང་ཚུལ་རྫུན་མ་མཐོང་བ་ཙམ་ལས་སྣང་ཚུལ་གྱི་ངོ་བོ་ངོ་མ་མ་མཐོང་བའི་འཆར་སྣང་ཤ་སྟག་ཡིན། སྣང་ཚུལ་དངོས་ཀྱི་འཆར་སྣང་དེ་ཡོང་གི་ཡོད་ན་སྟོང་པ་ཉིད་རྟོགས་དགོས། སྟོང་པ་ཉིད་མ་ཡིན་པའི་འཆར་སྣང་གང་བྱུང་བ་ཚང་མ་སྣང་ཚུལ་རྫུན་མ་ཤ་སྟག་རེད། དེའི་ངོ་བོ་ངོ་མ་དེ་མཐོང་ཐུབ་མེད་པར་ཕྱིའི་སྣང་ཚུལ་འདྲ་མི་འདྲ་དེ་རྣམས་མཐོང་བ་ཡིན་པས་དེ་ནི་སྣང་ཚུལ་རྫུན་མ་ཞིག་རེད། དེ་ཚོ་ཚང་མའི་ངོ་བོ་དེ་གཅིག་མ་གཏོགས་མེད་པ་དེ་ནི་སྟོང་པ་ཉིད་ཡིན། ཕྱི་རོལ་ཡུལ་ཡིན་ནའང་སྟོང་པ་ཉིད་ཡིན། ཡུལ་ཅན་རང་གི་སེམས་དེ་ཡང་སྟོང་པ་ཉིད་ཡིན། ཚང་མའི་ངོ་བོ་མཐར་ཐུག་དེ་སྟོང་པ་ཉིད་ཀྱི་ངོ་བོ་དེ་ལས་ལོགས་སུ་མེད་པས་ཕྱི་རོལ་གྱི་སྣང་ཚུལ་རྫུན་མ་དེ་རྣམས་ཚང་མ་འཁོར་བ་ཡིན། སྣང་ཚུལ་རྫུན་མ་དེ་དག་བརྒྱུད་ནས་སྟོང་པ་ཉིད་ཀྱི་ངོ་བོ་ངོ་མ་ཤེས་རྟོགས་ཐུབ་ན་མྱང་འདས་རེད། ཐར་པ་རེད། མར་ལེ་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ནང་ཕྱི་རོལ་གྱི་སྣང་ཚུལ་རྫུན་མ་བརྒྱུད་ནས་ངོ་བོ་ངོ་མ་དེ་ཤེས་རྟོགས་བྱེད་དགོས་ཟེར་བ་དེ་དང་འདྲ་པོ་ཡོད། ཚན་རིག་གི་ཐོག་ནས་ཕྱི་རོལ་ཡུལ་གྱི་སྣང་ཚུལ་རྫུན་མ་དེ་བརྒྱུད་ནས་དེའི་ངོ་བོ་ངོ་མ་དེ་ཤེས་རྟོགས་བྱེད་དགོས་ཞེས་བཤད་ཀྱི་ཡོད། དཔེར་ན། རྡུལ་ཕྲན་མཚོན་ཆ་ཟེར་བ་དེ་ལས་མེ་འབར་རྒྱུ་ཡོད་པ་དེ་དེའི་སྣང་ཚུལ་རྫུན་མ་ཡིན་པ་དང༌། དེའི་ངོ་བོ་ངོ་མ་ནི་དེ་ལ་འབར་གས་བྱེད་པའི་ནུས་པ་ཡོད་པ། ཚུར་རུབ་རུབ་བྱེད་རྒྱུ་ཡོད་ལ་ཕར་ཁ་བྲལ་རྒྱུ་ཡོད་པ། དེ་ཚོ་ནི་དེའི་ངོ་བོ་ངོ་མ་དེ་རེད། ཚན་རིག་གི་ཐོག་ནས་བཤད་ན་དེ་འདྲ་ཡིན། ཆོས་ཀྱི་ཐོག་ནས་བཤད་ན། ཕྱི་རོལ་གྱི་སྣང་ཚུལ་ལ་བཟོ་ལྟ་དང་ཆེ་ཆུང་འདྲ་མིན་སྣ་ཚོགས་ཡོད་པ་དེ་ཚོ་ཚང་མ་སྣང་ཚུལ་རྫུན་མ་ཡིན་པ་དང༌། དེའི་ངོ་བོ་ངོ་མ་ནི་གཅིག་ལས་མེད་པ་སྟེ། རང་བཞིན་གྱིས་གྲུབ་པ་མ་ཡིན་པར་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པས་རང་གི་སེམས་དེའང་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ལས་རྒྱུ་དང་རྐྱེན་མེད་པར་གློ་བུར་དུ་བྱུང་བ་རྩ་བ་ནས་མིན་པ་ཞིག་ཡིན། ཕྱི་རོལ་གྱི་སྣང་ཚུལ་རྫུན་མ་དེ་བརྒྱུད་ནས་རང་གི་སེམས་ཀྱི་ངོ་བོ་ངོ་མ་དེ་མཐོང་བ་ཡིན་ན་འཁོར་བ་ནས་ཐར་པ་དང༌། སྟོང་པ་ཉིད་རྟོགས་པ། ཐར་པ་ཐོབ་པའམ་མྱང་འདས་ཐོབ་པ་ཟེར།

སྟོང་པ་ཉིད་ཐོག་མར་ངོས་འཛིན་བྱེད་པའི་སྐབས་སུ་གོ་རིམ་གསུམ་བརྒྱུད་དགོས་ཤིང༌། གོ་རིམ་དང་པོ་སྣང་བ་སེམས་ཡིན་པ་ངོས་འཛིན་དགོས་པ་སྟེ། སྣང་བ་སེམས་སུ་སྒྲུབ་པ་ཞེས་པ་དེ་ཡིན། གོ་རིམ་དང་པོ་དེ་ལ་གང་འདྲ་བྱེད་དགོས་སམ་ཞེ་ན། ཕྱི་རོལ་ཡུལ་གྱི་འཆར་སྣང་ཐམས་ཅད་རང་གི་སེམས་ལ་བརྟེན་ནས་བྱུང་བ་ཡིན་པ་སྟེ། རང་གི་སེམས་ཀྱི་འཆར་སྣང་ཟེར་བ་དེ་ཕྱི་རོལ་ཡུལ་གྱི་ཐོག་ནས་ཚུར་ཡོང་གི་ཡོད་དམ་ཡང་ན་རང་གི་སེམས་ཀྱི་ཐོག་ནས་ཡོང་གི་ཡོད་དེ་ལ་བསམ་བློ་ཡག་པོ་གཏོང་དགོས། ཕྱི་རོལ་ཡུལ་དེ་མེད་ན་འཆར་སྣང་ཡོང་མི་ཤེས་པ་དེ་བརྗོད་མི་དགོས། འོན་ཀྱང་སེམས་མེད་ན་འཆར་སྣང་དེ་ཡོང་མི་སྲིད། འཆར་སྣང་དེ་ནི་སེམས་ཀྱི་འཆར་སྣང་ཡིན། སེམས་དེ་ལ་ཕྱི་རོལ་ཡུལ་གྱིས་ཚུར་སྣང་བའི་འཆར་སྣང་ཞིག་བྱུང་བ་ཡིན་པས། དེ་སེམས་ལ་བརྟེན་ནས་ཡོང་དགོས་པ་ལས་ཕྱི་རོལ་ཡུལ་ལ་བརྟེན་ནས་ཡོང་མི་ཐུབ། དཔེར་ན། མི་ལོང་བ་ཞིག་ལ་ཆ་བཞག་ན་དེ་ལ་མིག་གི་དབང་པོ་མེད་སྟབས་ཁོའི་མདུན་དུ་ཅོག་ཙེ་ཡོད་ནའང་ཁོའི་སེམས་ནང་ཅོག་ཙེའི་འཆར་སྣང་མེད། ཁོ་ལ་ཅོག་ཙེའི་འཆར་སྣང་ཞིག་ཡོད་པར་བྱེད་པ་ལ་ཁོ་ལ་མིག་གི་དབང་པོ་ཞིག་དགོས། ཁོ་མིག་ཐང་ཐང་ཞིག་ཆགས་ཚེ་གཞི་ནས་ཅོག་ཙེའི་འཆར་སྣང་ཞིག་ཡོང་གི་རེད། དེས་ན་འཆར་སྣང་དེ་གང་ལ་བརྟེན་ནས་ཡོང་དགོས་སམ་ཞེ་ན། ཕྱོགས་གཅིག་ནས་ཕྱི་རོལ་གྱི་ཡུལ་ཡོད་པ་ཞིག་ཡིན་དགོས། ཕྱི་རོལ་གྱི་ཡུལ་དེ་རང་གི་སེམས་ལ་ཚུར་འཆར་བ་ལ་འཆར་སྣང་དེ་རང་གི་སེམས་ལ་བརྟེན་ནས་འཆར་དགོས་པ་ལས་ཕྱི་རོལ་གྱི་ཡུལ་ཁོ་ནའི་ངོས་ནས་ཡོང་ཐུབ་པ་ཞིག་མིན་པས་འཆར་སྣང་དེ་སེམས་ལ་བརྟེན་ནས་བྱུང་བ་རེད་ཟེར་བའི་རྒྱུ་མཚན་དེ་འདྲ་ཡིན། སྣང་བ་སེམས་སུ་སྒྲུབ་ཟེར་བ་དེ་ཕྱི་རོལ་གྱི་ཡུལ་དེ་སེམས་ལ་བརྟེན་ནས་བྱུང་བའམ་སེམས་རེད་ཟེར་བའི་དོན་མིན་པར་ཕྱི་རོལ་ཡུལ་གྱི་འཆར་སྣང་དེ་སེམས་ལ་བརྟེན་ནས་བྱུང་བ་རེད་ཟེར་བའི་དོན་ཡིན། དེ་གཉིས་ཀྱི་གོ་བ་དེ་གོ་ལོག་ཐེབས་རྒྱུ་མེད། དཔེར་ན། མི་ལ་རས་པའི་རྣམ་ཐར་ནང་ཕྱི་རོལ་ཡུལ་གྱི་སྣང་བ་ཐམས་ཅད་སེམས་རེད་ཟེར་བ་དེ་འདྲ་ཡོད། དེ་ནི་ཚིག་བསྡུས་པ་རེད། རྒྱས་ཙམ་བཤད་ན། དེ་ནི་རང་གི་སེམས་ལ་འཆར་སྣང་ག་རེ་བྱུང་བ་དེ་རང་གི་སེམས་ལ་བརྟེན་ནས་བྱུང་བ་རེད་ཟེར་བ་ལས་ཕྱི་རོལ་གྱི་ཡུལ་ཁོ་རང་སེམས་ལ་བརྟེན་ནས་བྱུང་བ་རེད་ཟེར་བ་མིན། དེ་འདྲ་ཁས་ལེན་མཁན་སངས་རྒྱས་ཆོས་ལུགས་པ་གཅིག་ཀྱང་མེད། དེར་བརྟེན་སྣང་བ་སེམས་སུ་སྒྲུབ་པ་ཟེར་བ་ནི་ཕྱི་རོལ་ཡུལ་གྱི་འཆར་སྣང་ཚང་མ་རང་གི་སེམས་ལ་བརྟེན་ནས་བྱུང་བ་ཡིན་པ་དེ་སྔོན་ལ་ངོས་འཛིན་བྱེད་དགོས་པ་ཡིན་ཟེར།

གོ་རིམ་གཉིས་པ། སེམས་སྒྱུ་མར་སྒྲུབ་པ། ཕྱི་རོལ་ཡུལ་གྱི་འཆར་སྣང་དེ་བདེན་པ་ཡིན་ནམ་ཞེ་ན། དེ་བདེན་པ་མ་ཡིན་པར་རྫུན་མ་ཡིན། རྫུན་མ་ཡིན་པའི་རྒྱུ་མཚན་ནི། ཕྱི་རོལ་ཡུལ་གྱི་ངོ་བོ་ངོ་མ་དེ་ཤེས་རྟོགས་མ་ཐུབ་པའི་སྣང་ཚུལ་རྫུན་མ་ཞིག་ཡིན། ཕྱི་རོལ་ཡུལ་གྱི་འཆར་སྣང་ཡོང་སའི་སེམས་ཁོ་རང་བདེན་པ་མིན། བདེན་པར་མ་གྲུབ་པ་ཞིག་ཡིན། སེམས་ཁོ་རང་བདེན་པར་མ་གྲུབ་པའི་རྒྱུ་མཚན་ནི། སེམས་ཁོ་རང་བདེན་པར་གྲུབ་པ་ཡིན་ན་དེ་ལ་འཆར་སྣང་གང་བྱུང་རུང་དེ་རང་གནས་པ་མ་གཏོགས་དེ་ལ་འགྱུར་བ་རྩ་བ་ནས་མེད་པ་དང་བཟོ་བཅོས་རྒྱག་རྒྱུ་རྩ་བ་ནས་མེད་པ་དེ་འདྲ་ཞིག་ཡིན་དགོས། འོན་ཀྱང་མི་ཞིག་ལ་ཆ་བཞག་ན་ཁོ་མི་གཞན་ཞིག་ལ་ཁོང་ཁྲོ་ཟ་ནས་མི་དེའི་ཤ་ཏིག་ཁ་བཀོག་ནས་ཟ་རྒྱུ་བྱུང་ན་བསམ་པའི་ཁོང་ཁྲོ་ཆེན་པོ་ཟ་སའི་མི་གཅིག་ཡིན་ནའང་ཟླ་ཤས་སོང་རྗེས་ཕན་ཚུན་གྲོགས་པོ་བློས་ཐུབ་ཆགས་ནས་ཁོ་མེད་ན་རང་སྡོད་མི་ཐུབ་པ་ལྟ་བུའི་འཆམ་པོ་ཆགས་རྒྱུ་ཡོད། དེ་གང་ཡིན་ནམ་ཞེ་ན། དེ་ནི་བདེན་པར་མ་གྲུབ་པའི་རྟགས་རེད། དེ་བཞིན་རང་གི་སེམས་ཀྱི་འཆར་སྣང་ཡིན་ནའང་འདྲ། ངོས་འཛིན་ཡིན་ནའང་འདྲ། གང་ལྟར་ཆུ་ཚོད་སྐར་ཆ་རེ་ལ་ཡང་རང་གི་སེམས་ལ་འགྱུར་བ་ཆེན་པོ་ཡོང་རྒྱུ་ཡོད། འགྱུར་བ་དེ་འདྲ་ཡོང་བ་དེ་རང་གི་སེམས་དེ་བདེན་པར་མ་གྲུབ་པའི་རྟགས་རེད། སེམས་དེ་བདེན་པར་མ་གྲུབ་པའི་དབང་གིས་ཉོན་མོངས་དུག་གསུམ་སྤང་རྒྱུ་ཡོད་པ་དང༌། སངས་རྒྱས་རྒྱུ་ཡོད་ལ་ཐར་པ་ཡང་འཐོབ་རྒྱུ་ཡོད། མི་བཟང་པོ་ངན་པ་ཆགས་རྒྱུ་ཡོད་ལ་མི་ངན་པ་ཡང་བཟང་པོ་ཡང་ཆགས་རྒྱུ་ཡོད། དེ་ཡོད་པ་དེ་ཡང་སེམས་དེ་བདེན་པར་མ་གྲུབ་པའི་དབང་གིས་ཡིན། སེམས་དེ་བདེན་པར་གྲུབ་པ་ཡིན་ན་མི་བཟང་པོ་དེ་ངན་པ་ཆགས་མི་སྲིད་པ་དང༌། མི་ངན་པ་དེ་བཟང་པོ་ཆགས་མི་སྲིད་པ། ཉོན་མོངས་ཡོད་པ་དེ་ཉོན་མོངས་སྤང་རྒྱུ་མེད་པ། དེ་བཞིན་སངས་རྒྱས་རྒྱུ་ཡང་མེད་པ་ཞིག་ཆགས་རྒྱུ་ཡིན། དེས་ན་སེམས་ཁོ་རང་ཡང་རང་བདེན་པར་མ་གྲུབ་པ་ཞིག་ཡིན། ཕྱི་རོལ་གྱི་ཡུལ་དེ་བདེན་པར་མ་གྲུབ་པ་མ་ཟད། རང་གི་སེམས་དེ་རང་ཡང་བདེན་པར་མ་གྲུབ་པ་ཞིག་རེད་ཟེར། དེར་བརྟེན་སེམས་དེ་སྒྱུ་མ་མཁན་ལྟ་བུ་ཞིག་ཡིན་ཏེ་ཁོ་ལ་མི་དྲན་དགུ་དྲན་མང་པོ་དྲན་རྒྱུ་ཡོད་ལ། དེའི་ནུས་པ་ཡང་ཧ་ཅང་ཆེན་པོ་ཡོད་པ་དང༌། སྒྱུ་མ་མཁན་ལས་ལྷག་པ་ཡིན་ཏེ་སེམས་དེ་མི་དྲན་དགུ་དྲན་ཡིན་སྟབས་རྡུལ་ཕྲན་མཚོན་ཆ་དང་འཕྲུལ་འཁོར་གྱི་མི་སོགས་སྔོན་མ་འཛམ་གླིང་ཐོག་མེད་པའི་དངོས་པོ་མང་པོ་བཟོས་ཡོད་པ་དེ་ཚོ་ཚང་མ་མིས་བསམ་བློ་བཏང་ནས་བཟོས་པ་ཤ་སྟག་རེད། མ་གཞི་དངོས་པོ་ཁོ་རང་ལ་དེ་འདྲ་བཟོ་ཐུབ་རྒྱུའི་ནུས་པ་ཡོད་ནའང་ནུས་པ་ཡོད་པ་ཙམ་གྱིས་མི་འགྲིག་པར་མིས་ཁོ་ལ་ངོས་འཛིན་བྱས། མིའི་སེམས་ལ་འཆར་སྣང་བྱུང་ནས་དེ་ཚོ་ངོས་འཛིན་ཐོབ། ངོས་འཛིན་ཐོབ་རྗེས་གཞི་ནས་བཟོས་པ་རེད། སེམས་ཟེར་བ་དེ་གང་ཡང་བཟོ་ཐུབ་མཁན་ཞིག་ཡིན། འོན་ཀྱང་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མཐུན་པ་ཞིག་ལས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་མ་མཐུན་པ་ཞིག་བཟོ་མི་ཐུབ། བཟོ་ཐུབ་པ་དེ་གང་ཞེ་ན་ཕྱི་རོལ་ཡུལ་གྱི་དངོས་པོ་དེ་རང་ལ་ཁྱད་ཆོས་དེ་ཡོད་སྟབས་བཟོས་པ་ཡིན་ལ་ངོས་འཛིན་ཐོབ་ནས་བྱུང་བ་ཞིག་ཀྱང་ཡིན།

གོ་རིམ་གསུམ་པ་ནི། སྒྱུ་མ་རང་བཞིན་མེད་པར་གྲུབ་པ་ཟེར་བ་དེ་ཡིན། གསལ་བ་དང་སྟོང་པ་ཟུང་དུ་འཇུག་པའི་སེམས་ཤིག་ཡོད་པ་དེ་ནི་བདེན་པར་མ་གྲུབ་པ་ཡིན་པ་མ་ཟད། རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཤ་སྟག་རེད། སེམས་དེ་སྒྱུ་མ་མཁན་ལྟ་བུ་ཞིག་ཡིན་པས་དེ་ལ་དངོས་པོ་གང་འདྲ་ཞིག་ཡིན་རུང་ཤེས་རྟོགས་བྱེད་པའི་ནུས་པ་ཞིག་ཡོད། དེའི་ནུས་པ་དེ་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་རེད། རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་རྟགས་མཚན་གང་ཞེ་ན། དཔེར་ན་རྡུལ་ཕྲན་ཟེར་བ་དེ་མིས་ངོས་འཛིན་མ་ཐུབ་པ་མ་གཏོགས་དངོས་པོ་དེ་འཇིག་རྟེན་དང་པོ་ཆགས་དུས་ནས་ཡོད་པ་ཞིག་ཡིན། འཇིག་རྟེན་དེ་ཆགས་ནས་ལོ་དུང་ཕྱུར་བཞི་བཅུ་ཞེ་ལྔ་ཙམ་ཕྱིན་པའི་རྗེས་ལ་མིས་གཞི་ནས་དེ་ངོས་འཛིན་ཐུབ་སྟེ་རྡུལ་ཕྲན་འབར་མདེལ་ཟེར་བ་དེ་བཟོས་པ་རེད། མིས་དངོས་པོ་དེ་ཤེས་རྟོགས་བྱེད་པར་རྒྱུ་ཞིག་དང་རྐྱེན་ཞིག་ལ་བརྟེན་དགོས་པ་ལས་རྒྱུ་དང་རྐྱེན་ལ་མ་བརྟེན་པར་དངོས་པོ་དེ་ཤེས་རྟོགས་བྱེད་མི་ཐུབ་པས་དེ་ཤེས་རྟོགས་བྱེད་པའི་ཚད་ཅིག་དང་རྒྱུ་རྐྱེན་དེ་འཛོམས་ཚེ་མིས་གཞི་ནས་ཤེས་རྟོགས་བྱེད་ཐུབ། མིས་ཤེས་རྟོགས་བྱེད་རྒྱུ་དེ་རྒྱུ་རྐྱེན་ཞིག་ལ་བརྟེན་ནས་ཡོང་དགོས་པས་ན་སེམས་དེ་ཡང་རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས་གློ་བུར་དུ་བྱུང་བ་ཞིག་མིན་པ་དང༌། རང་གིས་ཕྱི་རོལ་ཡུལ་ངོས་འཛིན་བྱེད་སྟངས་ཀྱི་བསམ་བློ་གང་འདྲ་ཞིག་ཡིན་ནའང་རྒྱུ་དང་རྐྱེན་ལ་བརྟེན་ནས་ཡོང་དགོས་པ་ཞིག་རེད། དེར་བརྟེན། དེ་རང་བཞིན་གྱིས་མ་གྲུབ་པ་ཞིག་ཡིན། དེ་འདྲའི་སྟོང་པ་ཉིད་ཀྱི་ལྟ་བ་དེ་གསང་སྔགས་ཀྱི་སྟོང་པ་ཉིད་ཀྱི་ལྟ་བ་ཡིན། དེ་ནི་སྟོང་པ་ཉིད་རྟོགས་མཁན་གྱི་སེམས་དེ་སྤྱིར་བཏང་གི་སེམས་ཤིག་མ་ཡིན་པར་གཉུག་མ་འོད་གསལ་གྱི་སེམས་ཡིན་པ་ཞིག་དགོས། གཉུག་མ་འོད་གསལ་གྱི་སེམས་ཡིན་པ་དེ་ཇི་འདྲ་ཞིག་དགོས་སམ་ཞེ་ན། སེམས་ཀྱི་ངོ་བོ་དེ་བདེ་བ་ཡིན་པ་ཞིག་དགོས། སེམས་ཀྱི་ངོ་བོ་བདེ་བ་ཡིན་པ་ཞིག་གིས་སྟོང་པ་ཉིད་རྟོགས་དགོས་པ་ལས་སེམས་སྤྱིར་བཏང་བས་སྟོང་པ་ཉིད་རྟོགས་ན་མི་འགྲིག རྒྱུ་མཚན་གང་ལགས་ཤེ་ན། སངས་རྒྱས་ལ་ཐུགས་དང་སྐུ་གཉིས་ཡོད། ཐུགས་ནི་ཡེ་ཤེས་ཏེ་སེམས་ནས་ཡོང་དགོས་པ་དང༌། སྐུ་ནི་བདེ་བ་ཆེན་པོ་ནས་ཡོང་དགོས་པ་ཡིན། སྐུ་དང་ཐུགས་ཟུང་དུ་འཇུག་པ་ཞིག་ཡིན་པས་སངས་རྒྱས་ཀྱི་སྐུ་ཧ་ཅང་མཛེས་ཤིང་འདྲ་ཆགས་པོ་ཡོང་བ་དེ་བདེ་བ་ཆེན་པོའི་ལམ་དེ་བསྒོམས་ནས་བྱུང་བའི་འབྲས་བུ་ཡིན། ཐུགས་དེ་སྟོང་པ་ཉིད་ཀྱི་ལྟ་བ་བསྒོམས་པ་ལ་བརྟེན་ནས་བྱུང་བའི་འབྲས་བུ་ཡིན། དེར་བརྟེན་བདེ་བ་ཆེན་པོ་དེ་དང་སྟོང་པ་ཉིད་ཟུང་འབྲེལ་བྱས་ནས་བསམ་བློ་བཏང་བ་ཡིན་ན་རྗེས་མ་སངས་རྒྱས་སྐབས་སྐུ་དང་ཐུགས་གཉིས་དབྱེ་བ་མེད་པ། སྐུ་ཐུགས་ཟུང་འཇུག་གི་གོ་འཕང་ལ་སླེབས་ཐུབ། དེར་བརྟེན་མདོ་ལུགས་ཀྱི་སྟོང་པ་ཉིད་རྟོགས་པའི་སེམས་དང་སྔགས་ཀྱི་སྟོང་པ་ཉིད་རྟོགས་པའི་སེམས་དེ་གཉིས་མི་འདྲ་བ་སྟེ། མདོ་ལུགས་ཀྱི་སྟོང་པ་ཉིད་རྟོགས་རྒྱུའི་སེམས་དེ་སེམས་སྤྱིར་བཏང་བ་ཞིག་ཡིན་པ་དང་སྔགས་ལུགས་ཀྱི་སྟོང་པ་ཉིད་རྟོགས་རྒྱུའི་སེམས་དེ་སེམས་བདེ་བ་ཆེན་པོའི་ངོ་བོ་ཡིན་(སྟོང་པ་ཉིད་ཀྱི་ལྟ་བ་དེ་ཁྱད་པར་མེད)། སེམས་བདེ་བ་ཆེན་པོའི་ངོ་བོ་ཡིན་པ་ཞིག་གིས་སྟོང་པ་ཉིད་རྟོགས་པ་དེ་ལ་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་ཟེར། བདེ་སྟོང་དབྱེར་མེད་ཀྱི་བདེ་བ་དེ་ཇི་ལྟར་ཡོང་དགོས་མིན་སྐོར་རྗེས་སུ་སློབ་དཔོན་གཞན་ལ་བཀའ་འདྲི་ཞུས་ན་འགྲིག སྤྱིར་ན་གསང་སྔགས་ཀྱི་དབང་ཞུ་མ་མྱོང་མཁན་ལ་བདེ་སྟོང་དབྱེར་མེད་ཟེར་བའི་ཚིག་དེ་བཤད་སྲོལ་མེད། སེམས་ཀྱི་སྟོང་པ་ཉིད་རྟོགས་ཟིན་ཚེ་དེ་ལ་བརྗོད་བྲལ་ཟེར། དེ་ནི་སྟོང་པ་ཉིད་དེ་རང་གི་སེམས་ཀྱིས་རྟོགས་པ་ཙམ་ཞིག་ལས་རང་གི་སེམས་ཀྱིས་རྟོགས་པ་དེ་མི་གཞན་ལ་བརྗོད་མི་ཤེས་པས་ན་བརྗོད་བྲལ་ཞེས་བརྗོད། སྟོང་པ་ཉིད་ཟེར་བ་ནི་བུ་རམ་ཟས་པ་ལྟར་ཁྱེད་རང་ལ་ཚོར་སྣང་མངར་མོ་ཞིག་ཡོད་ན་ཡང་མངར་མོ་འདི་འདྲ་ཞིག་འདུག་ཅེས་ཤོད་རྩ་བ་ནས་ཐུབ་ཐབས་མེད་པས་ཁོ་ལ་ངེས་པར་དུ་རང་གི་ཟ་རྒྱུ་བུ་རམ་དེ་ནས་ཏོག་ཙམ་སྤྲད་ན་མ་གཏོགས་ཁོས་མངར་མོའི་བྲོ་བ་དེ་གང་འདྲ་ཡོད་མེད་ཤེས་མི་ཐུབ་ཅིང༌། ཁོང་བུ་རམ་དེ་བཟས་རྗེས་རང་གི་བཟས་པ་ལྟར་གྱི་བྲོ་བ་དེ་ཁོས་ཀྱང་མྱང་ཐུབ། དེར་བརྟེན་རང་ཉིད་ཀྱིས་སྟོང་པ་ཉིད་རྟོགས་པ་དེ་མི་གཞན་ལ་བརྗོད་ཐུབ་ཐབས་མེད། བུ་རམ་དེ་རང་གིས་བཟས་པ་ལྟར་རང་ཉིད་ཀྱིས་སྟོང་པ་ཉིད་རྟོགས་ནས་མི་གཞན་གྱིས་གོ་བ་ཡག་པོ་ལོན་ཐུབ་པ་བྱ་དགོས་ན་ངེས་པར་དུ་ཕར་ངོས་དེས་སྟོང་པ་ཉིད་རྟོགས་དགོས་པ་ཡིན་པས་དེ་ལ་བརྗོད་ལས་འདས་པ་ཟེར། དེ་ནས་སྒོམ་མེད་ཟེར་བ་ཞིག་ཡོད། དེ་ནི་སྟོང་པ་ཉིད་རྟོགས་ཚར་ན་བསྒོམ་བྱ་དང་སྒོམ་བྱེད་གཉིས་ལོགས་སུ་མེད། སྒོམ་རྒྱུའི་སྟོང་པ་ཉིད་དེ་དང་སྒོམ་མཁན་གྱི་སེམས་དེ་གཉིས་དབྱེ་བ་མེད་པར་དེ་གཉིས་ཆུ་དང་འོ་མ་འདྲེས་པ་ནང་བཞིན་འདྲེས་ཟིན་པ་སྟེ། སེམས་ཟེར་ནའང་སྟོང་པ་ཉིད་དང་སྟོང་པ་ཉིད་ཟེར་ནའང་སེམས་ཡིན་ཅིང༌། བསྒོམ་བྱ་དང་སྒོམ་བྱེད་གཉིས་ལོགས་སུ་མེད་པར་གྱུར་ཟིན་པས་དེ་ལ་སྒོམ་མེད་ཟེར། དེ་ནས་གྲོལ་མེད་ཅེས་པ་ནི་སྟོང་པ་ཉིད་རྟོགས་ཟིན་རྗེས་ད་དུང་རྟོགས་རྒྱུ་མེད་ལ། ད་དུང་ཉོན་མོངས་ཀྱི་མདུད་པ་གྲོལ་རྒྱུ་བསྡད་མེད་པར་རང་གི་སེམས་ཀྱི་ཉོན་མོངས་ཀྱི་མདུད་པ་གྲོལ་ཟིན་ཏེ་དེ་ནས་གྲོལ་རྒྱུ་མེད་པ་ཆགས་ཟིན་པ་ཡིན་ཟེར། གོང་གསལ་ནི་ས་སྐྱ་བའི་ལྟ་བའི་ནང་དོན་མདོར་བསྡུས་དེ་ཙམ་ཡིན།

༤. ཇོ་ནང་པ།

ཇོ་ནང་པ་ཞེས་པ་ནི། ཇོ་མོ་ནང་ཞེས་པའི་ས་ཆའམ་དགོན་པ་དེའི་མིང་ཆོས་ལུགས་སུ་ཐོགས་པ་ཡིན། དེའི་ལྟ་བ་དང་པོ་གསར་གཏོད་གནང་མཁན་ནི་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ཞུ་བ་དེ་དང༌། ཁོང་གི་སློབ་མ་དོལ་པོ་བ་ཤེས་རབ་རྒྱལ་མཚན་གཉིས་ཡིན། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་(༡༢༤༣-༡༣༢༤)ཀྱི་ལྟ་བ་ངོ་མ་ནི་དབུ་མ་གཞན་སྟོང་ཞེས་པ་དེ་ཡིན་(ལྟ་བ་དེའི་འབྱུང་ལུགས་བྱུང་སྟངས་སྐོར་རྒྱས་པ་ཐུའུ་བཀྭན་གྲུབ་མཐའི་ནང་གསལ་པོ་ཡོད)། དབུ་མ་གཞན་སྟོང་ཟེར་བའི་ལྟ་བ་དེ་ནི་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་དང་བོད་ཀྱི་སངས་རྒྱས་ཀྱི་གྲུབ་མཐའ་གཞན་དག་དང་རྩ་བ་ནས་མི་འདྲ་བའི་ལྟ་བ་ཟུར་པ་ཞིག་རེད། དེའི་ལྟ་བ་ཟུར་པ་གང་འདྲ་ཞིག་ཡིན་ནམ་ཞེ་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་བདེན་པ་དེ་རྟག་པ་ཡིན་པར་འདོད་པ་ལས་དངོས་པོ་མེད་པར་འདོད། དོན་དམ་བདེན་པ་དེ་རྣམ་ཤེས་དང་ཡེ་ཤེས་གཉིས་ཀྱི་ནང་ནས་ཡེ་ཤེས་ཡིན་ཟེར། ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་བདེན་པ་དེ་ལ་ཡོན་ཏན་ཐམས་ཅད་ཚང་བ་ཞིག་ཡིན་པར་འདོད། དེ་བཞིན་ཆོས་ཐམས་ཅད་ཀྱི་བྱེད་པ་པོ་ཞིག་ཀྱང་རེད་ཟེར། དོན་དམ་པའི་དཀོན་མཆོག་གསུམ་ཟེར་བ་དེ་ཡང་དེ་ཡིན་པར་འདོད། དེ་བཞིན་དངོས་པོ་ཐམས་ཅད་ལ་ཕར་ཁྱབ་པ་ཞིག་རེད་ཟེར། ཁྱད་ཆོས་དེ་རྣམས་ལྡན་པའི་དོན་དམ་བདེན་པ་དེ་གང་འདྲ་ཞིག་ལ་ཟེར་གྱི་ཡོད་དམ་ཞེ་ན། ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་བདེན་པ་དེ་རྟག་པ་ཡིན་པ། རྣམ་ཤེས་དང་ཡེ་ཤེས་གཉིས་ཀྱི་ནང་ནས་ཡེ་ཤེས་ཡིན་པ། དངོས་པོ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པ། དངོས་པོ་ཐམས་ཅད་ལ་ཁྱབ་པ། དོན་དམ་པའི་དཀོན་མཆོག་གསུམ་ཡིན་པ་སོགས་ཁྱད་ཆོས་དེ་འདྲ་ཚང་བ་དེ་བདེ་གཤེགས་སྙིང་པོ་ཟེར། བདེ་གཤེགས་སྙིང་པོ་དེ་ནི་སེམས་ཅན་ཚང་མའི་སེམས་ཀྱི་ནང་དུ་ཡོད་ལ། དེ་ནི་ཡོན་ཏན་ཐམས་ཅད་རང་བཞིན་གྱིས་གྲུབ་ནས་ཡོད་པ་ཞིག་སྟེ་ཡོན་ཏན་ཐམས་ཅད་ཚང་བ་ཞིག་ཡིན་ཟེར། སངས་མ་རྒྱས་གོང་སེམས་ཅན་ཚང་མར་ཡོན་ཏན་ཐམས་ཅད་ཚང་བའི་བདེ་གཤེགས་སྙིང་པོ་དེ་ཡོད། འོན་ཀྱང་སེམས་ཅན་སོ་སོའི་རྣམ་ཤེས་སུ་དེའི་འཆར་སྣང་དེ་ཡོང་མི་ཐུབ་ཅིང༌། དེ་ནི་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གཞི་ནས་བདེ་གཤེགས་སྙིང་པོའི་ངོ་བོ་ངོ་མ་དེ་མཐོང་དགོས་ཞེས་ཁས་ལེན་གྱི་ཡོད། དེར་བརྟེན་བདེ་གཤེགས་སྙིང་པོ་དེ་རྟག་པ་ཡིན་པ། དངོས་པོ་ཐམས་ཅད་ལ་ཁྱབ་པ། དངོས་པོ་ཐམས་ཅད་ཀྱི་བྱེད་པ་པོ་ཡིན་པ། ཡོན་ཏན་ཐམས་ཅད་ཚང་བསྡད་པ་ཞིག་ཡིན་པ་དེ་འདྲ་ཞིག་ཁས་ལེན་གྱི་ཡོད། (དེའི་འཕྲོས་དུམ་བུ་གཅིག་སྒྲ་གསལ་པོ་མེད་སྟབས་ཡིག་ཐོག་ཏུ་བཀོད་ཐབས་དབེན་པས་དགོངས་འགལ་མེད་པ་ཞུ་རྒྱུར། – བསྡུ་སྒྲིག་པས།)

༥. བཀའ་བརྒྱུད་པ།

བཀའ་རྒྱུད་པ་ཟེར་བ་ནི་བཀའ་བབས་ཀྱི་མན་ངག་གི་བརྒྱུད་པ་ཡིན་པས་ན་བཀའ་བརྒྱུད་པ་ཟེར། བཀའ་བརྒྱུད་པ་ལ་བཀའ་བབས་བཞིའི་(བཀའ་བབས་བཞི་སྟེ། jཕ་རྒྱུད་གསང་བ་འདུས་པའི་བཀའ་བབས། kམ་རྒྱུད་འཁོར་ལོ་བདེ་མཆོག་གི་བཀའ་བབས། lརྨི་ལམ་དང་བར་དོའི་གདམས་ངག་གི་བཀའ་བབས། mའཕོ་བ་དང་གྲོང་འཇུག་གི་བཀའ་བབས་བཅས་)གདམས་ངག་ཡོད། བཀའ་བབས་ཟེར་བའི་བཀའ་བབས་སྟངས་ནི་བླ་མས་སློབ་མ་སོ་སོར་ཆོས་དར་སྤེལ་གཏོང་རྒྱུའི་ལས་བགོས་གནང་སྟེ་སོ་སོའི་ལས་འགན་མི་འདྲ་བར་བཀའ་བབས་གཅིག་གཙོ་བོ་བྱས་ནས་བརྒྱུད་པ་མང་པོ་བྱུང་སྟབས་དེ་ལ་བཀའ་བབས་ཀྱི་རྒྱུད་པ་སྟེ་བཀའ་བརྒྱུད་པ་ཟེར། མ་གཞི་བཀའ་བརྒྱུད་པར་མདོ་དང་སྔགས་ཀྱི་ཆོས་ཀྱི་བརྒྱུད་པ་ཧ་ཅང་མང་པོ་ཡོད། བཀའ་བརྒྱུད་པའི་གསང་སྔགས་ལ་དབྱེ་ནའང་འདྲ་མི་འདྲ་ཧ་ཅང་མང་པོ་ཡོད་ཅིང༌། གསང་སྔགས་རྙིང་མའི་ཆོས་མང་པོ་ཡོད་ལ་གསང་སྔགས་གསར་མའི་ཆོས་ཀྱང་མང་པོ་ཡོད། བཀའ་བརྒྱུད་པ་ལ་ནང་གསེས་དབྱེ་ན། ཤངས་པ་བཀའ་བརྒྱུད་པ་དང་དྭགས་པོ་བཀའ་བརྒྱུད་གཉིས་ཡིན། དྭགས་པོ་བཀའ་བརྒྱུད་དེ་དབུས་ཕྱོགས་སུ་ཁྱབ་ཆེ་བ་ཡོད་པ་དང༌། ཤངས་པ་བཀའ་བརྒྱུད་དེ་གཙོ་བོ་གཙང་ཁུལ་དུ་ཁྱབ་ཆེ་བ་ཡོད་ཅིང་གཙང་ཁུལ་ལ་དར་སྤེལ་བྱུང་བའི་བཀའ་བརྒྱུད་པ་ཡིན། ད་ལྟའི་གཞིས་རྩེ་ས་ཁུལ་རྣམ་གླིང་རྫོང་ཁུལ་དུ་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཤངས་གཞོང་གཞོང་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་དེ་ནས་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་བྱུང༌། ཁོང་གིས་གཙང་ཁུལ་དུ་དགོན་པ་བརྒྱ་དང་བརྒྱད་བཏབ་ཡོད། ཁོང་འཚོ་བཞུགས་སྐབས་ཤངས་གཞོང་གཞོང་གི་དགོན་པ་དེར་ཆོས་གསུང་སྐབས་ཆོས་ཞུ་བ་གྲྭ་པ་ཁྲི་གཅིག་ལྷག་ཙམ་འཛོམས་མྱོང་ཡོད། མཁས་གྲུབ་ཁྱུང་པོ་རྣལ་འབྱོར་ཞུ་བ་དེ་དང་པོ་བོན་པོ་ཡིན་པ་དང༌། རྗེས་སུ་བོན་པོའི་ཆོས་མ་གནང་བར་གསང་སྔགས་གསར་མ་ཕྱག་བཞེས་མཛད་ཐོག རྒྱ་གར་དུ་ཕེབས་ནས་བླ་མ་བརྒྱ་དང་ལྔ་བཅུ་ལྷག་ཙམ་བསྟེན་ཏེ་ཆོས་མང་པོ་ཞུས་གནང་ནས་དེ་རྗེས་ཤངས་པའི་ཆོས་སྐོར་ཟེར་བ་དེ་བྱུང་བ་རེད། ཤངས་པའི་ཆོས་སྐོར་ནང་གི་ཁག་གཅིག་དགེ་ལུགས་པར་ཡོད། ཤངས་པ་བཀའ་བརྒྱུད་པའི་ལྟ་བ་དེ་བོད་ཀྱི་བཀའ་བརྒྱུད་པ་གཞན་གྱི་ལྟ་བ་དང་གཅིག་མཚུངས་ཡིན་པ་ལས་ཟུར་དུ་ལྟ་བ་མི་འདྲ་བ་མེད། གསང་སྔགས་ཀྱི་ཆོས་ཀྱི་བརྒྱུད་པ་དེ་བཀའ་བརྒྱུད་པ་གཞན་གྱི་ཆོས་ཀྱི་བརྒྱུད་པ་དང་ཅུང་མི་འདྲ་བ་ཡོད་པ་དང་སོ་སོའི་ཡི་དམ་དང་ལྷ་ལ་སོགས་པ་ཡང་ཅུང་མི་འདྲ་བ་ཡོད། ཡིན་ནའང་སྟོང་པ་ཉིད་ཀྱི་ལྟ་བ་འཇོག་སྟངས་དང་སེམས་ཀྱི་ངོ་བོ་ངོ་སྤྲོད་བྱེད་སྟངས་བཀའ་བརྒྱུད་པ་གཞན་དང་ཁྱད་པར་མེད་པས་འདིར་ཤངས་པ་བཀའ་བརྒྱུད་པའི་ལྟ་བ་ལོགས་སུ་ཤོད་མི་དགོས་པར་བཀའ་བརྒྱུད་པའི་ལྟ་བ་བཤད་ན་དེའི་ནང་དུ་ཚུད་ཡོད།

དྭགས་པོ་བཀའ་བརྒྱུད་ཀྱི་སྐོར། དྭགས་པོ་བཀའ་བརྒྱུད་ནི་མི་ལ་རས་པའི་སློབ་མ་ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་དང་ཟླ་བ་ལྟ་བུ་རས་ཆུང་རྡོ་རྗེ་གྲགས་ཞེས་པའི་བླ་མ་དེ་གཉིས་ནས་བརྒྱུད་པ་ཞིག་ཡིན། དྭགས་པོ་བཀའ་བརྒྱུད་ལ་བརྒྱུད་པ་ཆེ་བཞི་ཆུང་བརྒྱད་ཡོད་པ་སྟེ། ཆེ་བ་བཞི་ནི།

jདྭགས་པོ་བཀའ་བརྒྱུད། (མཁས་གྲུབ་ཁྱུང་པོ་རྣལ་འབྱོར་གྱིས་ཤངས་གཞོང་གཞོང་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་བྱུང༌)།

kཕག་གྲུ་བཀའ་བརྒྱུད། (དྭགས་པོ་ལྷ་རྗེའི་སློབ་མ་ཕག་མོ་གྲུབ་པ་རྡོ་རྗེ་རྒྱལ་པོས་ཕག་མོ་གྲུའི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ལས་བྱུང༌)།

lའབབ་རོམ་བཀའ་བརྒྱུད། (ཕག་མོ་གྲུ་པའི་སློབ་མ་འབབ་རོམ་པ་དར་མ་དབང་ཕྱུག་གིས་ནག་ཆུ་ཁུལ་དུ་འབབ་རོམ་རི་བོ་ཆེའི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ལས་བྱུང༌)།

mམཚུར་ཕུ་བཀའ་བརྒྱུད། (དྭགས་པོ་ལྷ་རྗེའི་སློབ་མ་ཀརྨ་པ་དུས་གསུམ་མཁྱེན་པས་སྟོད་ལུང་ནང་དུ་མཚུར་ཕུའི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་བྱུང་)བཅས་ནི་དྭགས་པོ་ལྷ་རྗེ་རང་ནས་ཐད་ཀར་བརྒྱུད་པའི་ཆོས་ལུགས་ཡིན་པར་བརྟེན་ཆེ་བ་བཞི་ཟེར་བ་དང༌།

ཆུང་བརྒྱད་ནི། jའབྲི་གུང་བཀའ་བརྒྱུད། (ཕག་གྲུའི་སློབ་མ་སྐྱོབ་པ་འཇིག་རྟེན་མགོན་པོས་འབྲི་གུང་མཐིལ་གྱི་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་བྱུང༌)།

kསྟག་ལུང་བཀའ་བརྒྱུད། (ཕག་མོ་གྲུ་པའི་སློབ་མ་སྟག་ལུང་ཐང་པ་བཀྲ་ཤིས་དཔལ་གྱིས་སྟག་ལུང་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་བྱུང༌)།

lཁྲོ་ཕུ་བཀའ་བརྒྱུད། (ཕག་མོ་གྲུ་པའི་སློབ་མ་རྒྱལ་ཚ་རིན་ཆེན་མགོན་གྱིས་གཙང་ཁུལ་དུ་ཁྲོ་ཕུ་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་བྱུང༌)།

mའབྲུག་པ་བཀའ་བརྒྱུད། (གཙང་པ་རྒྱ་རས་པས་གནམ་གྱི་ཕུར་འབྲུག་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་བྱུང་ཞིང༌། དེ་ལ་སྟོད་སྨད་བར་གསུམ་དུ་ཕྱེ་བའི་སྟོད་འབྲུག་ནི་རྒོད་ཚང་པ་ལས་བརྒྱུད་པ་དང༌། བར་འབྲུག་ནི་རྒྱ་རས་ཀྱི་དབོན་ལས་བརྒྱུད་པ། སྨད་འབྲུག་ནི་ལོ་རས་པ་ལས་བརྒྱུད་པ་ཡིན)།

nསྨར་བ་བཀའ་བརྒྱུད། (ཕག་མོ་གྲུ་པའི་སློབ་མ་འགྲོ་མགོན་སྨར་བ་ཤེས་རབ་ཡེ་ཤེས་ཀྱིས་བར་ཁམས་སུ་ཤོ་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ལས་བྱུང༌)།

oཡེལ་པ་བཀའ་བརྒྱུད། (ཕག་མོ་གྲུ་པའི་སློབ་མ་སངས་རྒྱས་ཡེལ་པ་ཡེ་ཤེས་བརྩེགས་ཀྱིས་ཁམས་སུ་ཡེལ་ཕུག་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ལས་བྱུང༌)།

pགཡའ་བཟང་བཀའ་བརྒྱུད། (ཕག་མོ་གྲུ་པའི་སློབ་མ་ཟ་ར་བ་སྐལ་ལྡན་ཡེ་ཤེས་སེང་གེའི་ཡང་སློབ་གཡའ་བཟང་པ་ཆོས་ཀྱི་སྨོན་ལམ་གྱིས་གཡའ་བཟང་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ནས་བྱུང༌)།

qཤུག་གསེབ་བཀའ་བརྒྱུད། (གྱེར་སྒོམ་ཚུལ་ཁྲིམས་སེང་གེས་སྙེ་ཕུར་ཤུག་གསེབ་དགོན་པ་བཏབ་སྟེ་གནས་གཞི་བཟུང་བ་ལས་བྱུང༌)། དེའི་སྐོར་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་སྐོར་ཞེས་པའི་དེབ་ནང་གསལ་པོ་བཀོད་ཡོད།

དྭགས་པོ་བཀའ་བརྒྱུད་པའི་རྩ་བ་ནི་མར་པ་ལོ་ཙཱ་བ་ལ་ཐུག་ཡོད། མར་པ་ལོ་ཙཱ་བས་གསང་སྔགས་ཀྱི་ཆོས་ཞུ་ཆེད་རྒྱ་གར་ལ་ཞབས་ཐང་མར་ཕར་ཚུར་ཐེངས་གསུམ་ཕེབས་ཏེ་བཟོད་པར་དཀའ་བའི་ངལ་བ་ཁྱད་བསད་གནང་ཡོད་དེ། རང་གིས་ཡུན་རིང་ལྡང་པའི་ཟ་ཆས་སྒལ་པར་འཁྱེར་བ་དང༌། བླ་མ་དང་དགེ་རྒན་ལ་འབུལ་བྱེད་གསེར་འཁྱེར་དགོས་པ། རྒྱ་གར་དུ་འབྱོར་རྗེས་སུ་ཡང་བླ་མ་དེ་དག་མཐའ་ལ་དུག་གི་མཚོ་དང་དཀྱིལ་དུ་རི་གནས་པ་དེ་འདྲར་བཞུགས་ཡོད་པས་མཚོ་དེ་དག་བརྒལ་ནས་འགྲོ་དགོས་པ། དེ་བཞིན་དུག་སྦྲུལ་མང་པོ་ཡོད་སའི་ནགས་ཚལ་ནང་འགྲོ་དགོས་པ་སོགས་ཀྱི་དབང་གིས་སྲོག་ལ་ཐུག་པའི་ཉེན་ཁ་ཐེངས་བཅུ་གསུམ་ཙམ་འཕྲད་མྱོང་ཡོད་ནའང་ཆོས་ཞུ་ཆེད་དཀའ་བ་མང་པོ་སྤྱད་དེ་བླ་མ་བརྒྱ་ལྷག་ཙམ་བསྟེན་གནང་ཡོད། བོད་དུ་གསང་སྔགས་ཀྱི་ཆོས་ཧ་ཅང་དར་རྒྱས་ཆེན་པོ་བྱུང་བ་དེ་མར་པ་ལོ་ཙཱ་བ་དང་འགོས་ལོ་ཙཱ་བ་གཉིས་ཀྱི་བཀའ་དྲིན་ཡིན་པར་འདོད། འགོས་ལོ་ཙཱ་བ་ཞེས་པ་གསུམ་བྱུང་ཞིང༌། དང་པོ་ནི་འགོས་ལོ་ཙཱ་བ་ཆོས་གྲུབ་ཞུ་བ་དེ་ཡིན། ཁོང་རྒྱ་ནག་དང་རྒྱ་གར་གྱི་ཡི་གེ་ལ་ཤིན་ཏུ་མཁས་པ་ཡིན་ཅིང༌། མདོ་མཛངས་བླུན་ཞེས་པ་ཡང་རྒྱ་གར་དང་རྒྱ་ནག་གི་ཡི་གེ་ནས་བོད་ཡིག་ཏུ་བསྒྱུར་གནང་ཡོད་པ་དང༌། རྒྱ་ནག་དང་སྟོད་ས་ཁུལ་དུ་ཡུན་རིང་བཞུགས་མྱོང་ཡོད། འགོས་ལོ་ཙཱ་བ་གཉིས་པ་ནི། འགོས་ཁུག་པ་ལྷས་བཙས་ཞུ་བ་དེ་ཡིན། ཁུག་པ་ཞེས་པ་ནི་ཁོང་གི་ཡབ་ལ་ཆུང་མ་གཉིས་ཡོད་པ་ལས་གཅིག་ཏོག་ཙམ་སྤུན་རྒྱུད་དུ་འགྲོ་གི་ཡོད་པས་དེ་ལ་སྐྱེས་པས་ན་ཁུག་པ་ཞེས་དང༌། ལུག་རྫི་སྡོད་སའི་ལྷས་རྭའི་ནང་དུ་སྐྱེས་པས་ལྷས་བཙས་ཞེས་བཏགས། འགོས་ལོ་ཙཱ་བ་གསུམ་པ་ནི། འགོས་ལོ་ཙཱ་བ་གཞོན་ནུ་དཔལ་ཞུ་བ་དེ་ཡིན་ཅིང༌། རབ་བྱུང་བརྒྱད་པའི་ཆུ་སྤྲེལ་ལོར་དེབ་ཐེར་སྔོན་པོ་བརྩམས། བོད་དུ་སངས་རྒྱས་ཆོས་ལུགས་ཕྱི་དར་གྱི་སྐབས་སུ་གསང་སྔགས་ཀྱི་ཆོས་དར་རྒྱས་ཧ་ཅང་ཆེན་པོ་བྱུང་བ་དེ་ནི་མར་པ་ལོ་ཙཱ་བ་དང་འགོས་ལོ་ཙཱ་བ་གཉིས་ཀྱི་བཀའ་དྲིན་དུ་འདོད་ཅིང༌། རྗེ་ཙོང་ཁ་པ་དང༌། དེ་བཞིན་བཀའ་བརྒྱུད་པ་དང་རྙིང་མའི་བླ་མ་ཚོས་མར་པ་དང་འགོས་ལོ་ཙཱ་བ་གཉིས་ནས་བྱུང་བའི་ཆོས་ཀྱི་རྒྱུད་པ་དེ་ཡིད་ཆེས་ཆ་འཇོག་བྱེད་ས་ཞིག་ཏུ་རྩིས་གནང་གི་ཡོད། མི་ལ་རས་པའི་རྣམ་ཐར་ནང་གསལ་བ་ལྟར་མར་པ་ལོ་ཙཱ་བར་ནམ་རྒྱུན་མཉམ་དུ་བཞུགས་མཁན་ཆུང་མ་གཅིག་དང་དེ་མིན་སྐུ་ཟླ་བརྒྱད་ཡོད་པ་དང༌། སྐུ་ཟླ་རེ་ལ་སྲས་རེ་སྟེ་སྲས་དགུ་ཡོད་པ་དེ་རྣམས་ཚང་མ་མཁས་པ་ཆེན་པོ་སྐད་གྲགས་ཡོད་པ་ཤ་སྟག་ཡིན། འོན་ཀྱང་དེ་རྣམས་ཚང་མ་དགུང་ལོ་ཆུང་དུས་ནས་སྐུ་ཚེ་མ་ཟིན་པར་དེའི་ནང་ནས་ཅུང་སྐུ་ཚེ་རིང་ཙམ་བཞུགས་པ་ནི་དར་མ་མདོ་སྡེ་ཞུ་བ་དེ་ཡིན། དེ་བཞིན་མར་པ་ལོ་ཙཱ་བར་ཞིང་ཁ་དང་སེམས་ཅན་ཡང་མང་པོ་ཡོད། མར་པ་ལོ་ཙཱ་བའི་སྐུ་ཟླ་དང་ཁོང་གཉིས་ཉི་མ་གཅིག་ལ་སྐུ་འདས་པ་རེད། མར་པའི་ལོ་རྒྱུས་རྒྱས་པ་མར་པའི་རྣམ་ཐར་ནང་གསལ་བར་འཁོད་ཡོད། མདོར་ན། དྭགས་པོ་བཀའ་རྒྱུད་དེ་གཙོ་བོ་མར་པ་ལོ་ཙཱ་བ་ནས་བྱུང་བ་རེད། མར་པའི་སློབ་མ་མི་ལ་རས་པ་ཡིན་པས་མི་ལའི་ལོ་རྒྱུས་ནང་མར་པའི་རྣམ་ཐར་ཞིབ་ཕྲ་ཡོད། མར་པ་ལོ་ཙཱ་བ་རྒྱ་གར་དུ་ཐེངས་གསུམ་དང་བལ་ཡུལ་དུ་ཐེངས་བཞི་ཕེབས་པ་དང༌། ཁ་རོ་བའི་(ཕྱི་རོལ་པའི་)བླ་མ་གཉིས་དང༌། དེ་བཞིན་པཎྜི་ཏ་དང་གྲུབ་ཐོབ་བཅས་བླ་མ་བརྒྱ་དང་བརྒྱད་བསྟེན་གནང་ཡོད། ཁོང་ལ་སློབ་མ་མང་པོ་བྱུང་ཞིང་སློབ་མ་གཙོ་བོ་བཞིའི་ནང་གི་གཅིག་ནི་མི་ལ་རས་པ་ཡིན་པ་དང༌། མི་ལ་རས་པའི་སློབ་མ་གཙོ་བོ་ནི་དྭགས་པོ་ལྷ་རྗེ་ཡིན། དྭགས་པོ་ལྷ་རྗེས་ནས་བརྒྱུད་དེ་བཀའ་བརྒྱུད་ཀྱི་རྒྱུད་པ་ཆེ་བ་བཞི་དང་ཆུང་བ་བརྒྱད་ཟེར་བ་དེ་བྱུང་བའོ། །བཀའ་བརྒྱུད་པའི་ལོ་རྒྱུས་དཔེ་ཆ་ཧ་ཅང་མང་པོ་ཡོད།

བཀའ་བརྒྱུད་པའི་ལྟ་བའི་སྐོར། བཀའ་བརྒྱུད་པ་ལ་ནང་གསེས་ཆེ་བ་བཞི་དང་ཆུང་བ་བརྒྱད་ཡོད་པ་དེ་རྣམས་སོ་སོའི་ཆོས་བྱེད་སྟངས་ཀྱི་ཐབས་ཤེས་མི་འདྲ་བའི་ཐོག་ནས་དབྱེ་བ་ལས་སྟོང་པ་ཉིད་ཀྱི་ལྟ་བའི་ཐོག་ལ་གཅིག་གྱུར་ཡིན། བཀའ་བརྒྱུད་པས་སྟོང་པ་ཉིད་ཀྱི་ལྟ་བ་ལ་ཕྱག་རྒྱ་ཆེན་པོ་ཟེར། ཕྱག་རྒྱ་ཆེན་པོ་ཞེས་བརྗོད་དགོས་དོན་ནི། རྒྱལ་པོས་བཀའ་ཕབ་པའི་བཀའ་ཡིག་གི་ནང་དོན་དེ་གཤམ་ལ་བཀའ་ཕབ་ཟིན་རྗེས་མངའ་འབངས་ཚང་མས་ཁས་བླངས་དམ་བཅས་ཏེ་དེ་དང་རྩ་བ་ནས་འགལ་མི་ཆོག་པའི་དཔེ་དེ་ལྟར་གནས་ལུགས་སྟོང་པ་ཉིད་དེ་དངོས་པོ་ཐམས་ཅད་ཀྱི་ངོ་བོ་ཡིན་པ་དང༌། ཚང་མར་ཁྱབ་པ་ཞིག སུ་གཅིག་གིས་ཀྱང་དེ་དང་མི་མཐུན་པ་བྱེད་མི་ཆོག་པ་ཞིག་ཡིན་པས་དེ་ལ་ཕྱག་རྒྱ་ཆེན་པོ་ཞེས་བརྗོད་པ་ཡིན། སྟོང་པ་ཉིད་སྒོམ་སྟངས་ཐད་མདོ་ལུགས་ཀྱི་སེམས་ངོ་བཙལ་ནས་སྟོང་པ་ཉིད་སྒོམ་པ་དེ་རེད། དེ་ལ་མདོ་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ཟེར། སེམས་ཀྱི་ངོ་བོ་ནི་གོང་དུ་ཞུས་པ་ལྟར་གསལ་ཞིང་དྲི་མས་མ་གོས་པ་དང་རིག་པ་དང་ལྡན་པ་ཞིག་ཡིན་ཅིང༌། ཁྱད་ཆོས་དེ་འདྲ་ལྡན་པའི་སེམས་དེ་རང་གི་ལུས་ཀྱི་མགོ་དང་རྐང་ལག་སོགས་གང་དུ་ཡོད་མིན་བཙལ་རུང་རྙེད་རྒྱུ་མེད་པས་ན་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཡིན་ཟེར། སེམས་ཀྱི་ངོ་བོ་ནི་མ་བཅོས་པ་ཞིག་དང་བཅོས་མ་མིན་པར་རང་བྱུང་ཞིག་རེད། དེའི་ཁྱད་ཆོས་ནི་གསལ་པོ་ཡིན་པ་དང༌། རིག་པ་ཡིན་པ་ཞིག་རེད་ཟེར། དེའི་རང་བཞིན་ནི་སྟོང་པ་ཉིད་ཡིན་པ་ཞིག་རེད། སེམས་དེ་བཙལ་བའི་སྐབས་སུ་རང་གི་སེམས་ལ་རྣམ་རྟོག་བཟང་པོ་ཤར་ནའང་འདྲ། རྣམ་རྟོག་ངན་པ་ཤར་ནའང་འདྲ། ཚང་མ་བཀག་འགོག་མ་བྱས་པར་རང་བབས་སུ་བཞག་ནས་དེའི་ངོ་བོ་ལ་བརྟག་དཔྱད་བྱས་ཏེ་སེམས་དེ་མགོ་ནས་རྐང་པའི་བར་དང་ལུས་ཀྱི་ཕྱི་ནང་གང་དུ་གནས་མིན་བརྟག་དཔྱད་བྱེད་སྐབས་རྙེད་རྒྱུ་མེད་པ་དེ་ལ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཟེར། སེམས་ཀྱི་ངོ་བོ་འཚོལ་སྟངས་ཐད་གོང་དུ་ས་སྐྱའི་སྟོང་པ་ཉིད་ཀྱི་ལྟ་བ་བཤད་སྐབས་དཔེ་མང་དུ་ཞུས་པ་དེ་རྣམས་དང་མིང་ཏོག་ཙམ་མི་འདྲ་བ་ལས་འཚོལ་སྟངས་གཅིག་པ་ཡིན། འདས་པའི་སེམས་ནི་ནམ་མཁའི་བྱ་བྱིའུ་འདྲ་ཞེས་འདས་པའི་སེམས་དེ་ནི་ནམ་མཁའ་ལ་བྱ་འཕུར་བ་ལྟར་བྱའི་གྲིབ་མ་དེ་ས་ཐོག་ཏུ་སླེབས་ནས་དེའི་རྗེས་ལ་མཐོང་རྒྱུ་གང་ཡང་མེད་པར་གར་སོང་ཆ་མེད་ཅིག་ཡིན་ཟེར། མ་འོངས་སེམས་ནི་རྩིས་མེད་མུན་པ་འདྲ་ཞེས་ནག་ཁུང་ནང་དུ་སླེབས་པ་ལྟར་སོ་སོ་གོམ་པ་གང་དུ་སྤོ་མིན་གདེང་ཚོད་མེད་པ་དེ་ལ་ཟེར། ད་ལྟའི་སེམས་ནི་བར་སྣང་སྟོང་པ་འདྲ་ཞེས་ད་ལྟའི་སེམས་ནི་བར་སྣང་སྟོང་པ་ལ་སླེབས་པ་ལྟར་བཙལ་ནའང་མྱུར་དུ་བརླག་འགྲོ་བ་ལས་རྙེད་རྒྱུ་མེད་པ་ཞིག་ཡིན་ཟེར། དེར་བརྟེན་སེམས་འདས་པའི་རྗེས་སུ་མ་འགྲོ། མ་འོངས་པའི་རྩིས་མང་པོ་མ་རྒྱག ད་ལྟའི་སེམས་བཟོ་བཅོས་མ་བྱས་པའི་བསམ་བློ་དེ་རང་དགར་བཞག་པ་ཡིན་ན་གཞི་ནས་སེམས་ཀྱི་ངོ་བོ་དེ་གསལ་པོ་མཐོང་ཐུབ་ཟེར། དེ་བཞིན་རང་གི་སེམས་ལ་ཕྱི་རོལ་ཡུལ་གྱི་རྣམ་པ་གང་འདྲ་ཞིག་ཤར་ནའང་དེ་མ་བཀག་པར་ལེགས་ཉེས་ཀྱི་སྤང་བླང་མེད་པར་རང་གིས་དེའི་ངོ་བོ་དེ་ལ་བརྟག་ནས་ལྟ་སྐབས་དེ་ཡལ་འགྲོ་གི་རེད། དེ་ཡལ་འགྲོ་བ་དེ་རང་ཉིད་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཡིན་ཅིང༌། དེ་ལས་ལོགས་སུ་སེམས་ཀྱི་ངོ་བོ་སྟོང་པ་ཉིད་ཟེར་བ་མེད་པར་འདོད། དེ་ལ་སེམས་མ་གཡེངས་བར་འཇོག་དགོས་ཟེར། དེ་མིན་ཐབས་ཤེས་གཞན་ཞིག་སྟེ། སེམས་ལ་རྣམ་རྟོག་བཟང་ངན་གང་འདྲ་ཞིག་བྱུང་ནའང་དེ་ཡལ་དུ་མ་བཅུག་པར་གང་དུ་སོང་ཡང་བཏང་བཞག་ན་དེ་རང་བཞིན་གྱིས་ཡལ་འགྲོ་བ་ཡིན་ཟེར། དཔེར་ན་སྦྲུལ་གྱི་གཟུགས་ལ་མདུད་པ་ཐེབས་ཡོད་ནའང་དེ་རང་དགར་བཞག་ན་རང་བཞིན་གྱིས་ཞིག་འགྲོ་བ་ལས་སུས་ཀྱང་འགྲོལ་མི་དགོས་པ་ལྟར་རང་གི་སེམས་ལ་རྣམ་རྟོག་བཟང་པོ་དང་ངན་པའི་མདུད་པ་མང་པོ་ཐེབས་བསྡད་པ་དེ་གང་འདོད་སར་བཏང་ཚེ་རང་བཞིན་གྱིས་མདུད་པ་དེ་གྲོལ་ནས་གང་ཤར་རང་གྲོལ་འགྲོ་གི་རེད་ཟེར། རྣམ་རྟོག་གང་འདྲ་ཞིག་ཤར་ནའང་དེ་བཀག་འགོག་མེད་པར་དང་དུ་བླངས་ནས་གང་འགྲོར་བཏང་ཚེ་རང་བཞིན་གྱིས་ཡལ་འགྲོ་བ་ཡིན་ཟེར། དེ་མིན་ཐབས་ཤེས་གཞན་ཞིག་སྟེ། རང་གི་སེམས་ལ་རྣམ་རྟོག་བཟང་ངན་གང་འདྲ་ཞིག་སྐྱེས་ནའང་དེ་ཚང་མ་ཆོས་སྐུའི་ངོ་བོ་ཡིན་པས་རྣམ་རྟོག་བཟང་ངན་གང་ཞིག་བྱུང་ནའང་ལམ་དུ་འཁྱེར་ཏེ། རྣམ་རྟོག་ལམ་འཁྱེར་བྱ་དགོས་ཤིང༌། དེ་ལྟར་བྱས་ཚེ་གཞི་ནས་རྣམ་རྟོག་དེ་ཡལ་ནས་རྣམ་རྟོག་བཟང་ངན་གང་ཡང་མེད་པའི་སྟོང་སང་སང་ཞིག་ཡོང་རྒྱུ་ཡོད་པ་དེའི་ནང་དུ་འཇོག་དགོས་ཟེར། འོན་ཀྱང་དགེ་ལུགས་པས་དེ་མི་འགྲིག་པར་འདོད་དེ། དེ་ལྟར་བསམ་རྒྱུ་དྲན་རྒྱུ་གང་ཡང་མེད་པར་སྒོམ་བརྒྱབ་ནས་ཡུན་རིང་པོ་བསྡད་ན་སྒོམ་ཇི་ཙམ་བརྒྱབ་པ་དེ་ཙམ་གྱིས་མི་དེ་ལྐུགས་སུ་ཕྱིན་ནས་སྔོན་ཆད་ཤེས་པ་ཡང་བརྗེད་འགྲོ་བ་དང་རིག་པ་སྐྱོ་རུ་འགྲོ་བ་སོགས་བྱེད་སྲིད་ཅིང༌། མ་གཞི་ནས་སེམས་ཀྱི་རྣམ་རྟོག་བཟང་ངན་གང་ཤར་བ་དེ་ཡལ་འགྲོ་བ་དེ་ནི་སེམས་ཀྱི་མི་རྟག་པ་ཡིན་པ་ལས་སེམས་ཀྱི་སྟོང་པ་ཉིད་མིན་པར་འདོད་པས་བཤད་ཚུལ་དེའི་ཐོག་ཏུ་མཐུན་མེད།

སྔགས་ལུགས་ཀྱི་ཕྱག་རྒྱ་ཆེན་པོ་ནི། གཉུག་སེམས་ལྷན་སྐྱེས་ཀྱི་འོད་གསལ་ཞེས་པ་ཞིག་ཡོད། དེ་གང་འདྲ་ཞིག་ཤར་རྒྱུ་ཡོད་དམ་ཞེ་ན། ང་ཚོར་དང་པོ་ཐོག་མ་ནས་གཉུག་མའི་སེམས་དེ་ཡོད། དེ་ཡང་བཤད་སྟངས་བྱས་ན་གཉུག་མའི་སེམས་དེ་ཀླད་པའི་ནང་དུ་ཡོད་པར་འདོད། སངས་རྒྱས་ཆོས་ལུགས་ནང་དུ་སེམས་དེ་དང་པོ་ཆགས་ས་སྙིང་ཁ་ཡིན་པ་དང་ཁ་བྲལ་ས་དེ་ཡང་སྙིང་ཁ་ནས་ཁ་བྲལ་འགྲོ་བ། དེ་བཞིན་རྩ་དང་ལུས་པོ་སོགས་དང་པོ་སྙིང་ཁ་ནས་ཆགས་པ་ཡིན་པས་སྙིང་ཁ་དེ་ནི་སེམས་དང་རྩ་དང་ལུས་པོ་ཆགས་སའི་ལྟེ་བ་སྟེ་འཕྲུལ་འཁོར་ཨ་མ་ལྟ་བུ་དེ་ཡིན་ཟེར། མིའི་གཟུགས་པོའི་སྟོད་སྨད་ཀྱི་རྩ་ཐམས་ཅད་རྩ་བ་སྙིང་ཁ་ནས་ཡལ་ག་གང་སར་ཁྱབ་པ་ཞིག་ཡིན། སེམས་དང་ལུས་པོ་གཉིས་འབྲེལ་བ་བྱུང་བའི་ལྟེ་བ་དེ་ནི་སྙིང་ཁ་ཡིན་པ་དང༌། དེ་ནས་རྩ་དང་རླུང་རྣམས་གཟུགས་ཀྱི་སྟོད་སྨད་གཉིས་སུ་ཁ་གྲམ་པ་ཡིན་ཟེར། གཉུག་མའི་སེམས་ཟེར་བ་དེ་རང་ཤི་བའི་སྐབས་སུ་རང་གི་ལུས་དང་སེམས་གཉིས་ཁ་བྲལ་དུས་གཉུག་མའི་སེམས་དེ་ཐེངས་གཅིག་ཡོང་གི་ཡོད། དེ་ཡང་རང་གི་ལུས་དང་སེམས་གཉིས་དང་པོ་འབྲེལ་བ་བྱུང་དུས་གཉུག་མའི་སེམས་དེ་ཡོད་ཀྱང་དེའི་བར་བསྐལ་གྱི་སེམས་ནི་འདོད་ཆགས་དང་ཞེ་སྡང་སོགས་སྣ་ཚོགས་ཀྱི་དྲེགས་པ་འགོས་ནས་དེའི་ངོ་བོ་ངོ་མ་དེ་མ་གསལ་བར་ལུས་པ་ཡིན། གཉུག་མའི་སེམས་དེ་སྤྱིར་བཏང་གི་སེམས་མིན་པར་སེམས་ཀྱི་ངོ་བོ་བདེ་བ་ཆེན་པོ་ཡིན་པ་ཞིག་དགོས། འོན་ཀྱང་ང་ཚོར་ད་ལྟ་གསང་སྔགས་ཀྱི་ལུས་པོ་ཆགས་སྟངས་དང་རྩ་དང་སེམས་ཆགས་སྟངས་སོགས་སློབ་ཁྲིད་བྱས་མེད་པས་གཉུག་སེམས་བདེ་བ་ཆེན་པོ་གང་འདྲ་ཡིན་མིན་ཤེས་རྟོགས་བྱེད་དཀའ་བ་ཡིན། གསང་སྔགས་ཀྱི་ལམ་ཞེས་པ་དེ་ཡག་པོ་ཞིག་སྒོམ་དགོས་ན་ངེས་པར་དུ་སྔོན་ལ་མིའི་ལུས་པོའི་ཆགས་སྟངས་དེ་ཆ་ཚང་བ་ཡག་པོ་ཞིག་ཤེས་དགོས། དེའི་ནང་ནས་རྩ་ཆགས་སྟངས་ཡག་པོ་ཤེས་པ་བྱེད་དགོས་པ་སྟེ། རྩ་གང་གི་ནང་དུ་རླུང་ཇི་ཙམ་འགྲོ་གི་ཡོད་མེད་དང། རྩ་གང་གི་ནང་དུ་རླུང་གང་ཞིག་འགྲོ་གི་ཡོད་མེད། རླུང་དེ་ནུས་པ་ག་རེ་ཐོན་གྱི་ཡོད་མེད་སོགས་ཤེས་དགོས་པ་དང༌། དེ་བཞིན་འདོད་ཆགས་སྐྱེ་བའི་རྩ་དང༌། ཁོང་ཁྲོ་སྐྱེ་བའི་རྩ་སོགས་སྣ་ཚོགས་ཡོད་པ་དེ་དག་ངོས་འཛིན་གསལ་པོ་ཐུབ་དགོས། དཔེར་ན་ང་རང་ཚོས་ནམ་རྒྱུན་ཁོང་ཁྲོ་བྱེད་སྐབས་རླུང་མ་ལངས་ཞེས་བརྗོད་ཀྱི་ཡོད་པས་རྒྱུ་མཚན་ནི་ཁོང་ཁྲོ་ལངས་རྒྱུའི་རྩ་དེའི་རླུང་ཕྱིན་པའི་དབང་གིས་ཡིན། ཁོང་ཁྲོ་ལངས་རྒྱུའི་རྩ་དེ་གཡས་ངོས་སུ་ཡོད་པས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་རྗེ་བཙུན་སྒྲོལ་མ་སོགས་ཀྱིས་གཡས་ངོས་མནན་ནས་བཞུགས་པ་དེ་གཡས་ཀྱི་ཁོང་ཁྲོ་སྐྱེ་བའི་རྩ་དེ་མནན་པ་ཡིན། དེ་མིན་ལྷ་མང་པོ་ཞིག་གཡོན་ངོས་སུ་ཀྱོག་ནས་བཞུགས་པ་དེ་ནི་འདོད་ཆགས་སྐྱེ་བའི་རྩ་དེ་མནན་པ་ཡིན། འདོད་ཆགས་སྐྱེ་བའི་རྩ་དེ་གཡོན་ངོས་སུ་གནས་ཡོད་པ་དང༌། ཁོང་ཁྲོ་སྐྱེ་བའི་རྩ་དེ་གཡས་ངོས་སུ་གནས་ཡོད་པ། དཀྱིལ་དུ་གཏི་མུག་སྐྱེ་བའི་རྩ་དེ་གནས་ཡོད། གཏི་མུག་གི་རྩ་དེའི་ནང་ཤི་དུས་མ་གཏོགས་རླུང་འགྲོ་མི་སྲིད་པས། གལ་ཏེ་རྩ་དེའི་ནང་རླུང་འགྲོ་བ་བྱེད་དགོས་ན་ཡང་ན་བུད་མེད་བརྟེན་དགོས་པ་དང་ཡང་ན་མ་ཤི་བར་དུ་སྒུག་དགོས། གསང་སྔགས་ཀྱི་ཆོས་བྱས་ཏེ་བུད་མེད་བསྟེན་ཆོག་པའི་ཚད་དེ་གང་འདྲ་ཞིག་ལ་སླེབས་དགོས་སམ་ཞེ་ན། རླུང་བསྒོམས་ནས་རང་གི་མཛུབ་མོས་རྡོ་ལ་ཨི་ཁུང་འབིགས་ཐུབ་པ་དང༌། རང་གི་ཆབ་གསང་མར་བཏང་ནས་ཚུར་འཐེན་ཐུབ་པའི་ཚད་དེ་འདྲ་ཞིག་ལ་སླེབས་པ་བྱེད་དགོས། གསང་སྔགས་ཀྱི་གནས་ཚད་མཐོ་པོ་སླེབས་ཚེ་བུད་མེད་བསྟེན་ཡང་ཕྲུ་གུ་ཆགས་མི་ཐུབ་སྟེ། གང་ལགས་ཟེར་ན་ཕྲུ་གུ་ཆགས་བྱེད་ཀྱི་ས་བོན་དེ་ཕར་བཏང་མི་དགོས་པར་སོ་སོའི་ས་བོན་ཡར་འཐེན་ཐུབ་པ་མ་ཟད་མི་གཞན་གྱི་དེ་ཡང་ཚུར་འཐེན་ཐུབ་ཀྱི་ཡོད། དཔེར་ན། ཚངས་དབྱངས་རྒྱ་མཚོས་ཉིན་ལྟར་མཆོད་ཆང་མང་པོ་མཆོད་ཀྱི་ཡོད་ཀྱང་སྐུ་ར་རྩ་བ་ནས་བད་རྒྱུ་མེད་པར་རྩོམ་ཡིག་འབྲི་རྒྱུ་དང་གཞས་གཏོང་རྒྱུ་ཚང་མ་ནམ་རྒྱུན་ནང་བཞིན་ཡིན་པ་དང༌། དེ་བཞིན་ཁོང་གི་མཛད་སྤྱོད་ཐད་ཤོད་སྲོལ་སྣ་ཚོགས་ཡོད་ཀྱང་སྲས་སྲོས་གཅིག་ཀྱང་བསྟན་རྒྱུ་མེད། ཙོང་ཁ་པའི་གསང་སྔགས་ཀྱི་གནས་ཚད་དེ་བུད་མེད་བསྟེན་ཆོག་པའི་ཚད་དུ་སླེབས་ཡོད་ནའང་བུད་མེད་བསྟེན་མེད། དེ་ནི་ཁོང་གིས་བུད་མེད་བསྟེན་ན་དེའི་བག་ཆགས་ངན་པ་ཆགས་ཏེ་སངས་རྒྱས་ཆོས་ལུགས་ལ་གནོད་སྐྱོན་ཆེན་པོ་ཡོང་གི་རེད་ཅེས་གསུངས་ཡོད། དེས་ན་གཉུག་སེམས་བདེ་བ་ཆེན་པོ་ཞེས་བདེ་བ་ཆེན་པོ་འདི་འདྲ་ཞིག་གིས་སྟོང་པ་ཉིད་རྟོགས་པ་དེ་ལ་ལྷན་སྐྱེས་ཀྱི་འོད་གསལ་ཟེར། བདེ་སྟོང་ཟུང་འཇུག་གི་སེམས་དེ་ལ་ལྷན་སྐྱེས་ཀྱི་འོད་གསལ་ཟེར། ང་རང་ཚོ་ཤི་བ་དང་གཉིད་ཁུག་པ་གཉིས་གཅིག་མཚུངས་རེད། ཤི་དུས་ཤི་བར་རྟགས་འདྲ་མི་འདྲ་མང་པོ་ཡོང་རྒྱུ་ཡོད། ཤི་དུས་རང་གི་འབྱུང་བ་རྣམས་འཐིམ་འགྲོ་དུས་རང་ལ་འཆར་སྣང་འདྲ་མིན་སྣ་ཚོགས་ཡོད་པ་ལྟར་གཉིད་ཁུག་པའི་སྐབས་སུ་ཡང་འདི་འདྲ་ཡོད། འཆར་སྣང་གི་དུས་ཡུན་རིང་ཐུང་དེ་གཉིད་ཁུག་སྐབས་ཐུང་བ་དང་ཤི་དུས་རིང་བ་ཡོད། ཁྱད་པར་དེ་འདྲ་ཞིག་ལས་གཞན་གཅིག་མཚུངས་ཡིན། གཉིད་ཁུག་དུས་དབུགས་ཤིག་གཏོང་རྒྱུ་ཡོད་པ་དེ་མ་གཏོགས་ཤི་བ་དང་ཁྱད་པར་མེད། སྔགས་ལུགས་དང་མདོ་ལུགས་གཉིས་ཀྱི་སྟོང་པ་ཉིད་རྟོགས་མཁན་གྱི་སེམས་དེ་ལ་ཁྱད་པར་ཡོད་པ་ལས་སྟོང་པ་ཉིད་ཀྱི་ལྟ་བ་ལ་ཁྱད་པར་མེད་དེ། སྔགས་ལུགས་ཀྱི་སྟོང་པ་ཉིད་རྟོགས་པའི་སེམས་ནི་སེམས་སྤྱིར་བཏང་བ་ཞིག་མ་ཡིན་པར་སེམས་བདེ་བ་ཆེན་པོ་ཡིན་པ་ཞིག་དང་མདོ་ལུགས་ཀྱི་སྟོང་པ་ཉིད་རྟོགས་པའི་སེམས་དེ་སེམས་སྤྱིར་བཏང་པ་ཞིག་ཡིན། སྟོང་པ་ཉིད་ཀྱི་ལྟ་བ་དེ་སྒོམ་པའི་སྐབས་སུ་རིམ་པ་བཞི་འགྲོ་སྟེ། jརྩེ་གཅིག དེ་ནི་དང་པོ་སེམས་མ་གཡེངས་བར་དམིགས་པའི་ཐོག་ཏུ་བཞག་པ་དེ་ལ་ཟེར། kསྤྲོས་བྲལ། སྤྲོས་པ་དང་བྲལ་བ་ཟེར་བ་ནི་སེམས་ཁོ་རང་གི་ངོ་བོ་དེ་སྐྱེ་བ་དང་འགག་པ་དང་གནས་པ་གསུམ་གྱི་སྤྲོས་པ་མེད་པ་ཤེས་པ་ལ་ཟེར། lརོ་གཅིག རོ་གཅིག་ཟེར་བ་ནི་ཆུ་དང་འོ་མ་འདྲེས་པ་ལྟ་བུ་འདྲེས་པ། དཔེར་ན་ཆུ་དང་འོ་མ་འདྲེས་ཚེ་ཆུའི་བྲོ་བ་འདི་རེད། འོ་མའི་བྲོ་འདི་རེད་ཅེས་ལོགས་སུ་སྟོན་རྒྱུ་མེད་པ་ལྟར་རང་གི་སེམས་ལ་རྣམ་རྟོག་བཟང་ངན་གང་ཤར་བ་ཚང་མ་ཆོས་སྐུའི་རྣམ་འགྱུར་ཡིན་པ་ལས་དེ་ལས་ལོགས་སུ་མེད་པ་ཞིག་ཆགས་ཡོང་བའི་དུས་སུ་རོ་གཅིག་ཟེར། སྐབས་དེ་དུས་རང་གིས་བྱས་ཚད་ཚང་མ་ཆོས་ལ་འགྲོ་བ་ཡིན། མི་སྤྱིར་བཏང་ཞིག་གིས་བྱས་ན་སྡིག་པ་བསག་རྒྱུ་དེ་གནས་ཚད་འདིར་སླེབས་པའི་མི་དེས་བྱས་ན་སྡིག་པར་མི་འགྲོ་བར་བྱས་ཚད་དགེ་བར་འགྲོ་བ་ཡིན་ཏེ། དེས་གཉིད་ཉལ་བ་དང༌། ལྟོ་ཟ་བ། རྐུན་མ་བརྐུ་བ། མི་གསོད་པ་སོགས་གང་བྱས་ཀྱང་ཆོས་ལ་འགྲོ་བ་ཡིན། འོན་ཀྱང་གང་ཟག་ཆོས་བྱེད་མཁན་ཁོ་རང་གི་གནས་ཚད་དེ་རོ་གཅིག་གི་ཚད་ལ་སླེབས་ཚེ་བྱས་ཚད་ཚང་མ་ཆོས་ལ་འགྲོ་བ་ཡིན་ཟེར་བ་ལས་མི་ཚང་མའམ། བཀའ་བརྒྱུད་པའི་ཆོས་དེ་བྱས་ན་དེ་འདྲ་ཆགས་ཟེར་བ་མིན། mབསྒོམ་མེད། གནས་ཚད་དེ་འདྲ་ལ་སླེབས་སྐབས་བསྒོམ་བྱའི་སྟོང་པ་ཉིད་དེ་དང་སྒོམ་མཁན་གྱི་སེམས་གཉིས་ཆུ་དང་འོ་མ་འདྲེས་པ་ལྟ་བུ་འདྲེས་ཟིན་པས་ལོགས་སུ་བཀར་ནས་མེད། དེ་ཕན་ཆད་ལ་སྟོང་པ་ཉིད་ཅེས་བསྒོམ་བྱ་ཞིག་དང་སྒོམ་བྱེད་ཀྱི་སེམས་གཉིས་ལོགས་སུ་ཡོད་པ་ལྟ་བུ་ཞིག་ཡོད་ནའང་སྐབས་འདིར་བསྒོམ་བྱ་སྟོང་པ་ཉིད་དང་སྒོམ་བྱེད་སེམས་གཉིས་ལོགས་སུ་དབྱེ་བ་ཕྱེ་རྒྱུ་མེད་པ་ཞིག་ཆགས་ཡོད་པས་ཕྱི་རོལ་ཡུལ་གྱི་སྣང་བ་ཞིག་དང་ཡུལ་ཅན་སེམས་ཀྱི་སྣང་བ་ཐ་དད་དུ་སྣང་བའི་འཆར་སྣང་དེ་ལོག་ཟིན་སྟབས་དེ་ལ་གཉིས་སྣང་ལོག་པ་ཟེར། དེ་ནི་གཉིས་སུ་སྣང་བའི་འཆར་སྣང་དེ་ཡལ་ཟིན་པ་ཡིན། གོང་གསལ་ནང་དོན་དེ་དག་ཤེས་རྟོགས་ཐུབ་ན་སྲོང་བཙན་སྒམ་པོའི་མ་ཎི་བཀའ་འབུམ་ཟེར་བ་དེའི་ནང་དོན་མང་ཆེ་བ་རྟོགས་ཐུབ། མ་ཎི་བཀའ་འབུམ་ཞེས་པ་དེ་མ་གཞི་གཏེར་མ་ཞིག་ཡིན་ཅིང༌། གཏེར་ནས་བཞེས་མཁན་ནི་རྙིང་མའི་གཏེར་སྟོན་བརྒྱ་དང་བརྒྱད་ཀྱི་ཡ་གྱལ་གུ་རུ་ཆོས་དབང་གིས་བཏོན་པ་དང༌། གྲུབ་ཐོབ་དངོས་གྲུབ་ཀྱིས་བཏོན་པ། མངའ་བདག་མྱང་གིས་བཏོན་པ་སོགས་མི་འདྲ་བ་ཁག་གསུམ་ཡོད། འོན་ཀྱང་དེང་སང་ཁ་ཤས་ཀྱིས་མ་ཎི་བཀའ་འབུམ་ཟེར་བ་དེ་སྲོང་བཙན་སྒམ་པོས་གསུངས་པ་མ་ཡིན་ཏེ། གང་ལགས་ཤེ་ན། མ་ཎི་བཀའ་འབུམ་ནང་གི་ཆོས་ཀྱི་ནང་དོན་རྣམས་གནས་ཚད་ཧ་ཅང་མཐོ་པོ་ཡོད་པས་སྐབས་དེ་དུས་ནང་ཆོས་དར་འགོ་ཚུགས་ཙམ་ཡིན་པར་བརྟེན་སྲོང་བཙན་སྒམ་པོ་ཆོས་ཀྱི་གནས་ཚད་མཐོ་པོ་དེ་འདྲ་ཡོང་མི་ཐུབ་ཟེར་གྱི་ཡོད་པ་རེད། དེ་བཞིན་མ་ཎི་བཀའ་འབུམ་ནང་གི་དོན་གནད་ཁ་ཤས་སར་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་འགའ་ཞིག་ཡོད་སྟབས་དེ་རྫུན་མ་རེད། དེ་ནི་གཏེར་སྟོན་མཁན་ཁོ་རང་གིས་བྲིས་ཏེ་སྲོང་བཙན་སྒམ་པོས་བྲིས་གནང་བ་རེད་ཅེས་བཤད་པ་རེད་ཟེར། རྙིང་མ་བས་དེ་ནི་སྲོང་བཙན་སྒམ་པོ་རང་གིས་བྲིས་པ་ཡིན་པར་འདོད། གནས་ཚུལ་དེའི་ཐོག་ལ་སྔོན་མ་ྋརྒྱལ་བ་ལྔ་པའི་དུས་སུ་ལབ་གླེང་མང་པོ་བྱུང་མྱོང་ཡོད། སྤྱིར་བཏང་བྱས་ན་དགེ་ལུགས་པ་དང༌། རྙིང་མ། ས་སྐྱ། བཀའ་བརྒྱུད་སོགས་མང་ཆེ་བས་<<མ་ཎི་བཀའ་འབུམ་>>དེ་སྲོང་བཙན་སྒམ་པོ་རང་གིས་གསུངས་པ་ཡིན་པར་ཁས་ལེན་གྱི་ཡོད། རྙིང་མ་དང་བཀའ་བརྒྱུད་སོགས་ཀྱི་ལྟ་བའི་སྐོར་གོང་དུ་ཚིག་སོ་སོར་འགྲེལ་པ་བརྒྱབ་པ་དེའི་དོན་རྟོགས་ཐུབ་ན་<<མ་ཎི་བཀའ་འབུམ་>>ནང་གི་ཆོས་ཚིག་མང་ཆེ་བ་ཤེས་ཐུབ། པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས་པའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཟེར་བ་དེ་སྔགས་ལུགས་ཀྱི་སྟོང་པ་ཉིད་སྒོམ་སྟངས་ཀྱི་དཔེ་ཆ་ཞིག་ཡིན། དེའི་ནང་དུ་གང་འདྲ་གསུངས་ཡོད་དམ་ཞེ་ན། བོད་འདི་ལ་སྟོང་པ་ཉིད་ཀྱི་ལྟ་བ་སྒོམ་སྟངས་ཐད་ས་སྐྱ། བཀའ་བརྒྱུད། རྙིང་མ། དགེ་ལུགས་སོགས་གྲུབ་མཐའ་རིགས་མི་འདྲ་བ་མང་པོ་བྱུང་ཡོད། དེ་ཚོ་ཚང་མ་གསུང་སྟངས་མི་འདྲ་བ་དང་སྒོམ་སྟངས་ཀྱི་ཐབས་ཤེས་མི་འདྲ་བ་མ་གཏོགས། དོན་དག་གི་ཐོག་ལ་ཚང་མ་དགོངས་པ་གཅིག་གྱུར་ཡིན་ཞེས་གསུངས་ཡོད། དེ་མིན་ཡང་རྒྱ་ནག་གི་ཧན་(汉)རྒྱལ་རབས་ཀྱི་སྐབས་སུ་ཧྥ་ཤེན་ཟེར་བའི་ཧྭ་ཤང་ཞིག་གིས་བརྩམས་པའི་དཔེ་ཆའི་ནང་རྒྱ་ནག་གི་སངས་རྒྱས་ཆོས་ལུགས་དང༌། ཁུང་ཙེའི་ལྟ་བ། རྒྱ་ནག་གི་བོན་པོའི་ལྟ་བ་དེ་གསུམ་དགོངས་པ་གཅིག་གྱུར་ཡིན་ཞེས་བྲིས་ཡོད། དེ་དང་པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་གསུངས་པ་དེ་གཉིས་དོན་དག་གཅིག་མཚུངས་མིན། ཧྭ་ཤང་དེས་དེ་འདྲ་ཤོད་དགོས་པའི་རྒྱུ་མཚན་ནི། སྐབས་དེ་དུས་ཧན་རྒྱལ་རབས་སྐབས་སངས་རྒྱས་ཆོས་ལུགས་དར་འཕེལ་ཧ་ཅང་ཆེན་པོ་ཡོང་གི་ཡོད་པ་དང༌། དེ་དང་དུས་མཚུངས་རྒྱ་ནག་གི་བོན་པོའི་ཆོས་ལུགས་དེ་ཡང་ཤུགས་ཆེན་པོ་བསྡད་ཡོད་པས་དེ་གཉིས་བར་གྱི་འཐབ་རྩོད་དེ་ཧ་ཅང་རྣོ་ངར་ཆེན་པོ་ཡོད་པ་རེད། དེར་བརྟེན་འཐབ་རྩོད་དེ་ཞི་འཇགས་ཡོང་ཆེད་ཁྱོད་ཚོ་བོན་པོ་ཡིན་ནའང་འདྲ། ང་ཚོ་སངས་རྒྱས་ཆོས་ལུགས་ཡིན་ནའང་འདྲ། བཤད་སྟངས་མི་འདྲ་བ་ལས་དོན་དག་སྙིང་པོ་དེ་མི་ཚང་མ་སེམས་པ་སྐྱིད་པོ་དང་ཞི་བདེ་མཐུན་སྒྲིལ་ཡོང་བ་བྱེད་རྒྱུ་དེ་ཡིན་པས་དོན་དག་རྩ་བའི་ཐོག་ཏུ་དམིགས་ཡུལ་གཅིག་དང་དགོངས་པ་གཅིག་ཡིན་ཟེར་བ་དེ་རེད། དེ་མིན་འབྲི་གུང་གི་བླ་མ་ཞིག་གིས་བཀའ་དགེ་དགོངས་པ་གཅིག་སྒྲུབ་ཅེས་བཀའ་བརྒྱུད་པའི་ཕྱག་རྒྱ་ཆེན་པོ་ཡིན་ནའང་འདྲ། དགེ་ལུགས་པའི་སྟོང་པ་ཉིད་ཡིན་ནའང་འདྲ། གང་ལྟར་མིང་འདོགས་སྟངས་དང་ཤོད་སྟངས་ཐབས་ཤེས་མི་འདྲ་བ་མ་གཏོགས་དོན་དག་རྩ་བའི་དགོངས་པ་གཅིག་ཡིན་པ་དང༌། གནས་ལུགས་སྟོང་པ་ཉིད་རྟོགས་སྟངས་ཐད་ལ་དགོངས་པ་གཅིག་ཡིན་ཟེར་བའི་དཔེ་ཆ་ཆེ་ཐག་ཆོད་ཅིག་བརྩམས་གནང་ཡོད། ྋརྒྱལ་བ་ལྔ་པའི་དུས་སུ་བཀའ་བརྒྱུད་པ་དང་དགེ་ལུགས་བར་འགལ་བ་ཡོད་པ་དང་རྙིང་མ་དང་དགེ་ལུགས་བར་ལ་ཡང་འགལ་བ་ཡོད། ཡིན་ནའང་དགེ་ལུགས་དང་རྙིང་མའི་བར་གྱི་འགལ་བ་དེ་སྐབས་དེ་དུས་ཧ་ཅང་ཤུགས་ཆེ་བ་མིན། གང་ཡིན་ཞེ་ན། ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་དང་སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁོང་རྣམ་གཉིས་རྙིང་མའི་ཆོས་གནང་གི་ཡོད། དེ་དུས་བཀའ་བརྒྱུད་དང་དགེ་ལུགས་བར་གྱི་འགལ་བ་དེ་ཤུགས་ཆེ་བ་ཡོད། མ་ཎི་བཀའ་འབུམ་གྱི་ཐོག་ལ་ཡང་སྐབས་དེ་དུས་ལབ་གླེང་མང་པོ་བྱུང་བ་རེད། དེ་དུས་བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱ་མཚོ་ཞུ་བ་ཞིག་ཡོད། ཁོང་ནི་དགེ་ལུགས་པ་ཡིན་པ་དང་ྋརྒྱལ་བ་ལྔ་པ་དང་ཡབ་གཅིག་ཡུམ་གཅིག་རེད། ཁོང་དགེ་ལུགས་པ་ལ་ཕྱོགས་ཞེན་ཆེན་པོ་ཡོད་པས་ཁོང་གིས་ྋརྒྱལ་བ་ལྔ་པར་རྟག་ཏུ་ཟུར་ཟ་བྱེད་ཀྱི་ཡོད་པ་རེད། ཐེངས་གཅིག་ཁོང་གིས་སྐེད་པར་བོང་དཔོན་གྱིས་འཁྱེར་རྒྱུ“ཏོག་མ”ཞིག་བཏགས་ཏེ་ྋརྒྱལ་བ་ལྔ་པའི་སྐུ་མདུན་དུ་འགྲོ་སྐབས་ྋརྒྱལ་བ་ལྔ་པས་ཁྱོད་རང་བླ་མ་དགེ་བཤེས་ཤིག་གིས་བོང་བུར་ཞུ་ཆེད་རྒྱུག་པ་སྐེད་པར་བཏགས་ནས་གང་ཡིན་ནམ་ཞེས་བཀའ་འདྲི་གནང་སྐབས་ཁོང་གིས་དེང་སང་སྐེད་པ་འདི་ལ་གཅིག་གཟེར་རྒྱུ་མེད་ན་གྲྭ་པའི་གྲས་སུ་ཚུད་ཀྱི་མི་འདུག་ཞེས་ཞུས། གང་ལགས་ཟེར་ན། ྋརྒྱལ་བ་ལྔ་པའི་སྐུ་སྐེད་ལ་དེ་སྔ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་བེད་སྤྱོད་གནང་མྱོང་ཡོད་པའི་ཕུར་པ་སྐད་གྲགས་ཆེན་པོ་ཞིག་ཡོད་པ་དེ་བཏགས་གནང་གི་ཡོད་པ་རེད་(ཕུར་པ་དེ་དེང་སང་ཡང་བསྡད་ཡོད། དེ་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱིས་ཧ་ཅང་རྩ་འགངས་ཆེན་པོ་གནང་ནས་ཉར་ཚགས་གནང་རྒྱུ་ཞིག་ཡིན)། དེང་སང་ང་ཚོས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་གྱི་འདྲ་སྐུར་དོ་སྣང་གནང་ཚེ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་མ་གཏོགས་གཞན་གྱི་སྐུ་སྐེད་ལ་ཕུར་པ་མེད། འོན་ཀྱང་དགེ་ལུགས་པའི་བླ་མ་ཡིན་པ་ལ་སྐེད་པར་ཕུར་པ་གཟེར་བ་ཞིག་ཡོད་པ་དེ་ནི་ྋརྒྱལ་བ་ལྔ་པ་ཡིན་པས་དེར་འཕྱ་སྨོད་བྱེད་ཆེད་བྲག་སྒོ་རབ་འབྱམས་པས་ཁྱེད་རང་གིས་སྐེད་པར་ཕུར་པ་གཟེར་བ་དང་ངས་སྐེད་པར་བོང་རྒྱུག་གཟེར་བ་གཉིས་ཁྱད་མི་འདུག་ཟེར་བ་ཡིན། ཡང་ཉིན་གཅིག་ྋརྒྱལ་བ་ལྔ་པའི་གཟིམ་ཆུང་ནང་གི་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་འདྲ་རྩ་ཆེན་ཞིག་ཡོད་པ་དེ་བརྐུས་ནས་པོ་ཏཱ་ལའི་རྒྱབ་ཀྱི་ཀླུ་ཁང་ནང་ཤིང་སྡོང་ཞིག་གི་ཁོག་པ་བྲུས་ཏེ་དེའི་ནང་དུ་བཞག་ནས་ཟླ་བ་ཁ་ཤས་ཕྱིན་རྗེས་ཁོང་གིས་ཏཱ་ལའི་བླ་མའི་སྐུ་མདུན་དུ་ཕྱིན་ནས། དེ་རིང་ངས་གཏེར་སྟོན་རྒྱུ་ཡིན་པས་གཟིགས་པར་ཕེབས་རོགས་ཞེས་ཞུས་ཏེ་ཁོང་ཚོ་ཀླུ་ཁང་ནང་སླེབས་རྗེས་ཁོང་གིས་སློབ་དཔོན་པདྨའི་སྐུ་འདྲ་དེ་ཤིང་སྡོང་ཁོག་པའི་ནང་ནས་བཏོན་པ་རེད། ཡིན་ནའང་སྐུ་འདྲའི་སྟེང་དུ་སྔོན་མ་སྡེ་པ་གཞུང་ལ་རྟེན་ཐམ་ཟེར་བ་ཞིག་ཡོད་པ་དེ་བརྒྱབ་ཡོད་པས་ྋརྒྱལ་བ་ལྔ་པས་སྐུ་འདྲ་དེ་ངའི་གཟིམ་ཆུང་ནང་གི་སྐུ་འདྲ་རེད་འདུག་པས་ཁྱོད་ལ་གང་ནས་བྱུང་ཞེས་བཀའ་འདྲི་གནང་བར་ཁོང་གིས་ཁྱེད་རང་གིས་གཏེར་ནས་བཞེས་པ་དེ་ཡང་དང་པོ་ཕར་བཅུག དེ་ནས་ཚུར་བཏོན་གནང་བ་རེད་མ་གཏོགས་དེ་དང་པོ་ཉིད་ནས་ཡོད་པ་ཞིག་མིན་ཞེས་ཞུས། རྗེས་སུ་ཁོང་གིས་རྩོམ་ཡིག་ཅིག་བྲིས་ཏེ་མ་ཎི་བཀའ་འབུམ་ཟེར་བ་དེ་གུ་རུ་ཆོས་དབང་གིས་རང་གིས་བརྩམས་ནས་རང་གིས་གཏེར་བཏོན་པ་ཞིག་ཡིན་པས་རྫུན་མ་རེད་ཅེས་བྲིས་ཡོད། ཡིན་ནའང་དེ་ལྟར་འབྲི་མཁན་བྲག་སྒོ་རབ་འབྱམས་པ་ཁོ་རང་ཙམ་ལས་གཞན་བྱུང་མེད། གཞན་ཡང་གཏེར་སྟོན་པདྨ་གླིང་པ་ཟེར་བ་ངོ་མ་ཞིག་དང་རྫུན་ཞིག་གཉིས་བྱུང་མྱོང་ཡོད་ཅིང༌། གཏེར་སྟོན་པདྨ་གླིང་པ་རྗེས་མ་དེ་ཙོང་ཁ་པ་དང་དུས་ཐོག་གཅིག་མཚུངས་ཀྱི་མི་ཡིན། གཏེར་སྟོན་པདྨ་གླིང་པ་སྔོན་མ་དེ་ཙོང་ཁ་པ་མ་བྱུང་གོང་གི་ལོ་མང་པོའི་གོང་དུ་བྱུང་བ་ཞིག་རེད། གཏེར་སྟོན་པདྨ་གླིང་པ་རྫུན་མ་དེས་བརྩམས་པའི་དཔེ་ཆ་ཞིག་ཡོད་པ་དེའི་ནང་དུ་ཙོང་ཁ་པ་བདུད་ཀྱི་སྤྲུལ་པ་རེད་ཟེར་བ་དང༌། ཙོང་ཁ་པས་ཇོ་བོ་ཤཱཀྱ་མུ་ནེར་རིན་པོ་ཆེའི་རྒྱན་ཆ་ཕུལ་སྟབས་ཉི་ཟླ་གཉིས་འདོམ་གང་ཙམ་དམའ་རུ་ཕྱིན་པ་རེད་ཟེར་བ། བོད་ལ་ས་ཡོམ་དང་ནད་ཡམས་མང་པོ་བྱུང་བ་རེད་ཟེར་བ། ཙོང་ཁ་པ་ནི་ཤཱཀྱ་མུ་ནེའི་སྐུ་མཆེད་དགེ་སློང་ལེགས་པའི་སྐར་མ་ཟེར་བའི་སྐྱེ་བ་རེད་ཟེར་བ་སོགས་བྲིས་ཡོད་པ་རེད། གཏེར་སྟོན་སྐུ་སྔོན་མ་དེ་ཙོང་ཁ་པའི་གོང་ལ་བྱུང་བ་དང༌། རྗེས་མ་དེ་ཙོང་ཁ་པ་དང་དུས་ཐོག་གཅིག་པ་ཡིན་ལ་མཁས་གྲུབ་རྗེ་དང་དུས་མཚུངས་ཙམ་ཡིན། དེས་ན་ཆོས་ལུགས་ཐོག་ནས་ལུང་བསྟན་ངན་པའམ་ནང་དོན་རྫུན་མ་དེ་འདྲ་བརྩམས་ཏེ་ཕན་ཚུན་དམའ་འབེབས་བྱས་པའི་ལོ་རྒྱུས་མང་པོ་ཡོད་པས་ང་ཚོས་དཔེ་ཆ་དེ་ཚོ་མཐོང་སྐབས་དེ་རྩོམ་པ་པོ་རང་ཉིད་ཀྱི་ལྟ་བ་ཡིན་པར་ངོས་འཛིན་བྱེད་དགོས་པ་ལས་མི་གཅིག་གི་ལྟ་བ་དེ་ཆོས་ལུགས་གྲུབ་མཐའ་ཧྲིལ་པོའི་མགོ་ལ་གཡོགས་ན་མི་འགྲིག དཔེར་ན་བྲག་སྒོ་རབ་འབྱམས་པ་ཕུན་ཚོགས་རྒྱ་མཚོ་དང་ས་སྐྱ་པཎ་ཆེན་སོགས་ཀྱིས་རྙིང་མའི་ཕྱོགས་ལ་དགག་པ་ཕྲན་བུ་གནང་ཡོད་ནའང་དེ་ནི་ལྟ་བ་རེ་གཉིས་ལ་དམིགས་ནས་གསུངས་པ་ལས་རྙིང་མ་ཡོད་ཚད་རྫུན་མ་རེད་ཅེས་གསུངས་མེད། དེ་བཞིན་བཀའ་བརྒྱུད་པའི་ནང་ནས་ཀྱང་ལ་ལས་རྙིང་མའི་ནང་ཁག་གཅིག་གིས་སློབ་དཔོན་པདྨར་ཁ་གཡར་ཏེ་རྫུན་མ་བཟོས་པ་ཡོད་པར་འདོད་པ་ལས་རྙིང་མ་ཡོད་ཚད་རྫུན་མ་རེད་ཅེས་བཤད་མེད། གཞན་ཡང་ད་དུང་སྡེ་དགེ་འཇམ་དབྱངས་མཁྱེན་བརྩེ་དང༌། སྡེ་དགེ་མི་ཕམ་སོགས་རྙིང་མའི་ཕྱོགས་ཀྱི་བླ་ཆེན་གྲགས་ཅན་མང་པོས་ཙོང་ཁ་པ་ལ་ཆ་འཇོག་ཆེན་པོ་གནང་གི་ཡོད་པ་ལས་དམའ་འབེབས་གནང་མྱོང་མེད། ང་ཚོས་དཔེ་ཆ་འདྲ་མི་འདྲ་མང་པོ་མཐོང་དུས་མི་གཅིག་གི་ལྟ་བ་དེ་མི་ཚང་མའི་ལྟ་བ་ཡིན་པར་ངོས་འཛིན་བྱས་ན། ཆོས་ལུགས་ཕན་ཚུན་བར་གྱི་འགལ་བ་དེ་མི་རིགས་ནང་ཁུལ་གྱི་འགལ་བར་འགྱུར་ཉེན་ཡོད། དཔེར་ན་ཙོང་ཁ་པ་ལ་ཆ་བཞག་ན། ཁོང་གིས་བཀའ་བརྒྱུད་པ་དང་རྙིང་མའི་བླ་མ་མང་པོ་ནས་ཆོས་ཞུ་མྱོང་བ་ཡིན། ས་སྐྱ་ནི་དེ་བས་ཀྱང་བརྗོད་མི་དགོས་པར་ཁོང་གི་བླ་མ་མང་ཆེ་བ་ས་སྐྱའི་རེད།

༦. ཞི་བྱེད་པ།

དེ་ཡང་ཞི་བྱེད་པ་ཞེས་པ་གང་ལས་བྱུང་བའི་ཁུངས་ནི་ཕ་དམ་པ་སངས་རྒྱས་ཡིན་ཅིང༌། འདིར་ཕ་ཞེས་པ་ནི་བླ་མ་ལ་ཕ་དང་སློབ་མ་ལ་བུ་ཞེས་གོ་དགོས་པ་ཡིན། ཕ་དམ་པ་སངས་རྒྱས་ནི་རྒྱ་གར་བ་ཡིན་པ་དང་སྐུ་ཚེ་རིང་པོ་བཞུགས་པའི་བཤད་སྲོལ་ཡོད་པ་སྟེ། ཁོང་གི་རྣམ་ཐར་ནང་ཁོང་ཐེངས་དང་པོ་བོད་དུ་ཕེབས་སྐབས་བོད་དུ་འགྲོ་བ་མི་མེད་པ་དང༌། ཐེངས་གཉིས་པ་ཕེབས་དུས་བོད་ལ་བསྟན་པ་སྔ་དར་གྱི་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སུ་ཡིན་པ། ཐེངས་གསུམ་པ་ཕེབས་དུས་མི་ལ་རས་པ་དང་མཇལ་ཚུལ་སོགས་འཁོད་ཡོད། གེ་སར་གྱི་སྒྲུང་གི་ནང་དུ་ཡང་ཕ་དམ་པ་སངས་རྒྱས་དང༌། མི་ལའི་བླ་མ་མ་གཅིག་གྲུབ་པའི་རྒྱལ་མོ། སློབ་དཔོན་པདྨ་སོགས་དྲངས་ནས་གེ་སར་དང་དེ་ཚོ་ཡང་ཧ་ཅང་ཚེ་རིང་པོ་བྱུང་བ་ལྟ་བུ་ཡོད། ང་རང་གི་ལྟ་ཚུལ་བྱས་ན་གེ་སར་གྱི་སྒྲུང་ཟེར་བ་དེ་རྦད་དེ་རྫུན་མ་ཡང་མིན་ལ་རྦད་དེ་ངོ་མ་ཞིག་ཀྱང་མིན་པར་དེ་ནི་སྒྲུང་ཡིན་ཏེ། མ་གཞི་ཁུངས་སྐྱེལ་རྒྱུ་ཕྲན་བུ་ཡོད་པས་ཁ་སྣོན་མང་པོ་བྱས་ཡོད་པ་དང་ཁ་སྣོན་བྱེད་མཁན་དེ་ཚོ་ཡང་ལོ་རྒྱུས་དང་རིག་གནས་ཀྱི་ཆུ་ཚད་མཐོ་པོ་མེད་སྟབས་དེའི་ནང་དུ་འགལ་བ་མང་པོ་ཞིག་ཐོན་ཡོད། འོན་ཀྱང་རྩོམ་གྱི་སྒྱུ་རྩལ་གྱི་ངོས་ནས་བཤད་ན་འཛམ་གླིང་ཐོག་གི་སྒྱུ་རྩལ་མཐོ་ཤོས་གྲས་སུ་སླེབས་ཀྱི་ཡོད་ལ་མི་རིགས་གྲངས་ཉུང་ནང་དུ་དེ་བས་དཀོན་པོ་ཡིན། མི་ལའི་རྣམ་ཐར་ནང་འཁོད་པ་ལྟར་ཕ་དམ་པ་སངས་རྒྱས་མི་ལ་རས་པ་དང་མཇལ་བ་དེ་བདེན་པ་ཡིན། བོད་དུ་མིའི་ཕུང་པོ་བྱ་གཏོར་བྱེད་པའི་སྲོལ་དེ་ཕ་དམ་པ་སངས་རྒྱས་ནས་བྱུང་ཞིང༌། དེའི་སྔོན་ལ་ས་སྦས་དང་མེ་སྲེག་གཏོང་གི་ཡོད། ཞི་བྱེད་ཟེར་བའི་གོ་དོན་ནི། ཚེ་འདི་ལ་སྡུག་བསྔལ་མང་པོ་མྱོང་དགོས་པ་དེ་སྐྱེ་བ་སྔོན་མའི་ལས་ཀྱི་འབྲས་བུ་ཡིན་པས་སྐྱེ་བ་སྔོན་མའི་ལས་ཀྱི་འབྲས་བུ་སྡུག་བསྔལ་དེ་ཞི་བའི་ཆེད་དུ་ཚེ་འདི་ལ་ནད་ཀྱིས་མནར་བ་དང་སྤྲང་པོ་ཆགས་པ་སོགས་ཀྱི་གནོད་པ་བྱུང་བ་ཚང་མ་དང་དུ་བླངས་ནས་ཆོས་བྱས་ཏེ་སྐྱེ་བ་སྔོན་མའི་ལས་ཀྱི་འབྲས་བུ་སྡུག་བསྔལ་དེ་ཞི་བར་བྱེད་པའི་དོན་ཡིན། ཞི་བྱེད་ཀྱི་རྒྱུད་པ་སྔ་ཕྱི་བར་གསུམ་བྱུང་ཡོད་ཅིང༌། རྒྱུད་པ་སྔོན་མ་དེ་མགོན་པོ་ཀླུ་སྒྲུབ་ནས་བརྒྱུད་པ་དང༌། རྒྱུད་པ་བར་མ་ནི་ཕ་དམ་པ་སངས་རྒྱས་ལས་བརྒྱུད་དེ་རྨ་ཆོས་ཀྱི་ཤེས་རབ་དང༌། སོ་ཆུང་དགེ་འདུན་འབར། སྐམ་ཡེ་ཤེས་རྒྱལ་མཚན་བཅས་ལས་འཕེལ་བ(ཕ་དམ་པ་སངས་རྒྱས་དེ་མགོན་པོ་ཀླུ་སྒྲུབ་ཞལ་བཞུགས་སྐབས་ནས་ཡོད་པ་ཡིན)། རྒྱུད་པ་ཕྱི་མ་དེ་མི་ལ་རས་པའི་དུས་སྐབས་སུ་བྱུང་བ་ཡིན། དེས་ན་དེ་དག་བར་རྒྱང་ཐག་ཧ་ཅང་རིང་པོ་ཆོད་ཡོད་དེ། མགོན་པོ་ཀླུ་སྒྲུབ་ནི་སྤྱི་ལོའི་དུས་རབས་དང་པོའི་གཡས་གཡོན་དུ་བྱོན་ཞིང༌། ཕ་དམ་པ་སངས་རྒྱས་མི་ལ་རས་པ་དང་མཇལ་སྐབས་སྤྱི་ལོའི་དུས་རབས་བཅུ་གཅིག་པའི་ནང་དུ་ཡིན་སྟབས་ཕ་དམ་པ་སངས་རྒྱས་དེ་ཉུང་མཐར་ཡང་དུས་རབས་བཅུ་ཙམ་ཞིག་འཚོ་བཞུགས་དགོས་པ་ལྟ་བུ་ཡིན། ཞི་བྱེད་ཀྱི་རྒྱུད་པ་དེ་གསུམ་གྱི་བྱུང་ཚུལ་སྐོར་<<ཐུའུ་བཀྭན་གྲུབ་མཐའ་>>དང་དེ་བཞིན་དཔྱད་གཞིའི་རེའུ་མིག་ནང་དུ་མདོ་ཙམ་བྲིས་ཡོད།

ཞི་བྱེད་པའི་ལྟ་བ་དེ་མ་གཞི་དབུ་མ་ཐལ་འགྱུར་བའི་ལྟ་བ་ཡིན་ནའང་སློབ་མར་གསུང་སྐབས་ཁ་ཤས་ལ་སེམས་ཙམ་པའི་ལྟ་བའི་ཐོག་ནས་གསུངས་པ་དང༌། ཁ་ཤས་ལ་དབུ་མ་རང་རྒྱུད་པའི་ལྟ་བའི་ཐོག་ནས་གསུངས་པ་སོགས་ཀྱི་ལྟ་བ་འདྲ་མིན་སྣ་ཚོགས་ཡོད། ཞི་བྱེད་པའི་ཆོས་བྱེད་སྟངས་ཀྱི་ཐབས་ཤེས་གཙོ་བོ་ནི་གཅོད་དམ་ཡང་ན་སྤྱོད་ཟེར་བ་ཞིག་ཡོད་དེ། དོན་དག་སྙིང་པོ་ནི་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་མེད་པ་བཟོ་བའི་གཅོད་དམ་ཡང་ན་ང་ཟེར་བའི་ངར་འཛིན་ལྷན་སྐྱེས་དེ་མེད་པ་བཟོ་བའི་སྤྱོད་པ་དེ་ལ་ཟེར་བ་ཡིན་ཞིང༌། གདོན་འདྲེའི་གནོད་པ་དང༌། དེ་བཞིན་ནད་ན་ཚ་གང་བྱུང་བ་ཡིན་ནའང་རང་དང་རང་འདྲ་བའི་སེམས་ཅན་ཚང་མ་ལ་བྱམས་དང་སྙིང་རྗེ་སྒོམ་ནས་སྡུག་བསྔལ་ཚང་མ་རང་གིས་དང་དུ་བླངས་ཏེ་སྙིང་རྗེ་དང་བྱམས་པ་སྒོམ་ནས་རང་གི་སེམས་ལ་ཡོད་པའི་ང་ཟེར་བའི་རང་གཙོ་བོ་བྱེད་རྒྱུའི་བསམ་བློ་དེ་མེད་པ་བཟོ་དགོས་པ་ཡིན། དཔེར་ན་རང་ལ་ནད་ངན་པ་ཞིག་ཕོག་ཚེ་དེ་ལ་སྨན་བཅོས་མ་བྱས་པར་ང་ལྟ་བུའི་ན་ཚ་དེ་འདྲ་ཕོག་མཁན་སེམས་ཅན་དུ་མ་ཡོད་པ་དེ་ཚོ་ཚང་མའི་ན་ཚ་རྣམས་ང་ན་བ་དེས་གོ་ཆོད་པ་བྱས་ཏེ་སེམས་ཅན་གཞན་རྣམས་ནད་དེ་ལས་ཐར་ཆེད་རང་གིས་བསམ་བློ་བཏང་ནས་སེམས་ཅན་གཞན་གྱི་ན་ཚ་དེ་རང་གིས་ཚུར་ལེན་ཐབས་བྱེད་སྲོལ་ཞིག་ཡོད་པ་དང༌། དེ་ཡང་དེ་དངོས་སུ་ལེན་ཐུབ་ཀྱི་ཡོད་ཚུལ་དཔེ་ཆའི་ནང་དུ་གསལ་ཡོད། དེ་སྔོན་གཅོད་དེ་འདྲ་གཏོང་མཁན་བཀའ་གདམས་ཀྱི་དགེ་བཤེས་ཤིག་ཡོད། ཁོང་གིས་སྡུག་བསྔལ་དང་ལེན་གནང་ཐུབ་ཀྱི་ཡོད་པས་ཉིན་ཞིག་མི་གཞན་ཞིག་གིས་ཁྱི་གཅིག་ལ་དབྱུག་པ་གཞུས་པས་ཁོང་ལ་ཡང་ན་ཚ་བཏང་ནས་སྐད་ཤོར་བ་རེད། སྐབས་དེར་མི་དེས་དགེ་བཤེས་ལ་ངས་ཁྱི་ལ་གཞུས་ནའང་ཁྱེད་རང་སྡུག་སྐད་ཤོར་དོན་ཅི་ཡིན་ཞེས་དྲིས་པར་ཁོང་གིས་ཁྱོད་ཀྱིས་ཁྱི་ལ་གཞུས་ནའང་འཕོག་ས་ང་ལ་ཕོག་བྱུང་ཞེས་གསུངས་པ་མ་ཟད། ཁྱི་ལ་དབྱུག་པ་ཕོག་ནས་རྨ་བཟོ་ས་དེར་ཁོང་གི་ལུས་ཐོག་ལའང་རྨ་དེ་དང་འདྲ་བ་ཞིག་བཟོས་ཡོད། གཅོད་ཀྱི་ཆུ་ཚད་ངོ་མ་ལ་སླེབས་ཚར་ན་ཕར་ངོས་ཀྱི་སྡུག་བསྔལ་ངོ་མ་དེ་རང་གིས་ལེན་ཐུབ་ཀྱི་རེད་ཟེར་བ་ལས་ཆུ་ཚད་ངོ་མ་ལ་མ་སླེབས་པར་ཕར་ངོས་ཀྱི་སྡུག་བསྔལ་རང་གིས་ལེན་ཐུབ་ཀྱི་རེད་ཟེར་གྱི་མེད། གོང་ལྟར་བསམ་བློ་དེ་འདྲ་བཏང་ན་རང་གཙོ་བོ་བྱེད་པའི་སྒེར་སེམས་དེ་རྩ་བ་ནས་སྤངས་ཏེ་མི་གཞན་གྱི་སྡུག་བསྔལ་དངོས་སུ་རང་གིས་དང་ལེན་ཐུབ་པའི་ཚད་ལ་སླེབས་ཐུབ་ཅིང༌། དེ་འདྲ་བྱུང་རྗེས་དང་པོ་ཚར་ཚད་ཡོང༌། དེ་ནས་ལྷོང་ཚད་ཡོང༌། དེ་ནས་ཆོས་ཚད་ཡོང་གི་ཡོད་ཟེར། ཚར་ཚད་ཡོང་བའི་སྐབས་སུ་སོ་སོའི་གཟུགས་པོ་ལ་ཞེད་སྣང་དང༌། སྡུག་བསྔལ། ན་ཚ་སོགས་མང་པོ་ཡོང་གི་ཡོད་པ་དང༌། ལྷོང་ཚད་ཟེར་བ་དེ་ཡོང་དུས་སོ་སོ་སྔོན་མ་འདོད་ཆགས་ཆེན་པོ་མེད་ན་འདོད་ཆགས་ཆེ་རུ་འགྲོ་བ་དང༌། ཁོང་ཁྲོ་ཞེ་དྲག་མེད་ན་ཁོང་ཁྲོ་ཆེ་རུ་འགྲོ་བ་སྟེ། དཔེར་ན་མི་ལ་རས་པ་བྲག་ཕུག་ཏུ་སྒོམ་བརྒྱབ་སྟེ་བཞུགས་སྐབས་བྲག་སྲིན་མོ་ཟེར་བ་དང་དེ་བཞིན་གདོན་འདྲེ་མང་པོ་ཡོང་ནས་ཁོང་ལ་དམག་རྒྱག་པའི་འཆར་སྣང་མང་པོ་བྱུང་ཡོད་པ་དེ་ལྷོང་ཚད་ཡིན་ཟེར། དེང་སྐབས་དངོས་སུ་པར་སྐྲུན་བྱས་པའི་མི་ལའི་རྣམ་ཐར་དེའི་ནང་གདོན་འདྲེ་ཟེར་བ་དངོས་འབྲེལ་ཡོད་པ་ལྟ་བུ་ཞིག་བྲིས་ཡོད། ཡང་མི་ལའི་རྣམ་ཐར་གཞན་ཞིག་ཡོད་པ་དེའི་ནང་ཁོང་གསང་སྔགས་ཀྱི་ཆོས་གནང་སྟེ་གནས་ཚད་མཐོ་པོར་སླེབས་སྟབས་རྩ་དང་རླུང་གི་འཆར་སྣང་དུ་གདོན་འདྲེ་མང་པོ་ཞིག་གིས་དམག་བརྒྱབ་པ་ལྟ་བུ་ཞིག་བྱུང་བ་དེ་ལྷོང་ཚད་ཡིན་པ་ལས་དངོས་སུ་ཕྱི་ངོས་ནས་གདོན་འདྲེ་ཡོང་བ་ཞིག་མིན། གདོན་འདྲེ་ཟེར་བ་དེ་རང་གི་རྩ་རླུང་གི་འཆར་སྣང་ཡིན་པ་དང་རང་གི་སེམས་ཀྱི་འཆར་སྣང་ལས་བྱུང་བ་ཞིག་ལས་ཕྱི་ངོས་སུ་གདོན་འདྲེ་ཟེར་བ་ཞིག་མེད་ཅེས་མི་ལའི་མགུར་འབུམ་ནང་དེ་ལྟར་བྲིས་ཡོད། གདོན་འདྲེ་ཟེར་བ་དེ་གཙོ་བོ་རང་གི་རྩ་དང་རླུང་གི་འཕྲུལ་ལ་བརྟེན་ནས་བྱུང་བ་ཞིག་སྟེ། སྐབས་རེ་རང་གི་མདུན་དུ་ཁྱབ་འཇུག་ཅེས་མགོ་ལུས་ཚང་མ་མིག་གིས་ཁེངས་པ། གྲོད་ཁོག་སྟེང་དུ་ཁ་ཡོད་པ། མགོ་བོ་དགུ་ཡོད་པ། མགོ་བོའི་སྟེང་ན་ཨོ་རོག་གི་སྐད་རྒྱག་གི་ཡོད་པ། ལག་པར་མདའ་གཞུ་འཁྱེར་བ་ཞིག་ཡོད་པའི་འཆར་སྣང་ཡོང་གི་ཡོད་པ་དང༌། སྐབས་རེ་དུག་སྦྲུལ་ཆེན་པོ་ཞིག་གིས་རང་ཟ་བ་དང༌། ས་ཆེན་པོས་མནན་པ། མེ་ཆེན་པོས་བསྲེག་པ། ཆུ་ཆེན་པོས་འཁྱེར་བ་སོགས་ཀྱི་འཆར་སྣང་ཡང་ཡོང་རྒྱུ་ཡོད་ཅིང༌། དེ་ནི་རང་གི་ལུས་པོའི་རྩ་ཞིག་གི་ནང་དུ་རླུང་འགྲོ་སྟངས་ཤིག་གི་འཆར་སྣང་ཞིག་ཡིན་པ་ལས་ཕྱི་རོལ་ཡུལ་གྱི་ངོས་ནས་གདོན་འདྲེ་ཟེར་བ་ངོ་མ་ཞིག་མེད་པས་དེ་ཚོ་ཚང་མ་རྩ་རླུང་གི་འཕྲུལ་ཡིན་པར་འདོད་ལ། མི་ཁ་ཤས་ལ་མཐོང་རྒྱུ་ཡོད་པ་དང་ཁ་ཤས་མཐོང་རྒྱུ་མེད་པ་དེ་ཡང་རྩ་རླུང་གི་འཕྲུལ་ཡིན། གདོན་འདྲེ་ཟེར་བ་དེ་འཆར་སྣང་ཡིན་པར་ཁས་ལེན་གྱི་ཡོད། གང་ཞེ་ན། མི་ལ་རས་པ་དང་ཤཱཀྱ་མུ་ནེ་སོགས་ལ་ཡང་འཆར་སྣང་དེ་འདྲ་བྱུང་མྱོང་ཡོད། ཡིན་ནའང་འཆར་སྣང་མིན་པར་གདོན་འདྲེ་ངོ་མ་ཞིག་ཡོང་རྒྱུ་ཡོད་པ་དེ་ངས་ཁས་ལེན་གྱི་མེད། དེ་འཆར་སྣང་ཡིན་པར་ཁས་ལེན་པ་ནི་རྩའི་ནང་དུ་རླུང་འགྲོ་སྟངས་ཀྱིས་རྐྱེན་པས་འཆར་སྣང་འདྲ་མི་འདྲ་ཧ་ཅང་མང་པོ་ཡོང་རྒྱུ་ཡོད། དཔེར་ན་རང་གི་ཡི་དམ་གྱི་ལྷ་ཁ་གདངས། མཆེ་བ་གཙིགས། མདའ་གྲི་མདུང་གསུམ་འཁྱེར་ནས་ལངས་བསྡད་པ་དེ་ཚོ་ནི་རྩ་རླུང་གི་འཆར་སྣང་རེད། རང་གི་རྩ་རླུང་གི་འཆར་སྣང་དེ་གནས་ཚད་མཐོ་པོ་ཞིག་ལ་སླེབས་ན་སངས་རྒྱས་རེད། སླེབས་མེད་ན་སྲུང་མ་རེད། དེ་ལས་ད་དུང་སྤྱིར་བཏང་གི་འཆར་སྣང་ཞིག་ཡིན་ན་གདོན་འདྲེ་རེད། དེ་ནི་འཆར་སྣང་མི་འདྲ་བ་རིམ་པ་གསུམ་ཡིན་པ་ལས་ཕྱི་རོལ་གྱི་ངོས་ནས་ཚུར་དངོས་སུ་ཁ་གདངས་མཆེ་བ་གཙིགས་བསྡད་པ་ཞིག་མེད། སངས་རྒྱས་ཡིན་ནའང་འདྲ། སྲུང་མ་ཡིན་ནའང་འདྲ། གདོན་འདྲེ་ཡིན་ནའང་འདྲ་གང་དང་གང་ཡིན་ནའང་གནས་ཚད་མེད་པའི་སྐབས་སུ་གདོན་འདྲེ་དང༌། གནས་ཚད་དེ་ལས་ཏོག་ཙམ་མཐོ་རུ་ཕྱིན་ན་སྲུང་མ་དང་བྱང་ཆུབ་སེམས་དཔའ། དེ་ལས་མཐོ་རུ་ཕྱིན་པ་ཡིན་ན་ཡི་དམ། དེ་ནས་ཡར་ཕྱིན་ན་སངས་རྒྱས་ཡིན།

༧. དགེ་ལུགས་པ།

དགེ་ལུགས་པ་ཞེས་པ་ནི་དགའ་ལྡན་པ་ཟེར་བའི་དོན་ཡིན། རྗེ་ཙོང་ཁ་པས་བོད་རབ་བྱུང་བདུན་པའི་ས་གླང་(༡༤༠༩)ལོར་དགའ་ལྡན་དགོན་པ་ཕྱག་བཏབ་སྟེ། དེ་གནས་གཞིར་བཟུང་ནས་ཆོས་ལུགས་དར་སྤེལ་བཏང་བས་ན་དགོན་པའི་མིང་དེ་ཆོས་ལུགས་ལ་ཐོགས་པ་ཡིན། དགེ་ལུགས་པས་ཞྭ་མོ་སེར་པོ་བཞེས་པ་དེ་དགེ་ལུགས་པའི་ཁྱད་ཆོས་མིན་ལ། དགེ་ལུགས་པས་མ་གཏོགས་ཞྭ་མོ་སེར་པོ་མི་བཞེས་པ་མིན་ཏེ། སྔར་བསྟན་པ་ཕྱི་དར་གྱི་དུས་སུ་དབུས་སུ་མཁས་པ་མི་ལྔ་དང་གཙང་གི་མཁས་པ་མི་ལྔ་སྟེ་མཁས་པ་མི་བཅུ་མཚོ་སྔོན་ནས་བོད་ལ་ཕྱིར་ལོག་ཕེབས་དུས་ཁོང་རྣམ་པའི་བླ་མ་བླ་ཆེན་དགོངས་པ་རབ་གསལ་གྱི་དབུ་ཞྭ་(བླ་ཆེན་དགོངས་པ་རབ་གསལ་ནི་ཐོག་མ་བོན་པོ་ཡིན་པ་དང་རྗེས་སུ་སངས་རྒྱས་ཆོས་ལུགས་གནང་བ་རེད་)བོན་གྱི་ཞྭ་མོ་སྔོན་པོ་ཞིག་ཡོད་པ་དེ་ཕྱི་ནང་སློག་ནས་(བོན་པོའི་ཞྭ་མོ་ནི་ཕྱི་སྔོན་པོ་དང་ནང་ཤ་དཀར་པོ་ཡིན་)ཕྱི་དཀར་པོ་དེར་ཚོས་སེར་པོ་བྱུགས་ཏེ་ཁྱོད་ཚོ་ཞྭ་མོ་འདི་གྱོན་ནས་བོད་ལ་ཕྱིན་ཏེ་སངས་རྒྱས་ཆོས་ལུགས་དར་སྤེལ་གཏོང་དགོས་ཞེས་བསླབ་བྱ་གནང་བས་དེ་ནས་བཟུང་སངས་རྒྱས་ཆོས་ལུགས་སྔར་བས་དར་འཕེལ་ཡོང་བའི་རྟེན་འབྲེལ་མཚོན་བྱེད་དུ་དབུས་གཙང་གི་མཁས་པ་མི་བཅུ་ཚང་མས་དབུ་ཞྭ་སེར་པོ་བཞེས་པ་མ་ཟད། རྗེས་སུ་རྗེ་ཙོང་ཁ་པས་ཀྱང་དབུ་ཞྭ་སེར་པོ་བཞེས་པའི་རྒྱུ་མཚན་དེ་འདྲ་ཡིན། གཞན་ཡང་དགའ་ལྡན་ཆོས་འབྱུང་ཞེས་པའི་དཔེ་ཆ་ཁག་མི་འདྲ་བ་ལྔ་ཙམ་ཡོད་པའི་ནང་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དགའ་ལྡན་ཆོས་འབྱུང་ཡོངས་གྲགས་སུ་བཻཌཱུརྱ་སེར་པོ་ཞེས་བརྗོད་པ་དེའི་ནང་ཙོང་ཁ་པའི་རྣམ་ཐར་ཞིག་བཀོད་ཡོད་པ་དང༌། རྣམ་ཐར་དེའི་ནང་ཙོང་ཁ་པས་རང་ཉིད་ཆོས་ལུགས་གཞན་དང་མི་འདྲ་བར་ཟུར་དུ་དབུ་ཞྭ་སེར་པོ་ཞིག་བཞེས་འདོད་མེད་ཀྱང་ཙོང་ཁ་པའི་སློབ་མ་མཁས་གྲུབ་དགེ་ལེགས་དཔལ་བཟང་སྟེ་མཁས་གྲུབ་རྗེས་ཙོང་ཁ་པར་ཆོས་ལུགས་གཞན་དང་མི་འདྲ་བའི་དབུ་ཞྭ་ཞིག་བཞེས་དགོས་ཞེས་ཨུ་ཚུགས་ནན་གྱིས་ཞུས་སྟབས་རང་གི་སློབ་མའི་འདོད་པ་དང་བསྟུན་ནས་དབུ་ཞྭ་སེར་པོ་ཞིག་ཟུར་དུ་བཟོས་གནང་དགོས་བྱུང་བ་ལས་ཙོང་ཁ་པ་རང་གི་ཐུགས་ལ་དེ་འདྲ་མེད་ཅེས་འཁོད་ཡོད། འོན་ཀྱང་དོན་དངོས་དེ་འདྲ་མིན་པར་ཙོང་ཁ་པའི་སློབ་མ་ནེ་རིང་པཎྜི་ཏ་ཞུ་བ་བཀའ་བརྒྱུད་པའི་བླ་མ་ཞིག་ཡོད་པ་དེས་བརྩམས་གནང་བའི་ཙོང་ཁ་པའི་རྣམ་ཐར་གྱི་ནང་དུ་གོང་གསལ་ངས་ཞུས་པ་དེ་ཚོ་བྲིས་ཡོད། འོ་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་དེ་འདྲ་འབྲི་གནང་དོན་ནི། སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་རྩ་བ་ནས་མཉེས་པོ་མེད་པ་རེད། རྒྱུ་མཚན་ནི་མཁས་གྲུབ་རྗེས་བཀའ་བརྒྱུད་པའི་ལྟ་བ་ཁག་གཅིག་ལ་དགག་པ་གནང་ཡོད་པ་དང་ས་སྐྱའི་བླ་མ་གཅིག་ལ་དགག་པ་བསྐྱོན་ཡོད་སྟབས་དེས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་མཉེས་པོ་མ་བྱུང་བར་བརྟེན་སྤྱིར་ན་བོད་དུ་རྗེ་ཙོང་ཁ་པ་དང༌། རྒྱལ་ཚབ་རྗེ། མཁས་གྲུབ་རྗེ་བཅས་ལ་རྗེ་ཡབ་སྲས་གསུམ་ཞེས་ཡོངས་གྲགས་ཡིན་ནའང་སྡེ་སྲིད་ཀྱི་ཐུགས་ལ་མཁས་གྲུབ་རྗེ་དེ་ཡབ་སྲས་གསུམ་གྱི་ནང་ནས་ཕྱིར་ཕུད་དེ་དེའི་ཚབ་ཏུ་ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་འཇོག་རྒྱུའི་དགོངས་པ་ཡོད་པ་དང༌། དེ་བཞིན་མཁས་གྲུབ་རྗེའི་གསུང་འབུམ་པར་སྐྲུན་བྱེད་རྒྱུར་ཡང་བཀག་འགོག་ཕྲན་བུ་གནང་ཡོད། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་དགའ་ལྡན་ཆོས་འབྱུང་ཟེར་བའི་ནང་དུ་མཁས་གྲུབ་རྗེ་ལ་མཁས་གྲུབ་དགེ་དཔལ་བ་ཞེས་མ་གཏོགས་མཚན་ལ་ཞེ་ས་རྩ་བ་ནས་གནང་མེད། དགེ་ལུགས་པའི་ནང་ཁག་གཅིག་གིས་སྡེ་སྲིད་སངས་རྒྱས་རྒྱ་མཚོར་ཅུང་མི་དགའ་བ་བྱེད་པའི་རྒྱུ་མཚན་གཅིག་དེར་ཐུག་ཡོད། དེར་བརྟེན་སྔོན་མ་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་རྒྱལ་པོ་ལྷ་བཟང་གཉིས་མ་འགྲིག་པ་བྱུང་རྗེས་སེ་འབྲས་དགེ་གསུམ་གྱིས་ལྷ་བཟང་དང་སྡེ་སྲིད་བར་བར་འདུམ་བྱེད་སྐབས་སྡེ་སྲིད་དགོངས་པ་ཞུས་ནས་སྲིད་དབང་ལྷ་བཟང་ལ་སྤྲོད་རྒྱུ་བྱས་པ་རེད། དེ་ལྟར་བྱེད་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྤྱིར་ན་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་སོགས་ལ་ཆོས་གཞིས་མི་སེར་སོགས་མང་པོ་གནང་སྟེ་དགེ་ལུགས་ཕྱོགས་ལ་ཐུགས་སྣང་གང་ཆེ་གནང་གི་ཡོད་ནའང་ཁོང་གི་རྩོམ་ཡིག་ནང་མཁས་གྲུབ་དགེ་ལེགས་དཔལ་བཟང་ལ་དམའ་འབེབས་གནང་ཡོད་སྟབས་དགེ་ལུགས་པའི་སེམས་ལ་ཕོག་སྟེ་རྗེས་སུ་ལྷ་བཟང་པའི་སོག་པོའི་དམག་སྟོབས་ཤུགས་ཆེ་བའི་ཁར་དེའི་རྒྱབ་ཏུ་སེ་འབྲས་དགེ་གསུམ་ལངས་ནས་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་འོག་ཏུ་བོད་ཁྲི་སྐོར་བཅུ་གསུམ་གྱི་དམག་མི་ཚང་མ་ཡོད་ཀྱང་སོག་པོའི་རྟ་དམག་ཡོང་སྐབས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་སྟོད་ལུང་དུ་མགུལ་ཤོར་དགོས་པ་དེ་རྒྱུ་མཚན་གཅིག་དེ་ལ་ཐུག་ཡོད། ཙོང་ཁ་པའི་རྣམ་ཐར་དགེ་ལུགས་པ་རང་གིས་བརྩམས་པ་ཡོད་ལ། བཀའ་བརྒྱུད་པ་དང་རྙིང་མ་སོགས་ཀྱིས་བརྩམས་པ་ཡང་ཡོད། ཆོས་ལུགས་གྲུབ་མཐའ་ཁག་མི་འདྲ་བས་བརྩམས་པའི་ཙོང་ཁ་པའི་རྣམ་ཐར་ཡོད་ཚད་ཕྱོགས་བསྒྲིགས་བྱས་པའི་ཙོང་ཁ་པའི་རྣམ་ཐར་སྟོད་ཆ་དང་སྨད་ཆ་གཉིས་ཡོད། དེ་ལ་ཙོང་ཁ་པའི་རྣམ་ཐར་ཕྱོགས་བསྒྲིགས་ཟེར། དེའི་ནང་བཀའ་བརྒྱུད་པ་དང༌། རྙིང་མ། ས་སྐྱ་སོགས་ཀྱིས་བྲིས་པའི་ཙོང་ཁ་པའི་རྣམ་ཐར་སྣ་ཚོགས་ཡོད་པས་དེ་ཚོ་བལྟས་ན་དགེ་ལུགས་པ་དང་ཆོས་ལུགས་གཞན་གྱི་ལྟ་སྟངས་གང་འདྲ་ཡོད་མིན་ཤེས་རྟོགས་ཐུབ་ཅིང༌། དེའི་ནང་ཙོང་ཁ་པ་ལ་དམའ་འབེབས་བཏང་བའི་སྐད་ཆ་ཚིག་གཅིག་ཀྱང་མེད། ཐུའུ་བཀྭན་གྲུབ་མཐའི་ནང་དུ་དགེ་ལུགས་པའི་ལྟ་བའི་སྐོར་རྒྱས་པོ་བྲིས་ཡོད། ཐུའུ་བཀྭན་དང་ཁོང་གི་བླ་མ་སུམ་པ་མཁན་ཆེན་(སུམ་པ་ཆོས་འབྱུང་གི་རྩོམ་པ་པོ་)གཉིས་རྙིང་མའི་དཔེ་ཆ་ཁ་ཤས་ཀྱི་སྐོར་ལ་རྩོད་པ་ཤུགས་ཆེན་པོ་བྱུང་མྱོང་ཡོད་ཅིང༌། བླ་སློབ་གཉིས་བར་ཕན་ཚུན་དགག་པ་རྒྱག་རེས་བྱེད་པའི་གནས་ཚུལ་དེ་རྗེས་སུ་ལྕང་སྐྱ་རོལ་པའི་རྡོ་རྗེའི་སྙན་ལ་གསན་ཏེ་ཐུའུ་བཀྭན་ལ་བཀའ་སྐྱོན་ཆེན་པོ་གནང་ནས། ཁྱོད་གཉིས་ཤི་ཁར་ཆོས་སྤོང་གི་ལས་གསོག་གི་ཡིན་ནམ། ཆོས་སྤོང་གི་སྡིག་པ་གསོག་གི་ཡིན་ནམ། ཆོས་ག་རེ་བྱས་ནའང་སོ་སོའི་འདོད་མོས་རེད། ཚང་མ་ལས་རྒྱུ་འབྲས་ཁས་ལེན་མཁན། སྐྱེ་བ་སྔ་ཕྱི་ཁས་ལེན་མཁན། སངས་རྒྱས་བཅོམ་ལྡན་འདས་ཁས་ལེན་མཁན། སངས་རྒྱས་ཀྱི་ཆོས་ཁས་ལེན་མཁན་གཅིག་མཚུངས་ཡིན་པས་སོ་སོའི་དད་པ་ག་རེ་ཡོད་ནའང་དེ་འདོད་མོས་རེད། ཁྱེད་རང་གཉིས་ཕན་ཚུན་དགག་པ་རྒྱག་རེས་བྱས་པ་ཡིན་ན། དགེ་ལུགས་པའི་ཆོས་ལ་ཕན་པ་རྩ་བ་ནས་མེད་ཅེས་གསུངས་པ་དང༌། ཁོང་རྣམ་གཉིས་ཀྱིས་བརྩམས་གནང་བའི་དགག་ལན་གྱི་དཔེ་ཆ་དེ་ཚོ་རྗེས་སུ་པར་རྩ་བ་ནས་རྒྱག་མི་ཆོག་པའི་བཀའ་གནང་བར་བརྟེན་རྗེས་སུ་ཁོང་གཉིས་ཀའི་གསུང་འབུམ་ནང་དེའི་སྐོར་གྱི་དཔེ་ཆའི་པར་མེད། འོན་ཀྱང་རྗེས་སུ་དམངས་གཙོའི་བཅོས་བསྒྱུར་མ་བྱས་ཙམ་དུ་སྡེ་དགེ་ནས་དཔེ་ཆ་དེ་པར་བཏབ་ཡོད། ཙོང་ཁ་པའི་རྣམ་ཐར་དེང་སྐབས་མཚོ་སྔོན་ནས་པར་སྐྲུན་བྱས་ཡོད། རྣམ་ཐར་དེའི་རྩོམ་པ་པོ་ནི་རྒྱལ་དབང་འཕྲིན་ལས་རྣམ་རྒྱལ་ཡིན། ཁོང་ནི་དང་པོ་འབྲུག་པ་བཀའ་བརྒྱུད་པ་ཡིན་པ་དང་རྗེས་སུ་དགེ་ལུགས་པའི་ཆོས་གནང་ཞིང༌། ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་གཅིག་པའི་སྤྱི་ཁྱབ་མཁན་པོ་གནང་མྱོང་ཡོད། ཁོང་གི་ཕྱག་རྩོམ་ཧ་ཅང་མང་པོ་ཡོད་པ་དེ་དག་ནང་ཏཱ་ལའི་བླ་མ་སྐུ་ཕྲེང་གཉིས་ཀྱི་རྣམ་ཐར་དང༌། ཁལ་ཁ་རྗེ་བཙུན་དམ་པའི་རྣམ་ཐར། འོན་ཀྱང་རྒྱལ་སྲས་ཀྱི་རྣམ་ཐར་སོགས་བླ་མ་མང་པོའི་རྣམ་ཐར་ཡོད། ད་ལྟ་མཚོ་སྔོན་ནས་པར་སྐྲུན་བྱས་པའི་ཙོང་ཁ་པའི་རྣམ་ཐར་དེའི་ནང་ཞིབ་ཕྲ་བལྟས་ན་ཙོང་ཁ་པ་དང་ཆོས་ལུགས་གྲུབ་མཐའ་གཞན་ལ་དམའ་འབེབས་གཏོང་མཁན་དེ་ཚོ་ཆོས་ལུགས་ཀྱི་ཕྱོགས་ཞེན་ཆེན་པོ་ཡོད་པ་ཉུང་ཤས་ཡིན་པ་ལས་ཆོས་ལུགས་ཀྱི་ཕྱོགས་ཞེན་མེད་པའི་གྲུབ་མཐའ་སུ་དང་སུ་ཡིན་ནའང་ཙོང་ཁ་པར་བསྟོད་བསྔགས་ལས་དམའ་འབེབས་བྱས་པ་རྩ་བ་ནས་མེད་པའི་སྐོར་དཔེ་ཆ་མང་པོ་ཞིག་དེའི་ནང་དྲངས་ཡོད། གཞན་ཡང་ཙོང་ཁ་པས་སངས་རྒྱས་ཆོས་ལུགས་ལ་བསྒྱུར་བཅོས་(宗教改革)བྱས་པ་རེད་ཅེས་སྐད་ཆ་སྙན་པོ་ཞིག་བཤད་དེ་དོན་དངོས་ཐོག་གྲྭ་པས་ཆུང་མ་བཙལ་མི་ཆོག་པ་དེ་ཙོང་ཁ་པས་བཟོས་པ་རེད་ཟེར་གྱི་ཡོད་པས་དེ་ནི་སངས་རྒྱས་ཆོས་ལུགས་ཀྱི་ཤེས་བྱ་ཧ་ཅང་ཞན་པོ་ཡིན་པའི་རྟགས་རེད། གྲྭ་པས་ཆུང་མ་བཙལ་མི་ཆོག་པ་དེ་དང་པོ་བཟོ་མཁན་ཤཱཀྱ་མུ་ནེ་ཡིན་པས་དེ་འདྲ་ཡིན་ན་ཐོག་མ་ཤཱཀྱ་མུ་ནེར་དགག་པ་རྒྱག་དགོས་ན་ཡང༌། ཤཱཀྱ་མུ་ནེ་ལ་དགག་པ་བརྒྱབ་ན་སངས་རྒྱས་ཆོས་ལུགས་པ་ཚང་མས་ངོ་རྒོལ་བྱེད་པར་དོགས་ནས་ཞེད་ཀྱི་ཡོད་སྟབས་དེའི་ཞྭ་མོ་དེ་ཙོང་ཁ་པའི་ཐོག་ལ་གཡོགས་པ་རེད། གྲྭ་པས་ཆུང་མ་བཙལ་མི་ཆོག་པ་དེ་ས་སྐྱ་དང༌། རྙིང་མ། བཀའ་བརྒྱུད་སོགས་ཚང་མ་གཅིག་མཚུངས་ཡིན། ཡིན་ན་ཡང་ཆོས་བྱེད་མཁན་ཡིན་ཕྱིན་ཚང་མ་ངེས་པར་དུ་གྲྭ་པ་བྱེད་དགོས་པའི་ངེས་པ་མེད། སུས་གྲྭ་པ་བྱས་ན་ཡང་ཆོག་པ་ཡིན། འོན་ཀྱང་གྲྭ་པ་བྱས་ཚེ་ཞིང་ཁ་བཏབ་མི་ཆོག་པ་དང༌། ཆུང་མ་བཙལ་མི་ཆོག་པ་དེ་ཆོས་ལུགས་ཚང་མ་གཅིག་གྱུར་ཡིན་པ་ལས་ཙོང་ཁ་པ་གཅིག་པོས་གསར་བཟོ་གནང་བ་ཞིག་མིན། ལོ་རྒྱུས་ཟེར་བ་ནི་རྩོམ་རིག་སྒྱུ་རྩལ་ལྟར་རང་སྣང་གང་ཤར་གྱིས་གསར་རྩོམ་བྱས་ན་མི་འགྲིག་པར་དངོས་ཡོད་གནས་ཚུལ་གྱི་རྨང་གཞིའི་ཐོག་འབྲི་དགོས།

དགེ་ལུགས་པའི་ཁྱད་ཆོས་སྐོར། jགྲྭ་པ་ཡིན་ཕྱིན་འདུལ་བའི་ཁྲིམས་གཙང་མར་སྲུང་དགོས། གསང་སྔགས་ཀྱི་ཆོས་བྱས་ནའང་འདུལ་བའི་ཁྲིམས་དེ་གཙང་མ་སྲུང་དགོས་པ་ཡིན། དེ་ཡང་དགེ་ལུགས་པའི་ཁྱད་ཆོས་ཟུར་དུ་བཏོན་པ་དེ་ཆོས་ལུགས་གཞན་དག་ལ་ཁྱད་ཆོས་དེ་འདྲ་མེད་ཅེས་པའི་དོན་མིན། དཔེར་ན་རྙིང་མའི་རྡོ་རྗེ་བྲག་དང་སྨིན་གྲོལ་གླིང་ལ་ཆ་བཞག་ན་དགོན་པའི་ནང་དུ་འདུལ་ཁྲིམས་ཧ་ཅང་གཙང་མ་ཡོད་པས་གྲྭ་པས་ཆུང་མ་བཙལ་ཕྱིན་དགོན་པ་དེ་ནས་ཕྱིར་འབུད་བྱེད་པ་ལས་ནང་དུ་སྡོད་མི་ཆོག་པ་ཡིན། དེའི་ནང་ནས་སྨིན་གྲོལ་གླིང་ནིའདུལ་ཁྲིམས་དེ་བས་གཙང་བ་ཡོད། དེ་བཞིན་སྟག་ལུང༌། འབྲི་གུང༌། གདན་ས་མཐིལ། སྡེ་དགེ་སོགས་དགོན་པའི་ནང་གྲྭ་པ་ཚང་མ་འདུལ་ཁྲིམས་གཙང་མ་དགོས་པ་ཡིན། ཐུའུ་བཀྭན་གྲུབ་མཐའ་སོགས་ཀྱི་ནང་དུ་སྤྱིར་བཏང་གྲྭ་པ་མང་ཆེ་བ་འདུལ་ཁྲིམས་གཙང་མ་ཡོད་པ་དེ་དགེ་ལུགས་པའི་ཁྱད་ཆོས་ཁོངས་སུ་བཞག་པ་རེད། དེ་ནི་བཀའ་གདམས་ཀྱི་ཁྱད་ཆོས་རྒྱུད་འཛིན་བྱས་པ་ལས་དགེ་ལུགས་པས་གསར་དུ་བཟོས་པ་མིན།

kཐོག་མ་གཞུང་ཆེན་པོ་ཁག་ལ་ཐོས་བསམ་བྱས་ཏེ་ཡག་པོ་བྱུང་ན་གཞི་ནས་སྒོམ་རྒྱག་པ་ལས་དང་པོ་ནས་རི་ལ་ཕྱིན་ཏེ་སྒོམ་རྒྱག་པར་འགྲོ་སྲོལ་མེད། འོ་ན་ཆོས་ལུགས་གྲུབ་མཐའ་གཞན་རྣམས་ཆོས་གཞུང་ཆེན་པོ་ལ་བལྟ་མི་དགོས་པ་ཡིན་ནམ་ཞེ་ན། དེ་མིན་ཏེ་དཔེར་ན་སྨིན་གྲོལ་གླིང་ལ་ཡང་གཞུང་ཆེན་པོའི་སློབ་གཉེར་བཙུགས་ཡོད་པ་དང༌། དེ་བཞིན་སྡེ་དགེ་ལའང་སྡེ་དགེ་གཞུང་ཆེན་བཅུ་གསུམ་ཞེས་པ་སློབ་སྦྱོང་བྱེད་སའི་སློབ་གྲྭ་ཡོད། འོན་ཀྱང་མི་ཉུང་ཤས་ཀྱིས་དགེ་ལུགས་པས་དཔེ་ཆ་མང་པོ་ལྟ་བ་དེ་མི་ཚེ་འཁྱོལ་ཐབས་དང་རྩོད་པ་རྒྱག་སྐབས་ཁ་བདེ་པོ་ཡོང་བའི་ཆེད་དུ་ཡིན་པ་ལས་ཆོས་གཤའ་མ་ཞིག་བྱེད་མཁན་ཡིན་ན་དང་པོ་ནས་རི་ལ་ཕྱིན་ནས་སྒོམ་བརྒྱབ་ན་འགྲིག་གི་རེད་ཅེས་ཤོད་མཁན་ཡང་ཡོད་པ་རེད། རྙིང་མ་དང་བཀའ་བརྒྱུད་སོགས་ཆོས་ལུགས་གཞན་གྱི་མཁས་པ་ཆེན་པོ་ཚང་མ་དང་པོ་ནས་གཞུང་ཆེན་པོ་ལ་ཐོས་བསམ་དང་སློབ་གཉེར་བྱས་ཏེ་དེ་རྗེས་གཞི་ནས་སྒོམ་རྒྱག་དགོས་པའི་གོ་རིམ་དེ་གཅིག་གྱུར་ཡིན་པ་ལས་དེ་ལ་མི་འདྲ་བ་མེད། ཐུའུ་བཀྭན་གྲུབ་མཐའི་ནང་དུ་དགེ་ལུགས་པའི་ཁྱད་ཆོས་བདུན་བཤད་ཡོད། ང་ཚོས་ཆོས་ལུགས་ཚང་མའི་དཔེ་ཆ་བལྟས་ན་དེའི་ནང་དུ་ཆོས་ལུགས་སོ་སོའི་ཁྱད་ཆོས་ཡོད་པ་དེ་ཤེས་ཐུབ། འོན་ཀྱང་དཔེ་ཆ་མང་པོ་ལྟ་མ་མྱོང་མཁན་ཞིག་ལ་ཁྱད་ཆོས་དེ་རྣམས་བཤད་སྐབས་ཆོས་ལུགས་གཅིག་གི་ཁྱད་ཆོས་བཤད་ན་ཆོས་ལུགས་གཞན་ཞིག་ལ་དམའ་འབེབས་བཏང་གི་ཡོད་པ་ལྟ་བུའི་ཚོར་སྣང་ཡོང་གི་ཡོད། ཆོས་ལུགས་དེ་ཚོ་རང་རང་སོ་སོའི་ཁྱད་ཆོས་དང་ལྡན་པ་ཡིན་པས་ཆོས་ལུགས་ཚང་མ་མཉམ་བསྲེས་བྱས་ན་མི་འགྲིག་པའི་རྒྱུ་མཚན་དེ་ཡིན། ཆོས་ལུགས་འདྲ་མིན་ཚང་མ་བྱས་ན་རང་གི་བསམ་བློའི་ནང་ཐག་ཆོད་པའི་ལྟ་བ་གཅིག་ཀྱང་མེད། མཐའ་མ་ཆོས་ལུགས་གང་ལ་ཡང་ཡིད་མི་ཆེས་པར་གྱུར་ཏེ་དེའི་འབྲས་བུར་མཐའ་མ་རང་ཉིད་བྱིའུ་གནམ་ལ་འཕུར་ནས་མར་ས་ལ་བབས་མ་ཐུབ་པ་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་ལས་གཞན་མེད།

lསོ་སོའི་ཆོས་ཀྱི་མིང་དང་ཚིག་བེད་སྤྱོད་བྱེད་པ་ལས་ཆོས་ལུགས་གཞན་གྱི་མིང་དང་ཚིག་མཉམ་བསྲེས་མི་བྱེད་པ་དང༌། ཆོས་ལུགས་གཞན་གྱི་མིང་ཚིག་རྣམས་རང་དགར་བཞག་པ་ལས་གསར་བཅོས་མི་བྱེད་པ། སྔོན་མ་རྒྱ་གར་ནས་པཎྜི་ཏ་དང་ལོ་ཙཱ་བས་བསྒྱུར་བའི་དཔེ་ཆའི་ནང་མེད་པའི་མིང་གསར་པ་དང་ཚིག་གསར་པ་རྩ་བ་ནས་གསར་བཟོ་མི་བྱེད་པ་བཅས་ཏེ་དེ་ནི་བཀའ་གདམས་པ་དང་མཚུངས་པ་ཡིན། དགེ་ལུགས་པས་བརྟག་དཔྱད་བྱེད་བཞིན་པའི་ངང་སྒོམ་རྒྱག་རྒྱུ་ཞིག་དང་བརྟག་དཔྱད་བྱེད་མི་དགོས་པར་སྒོམ་རྒྱག་རྒྱུ་ཞིག་སྟེ་ཁག་གཉིས་ཡོད་པར་ཁས་ལེན་གྱི་ཡོད། ཞི་གནས་གཅིག་པོ་ཡིན་ན་འཇོག་སྒོམ་ཟེར། འདིར་ཞུ་དགོས་པ་ཞིག་ནི་སྔོན་མ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བོད་དུ་ཡོང་བའི་རྒྱ་ནག་གི་ཧྭ་ཤང་ཞིག་གིས། སེམས་བཟང་པོ་ཡིན་ནའང་སྤངས་དགོས་ལ་སེམས་ངན་པ་ཡིན་ནའང་སྤངས་དགོས། དགེ་བ་སྤངས་དགོས་ལ་སྡིག་པ་ཡང་སྤངས་དགོས། དཔེར་ན། གནམ་ལ་སྤྲིན་པ་འཁོར་ཚེ་སྤྲིན་པ་དཀར་ནག་གང་ཡིན་རུང་ཉི་མ་སྒྲིབ་པ་ལ་ཁྱད་པར་རྩ་བ་ནས་མེད་པས་རྣམ་རྟོག་བཟང་ངན་གང་ཡིན་རུང་ཚང་མ་སངས་རྒྱས་པར་བྱེད་པའི་འགོག་རྐྱེན་ཡིན་སྟབས་ཚང་མ་སྤངས་ཏེ་བསམ་བློ་གང་ཡང་མ་བཏང་བར་སྡོད་དགོས། དེ་འདྲ་བྱས་ཚེ་སངས་རྒྱས་ཐུབ་ཀྱི་རེད་ཟེར། དགེ་ལུགས་པས་ལྟ་ཚུལ་དེ་ཁས་ལེན་གྱི་མེད། དགེ་ལུགས་པས་བསམ་བློ་གང་ཡང་མ་བཏང་བར་བསྡད་ན་སངས་རྒྱས་རྒྱུ་ལྟ་ཅི་ཁ་ལ་ལྟོ་ཡང་མི་འབྱོར་ལ། ལམ་དུ་ཕྱིན་ན་ཁ་སུག་ལོག་འགྲོ་བ་དང༌། སྒོ་ལ་འཛུལ་ན་མགོ་རྡབ་འགྲོ་བ་ཡིན། མདོར་ན་བསམ་བློ་གང་ཡང་མ་བཏང་ན་ཆོས་བྱེད་རྒྱུ་ལྟ་ཅི་འཇིག་རྟེན་གྱི་འཚོ་བ་ཡང་སྐྱེལ་མི་ཐུབ་ཟེར། དེས་ན་བསམ་བློ་བཟང་ངན་ཚང་མ་སྤངས་དགོས་ཟེར་བ་དེ་མི་འགྲིག་པ་རེད་ཟེར། དེ་ནི་སངས་རྒྱས་ཆོས་ལུགས་དང་མི་མཐུན་པ་ལ་འདོད། སངས་རྒྱས་ཤཱཀྱ་མུ་ནེས་ཀྱང་དགེ་བ་བཅུ་དང་དུ་བླངས་ན་སྡིག་པ་བཅུ་སྤངས་དགོས་གསུངས་པ་མ་གཏོགས་རྣམ་རྟོག་བཟང་ངན་ཚང་མ་སྤངས་དགོས་ཞེས་གསུངས་མེད། བསམ་བློ་གང་ཡང་མ་བཏང་བར་སྒོམ་རྒྱག་པ་དང་སངས་རྒྱས་པ་ཟེར་བ་མེད་པས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་སྐབས་ཡོང་བའི་ཧྭ་ཤང་དེའི་(བོད་ལ་ཡོང་བའི་ཧྭ་ཤང་ཚང་མ་མིན་)ལྟ་བ་ནི་མུ་སྟེགས་པའི་ལྟ་བ་ལས་སྡུག་པར་འདོད་པ་ཡིན། ལྟ་བ་དེ་ལ་ས་སྐྱ་པཎ་ཆེན་གྱིས་ཀྱང་དགག་པ་མང་པོ་བསྐྱོན་མྱོང་ཡོད་དེ་ཁོང་གིས་བསམ་བློ་རྩ་བ་ནས་མ་བཏང་བར་སྒོམ་རྒྱག་པ་དེ་ནི་ཚེ་འདི་ལ་མི་ལྐུགས་པ་ཆགས་རྒྱུ་དང་སྐྱེ་བ་རྗེས་མ་དུད་འགྲོར་སྐྱེ་རྒྱུའི་རྒྱུ་ལས་སངས་རྒྱས་རྒྱུ་མེད་ཅེས་གསུངས་ཡོད། བསམ་བློ་རྩ་བ་ནས་མ་བཏང་བར་སྒོམ་རྒྱག་པ་ཟེར་བ་དེ་དགེ་ལུགས་པས་ཁས་ལེན་གྱི་མེད། དེ་མིན་མི་ལ་རས་པ་དང་བཀའ་བརྒྱུད་པའི་བླ་མ་དེ་ཚོའི་གསུང་འབུམ་ནང་བསམ་བློ་མ་བཏང་བར་འཇོག་དགོས་ཟེར་བ་ཞིག་ཡོད་པ་དེ་ནི་བསམ་བློ་རྩ་བ་ནས་མ་བཏང་བར་སྒོམ་རྒྱག་དགོས་ཟེར་བའི་དོན་མིན་པར་སྒོམ་རྒྱབ་ནས་གནས་ཚད་མཐོ་པོ་གང་མཚམས་ཞིག་ཏུ་སླེབས་སྐབས་བསམ་བློ་མང་པོ་བཏང་ན་སྐྱོན་ཡོད་ཅེས་བཤད་པ་ལས་དང་པོ་ནས་བསམ་བློ་མ་བཏང་བར་སྒོམ་རྒྱག་དགོས་ཞེས་བཤད་པ་མིན། མི་ལ་རས་པ་དང༌། མར་པ། དེ་བཞིན་བོད་ཀྱི་བླ་མ་གོང་མ་ཚོས་གསུངས་པའི་དཔེ་ཆ་དེ་ཚོར་དགེ་ལུགས་པས་འགྲེལ་བཤད་ཇི་ལྟར་བྱེད་ཀྱི་ཡོད་དམ་ཞེ་ན། སྒོམ་དང་པོ་རྒྱག་དུས་ནས་བསམ་བློ་རྩ་བ་ནས་མ་བཏང་བར་སྒོམ་རྒྱག་དགོས་ཟེར་བ་མིན། དེ་ནི་བསམ་བློ་བཏང་ནས་གནས་ཚད་མཐོ་པོར་སླེབས་རྗེས་རང་གི་སེམས་ལ་རང་དབང་ཐོབ་པའི་གནས་ཚད་དེ་ལ་སླེབས་ཚེ་གཞི་ནས་བསམ་བློ་མ་བཏང་བར་སྒོམ་རྒྱག་དགོས་ཟེར་བའི་གོ་དོན་ཡིན་ཞེས་འགྲེལ་བཤད་བྱེད་ཀྱི་ཡོད།

mགསང་སྔགས་ཀྱི་ཆོས་བྱས་ནའང་མདོ་དང་སྔགས་གཉིས་ཟུང་འབྲེལ་བྱེད་པ་ལས་མདོ་སྔགས་ཁ་ཕྲལ་ནས་ཆོས་བྱེད་ཀྱི་མེད། དཔེར་ན་དགའ་ལྡན་དགོན་གྱི་གྲྭ་ཚང་གཉིས་ལ་ཆ་བཞག་ན། སློབ་གཉེར་བྱེད་མཁན་ཚོ་ཕྱོགས་གཅིག་ནས་གཞུང་ཆེན་པོ་སློབ་སྦྱོང་བྱེད་དགོས་པ་དང་ཕྱོགས་གཞན་ཞིག་ནས་གསང་སྔགས་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་པ་རེད། སེ་ར་དང་འབྲས་སྤུངས་སུ་གསང་སྔགས་སློབ་སྦྱོང་བྱེད་མཁན་དང་གཞུང་ཆེན་པོ་སློབ་སྦྱོང་བྱེད་མཁན་ཟུར་དུ་དབྱེ་ནས་ཡོད་པ་ལས་མཉམ་དུ་སློབ་སྦྱོང་བྱེད་སྲོལ་མེད། བཀྲ་ཤིས་ལྷུན་པོ་ལ་ཡང་གསང་སྔགས་སློབ་སྦྱོང་བྱེད་མཁན་ཟུར་དུ་གྲྭ་ཚང་ཞིག་བཙུགས་ཡོད། དེ་མིན་གདན་ས་མཐིལ་དང་སྐུ་འབུམ་སོགས་དགོན་པ་ཆེ་བ་ཚང་མར་དེ་འདྲ་ཡིན། རྙིང་མའི་དགོན་པ་སྨིན་གྲོལ་གླིང་དུ་མདོ་སྔགས་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་ཀྱི་ཡོད། སྡེ་དགེ་ལའང་དེ་ལྟར་ཡིན། མདོ་སྔགས་ཟུང་འབྲེལ་གྱིས་སློབ་སྦྱོང་བྱེད་པ་ཟེར་བའི་གོ་དོན་ནི། དེ་རིང་ཉི་མ་གཅིག་ལ་མདོ་སྔགས་གཉིས་ཀ་སློབ་སྦྱོང་བྱེད་དགོས་པ་དེ་ལ་ཟེར། ཤེས་བྱ་ཀུན་ཁྱབ་ནང་དུ་ཙོང་ཁ་པའི་རྣམ་ཐར་ཞིག་བྲིས་ཡོད་པ་དེའི་ནང་དུ་ཙོང་ཁ་པ་ནི་ཆོས་འདུལ་བའི་བསྟན་པ་དེ་ལ་བསྟན་པའི་བདག་པོ་ཤཱཀྱ་མུ་ནེ་དངོས་སུ་ཕེབས་པ་ནང་བཞིན་བྱུང་བ་རེད་ཅེས་འཁོད་ཡོད་པས་དེ་ལ་གོ་བ་ལེན་སྟངས་སྣ་ཚོགས་ལེན་གྱི་ཡོད་པ་སྟེ། ཁ་ཤས་ཀྱིས་ཤེས་བྱ་ཀུན་ཁྱབ་ནང་ཙོང་ཁ་པ་དེ་ཆོས་འདུལ་བའི་བསྟན་པ་ལ་ཤཱཀྱ་མུ་ནེ་དངོས་སུ་ཕེབས་པ་དང་ཁྱད་མེད་པ་བྱུང་བ་རེད་ཟེར་བ་དེ་ཐད་ཀར་ལྟ་དུས་ཙོང་ཁ་པར་བསྟོད་བསྔགས་ཆེན་པོ་ཞིག་བྱས་པ་ལྟ་བུ་ཞིག་ཡོད་ནའང་དོན་དུ་དགེ་ལུགས་པར་འདུལ་བ་སྐམ་པོ་ཞིག་ལས་གསང་སྔགས་སོགས་གཞན་གང་ཡང་མེད་ཅེས་ཤུགས་སུ་བསྟན་ཡོད་པའི་གོ་བ་ལེན་གྱི་ཡོད་པ་དང༌། ཁ་ཤས་ཀྱིས་དེ་ནི་དགེ་ལུགས་པ་ལ་འདུལ་བ་མ་གཏོགས་གསང་སྔགས་མེད་ཟེར་བའི་དོན་མ་ཡིན་པར་བོད་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་འདུལ་བའི་བསྟན་པར་ཉམས་རྒུད་ཤིན་ཏུ་ཆེན་པོ་བྱུང་སྟེ་རབ་ཏུ་བྱུང་བ་ཡིན་མིན་གྱི་དབྱེ་བ་ཙམ་ཡང་མེད་པའི་དུས་སྐབས་སུ་ཙོང་ཁ་པས་བསྐྱར་དུ་ཉི་མ་ཤར་བ་ལྟ་བུ་བཟོས་གནང་བ་ཡིན་པས་ན་འདུལ་བའི་བསྟན་པ་ལ་ཤཱཀྱ་མུ་ནེ་དངོས་སུ་ཕེབས་པ་ལྟ་བུ་བྱུང་བ་རེད་ཅེས་གསུངས་པར་འདོད་པ་ཡིན། དེར་བརྟེན་རྩོམ་ཡིག་ལའང་མི་སོ་སོས་གོ་བ་ལེན་སྟངས་འདྲ་མིན་སྣ་ཚོགས་ཡོད། དེ་བཞིན་བཀའ་བརྒྱུད་པའི་དཔེ་ཆ་ཞིག་གི་ནང་དུ་ཙོང་ཁ་པ་ལ་འདུལ་བ་སྐམ་པོ་ཞིག་ལས་གཞན་མེད་སྟབས་མར་པ་དང་མི་ལ་ལྟར་སྐུ་ཚེ་འདི་ལ་སངས་རྒྱས་མ་ཐུབ་པ་རེད་ཅེས་བྲིས་ཡོད་པ་རེད། དེ་ནི་ཁོ་རང་མི་གཅིག་གི་ལྟ་བ་ཡིན། ཤེས་བྱ་ཀུན་ཁྱབ་ཀྱི་ནང་དུ་ཡོད་པའི་ལྟ་བ་དེ་ནི་རྙིང་མ་དང་བཀའ་བརྒྱུད་ཀྱི་ཡོངས་ཁྱབ་ཀྱི་ལྟ་བ་རེད། སྡེ་དགེ་དགོན་པས་ཙོང་ཁ་པའི་གསུང་འབུམ་ཆ་ཚང་པར་བཏབ་ཡོད་པ་མ་ཟད། གཞུང་ཆེན་བཅུ་གསུམ་ཁྲིད་པའི་སྐབས་སུ་དཔེ་ཆ་དེ་སློབ་འཁྲིད་བྱེད་ཀྱི་ཡོད། དེ་བཞིན་རྙིང་མའི་དགོན་པ་སྨིན་གྲོལ་གླིང་དུ་ཡང་ཙོང་ཁ་པས་བརྩམས་གནང་བའི་ལམ་རིམ་ཆེན་མོ་དང་སྔགས་རིམ་ཆེན་མོ་སློབ་ཁྲིད་བྱེད་ཀྱི་ཡོད།

 

བཞི་པ། སངས་རྒྱས་ཆོས་ལུགས་ཀྱི་ཐེག་པ་ཆེན་པོའི་

ནང་ཚན་གསང་སྔགས་སྐོར།

༡. གསང་སྔགས་ཀྱི་ཆོས་ཇི་ལྟར་བྱུང་ཚུལ།

སངས་རྒྱས་ཆོས་ལུགས་པའི་ནང་དུ་གསང་སྔགས་ཀྱི་ཆོས་ཁས་ལེན་མཁན་དང་མི་ལེན་མཁན་ཁག་གཉིས་ཡོད། ཁས་ལེན་མཁན་ཚོས་གསང་སྔགས་ཀྱི་ཆོས་དེ་སངས་རྒྱས་བྱུང་བ་ལས་ཀྱང་དཀོན་པ་ཞིག་ཡིན་པར་འདོད་ཅིང༌། དཔེར་ན་ང་རང་ཚོའི་ད་ལྟའི་འཇིག་རྟེན་དེ་ཆགས་ནས་མེད་པ་མ་ཆགས་ཀྱི་བར་དེ་བསྐལ་པ་ཆེན་པོ་གཅིག་ཡིན་ཅིང༌། དེ་ལ་བསྐལ་པ་བཟང་པོ་ཟེར། བསྐལ་པ་འདིའི་རིང་ལ་སངས་རྒྱས་སྟོང་ཕྲག་གཅིག་དང་གཉིས་བྱོན་པ་དེའི་ནང་གསང་སྔགས་ཀྱི་ཆོས་གསུང་མཁན་གསུམ་ལས་མེད། དེ་གསུམ་ནི་སངས་རྒྱས་སྟོང་ཕྲག་གཅིག་དང་གཉིས་ཀྱི་ནང་ནས་བཞི་པ་ཤཱཀྱ་མུ་ནེ་དང༌། བཅུ་གཅིག་པ་སྤྱན་ལེགས། མཇུག་མ་སྟེ་མོས་པ་སྣང་མཛད་བཅས་གསུམ་ཡིན་ཟེར། དེ་མིན་སངས་རྒྱས་ཚང་མས་གསང་སྔགས་ཀྱི་ཆོས་གསུངས་མེད། རྒྱུ་མཚན་གང་ལགས་ཤེ་ན། སྐབས་དེ་དུས་ཐེག་པ་ཆེན་པོའི་ཆོས་སྤྱིར་བཏང་མ་གཏོགས་གསང་སྔགས་ཀྱི་ཆོས་གསུང་ཡུལ་གནས་ཚད་ཡོད་པའི་སློབ་མ་མེད་པ་རེད། ཤཱཀྱ་མུ་ནེས་ཀྱང་གསང་སྔགས་ཀྱི་ཆོས་དེ་སློབ་མ་ཉུང་ཤས་ལ་གསང་བ་ཆེན་པོས་གསུངས་པ་ལས་རྒྱ་ཆེན་པོ་གསུངས་མེད་ཟེར། སངས་རྒྱས་ཞལ་བཞུགས་སྐབས་སངས་རྒྱས་ལ་གསང་སྔགས་ཀྱི་ཆོས་ཡོད་པ་དེ་སློབ་མ་ཉུང་ཤུས་ཀྱིས་མ་གཏོགས་སྤྱིར་བཏང་མང་ཆེ་བས་ཤེས་ཀྱི་མེད། རྒྱ་གར་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་དུས་ནས་བཟུང་གསང་སྔགས་ཀྱི་ཆོས་དེ་དར་ཁྱབ་ཇེ་ཆེར་སོང་བ་དང༌། ལྷག་པར་དུ་སྤྱི་ལོའི་དུས་རབས་དྲུག་པའི་མཇུག་ནས་དུས་རབས་བཅུ་གཅིག་པའི་མཇུག་བར་ལོ་དྲུག་བརྒྱ་ཙམ་གྱི་ནང་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་གྲུབ་པ་ཐོབ་པའི་གྲུབ་ཐོབ་སུམ་བརྒྱ་ལྷག་ཙམ་བྱུང་ཡོད། དེའི་ནང་ནས་སློབ་དཔོན་པདྨ་འབྱུང་གནས་དང་པཎ་ཆེན་བི་མཱ་ལ་སོགས་རྒྱ་གར་གྱི་གྲུབ་ཐོབ་ཁ་ཤས་བོད་དུ་ཕེབས་ཏེ་གསང་སྔགས་རྙིང་མའི་ཆོས་བོད་ལ་དར་སྤེལ་གནང་ནས་བོད་དུ་ཡང་བོད་ཀྱི་གྲུབ་ཐོབ་ཉེར་ལྔ་སྟེ་རྗེ་འབངས་ཉེར་ལྔ་ཞེས་པ་བྱུང་ཞིང༌། དེ་ནས་བཟུང་བོད་དུ་རྙིང་མ་དང༌། ས་སྐྱ། བཀའ་བརྒྱུད། དགེ་ལུགས་སོགས་ཚང་མར་གྲུབ་ཐོབ་ཉུང་ཤས་ཤིག་བྱུང་ཡོད། གྲུབ་ཐོབ་ལའང་ཆེ་འབྲིང་ཆུང་གསུམ་ཡོད་དེ། སྐུ་ཚེ་འདི་ལ་སངས་རྒྱས་པ་ལ་གྲུབ་ཐོབ་ཆེན་པོ་དང༌། སྐུ་ཚེ་འདི་ལ་སངས་རྒྱས་མེད་ནའང་དངོས་གྲུབ་ཐོབ་ཟིན་པ་ལ་གྲུབ་ཐོབ་འབྲིང་བ། དངོས་གྲུབ་བརྒྱད་ཀྱི་ནང་ནས་སྣེ་ཁ་གཅིག་གམ་གཉིས་ཐོབ་ཟིན་པ་ལ་གྲུབ་ཐོབ་ཆུང་ངུ་ཞེས་ཟེར་ཞིང༌། དཔེར་ན་གྲུབ་ཐོབ་ཆུང་ངུ་ཡིན་ན་རང་གིས་རླུང་ཟིན་ནས་སེམས་ཅན་གཞན་ཞིག་ཕར་བསད་པ་ཡིན་ན་གསོད་ཐུབ་པ་ལས་གཞན་གྱིས་ཚུར་གསོད་མི་ཐུབ་པ་དང༌། གྲུབ་ཐོབ་འབྲིང་གིས་བསད་པ་དང་གསོན་པ་གཉིས་ཀ་ཐུབ་ཟེར། འོན་ཀྱང་དེང་སྐབས་གྲུབ་ཐོབ་ཟེར་བ་དེ་ཁས་མི་ལེན་མཁན་ཚོས་དེ་སྔ་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྫུ་འཕྲུལ་མང་པོ་བཞེས་པ་ཟེར་བ་དེ་རྒྱ་ནག་གི་སྒྱུ་མ་མཁན་གྱིས་མིག་འཕྲུལ་(魔术)རྩེད་པ་དང་མཚུངས་པ་ཞིག་ཡིན་ནའང་དེར་སྐབས་དེའི་མིས་གྲུབ་ཐོབ་ཅེས་བརྗོད་པར་འདོད་པ་དང༌། དེ་བཞིན་དཔེར་ན་པོ་ཏ་ལའི་འཕགས་པ་ལྷ་ཁང་ནང་དུ་སློབ་དཔོན་པདྨ་དང༌། ཙོང་ཁ་པ། ཚངས་དབྱངས་རྒྱ་མཚོ་བཅས་ཀྱི་ཞབས་རྗེས་དང་ཕྱག་རྗེས་ཡིན་ཞེས་རྡོའི་སྟེང་དུ་འདམ་གྱི་ནང་རྐང་ལག་བཙུགས་པའི་ཤུལ་ལྟ་བུ་ཞིག་ཡོད་པ་དེ་ཚོ་ཡང་རྐང་ལག་ལ་སྣག་ཚ་བྱུགས་ཏེ་རྡོའི་སྟེང་དུ་བཞག་པའི་ཤུལ་རིས་ཐོག་རྡོ་བརྐོས་མཁས་པས་བརྐོས་རྒྱབ་པར་འདོད་པ་ཡིན། རྒྱ་གར་སོགས་ཨེ་ཤེ་ཡའི་ལྷོ་ཕྱོགས་དང་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཁ་ཤས་ཕུད་རྒྱལ་ཁབ་ཁག་ཅིག་ནང་ཐེག་པ་ཆུང་ངུའི་ཆོས་མ་གཏོགས་ཐེག་པ་ཆེན་པོའི་ཆོས་མེད། གསང་སྔགས་ནི་དེ་བས་ཀྱང་ཁས་ལེན་གྱི་མེད། བོད་ལ་སྔོན་མ་གསང་སྔགས་ཀྱི་ཆོས་ཁས་མི་ལེན་མཁན་བྱུང་བ་ལོ་རྒྱུས་ནང་བྲིས་མེད། རྗེས་སུ་དགེ་བཤེས་ཆོས་གྲགས་ཀྱིས་གསང་སྔགས་ཀྱི་ཆོས་ཁས་ལེན་གྱི་མེད་པར་གསང་སྔགས་ཀྱི་ལྷ་ཡང་མུ་སྟེགས་པའི་ལྷ་ཡིན་པ་དང་གསང་སྔགས་ཀྱི་ཆོས་དེ་ཡང་མུ་སྟེགས་པའི་ཆོས་ལས་ཤཱཀྱ་མུ་ནེའི་ཆོས་མིན་པར་འདོད་པ་ཡིན། དགེ་འདུན་ཆོས་འཕེལ་གྱིས་གསང་སྔགས་ཀྱི་ཆོས་ཞལ་གྱིས་བཞེས་ཀྱི་ཡོད་མིན་ཁོང་གི་གསུང་རྩོམ་མང་ཆེ་བའི་ནང་གསལ་བོ་མེད་ནའང༌། ཁོང་གིས་མཛད་པའི་དེབ་ཐེར་དཀར་པོའི་འགོ་བརྗོད་ནང་རྒྱལ་བོ་སྲོང་བཙན་སྒམ་པོ་རྟ་མགྲིན་གྱི་སྤྲུལ་པ་ཡིན་ཞེས་བྲིས་གནང་འདུག་པས་རྟ་མགྲིན་ནི་གསང་སྔགས་ཀྱི་ལྷ་ཡིན་པ་དང་གསང་སྔགས་ཀྱི་ཆོས་གཞུང་ལྟར་ན་རྟ་མགྲིན་ནི་སྤྱན་རས་གཟིགས་དྲག་པོ་ཡིན་པས་འདིར་བལྟས་ན་དགེ་འདུན་ཆོས་འཕེལ་ལགས་ཀྱང་གསང་སྔགས་ཀྱི་ཆོས་ཁས་ལེན་མཁན་གྱི་ཁོངས་སུ་གཏོགས་པ་མིན་ནམ་སྙམ།

རྒྱ་ནག་ལ་ཆ་བཞག་ན་སྤྱི་ལོའི་དུས་རབས་བཞི་པའི་མཇུག་ཏུ་ཇོ་བོ་ཤཱཀྱ་མུ་ནེ་དང་ཙནྡན་ཇོ་བོ་གདན་དྲངས་པ་དང༌། ད་དུང་སྐབས་དེར་གསང་སྔགས་ཀྱི་གྲུབ་ཐོབ་སློབ་དཔོན་ཛྙ་ན་བཛྲ་སྟེ་རྡོ་རྗེ་ཡེ་ཤེས་དང་ཨ་མོ་གྷ་བཛྲ་སྟེ་དོན་ཡོད་རྡོ་རྗེ་གཉིས་གདན་དྲངས་ཏེ་སངས་རྒྱས་ཀྱི་ཆོས་ཧ་ཅང་དར་རྒྱས་ཆེན་པོ་བྱུང་ཡོད་ཅིང༌། རྒྱ་ནག་ཏུ་གསང་སྔགས་ཀྱི་ཆོས་དར་རྒྱས་ཆེ་ཤོས་ཀྱི་དུས་སྐབས་ནི་མིང་རྒྱལ་རབས་སྐབས་ཡིན་ཏེ་དེ་དུས་ཀརྨ་པ་དང་ཙོང་ཁ་པའི་སློབ་མ་བྱམས་ཆེན་ཆོས་རྗེ་རྣམ་གཉིས་རྒྱ་ནག་ཏུ་ཕེབས་ནས་གསང་སྔགས་ཀྱི་ཆོས་མང་པོ་གསུངས་སྟབས་གསང་སྔགས་ཀྱི་ཆོས་དར་རྒྱས་ཧ་ཅང་ཆེན་པོ་བྱུང་ཡོད། མིང་རྒྱལ་རབས་ཀྱི་དུས་སུ་གསང་སྔགས་ཀྱི་ལྷ་སྐུ་མང་པོ་ཧང་ཀྲའུ་ཡི་གོས་ཆེན་ཐོག་འཐག་ཡོད་པ་དེའི་གྲས་ད་ལྟ་ལྷ་སའི་གཙུག་ལག་ཁང་སོགས་ལ་ཁ་ཤས་ལྷག་ཡོད། དེ་བཞིན་གསང་སྔགས་ཀྱི་མཆོད་པའི་ཡོ་བྱད་རྡོ་རྗེ་དྲིལ་བུ་ལ་སོགས་པ་དང༌། དེ་བཞིན་ཕྱི་ངོས་པདྨའི་ནང་དུ་ལྷ་དྲུག་ཅུ་ཡོད་པ་ལ་ཡར་བཀྱག་ན་པདྨ་ཁ་ཟུམ་འགྲོ་བ་དང༌། མར་བཞག་ན་པདྨ་གྲོལ་ནས་དེའི་ནང་གི་ལྷ་རྣམས་མཐོང་རྒྱུ་ཡོད་པ་ཞིག་ཀྱང་བཟོས་ཡོད། དེ་བཞིན་སེ་འབྲས་དགའ་གསུམ་དང༌། པོ་ཏ་ལ་སོགས་ལ་མིང་རྒྱལ་རབས་སྐབས་བཞེངས་པའི་གསང་སྔགས་ཀྱི་ལྷ་སྐུ་མང་པོ་ཡོད། སོག་ཡུལ་དུ་ས་སྐྱ་པཎ་ཆེན་དང༌། འགྲོ་མགོན་འཕགས་པ་དང༌། ཀརྨ་པ་སོགས་བྱོན་རྗེས་གསང་སྔགས་ཀྱི་ཆོས་དར་རྒྱས་ཆེན་པོ་བྱུང་ཡོད།

༢. གསང་སྔགས་ཞེས་པའི་མིང་གི་གོ་དོན་དང་དེའི་ཁྱད་ཆོས།

གསང་ཞེས་པ་དེ་སྣོད་མ་ཡིན་པར་གསང་བ་བྱས་པའི་དོན་ཏེ། སྣོད་མ་ཡིན་པ་ལ་གསང་ནས་བསྒྲུབ་ན་དེ་གྲུབ་ཐུབ་པ་དང་གསང་བ་མ་བྱས་ན་བསྒྲུབ་མི་ཐུབ་པ་ཡིན་པས་དེ་ལ་གསང་ཟེར། སྣོད་མ་ཡིན་པ་ཟེར་བ་ནི། གསང་སྔགས་ཀྱི་ཆོས་ཁས་མི་ལེན་མཁན་རྣམས་ལ་ཟེར་ཞིང༌། དེ་ཚོ་ལ་གསང་སྔགས་ཀྱི་ཆོས་བཤད་མི་ཆོག་པར་གསང་བ་བྱེད་དགོས་པ་ཡིན། སྔགས་ཞེས་པ་ནི་ཡིད་སྐྱོབ་པའི་དོན་ཏེ། རང་གི་སེམས་ཀྱི་འཆར་སྣང་དཀྱུས་མ་ཐ་མལ་པ་དེ་དང་སེམས་ཀྱི་ངོས་འཛིན་དཀྱུས་མ་ཐ་མལ་པ་དེ་སྐྱོབ་ཐུབ་མཁན་གྱི་ཆོས་ཤིག་ཡིན་པས་ན་ཡིད་སྐྱོབ་ཟེར། རང་གི་སེམས་ཀྱི་འཆར་སྣང་དཀྱུས་མ་དེ་དང་སེམས་ཀྱི་ངོས་འཛིན་དཀྱུས་མ་དེ་བསྐྱབས་ཏེ་སེམས་ནང་ངོས་འཛིན་གཞན་དང་མི་འདྲ་བའི་གསར་པ་ཞིག་ཐོབ་ཐུབ་པ་བྱེད་རྒྱུ་ཡིན་པས་དེ་ལ་སྔགས་ཟེར། གསང་སྔགས་ཀྱི་མིང་དེ་ལ་རྡོ་རྗེ་ཐེག་པ་དང༌། ཐབས་ཀྱི་ཐེག་པ། འབྲས་བུའི་ཐེག་པ་སོགས་མིང་སྣ་ཚོགས་ཡོད།

གསང་སྔགས་ལ་ཁྱད་ཆོས་ཧ་ཅང་མང་བོ་ཡོད་པའི་ནང་འདིར་ཁྱད་ཆོས་གཙོ་བོ་བཞི་ཞུ་རྒྱུར།

༡. མ་རྨོངས་པའི་ཁྱད་པར། མ་རྨོངས་པ་ཟེར་བ་ནི། སྤྱིར་བཏང་གི་མི་ཞིག་ལ་ཆ་བཞག་ན་ཉོན་མོངས་དུག་གསུམ་དང་ལྡན་པ་ཡིན་ནའང་གསང་སྔགས་ཀྱི་ཆོས་དེ་ཉོན་མོངས་དུག་གསུམ་སྤངས་མི་དགོས་པར་རང་སོ་སོའི་གནས་ཚད་གོང་མཐོར་གཏོང་རྒྱུའི་གྲོགས་སུ་འགྲོ་བ་བྱེད་ཐུབ་པའི་ཆོས་ཤིག་ཡིན། མདོ་ལུགས་ལ་ཉོན་མོངས་དེ་སྤངས་དགོས་ནའང་སྔགས་ལུགས་ལ་ཉོན་མོངས་དེ་དང་དུ་ལེན་དགོས་པ་ཞིག་ཡིན། དཔེར་ན། ཤིང་གི་སྟེང་དུ་སྐྱེས་པའི་འབུས་ཤིང་ཟ་བ་ལྟར་ཉོན་མོངས་དེ་དང་དུ་བླངས་ཏེ་ཁོ་ཉོན་མོངས་སྤྱིར་བཏང་བ་ཞིག་ཏུ་མི་འགྲོ་བ་བྱས་ཏེ་སེམས་གཞན་ཞིག་ཏུ་འགྲོ་བའི་རྒྱུར་འགྱུར་བ་ལྟ་བུའམ། ཡང་ན་ལྕགས་ཀྱི་སྟེང་དུ་གསེར་བྱུགས་སྐབས་ཐོག་མ་དངུལ་ཆུ་བྱུགས་ཏེ་དེ་ནས་ལྕགས་དེ་ཚ་པོ་བཟོས་རྗེས་གཞི་ནས་གསེར་བྱུགས་ཚེ་དངུལ་ཆུ་ཚ་པོ་ཆགས་པ་དེས་གསེར་ཚུར་འཐེན་ནས་གསེར་དེ་ལྕགས་ལ་སིམ་འགྲོ་བ་ལྟར་ལྕགས་དེ་གསེར་ལ་འགྱུར་དགོས་ཀྱི་ཡོད་ན་དངུལ་ཆུ་དགོས་པའི་དཔེ་དེ་དང་མཚུངས་པར་ཉོན་མོངས་ཀྱི་སེམས་དེ་ཉོན་མོངས་མ་ཡིན་པ་ཞིག་ཏུ་འགྱུར་བ་བྱེད་པར་དེའི་བར་མཚམས་དེ་ལ་གསང་སྔགས་ཀྱི་ཆོས་ཉམས་ལེན་བྱས་ནས་སེམས་དེ་ཉོན་མོངས་མ་ཡིན་པར་བསྒྱུར་དགོས་པ་ཡིན། དེ་འདྲའི་ཐབས་ཤེས་ཡོད་སྟབས་དེར་མ་རྨོངས་པའི་ཁྱད་པར་ཟེར།

༢. ཐབས་མང་བའི་ཁྱད་པར། ཐབས་མང་བ་ནི་བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་མགྱོགས་མྱུར་རྫོགས་ཐུབ་པ་དང༌། གདོན་དང་འདྲེའི་གནོད་པ་ཟློག་ཐུབ་པ། དངོས་གྲུབ་བརྒྱད་ཐོབ་ཐུབ་པ་སོགས་མདོ་ལུགས་ལ་མེད་པའི་ཐབས་ཤེས་མང་པོ་གསང་སྔགས་ལ་ཡོད་པར་བརྟེན་དེ་ལ་ཐབས་མང་བའི་ཁྱད་པར་ཟེར། སངས་རྒྱས་ཐོབ་པར་བྱེད་པའི་ཐབས་ཤེས་མང་པོ་ཡོད་པ་མ་ཟད། རང་ཉིད་ཚེ་རིང་པོ་ཡོང་ཐབས་སོགས་མདོ་ལུགས་ལ་མེད་པའི་ཐབས་ཤེས་ཧ་ཅང་མང་པོ་ཡོད། དཔེར་ན་མདོ་ལུགས་ལ་ཆོས་ཀྱི་གནས་ཚད་ཇི་ཙམ་མཐོ་པོ་ཡོད་ནའང་མི་བསད་མི་ཆོག་ལ། མི་གཞན་ཕར་གསོད་ཐུབ་ནའང་བསྐྱར་དུ་གསོན་པོར་འགྱུར་རྒྱུའི་ཐབས་ཤེས་དེ་མདོ་ལུགས་ལ་མེད། སྔགས་ལུགས་ལ་རང་ཉིད་ཀྱི་ཆོས་ཀྱི་གནས་ཚད་དེ་མི་བསད་ནས་བསྐྱར་དུ་གསོ་ཐུབ་པའི་ཚད་ལ་སླེབས་ཚེ་མི་བསད་ཆོག་གི་ཡོད། དེ་བཞིན་མིའི་ལུས་པོར་ཡོད་པའི་རྩ་དང་རླུང་འགུལ་སྐྱོད་ཀྱི་ཆོས་ཉིད་བེད་སྤྱོད་བྱས་ཏེ་རང་གི་ཉོན་མོངས་སྐྱེ་རྒྱུའི་རྩ་དང་རླུང་དེ་ཚོའི་ནང་ཉོན་མོངས་སྐྱེ་རྒྱུ་མེད་པ་བཟོས་ནས་སངས་རྒྱས་ཐུབ་པའི་ཐབས་ཤེས་ཧ་ཅང་མང་པོ་ཡོད་ལ། ཚེ་འདིའི་སྤྱིར་བཏང་གི་ལུས་པོ་དེ་སྐྱེ་བ་མ་འཕོས་གོང་ལུས་པོ་འདི་རང་གི་ཐོག་ཏུ་གཞན་དང་མི་འདྲ་བའི་ལུས་པོ་ཞིག་ཆགས་ཐུབ་པ་དང་སེམས་པ་དེ་ཡང་སྤྱིར་བཏང་དང་མི་འདྲ་བའི་སེམས་པ་ཞིག་ཆགས་ཐུབ་ཐབས་ཡོད། མདོ་ལུགས་ཀྱིས་སེམས་དེ་སྤྱིར་བཏང་མ་ཡིན་པ་ཞིག་བཟོ་ཐུབ་ནའང་ལུས་པོ་དེ་སྤྱིར་བཏང་མིན་པ་ཞིག་བཟོ་ཐུབ་ཐབས་མེད་པ་དང་རྩ་དང་རླུང་དེ་རྣམས་སྤྱིར་བཏང་མ་ཡིན་ཞིག་བཟོ་ཐུབ་ཐབས་མེད་ལ། སེམས་དེ་ཡག་པོ་ཞིག་བཟོ་ཐུབ་ནའང་སེམས་དེ་འགུལ་བསྐྱོད་བྱེད་དུ་འཇུག་མཁན་གྱི་འཕྲུལ་འཁོར་ཨ་མ་སྟེ་རླུང་དེ་ཡག་པོ་ཞིག་བཟོ་ཐུབ་ཀྱི་མེད། སྔགས་ལུགས་ཀྱིས་སེམས་ཡག་པོ་བཟོ་ཐུབ་པ་མ་ཟད། སེམས་འགུལ་བསྐྱོད་བྱེད་དུ་བཅུག་མཁན་རྩ་རླུང་གི་ལམ་ཁ་དེ་རྣམས་བསྒྱུར་བཅོས་བྱས་ཏེ་ཉོན་མོངས་སྐྱེ་མ་ཐུབ་པ་བཟོ་ཐབས་ཡོད།

༣. དཀའ་བ་མེད་པའི་ཁྱད་པར་ཞེས་པ་ནི་མདོ་ལུགས་རྐྱང་པ་ལ་བརྟེན་ནས་སངས་རྒྱས་དགོས་བྱུང་ན་བསྐལ་པ་གསུམ་གྱི་བར་དུ་ཆོས་བྱས་ལམ་སྒོམ་རྒྱུན་མི་ཆད་པ་བྱེད་དགོས་པ་དང༌། ས་བཅུ་ཐོབ་པ་བྱེད་པར་ཡང་མདོ་ལུགས་རྐྱང་པ་ལ་བརྟེན་ཚེ་ས་དང་པོ་ནས་ས་བརྒྱད་པ་བར་དུ་སླེབས་ཐུབ་རུང་ས་བརྒྱད་པ་ནས་ངེས་པར་དུ་གསང་སྔགས་ཀྱི་ལམ་ལ་མ་བརྟེན་ན་སངས་རྒྱ་མི་ཐུབ་པར་བརྟེན་བྱང་ཆུབ་སེམས་དཔའ་ཁག་ཅིག་ས་དང་པོ་ནས་གསང་སྔགས་ཀྱི་ལམ་དུ་ཞུགས་མཁན་ཡོད་ལ། ས་གཉིས་པ་གསུམ་པ་ནས་གསང་སྔགས་ཀྱི་ལམ་དུ་ཞུགས་མཁན་ཡང་ཡོད། དེ་ཡང་གསང་སྔགས་ཀྱི་ལམ་ལ་མ་ཞུགས་ན་སངས་རྒྱས་མ་ཐུབ་པའི་རྒྱུ་མཚན་ནི། རྩའི་ནང་འགྲོ་མཁན་གྱི་རླུང་ཉོན་མོངས་དང་ཁོང་ཁྲོ་སྐྱེ་བའི་རྒྱུ་དེ་རང་གིས་དབང་དུ་འདུ་ཐུབ་པ་ཞིག་མ་བྱུང་ན་སངས་རྒྱས་མི་ཐུབ། གསང་སྔགས་ཀྱི་ཆོས་དེས་དེ་ལྟར་མགྱོགས་ཤོས་སུ་ཚེ་འདི་རང་ལ་སངས་རྒྱས་ཐུབ་པ། ཤི་ཚར་ནས་བར་དོ་ལ་སངས་རྒྱས་ཐུབ་པ། ལོ་བཅུ་གཅིག་ལ་སངས་རྒྱས་ཐུབ་པ། ལོ་གསུམ་ལ་སངས་རྒྱས་ཐུབ་པ་སོགས་མགྱོགས་པོ་ཡོད་དེ་དཔེར་ན། མི་ལ་རས་པ་ལོ་བཅུ་གཅིག་ལ་སངས་རྒྱས་པ་དང་མར་པ་ཞིང་དུ་གཤེགས་ནས་བར་དོ་ལ་སངས་རྒྱས་(མར་པ་ཞིང་དུ་གཤེགས་ནས་བར་དོར་མ་གཏོགས་སངས་རྒྱས་མ་ཐུབ་པ་དེ་ནི་ཕྲུ་གུ་ཡོད་པའི་དབང་གིས་ཡིན། ཕྲུ་གུ་མ་བཟོས་པའི་མི་ཡིན་ན་ལུས་པོ་འདི་རང་ལ་སངས་རྒྱས་ཐུབ་པའི་ཁྱད་པར་བཤད་ཡོད་)པ་རེད།

༤. དབང་པོ་རྣོན་པོའི་ལམ་ཡིན་པའི་ཁྱད་པར། གསང་སྔགས་ཀྱི་ཆོས་དེ་ཐེག་པ་ཆུང་ངུ་ལ་དད་པ་བྱེད་མཁན་གྱིས་བྱེད་མི་ཐུབ་སྟེ་ཁོ་ཚོའི་བློ་ལ་ཤོང་མི་ཐུབ་པ་དང༌། ཐེག་པ་ཆེན་པོའི་ནང་ནས་ཀྱང་བྱང་ཆུབ་ཀྱི་སེམས་དང་དབུ་མའི་ལྟ་བ་ཡོད་མཁན་གྱིས་མ་གཏོགས་གསང་སྔགས་ཀྱི་ཆོས་ལག་ལེན་བྱེད་མི་ཐུབ། གསང་སྔགས་ཀྱི་གཞུང་དེ་ལ་ཡང་གསང་སྔགས་ཀྱི་ཆོས་བྱེད་མཁན་ཡིན་ན་བྱང་ཆུབ་ཀྱི་སེམས་དང་དབུ་མའི་ལྟ་བ་དེ་མདོ་ལུགས་དང་གཅིག་མཚུངས་ཡིན། ཡིན་ནའང་བྱང་ཆུབ་ཀྱི་སེམས་དང་སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་མཁན་གྱི་བསམ་བློ་དེ་བསམ་བློ་སྤྱིར་བཏང་བ་ཞིག་མིན་པར་བདེ་བ་ཆེན་པོའི་བསམ་བློ་ཞིག་རེད། སངས་རྒྱས་པའི་སྐབས་སུ་སངས་རྒྱས་ཀྱི་བཞུགས་སའི་གནས། སངས་རྒྱས་ཀྱི་སྐུ་ལུས། སངས་རྒྱས་ཀྱི་ལོངས་སྤྱོད། སངས་རྒྱས་ཀྱི་མཛད་པ་འཕྲིན་ལས་སོགས་གནས་ཡོང་སྟངས། ལུས་ཡོང་སྟངས། ལོངས་སྤྱོད་ཡོང་སྟངས། མཛད་པ་ཡོང་སྟངས་ཏེ་འབྲས་བུ་ཡོང་སྟངས་བཞི་དང་རྣམ་པ་མཐུན་པའི་ལམ་ཞིག་ད་ལྟ་སངས་མ་རྒྱས་གོང་ནས་བསྒོམ་རྒྱུ་ཡོད། རྗེས་མ་ཡོང་རྒྱུ་དེ་ད་ལྟ་སྔོན་ཚུད་ནས་བསམ་བློ་བཏང་སྟེ་སྒོམ་རྒྱུ་དེ་མདོ་ལུགས་པ་མེད། སྔགས་ལུགས་ལ་རྗེས་མ་སངས་རྒྱས་པའི་སྐབས་སུ་ཇི་ལྟར་ཡོང་རྒྱུ་ཡོད་པ་ད་ལྟ་ནས་བསམ་བློ་བཏང་བའམ་གྲ་སྒྲིག་བྱས་ནས་སྦྱོང་བརྡར་བྱེད་རྒྱུ་ཡོད། མདོ་ལུགས་ལ་སོ་སོའི་བསམ་བློའི་གནས་ཚད་རིམ་པ་བྱས་ཏེ་རང་གི་བསམ་བློ་ཉིད་ཀྱི་རང་བཞིན་གྱི་ཐོག་ནས་རིམ་པས་ཡག་ཏུ་གཏོང་རྒྱུ་མ་གཏོགས་སངས་རྒྱས་པའི་སྐབས་སུ་ཁྱད་ཆོས་ག་རེ་ཡོད་པ་དེ་ད་ལྟ་སྔོན་ཚུད་ནས་བསམ་བློ་བཏང་ནས་སྦྱོང་བརྡར་བྱེད་པའི་ཐབས་དེ་མེད།

དེང་སང་རླུང་སྒོམ་ནས་ལུས་པོར་གྲི་བཙུགས་ནའང་མི་ཤི་བ་སོགས་བྱེད་རྒྱུ་ཡོད་པ་དེའི་རིགས་གསང་སྔགས་ལ་དེ་བས་མང་བ་བྱེད་རྒྱུ་ཡོད། གསང་སྔགས་ཀྱི་གཞི་རྩའི་ཤེས་ཡོན་དང་གསང་སྔགས་ཀྱི་རླུང་སྒོམ་སྟངས་སོགས་བྱེད་ལུགས་བྱེད་སྟངས་དེ་ཚོ་རོབ་ཙམ་ཤེས་ན་འགྲིག གསང་སྔགས་ཀྱི་ཆོས་ཞེས་པ་ནི་རང་གི་ལུས་སེམས་གཉིས་ཀྱི་གནས་ཚུལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་གཞིར་བཟུང་ནས་དེ་ལ་གནད་དུ་བསྣུན་(གནད་དུ་བསྣུན་ཟེར་བ་ནི་འབེན་ལ་མདའ་བརྒྱབ་པ་ལྟར་དེའི་ཐོག་ཏུ་གཙོ་བོ་བསམ་བློ་བཏང་བ་ལ་ཟེར་)ནས་ལམ་བསྒོམ། ལམ་བསྒོམས་པ་དེ་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཀྱི་སྐུ་གསུམ་སྟེ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་དེ་གསུམ་ཐོབ་པར་བྱེད་པའི་ཐབས་ཤེས་ཤིག་རེད། སྐུ་གསུམ་གྱི་སྐུ་དེ་ལ་གཞིའི་དུས་སུ་སྐུ་གསུམ་དང༌། ལམ་གྱི་དུས་སུ་སྐུ་གསུམ། འབྲས་བུའི་དུས་སུ་སྐུ་གསུམ་ཡོད། གཞི་དུས་ཀྱི་སྤྲུལ་སྐུ་ཞེས་པ་ནི། ད་ལྟའི་དུས་དེ་ཡིན། དཔེར་ན། ད་ལྟ་ངས་སྤྲུལ་སྐུ་བྱས་ཏེ་སློབ་ཚན་ཁྲིད། ཁྱེད་ཚོས་ཀྱང་སྤྲུལ་སྐུ་བྱས་ཏེ་སློབ་ཚན་ཉན་གྱི་ཡོད། དེ་བཞིན་སློབ་སྦྱོང་བྱེད་རྒྱུ་དང༌། ཕར་འགྲོ་ཚུར་འགྲོ་བྱེད་རྒྱུ། ཁ་ལག་ཟ་རྒྱུ་སོགས་ཚང་མ་གཞི་དུས་ཀྱི་སྤྲུལ་སྐུ་ཡིན་པ་དང༌། བྱ་བ་སྣ་ཚོགས་བྱེད་པ་དེ་ཚོ་གཞི་དུས་ཀྱི་སྤྲུལ་སྐུའི་དུས་སྐབས་རེད། གཞི་དུས་ཀྱི་ལོངས་སྐུ་ཞེས་པ་ནི་རྨི་ལམ་བཏང་བའི་དུས་སྐབས་དེ་ཡིན། གཉིད་ལམ་མ་བཏང་ན་གཞི་དུས་ཀྱི་ལོངས་སྐུ་དེ་མེད། རྨི་ལམ་གཏོང་དུས་གཞི་དུས་ཀྱི་ལོངས་སྐུ་ཡོད་པའི་རྒྱུ་མཚན་ནི། སྐབས་དེ་དུས་སེམས་དེ་གཉིད་སད་པ་ལྟར་དབང་པོ་ལྔའི་འཆར་སྣང་ཆ་ཚང་བ་ཡང་མེད་པ། དེ་བཞིན་གཉིད་ཐུག་པོ་ཁུག་ནས་བསམ་རྒྱུ་དྲན་རྒྱུ་རྩ་བ་ནས་མེད་པ་ཡང་མིན་པ་དེ་འདྲ་ཞིག་གི་གནས་སྐབས་ལ་རྨི་ལམ་ནང་རང་གི་ཕ་ཡུལ་ལ་འགྲོ་བ་དང༌། ཁྲོམ་ལ་འགྲོ་བ། མི་གཞན་གྱི་ཁྱིམ་དུ་འགྲོ་བ་སོགས་ཀྱི་སྐབས་སུ་རང་གི་ལུས་པོ་ཞིག་ཡོད་པ་དེ་ནི་གཞི་དུས་ཀྱི་ལོངས་སྐུ་རེད། གཞི་དུས་ཀྱི་ཆོས་སྐུ་ནི་གཉིད་ཐུག་པོ་ཁུག་ནས་གཉིད་ལམ་མ་བཏང་བའི་མཚམས་འདི་ཡིན། གཞི་དུས་ཀྱི་སྐུ་གསུམ་ལ་ཡོད་པའི་ཁྱད་ཆོས་དེ་བེད་སྤྱད་ནས་གསང་སྔགས་ཀྱི་ལམ་དུས་ཀྱི་སྐུ་གསུམ་བསྒོམས། ལམ་དུས་ཀྱི་སྐུ་གསུམ་བསྒོམས་པ་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཐོབ་པར་བྱེད་པའི་སྤྲུལ་སྐུ། ལོངས་སྐུ། ཆོས་སྐུ་དེ་གསུམ་ཐོབ་པའི་ཐབས་ཤེས་བྱེད་ཀྱི་ཡོད། དང་པོ་གཞི་དུས་ཀྱི་སྤྲུལ་སྐུའི་སྐབས་སུ་རང་གི་ལུས་ཀྱི་དངོས་ཡོད་གནས་ཚུལ་དེ་ཤེས་རྟོགས་ཐུབ་པ་དང༌། དེ་ནས་སེམས་ཀྱི་དངོས་པོའི་གནས་ཚུལ་དེ་ཤེས་རྟོགས་ཐུབ་པ་བྱེད་དགོས་ཤིང༌། དེ་གཉིས་ཤེས་རྟོགས་ཐུབ་ཚེ་ལུས་སེམས་ཐུན་མོང་གི་གནས་ཚད་དེ་ཤེས་རྟོགས་ཐུབ་རྒྱུ་རེད། དང་པོ་ལུས་ཀྱི་གནས་ཚུལ་ཟེར་བ་དེ་ལ་ལུས་ཕྲ་བ་དང༌། ལུས་རགས་པ། ལུས་ཤིན་ཏུ་ཕྲ་བ་བཅས་གསུམ་ཡོད། ལུས་རགས་པ་ནི་ཤ་ལྤགས་རུས་གསུམ་ལས་གྲུབ་པའི་ལུས་པོ་འདི་ཡིན། ལུས་ཕྲ་མོ་ནི་རྩ་དང༌། རྩའི་ནང་རྒྱུ་བའི་རླུང་དང་ཁྲག་དང་ཁུ་བ་བཅས་ཡིན། ལུས་ཤིན་ཏུ་ཕྲ་བ་ནི་རླུང་དང་སེམས་ངོ་བོ་གཅིག་པ་ཡིན་པའི་རླུང་ཕྲ་མོ་ཟེར་བ་ཞིག་ཡོད་པ་དེ་ཡིན། རྨི་ལམ་ནང་གི་ལུས་དེ་རྟ་དང་གནམ་གྲུ་གང་ལའང་སྡོད་མི་དགོས་པར་རང་བསམ་གང་དྲན་དུ་སླེབས་ཐུབ་པ་དེ་ནི་རླུང་སེམས་ཤིན་ཏུ་ཕྲ་བ་དེའི་བྱེད་རྩོལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། དེ་ལ་ཡིད་ཀྱི་རང་བཞིན་གྱི་ལུས་ཟེར། དེ་བཞིན་སེམས་ལའང་སེམས་རགས་པ་དང༌། སེམས་ཕྲ་བ། སེམས་ཤིན་ཏུ་ཕྲ་བ་བཅས་གསུམ་ཡོད། སེམས་རགས་པ་ཟེར་བ་དེ་ནི་དབང་པོ་ལྔ་ཡི་རྣམ་ཤེས་དེ་ཡིན། སེམས་ཕྲ་བ་དེ་ལ་ཀུན་རྟོག་བརྒྱད་ཅུ་ཐམ་པ་ཟེར་བ་ཞིག་ཡོད། དེ་བཞིན་རྩ་བའི་ཉོན་མོངས་བཅུ་དང་ཉེ་བའི་ཉོན་མོངས་ཉི་ཤུ་བཅས་ནི་སེམས་ཕྲ་བ་ཡིན། སེམས་ཤིན་ཏུ་ཕྲ་བ་དང་ལུས་ཤིན་ཏུ་ཕྲ་བ་གཉིས་གཅིག་མཚུངས་ཡིན། ཁོ་ལ་ཁྱད་ཆོས་ཕྱོགས་གཅིག་གི་ཐོག་ནས་ཕར་འགྲོ་ཚུར་འོང་བྱེད་རྒྱུ་ཡོད་པ་ཡིན་པས་རླུང་བྱས། དེས་ཡུལ་ངོས་འཛིན་བྱེད་ཐུབ་ཀྱི་ཡོད་པས་སེམས་བྱས། དེ་འདྲའི་ཐོག་ནས་བཤད་པ་མ་གཏོགས་རླུང་ཟེར་ནའང་སེམས། སེམས་ཟེར་ནའང་རླུང་སྟེ་ཁོ་གཉིས་དབྱེ་བ་ཆེན་པོ་ཕྱེ་མི་ཐུབ་པ་ལྟ་བུ་ཞིག་ཡིན། དེ་ལ་སེམས་ཤིན་ཏུ་ཕྲ་བ་ཟེར། དེ་བཞིན་སེམས་ཤིན་ཏུ་ཕྲ་བ་ཟེར་ནའང་འདྲ། རླུང་ཟེར་ནའང་འདྲ་དེ་ལ་སྲོག་འཛིན་གྱི་རླུང་ཟེར་བ་ཞིག་ཡོད། སྲོག་འཛིན་གྱི་རླུང་དེ་རྒྱུན་རིང་པོ་ཟིན་ཐུབ་པ་ཡིན་ན་ཚེ་རིང་པོ་ཡོང་གི་ཡོད་ཅིང༌། ཞོགས་པ་སྔ་པོ་ཡར་ལངས་ཏེ་ཟས་མི་ཟ་བ། ཆུ་མི་འཐུང་བ། འགུལ་བསྐྱོད་མ་བྱས་གོང་བཅས་ཀྱི་དུས་སུ་ཉལ་ས་ནས་ཡར་ལངས་ཏེ་ཙོག་ཙོག་བྱས་ནས་ཡག་པོ་བསྡད་དེ་སྲོག་འཛིན་གྱི་རླུང་དེ་ཟིན་ནས་རླུང་དེ་ཕར་བཏང་ཚུར་ཐོན་ཆ་སྙོམས་གྲངས་འབུམ་གཅིག་བར་དུ་ཟིན་ཐུབ་པ་ཡིན་ན་རང་ཉིད་ཚེ་ཚད་ཡོལ་ནའང་ལོ་ལྔ་བར་དུ་སྡོད་ཐུབ་ཀྱི་ཡོད་པས་རླུང་དེའི་མིང་ལ་སྲོག་འཛིན་གྱི་རླུང་ཞེས་བཏགས། དེས་ན་མི་གཞན་ལ་རྒྱུ་དངོས་སྤྲད་དེ་ཚེ་སྒྲུབ་ཞུས་པ་ལས་སོ་སོས་སྲོག་རླུང་བསྒོམས་ནས་ཚེ་སྒྲུབ་བྱས་ན་དེ་ནུས་པ་ཆེ་བ་ཡོད་ཟེར། གསང་སྔགས་ཀྱི་སྐབས་སུ་སྲོག་རླུང་ཟེར་བ་དེ་སྲོག་གནས་དང་མ་གནས་ལ་རག་ལས་ཡོད་ཅིང༌། རླུང་གནས་ན་སྲོག་གནས་ཐུབ་པ་དང་རླུང་མ་གནས་ན་སྲོག་ཀྱང་གནས་ཐུབ་ཐབས་མེད་པས་རླུང་འགྲོ་སྟངས་ཀྱི་མྱུར་ཚད་ཀྱིས་ཚེ་རིང་ཐུང་ལ་ཁྱད་པར་ཆེན་པོ་ཡོད། དེར་བརྟེན་མི་རླུང་ཚ་པོ་དེ་ཚོ་ཚེ་རིང་པོ་མི་ཡོང་ཟེར་བའི་རྒྱུ་མཚན་ཡང་རླུང་ལངས་དུས་དབུགས་བྲེལ་བ་ཆེན་པོ་ཡོད་པ་དང་སེམས་དལ་པོ་བྱུང་ན་དབུགས་དེ་ཡང་དལ་པོ་ཡོང་གི་ཡོད་པས་ཡིན། ཁ་རྒྱུན་དུ་ཁྱོད་རླུང་མ་ལངས་ཟེར་བ་དེར་རྒྱུ་མཚན་མང་པོ་ཡོད་དེ་ཁོང་ཁྲོ་ལངས་དུས་དབུགས་དེ་བྲེལ་བ་ཆེན་པོ་ཡོད་པས་ཡིན། རླུང་ཡིན་ནའང་འདྲ། སེམས་ཡིན་ནའང་འདྲ། དེ་ཕྲ་མོ་དེ་ལ་གཉུག་མའི་སེམས་དང༌། ལྷན་སྐྱེས་ཀྱི་སེམས། ལྷན་སྐྱེས་ཀྱི་རླུང༌། མི་ཞིག་པའི་སེམས། འོད་གསལ་གྱི་སེམས། ངེས་དོན་གྱི་ཨ་མཐོང་སོགས་བརྗོད་ཚུལ་སྣ་ཚོགས་ཡོད་ལ། ངེས་དོན་གྱི་ཡི་གེ་ཨ་ཟེར་བ་དེ་འདི་ཡིན་ཏེ། ཆོས་རྣམས་ཐམས་ཅད་ཨ་ལས་བྱུང༌། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང༌། །སྐད་ཡིག་ཐམས་ཅད་ཨ་ལས་བྱུང་ཟེར་བའི་རྒྱུ་མཚན་འདི་ཡིན་ཟེར། ངེས་དོན་གྱི་ཨ་མཐོང་འདི་ཡིན་ཏེ། གང་ལགས་ཤེ་ན། སྐད་ཡིག་ནི་རླུང་ལས་བྱུང་བ་ཡིན་ཏེ་རླུང་གིས་འགུལ་བསྐྱོད་བྱས་ནས་སྐད་རྒྱག་པ་ལས་རླུང་གིས་འགུལ་བསྐྱོད་མ་བྱས་ན་སྐད་ཀྱང་མེད། རླུང་གིས་འགུལ་སྐྱོད་བྱས་ནས་བསམ་བློ་བཏང༌། བསམ་བློ་བཏང་ནས་བསམ་བློ་དེ་མཚོན་བྱེད་ཀྱི་སྐད་དེ་བྱུང་བ་རེད། རླུང་དེ་མེད་ན་བསམ་བློར་འགུལ་བསྐྱོད་གཏོང་མཁན་གྱི་འཕྲུལ་འཁོར་དེ་མེད། རླུང་གིས་སྐུལ་ནས་ཕྱི་རོལ་ཡུལ་དང་བསམ་བློ་གཉིས་འབྲེལ་བ་བྱེད་དུ་བཅུག འབྲེལ་བ་བྱུང་ནས་བསམ་བློ་འཁོར། བསམ་བློ་འཁོར་རྗེས་བསམ་བློ་དེ་མཚོན་བྱེད་ཀྱི་སྐད་བརྒྱབ། སྐད་ལ་བརྟེན་ནས་ཡི་གེ་བྱུང་བ་སོགས་གོ་རིམ་དེ་འདྲ་ཡོང་གི་ཡོད་པས་ངེས་དོན་གྱི་ཡི་གེ་ཨ་ཟེར་བ་འདི་རེད། སྐད་ཆ་བསམ་བློ་ནས་བྱུང་བ་དེ་བོད་ཡིག་ནང་དེ་འདྲ་རེད་ལ་དེང་དུས་ཚན་རིག་ཐོག་ནས་བཤད་ནའང་དེ་ལྟར་ཡིན། འོན་ཀྱང་གསང་སྔགས་ནང་དེ་ལ་ཁ་སྣོན་གང་ཡོད་དམ་ཞེ་ན། སྐད་ཆ་དེ་བསམ་བློ་ནས་བྱུང་བ་དང༌། བསམ་བློ་དེ་ཕྱི་རོལ་ཡུལ་དང་འབྲེལ་བ་བྱས་ཏེ་བྱུང་བ་རེད། ཕྱི་རོལ་གྱི་ཡུལ་དང་བསམ་བློ་གཉིས་འབྲེལ་བ་བྱེད་དུ་འཇུག་མཁན་ནི་རླུང་དེ་རེད། རླུང་དེ་རང་གིས་དབང་དུ་ཡག་པོ་འདུ་ཐུབ་ན། བསམ་བློ་གང་བྱུང་རྩ་བ་ནས་ཡོང་མི་སྲིད་པ་ཡིན་པས་རླུང་ལ་རང་དབང་ཐོབ་ན་རང་གི་སེམས་ལའང་རང་དབང་ཐོབ་ཐུབ་ཀྱི་རེད་ཟེར། གསང་སྔགས་ཀྱིས་དེའི་ཐད་དམིགས་བསལ་གྱི་རིགས་པའི་གཞུང་ལུགས་གཏིང་ཟབ་པོ་ཞིག་བཤད་ཡོད་ལ་ཁྱད་པར་ཡང་འདི་ཡིན། གོང་དུ་ཞུས་པའི་ཀུན་རྟོག་བརྒྱད་ཅུ་ཐམ་པ་ཞེས་པ་དེ་ནི་སྣང་བའི་རང་བཞིན་གྱི་རྣམ་རྟོག་སུམ་ཅུ་སོ་གསུམ་དང༌། མཆེད་པ་དམར་ལམ་པའི་རང་བཞིན་གྱི་རྣམ་རྟོག་བཞི་བཅུ་ཐམ་པ། ཉེར་ཐོབ་ཀྱི་རང་བཞིན་གྱི་རྣམ་རྟོག་བདུན་བཅས་བརྒྱད་ཅུའོ།།

༣. མིའི་ལུས་པོའི་ནང་གི་རྩ་དང་རླུང་གི་གནས་སྟངས།

ལུས་པོའི་ནང་གི་རྩ་ཆགས་ཚུལ་གྱི་སྐོར། དང་པོ་རྩའི་རྣམ་གྲངས་དང་དེ་རྗེས་ཕྲུ་གུ་ཐོག་མ་ཆགས་སྐབས་ཀྱི་རྩའི་ཆགས་རིམ་སྐོར་ཞུ་གི་ཡིན། དེ་ལས་དང་པོ་རྩ་འཁོར་གྱི་མིང༌། མིའི་ལུས་པོའི་སྟེང་དུ་རྩའི་འཁོར་ལོ་ཆེན་པོ་ཁག་དྲུག་ཡོད། གཉིས་པ་འདབ་གྲངས་ཏེ་རྩ་འཁོར་དེ་ལ་འདབ་མ་གྲངས་ཚད་ག་ཚད་ཡོད་མིན་སྐོར། གསུམ་པ་ཁ་དོག་སྟེ་རྩ་དེའི་མདོག་གང་འདྲ་ཡོད་མེད་སྐོར། བཞི་པ་དབྱིབས་སྟེ་རྩ་དེའི་བཟོ་ལྟ་གང་འདྲ་ཡོད་མིན་སྐོར། ལྔ་པ་ལྟ་ཕྱོགས་ཏེ་རྩ་དེའི་ཁ་ཕྱོགས་གང་དུ་བལྟས་ཡོད་ཡོད་མིན་སྐོར(ཉི་མ་གཅིག་ལ་རྩ་བདུན་ཁྲི་ཉིས་སྟོང་གི་ནང་དུ་རླུང་ཉིས་ཁྲི་ཆིག་སྟོང་འགྲོ་གི་ཡོད)།

གཤམ་དུ་རྩ་དང་རླུང་གི་ཆགས་རིམ་སྐོར་ཞུ་རྒྱུར།

མིའི་ལུས་པོར་རྩ་བདུན་ཁྲི་ཉིས་སྟོང་ཡོད་པའི་ནང་ནས་རྩ་གཙོ་བོ་གསུམ་དེ་ལུས་པོའི་གཡས་གཡོན་གཉིས་ཀྱི་ནང་ནས་དཀྱིལ་དང༌། རྒྱབ་མདུན་གཉིས་ཀྱི་ནང་ནས་རྒྱབ་ཏུ་ཅུང་ཐག་ཉེ་བ་ཞིག་ཏུ་གནས་ཡོད་ཅིང༌། དེ་གསུམ་ལ་རྩ་དབུ་མ། རོ་མ། རྐྱང་མ་ཞེས་ཟེར། རྩ་དེ་གསུམ་ཡང་གཟུགས་པོའི་སྟོད་སྨད་གཉིས་སུ་གནས་སྟངས་གཅིག་མཚུངས་མེད་པར་གཟུགས་པོའི་ལྟེ་བའི་མཚམས་བར་ཆགས་སྟངས་གཅིག་དང་ལྟེ་བ་མན་ཆད་དུ་ཆགས་སྟངས་གཞན་ཞིག་ཡིན། ལྟེ་བ་མན་ཆད་ཀྱི་གཡས་གཡོན་གཉིས་གཅིག་མཚུངས་མིན་རུང་དཀྱིལ་དེ་གཅིག་མཚུངས་ཡིན། གཤམ་དུ་རྩའི་མིང་དང༌། གནས་ཡུལ། ཁ་དོག རྩ་དེ་དག་ནང་གང་འགྲོ་གི་ཡོད་མེད། ཡར་སྣེ་དང་མར་སྣེ་གཉིས་གང་དུ་གནས་ཡོད་མེད། རྩ་དེ་ཚོ་སོ་སོ་ལ་སྣེ་གྲངས་ཇི་ཙམ་ཡོད་མེད་དང་སྣེ་གྲངས་མི་འདྲ་བ་དེ་དག་སོ་སོའི་མིང་དང༌། གནས་ཡུལ། ཡར་སྣེ་དང་མར་སྣེ། དེ་དག་ནང་རྒྱུ་བའི་རླུང༌། ཁ་དོག་སོགས་ནང་དོན་བདུན་དུ་དབྱེ་ནས་ཞུ་རྒྱུ་ཡིན། རྩ་གཙོ་བོ་གསུམ་ལ་ནང་དོན་བདུན་ཡོད།

རྩ་གཙོ་བོ་གསུམ་གྱི་ནང་གསེས་རྩ་དབུ་མ་ནི་མིའི་ལུས་པོའི་དཀྱིལ་དུ་གནས་ཡོད། དེ་ལ་མིང་གཞན་སྟེ་འོད་གསལ་གྱི་རྩ་དང༌། གཏི་མུག་གི་རྩ་ཡང་ཟེར། དེའི་གནས་ཡུལ་ནི་ལུས་པོའི་གཡས་གཡོན་གཉིས་ཀྱི་ནང་ནས་དཀྱིལ། རྒྱབ་མདུན་གཉིས་ཀྱི་ནང་ནས་རྒྱབ་ཏུ་ཅུང་བར་ཐག་ཉེ་བའི་སར་གནས་ཡོད། མིའི་ལུས་པོའི་སྟེང་གི་སྲོག་རྩ་དང་རྩ་དབུ་མ་གཉིས་ལོགས་སུ་དགར་བ་ཡིན། འོན་ཀྱང་དེ་གཉིས་གཤིབ་གཤིབ་བྱས་ཏེ་གནས་ཡོད། རྩ་དེའི་ཡར་སྣེ་དེ་མིག་སྤུ་གཉིས་ཀྱི་བར་མཚམས་སུ་གནས་ཡོད་པས་སྐབས་རེ་གློ་བུར་དུ་མགོ་ན་ཚེ་མིག་སྤུ་གཉིས་ཀྱི་བར་མཚམས་ཀྱི་རྩ་དབུ་མའི་ཡར་སྣེ་དེ་ཕུར་ན་དྲག་སྐྱེས་ཡོང་བ་དེ་ཡིན། ལྷ་ལ་མིག་གསུམ་ཡོད་པ་ལས་མིག་གཅིག་རྩ་དབུ་མའི་ཡར་སྣེ་ཡོད་སར་ཡོད་པའི་རྒྱུ་མཚན་ནི། རྩ་དབུ་མ་དེ་ཁ་ཕྱེ་ཟིན་སྟབས་རྩ་དབུ་མའི་ནང་གི་ཡེ་ཤེས་ཀྱི་སྤྱན་ཟེར་བ་དེ་ཡིན་ཟེར། མིའི་ལུས་པོའི་ཐོག་གི་རྩ་དབུ་མའི་མར་སྣེ་དེ་ཕོ་མོ་གཉིས་ཀྱི་རྟགས་ཀྱི་རྩེ་ལ་ཡོད། རྩ་དབུ་མའི་ནང་རྒྱུ་བའི་རླུང་དེ་ཡེ་ཤེས་ཀྱི་རླུང་ཡིན། འོན་ཀྱང་གསང་སྔགས་ཀྱི་རྟོགས་པ་མཐོན་པོར་མ་སླེབས་བར་ནམ་རྒྱུན་སྤྱིར་བཏང་ཡེ་ཤེས་ཀྱི་རླུང་དེ་རྒྱུ་མི་ཐུབ། རྩ་དབུ་མའི་ཁ་དོག་ནི་ཕྱི་སྔོན་པོ་དང་ནང་དམར་པོ་ཡིན།

རྩ་གཙོ་བོ་གསུམ་གྱི་ནང་གསེས་རྩ་རོ་མ་དེ་གཟུགས་པོའི་སྟོད་ཀྱི་གཡས་ངོས་སུ་གནས་ཡོད། ཁོང་ཁྲོ་ཟ་བའི་རྩ་དེ་གཡས་ཕྱོགས་སུ་ཡོད་པས་དེ་ལ་ཞེ་སྡང་གི་རྩ་ཡང་ཟེར། ཞེ་སྡང་གི་རྩ་ཟེར་དགོས་པའི་རྒྱུ་མཚན་ནི། ཁོང་ཁྲོ་ལངས་བྱེད་ཀྱི་རླུང་དེ་རྩ་རོ་མའི་ནང་དུ་རྒྱུ་བས་ཡིན། དེ་གནས་ས་ནི་ལུས་པོའི་སྟོད་ཀྱི་གཡས་དང་སྨད་ཀྱི་གཡོན་དུ་གནས་ཡོད། རྩ་དེའི་སྟོད་སྨད་གཉིས་ཀྱི་བར་མཚམས་དེ་ལྟེ་བར་གནས་ཡོད། རྩ་དེའི་ཡར་སྣེ་དེ་སྐབས་རེ་སེམས་སྐྱོ་པོ་ཡོང་དུས་སྣ་ཁུག་ལ་ན་ཚ་གཏོང་ས་དེར་ཡོད། དེ་ཡང་སྣ་ཁུག་གི་གཡང་ངོས་སུ་ཡོད། མར་སྣེ་དེ་རྩ་དབུ་མ་དང་མཚུངས་པར་ཕོ་མོའི་རྟགས་ཀྱི་རྩེ་མོར་གནས་ཡོད་པ་དང་དེའི་ནང་ཁྲག་རྒྱུ་བ་ཡིན། དེའི་ནང་ཁྲག་རྒྱུ་བར་བརྟེན་ཁ་དོག་ཀྱང་དམར་པོ་ཡིན།

རྩ་གཙོ་བོ་གསུམ་གྱི་ནང་གསེས་རྩ་རྐྱང་མ་ཞེས་པ་དེར་མིང་གཞན་འདོད་ཆགས་ཀྱི་རྩ་ཡང་ཟེར། རྩ་དེ་ལུས་པོའི་སྟོད་ཀྱི་གཡོན་དང་སྨད་ཀྱི་གཡས་སུ་ཡོད་པས་དེའི་ལྟེ་བ་ཡས་མས་ཀྱི་གནས་ཡུལ་མི་འདྲ་བ་ཡིན། ཡར་སྣེ་དེ་སྣ་ཁུག་གཡོན་མའི་སྦུག་ཏུ་ཡོད་པ་དང་མར་སྣེ་དེ་ཕོ་མོ་གཉིས་ཀྱི་རྟགས་ཀྱི་རྩེ་ལ་ཡོད། དེའི་ནང་ཁུ་བ་རྒྱུ་བ་ཡིན་པས་ཕྲུ་གུ་ཆགས་བྱེད་ཀྱི་ཁུ་བ་དེ་ལམ་འདི་བརྒྱུད་ནས་འགྲོ་གི་ཡོད། རྩ་དེའི་ནང་ཁུ་བ་དཀར་པོ་རྒྱུ་བས་ན་ཁ་དོག་ཀྱང་དཀར་པོ་ཡིན། གོང་གསལ་རྣམས་ནི་ཐོག་མར་ཆགས་པའི་རྩ་གསུམ་ཟེར་བ་དེ་ཡིན།

ཐོག་མར་ཆགས་པའི་རྩ་གསུམ་ཟེར་དོན་ནི། ཕ་མ་གཉིས་འཕྲད་རྗེས་ཕ་མ་གཉིས་ཀྱི་ས་བོན་ལས་ཕྲུ་གུ་ཆགས་སྐབས་ཐོག་མར་ཆགས་རྒྱུའི་རྩའི་ནང་ནས་གོང་གསལ་རྩ་གསུམ་པོ་དེ་ཨང་དང་པོར་ཆགས་པ་དང༌། དེའི་རྗེས་ཕྱོགས་བཞིའི་རྩ་ཆགས། དེ་ནས་མཚམས་བཞིའི་རྩ་དེ་རྣམས་བཅས་རྩ་བརྒྱད་ཆགས་རྒྱུ་ཡོད། དེ་ལ་ནང་གསེས་དབྱེ་ན་རྩ་སོ་སོའི་མིང་དང༌། རྩ་ཆགས་པའི་དུས་ཚོད། རྩ་དེའི་ནང་དུ་རླུང་གང་འགྲོ་མིན། དེས་ནུས་པ་གང་འདོན་གྱི་ཡོད་མེད། དེ་ཁ་ཕྱོགས་གང་འདྲ་ཞིག་ལ་གནས་ཡོད་མེད། རྩ་དེའི་ཡལ་ག་དེ་རྩ་བ་གང་ནས་ཡོང་དགོས་མིན་སོགས་ནང་དོན་བདུན་ཡོད། ཕྱོགས་བཞི་མཚམས་བརྒྱད་ཀྱི་རྩ་སོ་སོར་ནང་དོན་བདུན་རེ་ཡོད་པ་དང་རྩ་དེ་རྣམས་ལ་མིང་གཅིག་ལས་མེད།

ཕྱོགས་བཞིའི་ནང་ནས་དང་པོ་ཆགས་རྒྱུའི་རྩ་དེ་རྩ་སྲུང་འཁོར་མ་ཟེར་བ་དེ་ཡིན་ཞིང༌། རྩ་གཙོ་བོ་གསུམ་པོ་དེ་ཆགས་རྗེས་སྲུང་འཁོར་མ་དེ་བྱུང་བ་རེད། རྩ་དེའི་ནང་ས་རླུང་རྒྱུ་བ་དང་དེས་ལུས་པོའི་ཤ་ལྤགས་རུས་གསུམ་འཕེལ་རྒྱས་འགྲོ་བའི་ནུས་པ་ཐོན་གྱི་ཡོད། ང་རང་ཚོ་ཁ་མདུན་ལ་ལྟ་བའི་ཤར་དུ་ཡོད། (རྩ་ཆགས་རིམ་གྱི་ཁ་ཕྱོགས་བརྩི་སྐབས་མདུན་ལ་ཤར། རྒྱབ་ལ་ནུབ། གཡས་ལ་ལྷོ། གཡོན་ལ་བྱང་དུ་བརྩི་དགོས་)གཡས་གཡོན་ནི་མདུན་ངོས་སུ་ཡིན། མིའི་གཟུགས་པོ་ཆགས་སྐབས་རྩ་དང་པོ་མདུན་ངོས་རྣམས་ཆགས་ཀྱི་ཡོད། རྩ་དེའི་རྩ་བའི་ཡལ་ག་གཏོང་ས་ནི་རྩ་དབུ་མ་ནས་ཡིན།

ཕྱོགས་བཞིའི་རྩའི་ནང་ནས་གཉིས་པ་རྩ་འདོད་མ་ཟེར་བ་དེ་ཡང་རྩ་གཙོ་བོ་གསུམ་ཆགས་པའི་རྗེས་སུ་བྱུང་བ་གཅིག་མཚུངས་ཡིན། དེའི་ནང་ཆུ་རླུང་རྒྱུ་བ་དང༌། ཆུ་རླུང་དེས་གཙོ་བོ་ཁུ་བ་དང༌། ཆབ་གསང༌། བད་ཀན་སོགས་ཆུའི་རིགས་འཕེལ་བའི་ནུས་པ་ཐོན་གྱི་ཡོད། གནས་སའི་ཁ་ཕྱོགས་ནི་ལྷོ་སྟེ་ལག་པ་གཡས་ངོས་སུ་ཡོད། དེའི་རྩ་བའི་ཡལ་ག་ནི་རྩ་དབུ་མ་ནས་བྱུང་བ་ཡིན།

ཕྱོགས་བཞིའི་རྩའི་ནང་གི་གསུམ་པ་རྩ་ཁྱིམ་མ་ཟེར་བ་དེ་ནི་གོང་གསལ་རྩ་ལྔ་ཆགས་པའི་རྗེས་སུ་བྱུང་བ་རེད། དེའི་ནང་མེ་རླུང་འགྲོ་གི་ཡོད་པ་དང་དེས་མེ་ཁམས་འཕེལ་བའི་ནུས་པ་ཐོན་གྱི་ཡོད་པས་གཟུགས་པོར་དྲོད་སྐྱེས་རྒྱུ་དང༌། ཁྲག་ཤེད་རྒྱས་རྒྱུ། ལྟོ་ཆས་འཇུ་རྒྱུ་སོགས་མེ་ཁམས་ཀྱི་རླུང་དེས་ནུས་པ་ཐོན་གྱི་ཡོད། གནས་སའི་ཁ་ཕྱོགས་ནི་ནུབ་སྟེ་རྒྱབ་ཏུ་གནས་ཡོད། དེ་ཡང་རྩ་དབུ་མ་ནས་ཡལ་ག་བཏང་བ་ཞིག་ཡིན།

དེ་ནས་ཕྱོགས་བཞིའི་རྩ་བཞི་པ་རྩ་སྟོན་མ་ཟེར་བ་དེ་ཆགས་ཀྱི་ཡོད། དེའི་ནང་དུ་རླུང་གི་རླུང་རྒྱུ་ཞིང༌། རླུང་གི་རླུང་ཟེར་བ་ནི་དབུགས་ཆ་སྙོམས་བྱེད་རྒྱུ་དེ་རེད། ནུས་པ་ནི་དེས་རླུང་ཁམས་འཕེལ་བ་དང་གཟུགས་པོའི་ནང་གི་རླུང་ཁམས་ཆ་སྙོམས་པོ་བཟོ་གི་ཡོད། གནས་ཡུལ་ནི་བྱང་སྟེ་གཡོན་ངོས་སུ་ཡོད། དེ་ཡང་རྩ་དབུ་མ་ནས་ཡལ་ག་བཏང་བ་ཞིག་ཡིན། གོང་གསལ་ནི་ཕྱོགས་བཞིའི་རྩ་རྣམས་ཀྱི་ཆགས་ཚུལ་སྐོར་ཡིན།

གཤམ་དུ་མཚམས་བཞིའི་རྩ་རྣམས་ཀྱི་ཆགས་ཚུལ་སྐོར་ལ།

དང་པོ་གཟུགས་ཀྱི་རྩ་ནི་ཕྱོགས་བཞིའི་རྩ་བཞི་པ་བྱང་གི་རྩ་སྟོན་མ་ཆགས་ཟིན་རྗེས་གཟུགས་ཀྱི་རྩ་དེ་ཆགས་པ་ཡིན། དེའི་ནང་རླུང་དང༌། ཁྲག ཁུ་བ་བཅས་ཆ་སྙོམས་ཀྱིས་རྒྱུ་བ་ཡིན། གཟུགས་ཀྱི་རྩ་དེས་གཟུགས་མཐོང་རྒྱུའི་ནུས་པ་ཐོན་གྱི་ཡོད། གནས་ཡུལ་ནི་མདུན་གྱི་གཡས་སུ་ཡོད། ཡལ་ག་གཏོང་ས་ནི་ཤར་ངོས་ཀྱི་རྩ་སྲུང་འཁོར་མ་ཟེར་བ་དེ་ནས་ཡིན།

གཉིས་པ་དྲི་ཡི་རྩ་ནི་ལྷོ་ངོས་ཀྱི་རྩ་དེ་ཆགས་ཟིན་པའི་རྗེས་སུ་ཆགས་པ་ཞིག་ཡིན། དེའི་ནང་དུའང་རླུང་དང༌། ཁུ་བ། ཁྲག་གསུམ་ཆ་སྙོམས་ཀྱིས་རྒྱུ་བ་ཡིན། དེས་དྲི་ཚོར་བའི་ནུས་པ་ཐོན་ཐུབ། གནས་ས་ལྷོ་ནུབ་ཀྱི་ཕྱོགས་སུ་ཡོད། འདིར་ལུས་པོའི་ལྷོ་སྟེ་ལག་གཡས་པའི་ངོས་ལ་ཟེར། དེའི་ཡལ་ག་གཏོང་སའི་རྩ་བ་ནི་ལྷོ་ཕྱོགས་ཀྱི་རྩ་འདོད་མ་ནས་ཡིན།

གསུམ་པ་རོ་ཡི་རྩ་ནི་ནུབ་ཀྱི་རྩ་སྟེ་རྒྱབ་ངོས་ཀྱི་རྩ་དེའི་རྗེས་སུ་ཆགས་པ་རེད། དེའི་ནང་དུའང་ཁུ་བ་དང༌། རླུང༌། ཁྲག་བཅས་རྒྱུ་བ་ཡིན། དེས་ལྟོ་ཆས་ཀྱི་བྲོ་བ་ཚོར་བའི་ནུས་པ་ཐོན་ཐུབ། གནས་ས་ནི་ནུབ་བྱང་གི་ངོས་ཏེ་རྒྱབ་ཀྱི་གཡས་ངོས་སུ་ཡོད། དེའི་ཡལ་ག་གཏོང་ས་ནི་ནུབ་སྟེ་བྱང་ངོས་ཀྱི་རྩ་ཁྱིམ་མ་ནས་ཡིན།

བཞི་པ་རེག་བྱའི་རྩ་ནི་བྱང་སྟེ་གཡོན་གྱི་རྩ་དེ་ཆགས་པའི་རྗེས་སུ་བྱུང་ཞིང༌། དེའི་ནང་དུའང་རླུང་ཁྲག་ཁུ་བ་གསུམ་རྒྱུ་བ་ཡིན། དེའི་ནུས་པ་ནི་འཇམ་པོ་དང༌། རྩུབ་པོ། ལྗིད་པོ་སོགས་རེག་བྱའི་ཚོར་བའི་ནུས་པ་དེ་ཐོན་ཐུབ། གནས་ས་ནི་བྱང་ཤར་ངོས་སུ་ཡོད། ཡལ་ག་གཏོང་ས་ནི་བྱང་གི་རྩ་སྟོན་མ་ཟེར་བ་དེ་ནས་བྱུང་བ་རེད། གོང་གསལ་དེ་རྣམས་ནི་ཕྱོགས་བཞི་མཚམས་བརྒྱད་ཀྱི་རྩ་རྣམས་ཆགས་ཚུལ་སྐོར་ཡིན།

དེ་མིན་ཡང་གནས་ལྔ་ཟེར་བ་ཞིག་ཡོད་དེ། སྤྱི་བོ། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས་བཅས་ཡིན། གནས་ལྔ་པོ་དེ་དག་གི་ཐོག་ཏུ་རྩ་དབུ་མ་ལ་རྩ་རོ་མ་དང་རྐྱང་མ་གཉིས་ཀྱིས་མདུད་པ་བརྒྱབ་ཡོད་པས་འདིར་གནས་སོ་སོའི་མིང་དང༌། མདུད་པ་རྒྱག་མཁན་གྱི་རྩ་གང་ཡིན་མིན། མདུད་པ་གྲངས་ཇི་ཙམ་ཡོད་མེད་སོགས་ཞུ་རྒྱུར། སྤྱི་བོའི་རྩ་དབུ་མ་དེ་ལ་རོ་མས་མདུད་པ་གཡས་སྐོར་གཅིག་བརྒྱབ་ཡོད། དེ་ཡང་རྒྱབ་ནས་མདུན་ལ་བསྐོར་བར་གཡས་སྐོར་དང༌། མདུན་ནས་རྒྱབ་ལ་བསྐོར་བར་གཡོན་སྐོར་ཟེར། དེ་བཞིན་རྩ་རྐྱང་མས་མདུད་པ་གཡོན་སྐོར་གཅིག་བརྒྱབ་ཡོད། མགྲིན་པ་ལའང་མདུད་པ་རྒྱག་སྟངས་གོང་ལྟར་ཡིན། སྙིང་ཁ་ལ་རོ་མས་མདུད་པ་གསུམ་དང་རྐྱང་མས་མདུད་པ་གསུམ་སྟེ་ཁྱོན་བསྡོམས་མདུད་པ་དྲུག་ཡོད། དེ་ཡང་ཐོག་མར་རྩ་རོ་མས་ཚུར་མདུད་པ་གསུམ་བརྒྱབ། དེ་རྗེས་རྩ་རྐྱང་མས་མདུད་པ་གཡོན་སྐོར་གསུམ་བརྒྱབ་ཡོད། རྩ་རོ་མ་དང་རྐྱང་མའི་མདུད་པ་གཉིས་ཀྱི་བར་མཚམས་ནས་རྩ་དབུ་མས་བཏང་བའི་ཡལ་ག་རྣམས་ཕྱི་ངོས་སུ་བཏང་ཡོད། དེ་མིན་ལྟེ་བ་དང་གསང་གནས་ལ་རོ་མས་གཡས་སྐོར་གཅིག་དང༌། རྐྱང་མས་གཡོན་སྐོར་གཅིག་བཅས་གཅིག་མཚུངས་སོ། །སྔོན་མ་མིའི་གཟུགས་པོ་ཆགས་སྟངས་དང་རྩ་རྣམས་ཕན་ཚུན་མདུད་པ་རྒྱག་སྟངས། རྩ་ཆགས་སྟངས་སོགས་རི་མོ་ཆ་ཚང་ཡོད། རྩ་ཆགས་སྟངས་སྐོར་སྨན་གཞུང་ནས་བཤད་པ་དང་གསང་སྔགས་ཀྱི་གཞུང་ནང་བཤད་པ་གཉིས་སྤྱིར་ན་གཅིག་མཚུངས་རེད། འོན་ཀྱང་ཁ་ཤས་སར་མི་འདྲ་བ་ཕྲན་བུ་ཡོད། སྨན་གཞུང་ནང་གི་རྩའི་མིང་དང་གསང་སྔགས་ཀྱི་གཞུང་ནང་ཡོད་པའི་རྩའི་མིང་གི་རྣམ་གྲངས་ཅུང་མི་འདྲ་བ་ཡོད། འོན་ཀྱང་དོན་དག་གཅིག་མཚུངས་ཡིན།

གཞན་ཡང་རྩ་འཁོར་དྲུག་སྟེ་འབབ་ཚུགས་དྲུག་ཅེས་སྤྱི་བོ་དང༌། མགྲིན་པ། སྙིང་ཁ། ལྟེ་བ། གསང་གནས། ཕོ་མོ་གཉིས་ཀྱི་རྟགས་ཀྱི་རྩེ་མོ་བཅས་ལ་འབབ་ཚུགས་རེ་ཡོད།

༡. སྤྱི་བོའི་འབབ་ཚུགས་དེ་ལ་སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཟེར། རྩ་དེ་དཀར་པོ་ཟུར་གསུམ་མ་འདབ་མ་གྲངས་སུམ་ཅུ་སོ་གཉིས་དང་ལྡན་པ། ཁ་ལྟ་ཕྱོགས་ནི་མར་ཉི་གདུགས་ཕུབ་པ་ལྟ་བུ་ཞིག་ཡོད། དེ་ནི་སྤྱི་བོའི་ཀླད་པ་ལྡན་པའི་ཀ་ལི་དེ་གདུགས་ཕུབ་པ་ལྟ་བུར་གནས་ཡོད་པས་རྩ་དེའི་འདབ་མ་ཡང་ཁ་ཐུར་ལ་མར་བལྟས་པ་ལས་ཁ་ཐུག་ལ་བལྟས་མེད་ལ་ཡོང་ཡང་མི་སྲིད། རྩ་དེར་བདེ་བ་ཆེན་པོའི་འཁོར་ལོ་ཟེར་བའི་རྒྱུ་མཚན་ནི། མིའི་གཟུགས་པོའི་སྟོབས་ཤུགས་རྒྱས་རྒྱུ་དང་བདེ་བ་རྒྱས་པའི་ཁུ་བ་གནས་ས་ལྟེ་བ་དེ་སྤྱི་བོ་ལ་གནས་ཡོད་པས་ཡིན། དཔེར་ན་འདོད་ཆགས་སྐྱེ་སྐབས་དེའི་ཤུགས་དེ་འཕེལ་ཏེ་ལྟེ་བ་ནས་ཡར་དྲོད་སྐྱེས་ནས་ལུས་པོ་ཡོངས་ཀྱི་བཅུད་ཚང་མ་ཁབ་ལེན་གྱིས་ལྕགས་འཐེན་པ་ལྟར་འཐེན་ཏེ་རྩ་རྐྱང་མ་ནས་མར་བབས་ཏེ་འགྲོ་གི་ཡོད་སྟབས་བདེ་བ་ཆེན་པོའི་འཁོར་ལོ་ཞེས་བརྗོད། དེར་བརྟེན་ཆང་དང༌། ཞོ། ཤ་སོགས་ཟ་འཐུང་བྱས་ན་བདེ་བ་ཆེན་པོའི་འཁོར་ལོ་དེ་རྒྱས་རྒྱུའི་སྟོབས་སྐྱེས་ཀྱི་སྨན་རེད་ཟེར་བའི་རྒྱུ་མཚན་དེ་ཡིན། འོན་ཀྱང་ཤའི་ནང་ནས་ར་ཤ་དེ་བསིལ་པོ་ཡིན་སྟབས་གྲང་བ་ལ་གནོད་དེ་སྤྱི་བོ་བདེ་བ་ཆེན་པོའི་ཁུ་བ་དེ་མར་ཉམས་པ་ལས་འཕེལ་རྒྱས་མི་ཐུབ་ལ། ཕོ་བའི་ཚ་དྲོད་དང་གཟུགས་པོའི་སྟོབས་ཤུགས་ཀྱང་ཉམས་འགྲོ་གི་ཡོད་པས་སྨན་གཞུང་ནང་ར་ཤ་ཟ་མི་ཉན་ཞེས་འཁོད་པའི་རྒྱུ་མཚན་ཡང་དེ་ལྟར་ཡིན། འོན་ཀྱང་ལུག་ཤ་དེ་དྲོད་ཆེན་པོ་ཡིན་སྟབས་གཟུགས་པོར་ཕན་གྱི་ཡོད།

༢. མགྲིན་པའི་འབབ་ཚུགས་དེ་ལ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཟེར། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ཟེར་བའི་རྒྱུ་མཚན་ནི་སྐད་ཆ་ཤོད་པ་དང༌། ལྟོ་ཆས་ཟ་བ། གླུ་ལེན་པ་སོགས་ལས་ཀ་ཚང་མ་བྱེད་ས་དེ་ཡིན་པས་ན་འདི་ལ་ལོངས་སྤྱོད་ཀྱི་འཁོར་ལོ་ཟེར། རྩ་དེ་དམར་པོ་སྒོར་སྒོར་འདབ་མ་གྲངས་བཅུ་དྲུག་དང་ལྡན་པ། ཁ་གྱེན་ལ་བལྟས་པ་ཞིག་ཡོད། དཔེར་ན་ང་ཚོས་རང་གི་ལྕེ་དེ་རྐན་ལ་སྦྱར་ནས་བསྡད་ཚེ་མགྲིན་པའི་བད་རླུང་དེ་མར་མནན་པའི་དབང་གིས་ཁ་སྐོམ་གྱི་མེད།

༣. སྙིང་ཁའི་འབབ་ཚུགས་དེ་ལ་སྙིང་ཁ་ཆོས་ཀྱི་འཁོར་ལོ་ཟེར་ཞིང༌། དེང་སང་ང་རང་ཚོའི་ཤོད་སྟངས་ལྟར་ན་མིའི་བསམ་བློ་དེ་ཀླད་པའི་ནང་གནས་ཡོད་པར་འདོད་པ་དང༌། ཆོས་ཀྱི་ནང་མིའི་བསམ་བློ་དེ་སྙིང་ཁར་ཡོད་པར་བཤད་ཡོད། དང་པོ་ལུས་པོ་ཆགས་ས་དེ་ཡང་སྙིང་ཁ་ཡིན་ལ་བསམ་བློ་ཆགས་ས་དང་སྐྱེ་བ་ལེན་ས་ཡང་སྙིང་ཁ་ཡིན། མཐའ་མ་ལུས་པོ་དང་སེམས་ཁ་བྲལ་དུས་ཀྱང་སྙིང་ཁ་ནས་ཁ་བྲལ་འགྲོ་བ་ཡིན། སེམས་གནས་ས་སྙིང་ཁར་ཡིན་ལ་ལུས་དང་སེམས་ཀྱི་འབྲེལ་བ་ཆགས་ས་ཡང་སྙིང་ཁར་ཡིན་པས་ཆོས་ཐམས་ཅད་ཀྱི་རྩ་བ་སྙིང་ཁ་ཆོས་ཀྱི་འཁོར་ལོ་ཟེར། དེ་ལ་འདབ་མ་བརྒྱད་ལས་མེད། ནམ་རྒྱུན་གསང་སྔགས་ཀྱི་ཆོས་མ་བྱས་པའི་སྐབས་སུ་རྩ་དབུ་མའི་ནང་དུ་རླུང་འགྲོ་མི་ཐུབ་པས་དེའི་སྐབས་སུ་རྩ་དེ་ཁ་དོག་སྔོན་པོ་ཡིན་པ་དང༌། གསང་སྔགས་ཀྱི་ཆོས་བྱས་ནས་གནས་ཚད་མཐོ་པོར་སླེབས་སྐབས་གཡས་གཡོན་གྱི་རྩ་གཉིས་ཀྱི་རླུང་དེ་རྩ་དབུ་མའི་ནང་དུ་འགྲོ་ཐུབ་སྟབས་དེའི་ཁ་དོག་དཀར་པོར་འགྱུར་འགྲོ་བ་ཡིན་པས་དེའི་མདོག་དེ་དཀར་པོའམ་སྔོན་པོ་ཡིན་ཟེར། འདབ་མའི་བཟོ་ལྟ་ཟླུམ་པོ་ཡིན་པ་དང༌། ཁ་ཐུར་དུ་གནས་ཡོད།

༤. ལྟེ་བའི་འབབ་ཚུགས་ཏེ་ལྟེ་བ་སྤྲུལ་པའི་འཁོར་ལོ་ཟེར་བ་ནི། མེ་ཁམས་སམ་ཁྲག་གི་ཤུགས་གནས་སའམ་རྒྱས་ས་དེ་ལྟེ་བར་གནས་ཡོད་པས་ན་དེས་སྤྲུལ་པ་བསྟན་པ་ལྟར་ལས་ཀ་མང་པོ་བྱེད་ཀྱི་ཡོད། དེ་ལ་འདབ་མ་དྲུག་ཅུ་རེ་བཞི་ལ་ལས་འགན་མི་འདྲ་བ་དྲུག་ཅུ་རེ་བཞི་ཡོད། རྩ་དེ་ཚོའི་ནང་ཁ་ཤས་ལ་ཁྲག་ཤུགས་ཆེ་བ་རྒྱུ་བ་དང༌། ཁ་ཤས་ལ་ཁུ་བ་ཤུགས་ཆེ་བ་རྒྱུ་བ། ཁ་ཤས་ནང་རླུང་ཤུགས་ཆེ་བ་རྒྱུ་བ་ཡིན་པས་རྩ་དེའི་ཁ་དོག་གཅིག་ཏུ་ངེས་པའི་གཏན་འཁེལ་བ་ཞིག་མེད། བཟོ་ལྟ་ནི་ཟུར་གསུམ་ཡིན་པ་དང་ཁ་གྱེན་ལ་བལྟས་ཡོད།

༥. གསང་གནས་ཀྱི་འབབ་ཚུགས་ཏེ་གསང་གནས་བདེ་སྐྱོང་གི་འཁོར་ལོ་ཟེར་བ་ནི་ཕོ་མོ་གཉིས་ཀྱི་རྟགས་ཡོད་ས་དེ་ཡིན། རྩ་དམར་པོ་ཟླུམ་གཟུགས་འདབ་མ་སུམ་ཅུ་སོ་གཉིས་དང་ལྡན་པ་དང༌། ཁ་ཐུར་དུ་བལྟས་ཡོད།

༦. ཕོ་མོ་གཉིས་ཀྱི་རྟགས་ཀྱི་རྩེ་མོའི་འབབ་ཚུགས་ཏེ་ནོར་བུའི་དབུས་ཀྱི་རྩ་འཁོར་ཟེར། རྩ་དེ་དཀར་པོ་ཟུར་གསུམ་པ་འདབ་མ་བརྒྱད་དང་ལྡན་པ། ཁ་གྱེན་ལ་བལྟས་ནས་གནས་པ་ཞིག་ཡོད། གོང་གསལ་དེ་རྣམས་ནི་རྩ་གསུམ་འཁོར་ལོ་དྲུག་གི་སྐོར་ཡིན།

༤. མངལ་འཁོར་བའི་བརྒྱུད་རིམ།

ཕྲུ་གུ་མངལ་དུ་འཁོར་ནས་མ་སྐྱེས་བར་དུ་ཟླ་བ་དགུ་དང་ངོ་བཅུ་ཡོད་པའི་ཐོག་མ་ཟླ་བ་ལྔའི་རིང་གི་ཕྲུ་གུའི་གཟུགས་པོ་དང༌། རྩ། རླུང་བཅས་ཀྱི་ཆགས་སྟངས་སྐོར། དེ་ལ་རླུང་གི་མིང་དང༌། རླུང་ཆགས་པའི་དུས་ཚོད། ཆགས་སའི་ཡུལ། རླུང་དེ་རིགས་ལྔའི་ནང་ནས་གང་ཡིན་པ། མདོག་གང་ཡིན་པ། སྐབས་དེ་དུས་ལུས་པོའི་བཟོ་ལྟ་གང་འདྲ་ཡོད་པ། འབྱུང་བ་རྣམས་གང་འདྲ་བྱས་ཏེ་འཕེལ་རྒྱས་འགྲོ་གི་ཡོད་པ་སོགས་ནང་དོན་བདུན་ཙམ་ཡོད། དེ་ཡང་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔ་ལས་ཐོག་མའི་ཟླ་བ་ལྔའི་ནང་རྩ་བའི་རླུང་ལྔ་ཟེར་བ་དེ་ཆགས་ཀྱི་ཡོད་པ་དང་རྗེས་ཀྱི་ཟླ་བ་བཞི་དང་ཕྱེད་ཀའི་ནང་ཡན་ལག་གི་རླུང་ལྔ་པོ་དེ་རྣམས་ཆགས་ཀྱི་ཡོད།

༡. ཐོག་མར་ཆགས་པའི་རླུང་དེར་སྲོག་འཛིན་གྱི་རླུང་ཟེར། དེ་ནི་མངལ་འཁོར་བའི་ཟླ་བ་དང་པོ་དེའི་ནང་ཡིན། སྲོག་འཛིན་གྱི་རླུང་དེ་ལའང་ཕྲ་མོ་དང་རགས་པ་གཉིས་ཡོད་པ་ལས་རགས་པ་དེ་ཟླ་བ་དང་པོར་ཆགས་ཀྱི་ཡོད། སྲོག་འཛིན་ཕྲ་མོ་ནི་ཐོག་མ་མངལ་དུ་ཞུགས་དུས་ནས་ཡོད་པ་ཞིག་ཡིན་པས་སྲོག་འཛིན་ཕྲ་མོ་ནས་རགས་པ་ཆགས་པ་ཡིན། དེ་སྙིང་ཁར་གནས་ཡོད་པ་དང༌། རིགས་ལྔའི་ནང་ནས་རྒྱལ་བ་མི་བསྐྱོད་པའི་རིགས་ཡིན་པས་རླུང་དེ་རྗེས་སུ་སངས་རྒྱས་ཚེ་སངས་རྒྱས་མི་བསྐྱོད་པ་ཡིན་ཅིང༌། དེས་ན་སྲོག་འཛིན་གྱི་མདོག་དེ་སྔོན་པོ་ཡིན་སྟབས་དེ་སངས་རྒྱས་པའི་སངས་རྒྱས་མི་བསྐྱོད་པ་དེའང་སྐུ་མདོག་སྔོན་པོ་ཡིན། སྐབས་དེ་དུས་གཟུགས་པོའི་བཟོ་ལྟ་དེ་ཉ་ལྟ་བུ་ཞིག་ཡོད།

༢. དེ་ནས་ཟླ་བ་གཉིས་པའི་ནང་ཐུར་སེལ་གྱི་རླུང་ཟེར་བ་དེ་ཆགས་ཀྱི་ཡོད། རླུང་དེ་ནི་སྲོག་འཛིན་རགས་པ་ནས་ཚུར་བྱུང་བ་ཞིག་རེད། དེ་ནི་གསང་གནས་སུ་གནས་ཡོད། དེའི་རྒྱལ་བ་དེ་རིན་ཆེན་འབྱུང་གནས་ཡིན་པ་དང༌། མདོག་སེར་པོ་ཡིན། རྗེས་མ་རླུང་དེ་སངས་རྒྱས་ན་སངས་རྒྱས་དེའི་སྐུ་མདོག་སེར་པོ་རེད། མངལ་འཁོར་ནས་ཟླ་བ་གཉིས་སོང་བའི་སྐབས་ཀྱི་ཕྲུ་གུའི་བཟོ་ལྟ་དེ་རུས་སྦལ་ལྟ་བུ་ཞིག་ཡོད།

༣. མངལ་འཁོར་ནས་ཟླ་བ་གསུམ་གྱི་སྐབས་སུ་མཉམ་གནས་ཟེར་བ་དེ་ཆགས་ཀྱི་ཡོད། དེ་ནི་ཐུར་སེལ་གྱི་རླུང་ལས་ཚུར་བྱུང་བ་ཞིག་ཡིན་པ་དང༌། ལྟེ་བར་གནས་ཡོད། རྗེས་སུ་སངས་རྒྱས་ཚེ་སངས་རྒྱས་དེ་དོན་གྲུབ་ཡིན། དེའི་མདོག་ལྗང་ཁུ་ཡིན་པས་ན་རྗེས་སུ་སངས་རྒྱས་པའི་སངས་རྒྱས་ཀྱི་སྐུ་མདོག་དེ་ཡང་ལྗང་ཁུ་ཡིན། སྐབས་དེ་དུས་ལུས་པོའི་བཟོ་ལྟ་དེ་ཕག་ཕྲུག་ལྟ་བུ་ཞིག་ཡོད།

༤. མངལ་འཁོར་ནས་ཟླ་བ་བཞི་འགྲོ་སྐབས་གྱེན་རྒྱུ་ཟེར་བ་ཆགས་ཀྱི་ཡོད། གྱེན་རྒྱུའི་རླུང་ནི་མཉམ་གནས་ཀྱི་རླུང་ལས་བྱུང་བ་དང༌། རླུང་དེ་མགྲིན་པར་གནས་ཡོད། རྗེས་མ་སངས་རྒྱས་ན་སངས་རྒྱས་འོད་དཔག་མེད་ཡིན། དེའི་མདོག་དམར་པོ་ཡིན་པས་སངས་རྒྱས་འོད་དཔག་མེད་དེ་སྐུ་མདོག་དམར་པོ་ཡིན། སྐབས་དེ་དུས་ལུས་པོའི་བཟོ་ལྟ་དེ་སེང་གེ་ལྟ་བུ་ཞིག་ཡིན་ལ་སེང་གེ་དང་སྦལ་བ་གཉིས་འདྲ་བས་སྐབས་རེ་སྦལ་པ་ཡང་ཟེར།

༥. མངལ་འཁོར་ནས་ཟླ་བ་ལྔ་འགྲོ་སྐབས་ཁྱབ་བྱེད་ཀྱི་རླུང་ཟེར་བ་དེ་ཆགས་ཀྱི་ཡོད། རླུང་དེ་ནི་གྱེན་རྒྱུའི་རླུང་ལས་བྱུང་བ་ཡིན། རླུང་དེ་ལ་དམིགས་བསལ་གྱི་གནས་ཡུལ་གཏན་འཁེལ་མེད་པར་གཟུགས་པོ་ཡོངས་རྫོགས་ལ་ཁྱབ་ནས་ཡོད། རླུང་དེ་སངས་རྒྱས་ན་སངས་རྒྱས་རྣམ་པར་སྣང་མཛད་ཡིན་ལ། རླུང་དེ་མདོག་དཀར་པོ་ཡིན་པས་སངས་རྒྱས་དེ་ཡང་སྐུ་མདོག་དཀར་པོ་རེད། གོང་གསལ་ནི་ཟླ་བ་ལྔའི་ནང་དུ་ཆགས་པའི་རྩ་བའི་རླུང་ལྔའི་སྐོར་ཡིན།

རྗེས་ཀྱི་ཟླ་བ་བཞི་དང་ཕྱེད་ཀའི་ནང་ཡན་ལག་གི་རླུང་ལྔ་ཆགས་ཀྱི་ཡོད་དེ།

༡. ཡན་ལག་གི་རླུང་ལྔའི་ནང་གི་དང་པོ་རྒྱུ་བ་ཟེར་བ་དེ་ཡིན། དེ་ནི་ཁྱབ་བྱེད་ཀྱི་རླུང་ལས་བྱུང་ཞིང་མངལ་འཁོར་ནས་ཟླ་བ་དྲུག་གི་སྐབས་སུ་ཆགས་ཀྱི་ཡོད་པ་དང་མིག་གཉིས་ཀྱི་བར་དུ་གནས་ཡོད། དེ་སངས་རྒྱས་ན་སངས་རྒྱས་དེ་སྤྱན་མ་རེད། རླུང་དེའི་མདོག་སེར་པོ་ཡིན། ཟླ་བ་དྲུག་འགྲོ་སྐབས་གཟུགས་པོའི་ཤ་ལྤགས་རུས་གསུམ་འཕེལ་རྒྱས་འགྲོ་གི་ཡོད།

༢. མངལ་འཁོར་ནས་ཟླ་བ་བདུན་འགྲོ་སྐབས་སུ་རླུང་རྣམ་པར་རྒྱུ་བ་ཟེར་བ་དེ་ཆགས་ཀྱི་ཡོད། དེ་ནི་རླུང་རྒྱུ་བ་ཟེར་བ་ལས་བྱུང་ཞིང་རྣ་ཅོག་གཉིས་ཀྱི་བར་དུ་གནས་ཡོད། སངས་རྒྱས་པའི་སངས་རྒྱས་དེ་མ་མ་ཀི་ཡིན་པ་དང༌། རླུང་དེའི་མདོག་སྔོན་པོ་ཡིན། སྐབས་དེ་དུས་ལུས་པོའི་ཆུའི་ཁམས་ཏེ་བད་ཀན་དང༌། ཆབ་གསང༌། ཁུ་བ་སོགས་ཆུའི་རིགས་རྣམས་འཕེལ་བ་ཡིན། དེའི་རྒྱུ་མཚན་ནི། དང་པོ་ས་མེད་ན་ཆུ་མེད་པས་དང་པོ་ས་ཡོད་དགོས་ལ་ས་དེ་ནས་ཆུ་ཡོང་དགོས། ས་དང་ཆུ་གཉིས་འཛོམས་ནས་དྲོད་ཡོང་གི་ཡོད་པ་དང་དྲོད་ལ་བརྟེན་ནས་མེ་བྱུང་བ་རེད། ཕྱི་རོལ་ཡུལ་གྱི་འབྱུང་བ་དེ་ལྟར་ཡིན་ལ་མིའི་ལུས་པོ་ཡང་དེ་བཞིན་ཡིན།

༣. མངལ་འཁོར་ནས་ཟླ་བ་བརྒྱད་འགྲོ་སྐབས་ཡང་དག་པར་རྒྱུ་བ་ཟེར་བའི་རླུང་དེ་ཆགས་ཀྱི་ཡོད། དེ་ནི་རྣམ་པར་རྒྱུ་བ་ལས་བྱུང་ཞིང༌། སྣ་ཁུག་ལ་གནས་ཡོད་པ་དང་དེ་སངས་རྒྱས་པའི་སངས་རྒྱས་ནི་གོས་དཀར་མོ་ཡིན། དེའི་མདོག་ནི་དམར་པོ་ཡིན། དེ་དུས་ལུས་པོའི་དྲོད་ཚད་དེ་ཆེ་རུ་ཕྱིན་ནས་ཁྲག་ཤེད་རྒྱས་འགྲོ་བ་ཡིན། མི་ཁྲག་ཤེད་སྐྱོ་བ་རྣམས་དགུན་ཁ་ཧ་ཅང་འཁྱགས་པའི་ཚོར་སྣང་ཡོད་ལ་ཁྲག་ཤེད་མཐོ་བ་རྣམས་དགུན་ཁ་འཁྱགས་པའི་ཚོར་བ་ཅུང་ཆུང་བ་ཡོད།

༤. མངལ་འཁོར་ནས་ཟླ་བ་དགུ་འགྲོ་སྐབས་རབ་ཏུ་རྒྱུ་བ་ཟེར་བ་དེ་ཆགས་ཀྱི་ཡོད། དེ་ནི་ཡང་དག་པར་རྒྱུ་བའི་རླུང་ལས་བྱུང་ཞིང༌། ལྕེའི་ཐོག་ཏུ་གནས་ཡོད། སངས་རྒྱས་པའི་སངས་རྒྱས་ནི་རྗེ་བཙུན་སྒྲོལ་མ་ཡིན་པ་དང༌། རླུང་དེའི་མདོག་ལྗང་ཁུ་ཡིན། སྐབས་དེ་དུས་ལུས་པོའི་རླུང་གི་ཁམས་དེ་འཕེལ་ནས་དབུགས་གཏོང་ལེན་གྱི་ཤུགས་དེ་འཕེལ་རྒྱས་འགྲོ་བ་ཡིན། དབུགས་དེ་ཤུགས་ཆེ་རུ་ཕྱིན་པས་ན་ཕྲུ་གུ་སྐྱེ་ལ་ཉེ་བའི་མཚམས་སུ་སླེབས་འགྲོ་བ་དཔེར་ན་ཕྲུ་གུ་སྐྱེ་སྐབས་ཨ་མ་དང་ཕྲུ་གུ་གཉིས་ཀས་ཤུགས་རྒྱག་དགོས་པ་ལས་ཨ་མ་གཅིག་པུའི་ཤུགས་ལ་བརྟེན་ནས་ཕྲུ་གུ་སྐྱེ་མི་ཐུབ། ཕྲུ་གུ་དང་པོ་ཁ་གྱེན་ལ་བལྟས་པ་ནས་མཐར་མགོ་རྟིང་སློག་ནས་སྐྱེས་ཡོང་གི་ཡོད།

༥. དེ་ནས་ཕྲུ་གུ་སྐྱེ་བར་ཐ་མའི་ཉིན་ཞག་བཅོ་ལྔའི་སྐབས་སུ་ངེས་པར་རྒྱུ་བའི་རླུང་ཟེར་བ་དེ་ཆགས་ཀྱི་ཡོད། རླུང་དེ་ནི་རབ་ཏུ་རྒྱུ་བ་ཟེར་བ་དེ་ནས་བྱུང་བ་རེད། དེ་ནི་ལུས་པོ་ཡོངས་རྫོགས་སུ་གནས་ཡོད། སངས་རྒྱས་པའི་སངས་རྒྱས་ནི་ཆོས་དབྱིངས་རྡོ་རྗེ་མ་ཡིན། མདོག་ནི་དཀར་པོ་ཡིན། སྐབས་དེ་དུས་རླུང་དེའི་ཤུགས་ཀྱིས་ལུས་པོའི་བུ་ག་སྟེ། ཁ་དང༌། རྣ། མིག སྣ་སོགས་ལུས་ཀྱི་བུ་ག་དགུ་རྡོལ་འགྲོ་བ་དང་དེ་བཞིན་རྔུལ་ནག་ཐོན་སའི་སྦུ་གུ་དེ་རྣམས་རྡོལ་འགྲོ་བ་ཡིན། བུ་ག་དེ་རྣམས་ནང་ལོགས་ཀྱི་རླུང་གི་ཤུགས་ཀྱིས་རྡོལ་བ་ལས་ཕྱི་ལོགས་ནས་ཁབ་འཁྱེར་ཏེ་འབིགས་མཁན་མེད། གོང་གསལ་དེ་རྣམས་ནི་རྩ་དང་རླུང་གི་འགྲོ་སྟངས་ཀྱི་གལ་ཆེ་བའི་རིགས་རྣམས་ཡིན། མདོར་ན་གསང་སྔགས་ཟེར་བ་ནི་སོ་སོའི་ལུས་པོའི་རྩ་དང་རླུང་གི་ནུས་པ་མི་འདྲ་བ་རྣམས་བེད་སྤྱོད་བྱས་ཏེ་ལྷ་དང་རླུང་སྒོམ་ནས་རང་གི་ལུས་པོར་ཡོད་པའི་རྩ་རླུང་གི་ཁྱད་ཆོས་དེ་གཞིར་བཟུང་ནས་དེ་རྣམས་བེད་སྤྱོད་བྱེད་པའི་ཐབས་ཤེས་ཤིག་ཡིན། དེ་མིན་ཉི་མ་གཅིག་ལ་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་འགྲོ་གི་ཡོད་པ་དང༌། ཟླ་བ་རེ་རེ་བཞིན་ལ་ཚེས་གཅིག་ནས་གསུམ་བར་དུ་འགྲོ་སྟངས་གཅིག་དང༌། བཞི་ལྔ་དྲུག་རྣམས་ལ་འགྲོ་སྟངས་གཅིག བདུན་བརྒྱད་དགུ་ལ་འགྲོ་སྟངས་གཅིག་ཡིན་པ་སོགས་ཉི་མ་སུམ་ཅུ་ཐམ་པ་བར་དུ་ཞག་པོ་རེ་རེའི་རླུང་འགྲོ་སྟངས་ཀྱི་སྐོར་གྱི་རེའུ་མིག་ཞིག་ཡོད་པས་དེ་རྗེས་སུ་ཕུལ་ཆོག་པ་ཞུ།།

 

ཞར་བྱུང༌།

jབོད་ཀྱི་བོན་པོའི་ཆོས་ལུགས་སྐོར།

བོན་པོའི་ཆོས་ཟེར་བ་ནི་བོད་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་ཆོས་ལུགས་ཤིག་ཡིན། བོན་ཟེར་བའི་མིང་དེ་བོན་སོ་སོས་སོ་སོར་བཏགས་པའི་མིང་ཞིག་ཡིན། བོད་ཀྱི་བོན་ཆོས་ཟེར་བ་ནི་བོད་མི་རིགས་ཀྱི་གནའ་རབས་ཀྱི་རིག་གནས་དང་འབྲེལ་བ་དམ་པོ་ཡོད། དེང་སང་སངས་རྒྱས་ཆོས་ལུགས་ཀྱི་མཁས་པ་མང་པོ་ཞིག་གིས་སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བོད་ལ་རིག་གནས་མེད་ཅེས་མཐའ་སྐྱེལ་གནང་གི་ཡོད་ནའང་སངས་རྒྱས་ཆོས་ལུགས་མ་བྱུང་གོང་ལ་བོད་དུ་རིག་གནས་མེད་ཚེ་བོད་མི་རིགས་དེ་མི་རིགས་གཞན་གྱི་རིག་གནས་ལ་སྐྱབས་བཅོལ་ནས་བསྡད་པའི་མི་རིགས་ཤིག་ཡིན་པ་ལས་སོ་སོ་རང་ཉིད་ལ་སྟོན་རྒྱུ་གང་ཡང་མེད་པའི་མི་རིགས་ཤིག་ཏུ་འགྱུར་རྒྱུ་ཡིན་པས་ང་རང་གིས་བལྟས་ན་ལྟ་ཚུལ་དེ་རིགས་ཅུང་མི་འགྲིག་པར་སྙམ་ལ་སྤྱི་ཚོགས་འཕེལ་རིམ་གྱི་ལོ་རྒྱུས་དང་ཡང་མི་མཐུན་པ་ཞིག་ཡིན། སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བོད་ཀྱི་སྤྱི་ཚོགས་ཀྱི་རིམ་པ་དེ་མང་པོ་ཞིག་སོང་ཟིན་པ་དང༌། སྤྱི་ཚོགས་དེ་འདྲའི་ནང་དུ་མི་རིགས་སོ་སོའི་འདུ་ཤེས་དེ་འཕེལ་རྒྱས་འགྲོ་དུས་དེའི་ནང་རིག་གནས་ཤིག་ངེས་པར་ཡོད་དགོས་པ་ཡིན། མི་རིགས་གང་འདྲ་ཞིག་ཡིན་ནའང་ཡི་གེ་ཡོད་མེད་ལ་མ་ལྟོས་པར་གང་ལྟར་མི་རིགས་སོ་སོར་རིག་གནས་མེད་པ་གཅིག་ཀྱང་མེད་པས་མི་རིགས་ཚང་མར་རིག་གནས་ཡོད་པ་ཞིག་ལ། བོད་མི་རིགས་དེ་སངས་རྒྱས་ཆོས་ལུགས་མ་བྱུང་བར་དུ་རིག་གནས་རྩ་བ་ནས་མེད་པར་ད་དུང་ཤིང་ནགས་དཀྱིལ་གྱི་མི་ལྟ་བུར་སྡོད་མཁན་ཞིག་རྩ་བ་ནས་ཡིན་མི་སྲིད།

སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བོད་ལ་རིག་གནས་མེད་ཅེས་བཤད་ན་མི་འགྲིག་པའི་རྒྱུ་མཚན་ནི་བོད་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་བོད་དུ་རུས་ཆེན་བཅོ་བརྒྱད་ཟེར་བ་སོགས་བྱུང་བ་མ་ཟད། སྐར་རྩིས་རིག་པ་དང༌། གསོ་བ་རིག་པ། འཇིག་རྟེན་ཆགས་ཚུལ་གྱི་རིག་པ། འགྲོ་བ་མི་བྱུང་ཚུལ་གྱི་རིག་པ་སོགས་སྣ་ཚོགས་བྱུང་ཡོད་ལ། སངས་རྒྱས་ཆོས་ལུགས་བྱུང་ཟིན་པའི་རྗེས་ལྟར་སྣེ་ཁ་མང་པོ་དང་ཕུན་སུམ་ཚོགས་པོ་མེད་རུང༌། སྐབས་དེ་དུས་ཀྱི་དུས་སྐབས་དེ་ལ་དཔག་པའི་ཚད་མཐོ་པོ་ཡོད། དཔེར་ན་<<རླངས་ཀྱི་པུ་ཏི་སེ་རུ་>>ཟེར་བའི་དཔེ་ཆ་དེའི་ནང་དུ་བོད་ཀྱི་མི་འབྱུང་སྟངས་དང་འཇིག་རྟེན་ཆགས་ཚུལ་བཤད་ཡོད་པ་དེ་ཚོ་བོན་པོའི་ལྟ་ཚུལ་ཡིན་ཅིང༌། དེའི་ནང་གནས་ཚད་མཐོ་པོ་བཤད་ཡོད་པ་སྟེ། འབྱུང་བ་སྣ་ལྔའི་སྙིང་པོ་ལས། སྒོ་ང་ཆེན་པོ་གཅིག་བྱུང་བ། ཕྱིའི་སྒོང་ཤུན་ལ་བརྟེན་ནས་མཐའ་ཁྲག་དཀར་པོ་ཆགས། ནང་གི་སྒོ་ངའི་ཆུ་དེ་ལས་རྒྱ་མཚོ་ཆེན་པོ་བྱུང༌། བར་གྱི་སྒོ་ངའི་བཅུད་དེ་ལས་རིགས་དྲུག་གི་སེམས་ཅན་བྱུང་བ་ཡིན་ཟེར་བས་དེ་དུས་ནས་ས་གཞི་རིལ་མོ་དང༌། རྒྱ་མཚོ་ཆེན་པོ། འགྲོ་བ་སེམས་ཅན་ཚང་མ་སྒོ་ང་ཆེན་པོ་གཅིག་གི་ནང་དུ་བསྡད་ཡོད་ཅེས་བཤད་ཡོད། སྒོ་ང་དེ་ནི་ང་རང་ཚོའི་བྱ་དེའི་སྒོ་ང་ལ་ཟེར་གྱི་མེད་པར་འབྱུང་བ་ལྔའི་སྙིང་པོ་འདུས་པའི་སྒོ་ང་ལ་ཟེར་ཞིང་སྒོ་ང་ནི་རིལ་བུ་ཡིན་པས་དེ་དུས་ནས་འཇིག་རྟེན་ཆགས་སྟངས་འདི་ཙམ་ཤོད་ཐུབ་ཀྱི་ཡོད་པས་དེ་ནི་ཚད་མཐོ་པོ་ཞིག་རེད། ང་རང་ཚོས་འཛམ་གླིང་རིལ་བུ་རེད་ཟེར་བ་དེ་ཕྱི་གླིང་པས་ཐོག་མར་བཤད་པ་རེད་ཅེས་དང་དེའི་གོང་དུ་མི་ཚང་མས་འཛམ་གླིང་གྲུ་བཞི་ཡིན་པར་ཁས་ལེན་གྱི་ཡོད་ཅེས་དེང་སང་འཛམ་གླིང་དུ་ཡོངས་ཁྱབ་ལྟ་བུར་ཤོད་ཀྱི་ཡོད་ནའང་ཕྱི་གླིང་པས་མ་བཤད་གོང་དུ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་ལོ་ངོ་སྟོང་ཕྲག་ཁ་ཤས་སྔོན་གྱི་སྤྱི་ལོའི་དུས་རབས་དང་པོ་ཡས་མས་ཙམ་དུ་བོན་གྱི་དཔེ་ཆའི་ནང་དུ་སྐད་ཆ་དེ་བཤད་ཟིན་པ་རེད། འབྱུང་བ་སྣ་ལྔའི་སྙིང་པོ་འདེ་འདྲ་ཞིག་རུབ་རུབ་བྱས་པ་ལས་སྒོ་ང་ཆེན་པོ་ཞིག་བྱུང༌། དེ་ནས་རྒྱ་མཚོ་ཆེན་པོ་ཆགས། དེ་ནས་སེམས་ཅན་རྣམས་བྱུང་ཚུལ་བཤད་པའི་དཔེ་ཆ་ཞིག་ཕྱི་རྒྱལ་གྱི་དཔེ་ཆའི་ནང་ཉེ་དུས་བྱུང་བ་ཙམ་ལས་དེའི་སྔོན་ལ་བཤད་པ་རྩ་བ་ནས་བྱུང་མེད། བོན་པོའི་བཤད་ཚུལ་དེ་ནི་ཡ་ལི་ཧྲེ་ཏོ་ཏེ་སོགས་ལས་ལོ་བརྒྱ་ཕྲག་ཁ་ཤས་ཀྱིས་སྔ་བ་ཡོད། དེ་བཞིན་སྤྱི་ལོའི་དུས་རབས་དང་པོའི་ཡས་མས་བོན་པོའི་དཔེ་ཆའི་ནང་བོད་ཀྱི་མི་དེ་ཕ་སྤྲེའུ་དང་མ་བྲག་སྲིན་མོ་ནས་བྱུང་བ་ཡིན་ཞེས་བཤད་ཡོད། དེ་ནི་སྲོང་བཙན་སྒམ་པོ་མ་བྱུང་གོང་གི་སྐད་ཆ་ཡིན་པ་ལས་སྲོང་བཙན་སྒམ་པོ་བྱུང་ཚར་རྗེས་གཞི་ནས་བཟོས་པ་ཞིག་མིན། བྲག་སྲིན་མོ་ཟེར་བ་ནི་བསྐལ་པ་ཡ་ཐོག་གི་སྤྲ་མི་ཟེར་བ་དེ་ཡིན། སྡེ་དགེའི་དཔེ་ཆའི་ནང་དུ་བྲག་སྲིན་མོ་ཞེས་བྲིས་ཡོད་ལ། སྤྲ་མོ་ཞེས་ཀྱང་བྲིས་ཡོད། དེ་ནི་རྒྱལ་ཡོངས་བཅིངས་འགྲོལ་བཏང་རྗེས་པར་གྱི་ནང་དུ་བཟོ་བཅོས་བྱས་པ་གཏན་ནས་མ་ཡིན་པར་ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པའི་སྐབས་སུ་བཀོད་པའི་དཔེ་ཆའི་ནང་སྐབས་རེ་སྤྲ་མོ་དང༌། སྐབས་རེ་བྲག་སྲིན་མོ་ཞེས་འཁོད་ཡོད། སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆའི་ནང་དུ་མིའི་ཕ་མ་སྤྲེའུ་དང་བྲག་སྲིན་མོ་ཡིན་ཞེས་བཤད་ཀྱི་མེད། དེ་ནི་བོན་པོའི་ཆོས་ཀྱི་བཤད་སྟངས་ཡིན། དེ་དང་འདྲ་བའི་བོན་པོའི་རྩིས་དང༌། སྨན། སྒྲུང༌། ཆོས་ལ་སོགས་པ་མང་པོ་ཡོད། དེ་ཚོ་ཚང་མ་སོ་སོ་རང་གི་ཡུལ་དུ་བྱུང་བའི་རིག་གནས་ཤིག་ཡིན་པ་ལས་ཡུལ་གཞན་ནས་ཚུར་འཁྱེར་ཡོང་བའི་རིག་གནས་ཤིག་མིན། གང་ཡིན་ཞེ་ན་དེའི་ནང་དུ་བཤད་པའི་གནས་ཚུལ་དེ་ཚོ་བོད་རང་གི་ཡུལ་དུ་སྤྱད་ན་འཚམས་པ་ལས་ཡུལ་གཞན་དུ་འཚམས་པོ་མེད་པས་དེ་ནི་ཡུལ་འདི་ཉིད་ཀྱི་མིས་བཟོས་བཞག་པའི་རིག་གནས་ཤིག་ཡིན་པ་ལས་ནུབ་ཕྱོགས་ནས་གཡར་བ་མ་ཡིན་ལ་ཤར་ཕྱོགས་ནས་བརྐུས་པ་ཡང་མ་ཡིན། བོན་པོས་བོད་ཀྱི་མི་བྱུང་ཚུལ་སྐོར་བཤད་པ་དེ་ལ་རྒྱུ་མཚན་མང་པོ་ཡོད། དཔེར་ན་དེང་སང་ས་འོག་ནས་དངོས་པོ་མང་པོ་བཏོན་ཡོང་དུས་དངོས་པོ་དེ་ཚོ་དང་མིའི་རུས་པ་དེ་ཚོ་ཀྲུང་ཡོན་ས་ཁུལ་དང་ཆང་རིགས་ཀྱི་མིའི་འཚོ་བ་སྐྱེལ་སྟངས་དང་འདྲ་པོ་འདུག་ཟེར་བ་སོགས་ངེས་པར་ཤར་ཕྱོགས་ལ་ཁ་བལྟས་ནས་དེའི་འབྱུང་ཁུངས་འཚོལ་དགོས་ཀྱི་ཡོད་པ་རེད། དེ་བཞིན་ཕྱི་རྒྱལ་གྱི་མིས་དེའི་འབྱུང་ཁུངས་དེ་ངེས་པར་ནུབ་ངོས་ལ་ཁ་བལྟས་ནས་འཚོལ་གྱི་ཡོད་པ་རེད། འོན་ཀྱང་དེ་དོན་དངོས་ཐོག་དེ་ཤར་ནས་བྱུང་བ་མ་ཡིན་ལ་ནུབ་ནས་བྱུང་བ་ཡང་མ་ཡིན་པར་ས་ཆ་དེ་རང་ལ་སྐྱེས། ཡུལ་དེ་རང་གི་སྟེང་དུ་འཚོ་བསྐྱལ་ནས་འཚར་ལོངས་བྱུང་སྟེ་ཡུལ་འདི་ཉིད་ཀྱི་སྟེང་དུ་དཀའ་བ་སྤྱད་ནས་རང་ཡུལ་འཛུགས་སྐྲུན་བྱས་པ་ཞིག་ལས་གཞན་མིན། སོ་སོ་རང་གི་ཤེས་རྟོགས་དེ་སོ་སོའི་ཡུལ་དུ་འཕེལ་རྒྱས་བཏང་ནས་བྱུང་བ་ཞིག་རེད། དེར་བརྟེན་སངས་རྒྱས་ཆོས་ལུགས་མ་བྱུང་གོང་དུ་བོད་ལ་རིག་གནས་མེད་ཟེར་བའི་ཤོད་སྟངས་དེ་རྩ་བ་ནས་འགྲིག་གི་མེད། དེ་བཞིན་སྔོན་མ་བོན་པོ་ལ་མཐོང་ཆུང་བྱེད་པའི་ལྟ་ཚུལ་དེ་བསྒྱུར་བཅོས་བྱེད་དགོས་པ་ཞིག་ཡིན། བོན་པོའི་ལོ་རྒྱུས་ཀྱི་དཔེ་ཆ་ངས་གཅིག་ལས་བལྟ་མྱོང་མེད། དེ་ཡང་ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱིས་མཛད་པའི་<<ལེགས་བཤད་མཛོད་>>ཟེར་བ་ཞིག་ཡོད་པ་དེ་ཡིན། བོན་པོའི་ཆོས་ལ་ཞིབ་འཇུག་བྱེད་རྒྱུ་དེ་ང་རང་ཚོའི་བོད་ཀྱི་སྔ་རབས་ཀྱི་རིག་གནས་ལ་ཞིབ་འཇུག་བྱེད་པའི་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན།

བོན་པོའི་ཆོས་ཐོག་མར་གསར་གཏོད་གནང་མཁན་ནི་བོན་གྱི་སྟོན་པ་གཤེན་རབ་ཟེར་བ་དེ་ཡིན། བོན་གྱི་སྟོན་པ་གཤེན་རབ་ག་དུས་བྱོན་མིན་ཐད་བོན་པོའི་ལོ་རྒྱུས་ནང་ཤོད་སྟངས་ཅུང་མི་འདྲ་བ་ཡོད། བོན་པོ་རང་གི་ལོ་རྒྱུས་ནང་བོན་གྱི་སྟོན་པ་གཤེན་རབ་འཁྲུངས་ས་ནི་སྟག་གཟིག་འོལ་མོ་ལུང་རིང་ཟེར་བའི་ས་ཆར་ཡིན་ཞེས་འཁོད་ཡོད་པ་དང༌། སྟག་གཟིག་ཟེར་བ་ནི་ཨ་རབ་(阿拉伯)ཡིན། སངས་རྒྱས་ཆོས་ལུགས་ནང་ཤམ་བྷ་ལ་ཟེར་བའི་ས་ཆ་དེ་ཡང་སྟག་གཟིག་འོལ་མོ་ལུང་རིང་ཟེར་བ་དེ་ཡིན་ཟེར། དེ་བཞིན་གངས་ཏི་སི་ཟེར་བ་དེའང་བོད་ཀྱི་གངས་ཏི་སི་ཟེར་བ་ཞིག་དང་སྟག་གཟིག་གི་གངས་ཏི་སི་ཟེར་བ་ཞིག་གཉིས་ཡོད་པ་དང༌། བོད་ཀྱི་གངས་ཏི་སི་དེ་གངས་ཏི་སི་ངོ་མ་མིན་པ་དང་སྟག་གཟིག་ལ་ཡོད་པའི་གངས་ཏི་སི་དེ་ངོ་མ་ཡིན་ཟེར། བོད་ཀྱི་གངས་ཏི་སི་ནི་སྟོད་མངའ་རིས་སུ་ཡོད་པ་དེ་ཡིན་པ་དང་བོན་གྱི་སྟོན་པ་འཁྲུངས་སའི་གངས་ཏི་སི་ནི་མངའ་རིས་སུ་མིན་པར་སྟག་གཟིག་ཏུ་ཡོད་པས་བོན་གྱི་ཆོས་དེ་དང་པོ་སྟག་གཟིག་ནས་བྱུང་བ་ཡིན་ཟེར། གཞན་ཡང་ཤཱཀྱ་མུ་ནེ་དེའང་སྟོན་པ་གཤེན་རབ་ཀྱི་སྤྲུལ་པ་རྗེས་མ་ཡིན་ཏེ་སྟོན་པ་གཤེན་རབ་གཤེགས་རྗེས་སངས་རྒྱས་ཆོས་ལུགས་ལ་དད་པ་ཡོད་པའི་མི་རྣམས་ཀྱི་དོན་དུ་སངས་རྒྱས་ཤཱཀྱ་མུ་ནེ་ལ་སྤྲུལ་ཏེ་སངས་རྒྱས་ཀྱི་ཆོས་གསུངས་པ་ཡིན་ཟེར། སྟོན་པ་གཤེན་རབ་དེ་མི་ལོ་བརྒྱད་སྟོང་ཉིས་བརྒྱའམ་གཤེན་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་པར་འདོད་ཅིང༌། གཤེན་ལོ་གཅིག་ལ་མི་ལོ་བརྒྱ་ཡིན། དེ་ནས་སྐུ་གཤེགས་རྗེས་ཤཱཀྱ་མུ་ནེ་ལ་སྤྲུལ་ཏེ་སངས་རྒྱས་ཀྱི་ཆོས་གསུངས་པ་རེད་ཟེར། བོན་པོར་བོན་ཆོས་དཀར་པོ་དང་ནག་པོ་ཟེར་བ་དེ་སངས་རྒྱས་ཆོས་ལུགས་པས་ཁོང་ཚོར་བཏགས་པའི་མིང་ཡིན། བོན་གྱི་བཤད་སྟངས་ལ་བྱས་ན་བོན་སྔ་དར་དང་བོན་ཕྱི་དར་ཟེར། བོན་པོ་ལའང་བཀའ་བསྟན་འགྱུར་ཆ་ཚང་ཞིག་ཡོད། སངས་རྒྱས་ཆོས་ལུགས་པའི་ཤོད་སྲོལ་ལ་སངས་རྒྱས་ཆོས་ལུགས་ཀྱི་དཔེ་ཆ་དེ་རྣམས་བོན་པོའི་ཆོས་ལུགས་སུ་ཕལ་བསྒྱུར་བ་རེད་ཟེར། བོན་དགོན་ལ་ཆ་བཞག་ན་བོད་དུ་བོན་གྱི་དགོན་པ་ཆེ་ཤོས་ནི་གཙང་སྟག་གྲུ་ཁའི་ཉེ་འགྲམ་གྱི་ར་ལག་གཡུང་དྲུང་དགོན་ཟེར་བ་ཞིག་དང་ཀོང་པོར་སྟག་རྩེ་ཟེར་བ་ཞིག་ཡོད་པ་དེ་ནི་བོན་དགོན་རྙིང་པ་ཞིག་རེད། དེ་མིན་ཟི་ཁྲོན་ཞིང་ཆེན་རྔ་བ་ས་ཁུལ་གྱི་རྒྱལ་རོང་དུ་སྔོན་མ་བོན་པོའི་སྡེ་ཆེན་པོ་བཅུ་གསུམ་ཡོད། རྗེས་སུ་ཆིང་རྒྱལ་རབས་ཀྱི་གོང་མ་ཆན་ལུང་གི་སྐབས་ལ་ངོ་ལོག་བྱས་པས་དེར་དྲག་གནོན་བྱས་ཏེ་དེར་ཡོད་པའི་བོན་པོའི་དགོན་པོ་ཚང་མ་གཏོར་ཏེ་དགེ་ལུགས་པར་བསྒྱུར་བ་རེད།

བོན་པོའི་ལྟ་བའི་སྐོར་ལ་བོད་ཀྱི་མཁས་པ་ཚོའི་གསུང་སྟངས་འདྲ་མིན་སྣ་ཚོགས་ཡོད། འབྲི་གུང་གི་བླ་མ་འཇིག་རྟེན་མགོན་པོ་ཞེས་སྐད་གྲགས་ཆེན་པོ་ཞིག་ཡོད་པ་དེས་བརྩམས་པའི་གྲུབ་མཐའི་ནང་དུ་བོད་ཀྱི་བོན་པོའི་ལྟ་བ་དེ་ནི་རྒྱ་གར་གྱི་མུ་སྟེགས་དབང་ཕྱུག་པའི་ལྟ་བ་དེ་བོད་དུ་ཚུར་དྲངས་པ་ཞིག་རེད་ཅེས་གསུངས་ཡོད། དེ་མིན་རྗེ་ཙོང་ཁ་པའི་སློབ་མ་སྤྱན་སྔ་གྲགས་པ་རྒྱལ་མཚན་གྱིས་བོན་པོའི་ལྟ་བ་དང་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་གཉིས་ནང་དོན་འདྲ་པོ་ཡོད་པའི་ཕྱོགས་མང་པོ་ཡོད་པ་དང་མི་འདྲ་བ་ཡང་མང་པོ་ཡོད་ཅེས་གསུངས་ཡོད། དེ་བཞིན་ས་སྐྱའི་བླ་མ་གྲགས་ཅན་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་གྱིས་བོན་གྱིས་བཤད་པའི་ཐེག་པ་རིམ་དགུ་ཟེར་བ་དེ་རྙིང་མ་དང་མཐུན་གྱི་ཡོད་པ་མ་ཟད། བོན་པོ་རང་གི་ལོ་རྒྱུས་ནང་དུའང་བོད་ཀྱི་གསང་སྔགས་རྙིང་མའི་རྫོགས་པ་ཆེན་པོའི་ལྟ་བ་དེ་ནི་བོན་པོ་ནས་བྱུང་བ་ཡིན་ཞེས་གསུངས་ཡོད། འོན་ཀྱང་སྔོན་མ་གསང་སྔགས་རྙིང་མ་ཚོས་བོན་དང་གསང་སྔགས་རྙིང་མ་འདྲེས་པ་དེ་ཁས་བཞེས་ཀྱི་མེད། རྒྱུ་མཚན་ནི་བོན་པོ་ཞེས་སངས་རྒྱས་ཆོས་ལུགས་པ་ཚང་མས་ཧ་ཅང་སྡུག་པོ་ཞིག་ལ་བརྩིས་ནས་མཐོང་ཆུང་བྱེད་ཀྱི་ཡོད་སྟབས་ང་ཚོ་རྙིང་མའི་རྫོགས་པ་ཆེན་པོའི་ལྟ་བ་དེ་བོན་པའི་ལྟ་བ་ནས་བྱུང་བ་མ་ཡིན་པར་དེ་གཉིས་ཐ་དད་ཡིན་ཟེར། དེ་ནི་སངས་རྒྱས་ཆོས་ལུགས་ཀྱིས་བོན་པོར་མཐོང་ཆུང་བྱེད་པའི་བསམ་བློའི་ཤུགས་རྐྱེན་དེའི་འོག་ཏུ་བྱུང་བ་ཞིག་རེད། བོན་པོའི་ལྟ་བ་དེ་སངས་རྒྱས་ཆོས་ལུགས་ནང་འདྲེས་ཡོད་པའི་དབང་དུ་བྱས་ནའང་སངས་རྒྱས་ཆོས་ལུགས་དེ་སྡུག་ཏུ་འགྲོ་རྒྱུ་དང་རིན་ཐང་ཆུང་དུ་འགྲོ་རྒྱུ་གང་ཡང་མེད།

གཤམ་དུ་བོན་པོའི་ཆོས་ནང་གི་མིང་ཚིག་ཁ་ཤས་ཞུ་གི་ཡིན། དཔེར་ན་སངས་རྒྱས་ཆོས་ལུགས་ཀྱི་སངས་རྒྱས་ཟེར་བ་དེ་ལ་བོན་པོས་ཡེ་གཤེན་ཟེར། སངས་རྒྱས་ཆོས་ལུགས་ཀྱི་ཆོས་སྐུ་ཟེར་བ་དེ་ལ་བོན་པོས་བོན་སྐུ་ཟེར། ལོངས་སྐུ་ལ་ཀུན་ཏུ་བཟང་པོ་ཟེར། སྤྲུལ་སྐུ་ཟེར་བ་དེ་ལ་སྲིད་པ་སད་པོ་ཟེར། སྲིད་པ་སད་པོ་ཟེར་དགོས་པ་ནི་སྲིད་པ་འཇིག་རྟེན་འདི་ལ་མུན་པའི་ལམ་ནས་འོད་སྣང་གི་ལམ་དུ་འཁྲིད་མཁན་གྱི་གཉིད་སད་ཐུབ་མཁན་ལྟ་བུ་ཡིན་པས་སོ། །སངས་རྒྱས་ཆོས་ལུགས་ཀྱི་དགྲ་བཅོམ་ཟེར་བ་དེ་ལ་བོན་པོས་གཤེན་སྲས་ཟེར། བྱང་ཆུབ་སེམས་དཔའ་ཟེར་བ་དེ་ལ་གཡུང་དྲུང་སེམས་དཔའ་ཟེར། སངས་རྒྱས་ཀྱི་གོ་འཕང་ཐོབ་ཟེར་བ་དེ་ལ་བོན་པོས་གཡུང་དྲུང་གི་གོ་འཕང་ཐོབ་ཟེར་ཞིང་དེ་ནི་རྟག་པ་དང༌། བརྟན་པ། འཇིག་རྒྱུ་མེད་པ། སྐྱེ་བ་མེད་པ། ན་བ་མེད་པ། འཆི་བ་མེད་པ། རྒ་བ་མེད་པ་སོགས་ཀྱི་དོན་ཡོད་པས་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གཡུང་དྲུང་གི་གོ་འཕང་ཐོབ་ཟེར། བླ་མ་ཟེར་བ་དེ་ལ་བོན་པོས་དབོན་གསད་ཟེར། སྟོང་པ་ཉིད་ཟེར་བ་དེ་ལ་བོན་པོས་འོ་མོ་ཉིད་ཟེར།

བོན་པོས་ཐོག་མ་ཆོས་བྱས་ནས་བོན་གྱི་སྐུ་མ་ཐོབ་བར་དུ་ལམ་རིམ་པ་དགུ་ཡོད་པ་དེ་ལ་ཐེག་པ་རིམ་པ་དགུ་ཟེར། ཐེག་པ་རིམ་པ་དགུ་པོ་དེ་ལ་ནང་གསེས་དབྱེ་ན། རྒྱུ་ཡི་ཐེག་པ་བཞི། འབྲས་བུའི་ཐེག་པ་བཞི། ཁྱད་པར་ཆེན་པོའི་ཐེག་པ་གཅིག་བཅས་ཡིན། དེ་ནས་རྒྱུ་ཡི་ཐེག་པ་བཞི་ཟེར་བ་དེ་ལ་རྒྱུ་ཡི་བོན་བཞི་ཡང་ཟེར། འབྲས་བུའི་ཐེག་པ་བཞི་ལ་འབྲས་བུའི་བོན་པོ་བཞི་ཟེར། ཁྱད་པར་གྱི་ཐེག་པ་ཟེར་བ་དེ་ལ་བླ་ན་མེད་པའི་ཐེག་པའམ་བླ་ན་མེད་པའི་བོན་ཟེར། རྒྱུ་ཡི་བོན་ལ་བཞི་ལས། jཕྱཱ་གཤེན། ཕྱཱ་གཤེན་དེ་ལ་གཏོ་སུམ་བརྒྱ་དྲུག་ཅུ་ཐམ་པ་ཡོད། གཏོ་ཟེར་བ་དེ་ནི་དཔེར་ན་སོ་ན་དུས་སོ་སྨན་མེད་ན་སྒོའི་སྟེང་དུ་གཟེར་ཀ་བརྒྱབ་ནས་ལག་པས་ཐོ་བ་འཁྱེར་ཏེ་སོ་ན་ས་དེར་ཕུར་ཕུར་བཏང་རྗེས་གཟེར་དེའི་སྟེང་དུ་ཐོ་བ་ཐེངས་དགུ་ཞུས་ན་ལམ་སང་སོའི་ན་ཚ་འཇགས་ཀྱི་ཡོད་ཟེར། དེ་བོན་པོའི་བྱེད་སྟངས་ཡིན། བྱེད་སྟངས་དེ་འདྲ་ཁྱོན་སུམ་བརྒྱ་དྲུག་ཅུ་ཡོད། དེ་ནས་དཔྱད་ཅེས་པ་དེ་ནི་སྨན་ཡིན། སྨན་གྱི་སྨན་བཅོས་བྱེད་སྟངས་བརྒྱད་སྟོང་བཞི་བརྒྱ་ཐམ་པ་ཡོད། སྨན་དེ་ཚོ་ཚང་མ་བོད་རང་ནས་ཐོན་པའི་སྲོག་ཆགས་ཀྱི་སྨན་དང༌། རྡོ་ཡི་སྨན། ཤིང་གི་སྨན། རྩྭ་ཡི་སྨན་ཤ་སྟག་རེད། kསྣང་གཤེན། སྣང་གཤེན་ཟེར་བ་དེ་ལ་གྱེར་སྒོམ་བཞི་ཟེར་བ་ཞིག་ཡོད། གྱེར་ཟེར་བ་ནི་ཁ་ནས་འདོན་སྟངས་རེད། སྒོམ་ཟེར་བ་ནི་སྒོམ་རྒྱག་སྟངས་རེད། དེ་ནས་སྐད་ཅོང་བརྒྱད་ཡོད། དེ་ནི་སྐད་རྒྱག་སྟངས་ཀྱི་སྐོར་ཡིན། བཏགས་ཟེར་བ་ཞིག་ཡོད། དེ་ཧི་མི་བསོད་ནམས་ཉམས་པ་ཆེ་རུ་བཏང་སྟངས་དང༌། དེ་བཞིན་དཔེར་ན་མི་བླ་འཁྱེར་བཞག་ཟེར་ནས་ཟངས་ཀྱི་སླ་ང་ཆེན་པོའི་ནང་དུ་ཆུ་བླུགས། དེ་ནས་མར་གྱི་ལུག་ཅིག་བཟོས། དེའི་སྒང་དུ་བླ་འཁྱེར་བའི་མི་དེའི་མིང་ཡོད་པའི་ཤོག་ལྷེ་ཞིག་སྦྱར། ལུག་དེ་ཤིང་ངམ་ལྕགས་ཀྱི་སྡེར་མའི་སྟེང་དུ་བཞག་ནས་ཟངས་ཀྱི་སླ་ངའི་ནང་ཆུའི་སྟེང་དུ་སྐོར་བ་རྒྱག་གི་ཡོད། ལུག་དེ་བླ་འཁྱེར་མཁན་གྱི་མི་དེ་ལ་ཁ་མ་སློག་བར་དུ་སྐོར་བ་ཐེངས་གསུམ་བརྒྱབ་སྟེ་མི་དེ་ལ་ཁ་སློག་སོང་ན་མི་དེའི་བླ་དེས་འཁྱེར་ཚར་བ་རེད། དེ་མིན་བཏགས་མི་འདྲ་བ་བཞི་བཅུ་ཞེ་གཉིས་ཡོད་པས་བྱེད་སྟངས་འདྲ་མིན་སྣ་ཚོགས་ཡོད། lརྒྱུ་ཡི་བོན་གྱི་གསུམ་པ་འཕྲུལ་གཤེན། འཕྲུལ་གཤེན་ཟེར་བ་ནི་རྫུ་འཕྲུལ་བསྟན་སྟངས་ཀྱི་གཞུང་ཞིག་ཡིན། mརྒྱུ་ཡི་བོན་གྱི་བཞི་པ་སྲིད་གཤེན། དེ་ཡི་ནང་དུ་མི་ཤི་བའི་རྗེས་སུ་རོ་བཏུལ་བའི་ཐབས་ཤེས་སུམ་བརྒྱ་དྲུག་ཅུ་ཐམ་པ་ཡོད། དེ་ལ་ཤི་ཐབས་ཀྱང་ཟེར། འདུར་ཟེར་བ་ཞིག་ཡོད། འདུར་ཟེར་བ་ནི་གདོན་འདྲེ་འདུལ་སྟངས་ཡིན། མི་གཤིན་པོའི་བླ་འཁྱེར་འགྲོ་མཁན་གདོན་འདྲེ་དེ་འདུལ་སྟངས་ཀྱི་ཐབས་ཤེས་དེ་ལ་འདུར་བཞི་ཟེར། དེ་ཡང་མངའ་རིས་དང༌། ཀོང་པོ། མོན་ཡུལ་སོགས་ལ་ཁྱབ་ཆེ་བ་ཡོད། དབུས་གཙང་ཁམས་ལ་དེ་ཙམ་མེད། ཀོང་པོ་ཁུལ་ལ་བོན་ཆོས་དང་སངས་རྒྱས་ཆོས་ལུགས་གཉིས་ཀར་དད་པ་བྱེད་ཀྱི་ཡོད་པས་མི་ཤི་རྗེས་བོན་པོའི་གྲྭ་པ་གདན་འདྲེན་ཞུ་གི་ཡོད་ལ་སངས་རྒྱས་ཆོས་ལུགས་པ་ཡང་གདན་འདྲེན་ཞུ་གི་ཡོད། གདན་འདྲེན་ཞུ་སྟངས་དེ་སྔོན་ལ་བོན་པོ་དྲངས། དེ་ནས་སངས་རྒྱས་ཆོས་ལུགས་ཀྱི་གྲྭ་པ་གདན་དྲངས་ཀྱི་ཡོད། དེ་ནས་འདུལ་ཐབས་བརྒྱད་ཅུ་གྱ་གཅིག་ཟེར་བ་ཞིག་ཡོད་པ་ནི། གསོན་འདྲེ་འདུལ་བའི་ཐབས་ཡིན། དེ་ནས་འབྲས་བུའི་ཐེག་པ་བཞིའི་དང་པོ་དགེ་བསྙེན་ཟེར་བ་དེ་ཡི་གེའི་དག་ཆ་སངས་རྒྱས་ཆོས་ལུགས་ཀྱི་དགེ་བསྙེན་ཟེར་བ་གཅིག་མཚུངས་ཡིན་ནའང་གོ་དོན་ནི་འཇིག་རྟེན་ཆགས་སྟངས་དང་མི་འབྱུང་སྟངས། དེ་བཞིན་མིའི་རྣམ་ཤེས་ཡོང་སྟངས་ཀྱི་སྐོར་སོགས་དང༌། མི་དང་མིའི་བར་གྱི་འབྲེལ་བ་བྱེད་སྟངས་སྐོར་སོགས་ཡིན། དེ་ལ་ང་ཚོས་སྡེ་སྣོད་གསུམ་གྱི་ནང་ནས་བོན་པོའི་མདོ་སྡེ་ཟེར། དེ་རྣམས་སློབ་སྦྱོང་བྱས་ནས་དུས་ཚོད་ག་ཚོད་འགོར་གྱི་ཡོད་དམ་ཟེར་ན། བསྐལ་པ་གསུམ་གྱི་རིང་ལ་སློབ་སྦྱོང་བྱས་ནས་དེའི་འབྲས་བུ་ཉོན་མོངས་དུག་གསུམ་སྤངས་པའི་ཐབས་ཤེས་དེ་རེད་ཟེར། གཉིས་པ་དྲང་སྲོང་ཟེར་བ་ནི་དབུ་མའི་ལྟ་བའི་སྐོར་བཤད་ཀྱི་ཡོད་ཅིང༌། གཙོ་བོ་ནི་རང་ཟེར་བའི་བསམ་བློ་དེ་མེད་པ་བཟོ་བའི་དབུ་མའི་ལྟ་བའི་སྐོར་ཡིན། དེ་ལ་དཔེ་ཆ་ནི་འབུམ་སྡེ་བཞི་ཟེར་བ་ཞིག་ཡོད། དེ་ནས་འབྲས་བུའི་ཐེག་པ་གསུམ་པ་ཨ་དཀར། དེ་ནི་བོན་པོའི་གསང་སྔགས་ཡིན། བཞི་པ་ཡེ་གཤེན་ཟེར་བ་ནི་དེ་ལ་དཔེ་ཆ་སེམས་ཀྱི་ལུང་སྡེ་བཞི་ཟེར་བ་ཞིག་ཡོད། དེའི་ནུས་པ་ནི། ཤེས་སྒྲིབ་སྤངས་རྒྱུ་དེ་རེད། ཤེས་སྒྲིབ་སྤངས་པ་ནི་ཉོན་མོངས་ཀྱི་བག་ཆགས་མེད་པ་བཟོ་ཐབས་ཤིག་ཡིན། དགུ་པ་ཁྱད་པར་ཆེན་པའི་ཐེག་པའམ་ཡང་ན་བླ་ན་མེད་པའི་བོན་ཏེ་མན་ངག་སྡེ་ལྔ་ཡང་ཟེར། དེ་ནི་རྙིང་མའི་རྫོགས་པ་ཆེན་པོའི་གཞུང་དང་གཅིག་མཚུངས་ཡིན་ཟེར། དེ་ལག་ལེན་བསྟར་ནས་སྐྱེ་བ་འདི་ལ་བོན་གྱི་སྐུ་ཐོབ་ཀྱི་རེད་ཟེར།

kརྒྱ་ནག་གི་རིག་བྱེད་དང་བོན་པོའི་སྐོར།

རྒྱ་ནག་གི་རིག་བྱེད་ཀྱི་སྟོན་པ་སྐད་གྲགས་ཆེ་ཤོས་ནི་ཁུང་ཙེ་རེད། ཁུང་ཙེས་བརྩམས་པའི་དཔེ་ཆ་བོད་ཡིག་ནང་དུ“ཤེའུ”ཞེས་ཟེར་བ་ཞིག་ཡོད། དེ་ལ་སྐར་མ་ལྟ་བུའི་ཆོས་ཟེར། དེའི་ནང་དོན་ནི་རིག་གནས་ལྔ་ཡིན་ཏེ་སྐར་རྩིས་དང༌། སྨན་དང༌། བཟོ་རིག་པ་སོགས་ཡོད། དེ་མིན་ལུགས་ཀྱི་བསྟན་བཅོས་དང་དེབ་བཞི་གཞུང་ལྔ་(四书五经)ཟེར་བ་དེ་ནི་རིག་བྱེད་ཀྱི་གཞུང་རེད། དེའི་ནང་དོན་རིག་གནས་ལྔ་དང༌། དེ་བཞིན་ཆབ་སྲིད་ཀྱི་ལས་ཀ་བྱེད་སྟངས་ལུགས་ཀྱི་བསྟན་བཅོས། ཤེའུ་ཟེར་བ་དེ་ཁུང་ཙེས་བྲིས་པ་རེད། དེང་སང་གི་ཀྲུང་གོའི་ནང་ཁུང་ཙེ་དང་ཤཱཀྱ་མུ་ནེ་གཉིས་དུས་ཐོག་གཅིག་གི་མི་ཡིན་ཞེས་བྲིས་ཡོད། དེའི་རྒྱུ་མཚན་གཙོ་བོ་ནི་རྒྱ་གར་གྱི་སངས་རྒྱས་ཤཱཀྱ་མུ་ནེ་སྐུ་འདས་ནས་ད་བར་ལོ་ཉིས་སྟོང་ལྔ་བརྒྱ་ལྷག་ཙམ་སོང་བ་ཟེར་བ་དེ་གཞིར་བཞག་ནས་བཤད་པ་ཡིན། ཁུང་ཙེ་ལ་ཁོང་གི་སློབ་མས་སངས་རྒྱས་ཟེར་བ་ཡོད་དམ་མེད་སྐད་ཆ་འདྲི་སྐབས་ཁོང་གིས་སངས་རྒྱས་ཟེར་བའི་མི་ཞིག་ཡོད་ངེས་ཡིན། འོན་ཀྱང་དེ་ཡོད་པ་རེད་ཅེས་ངས་ཐག་བཅད་ནས་ཤོད་མི་ཐུབ་ཅེས་ལན་བཏབ་མྱོང་ཡོད། སྔོན་མ་གོང་མ་ཆན་ལུང་གི་བླ་མ་ལྕང་སྐྱ་རོལ་པའི་རྡོ་རྗེས་ཁུང་ཙེའི་ལྟ་བ་དེ་ལ་འགྲེལ་བཤད་རྒྱག་སྐབས་དེ་ལ་སངས་རྒྱས་ཆོས་ལུགས་ཀྱི་མདོ་དང་སྔགས་ལྟར་འགྲེལ་བཤད་བརྒྱབ་ཆོག་ཅེས་གསུངས་ཡོད། དེ་འདྲ་གསུངས་དགོས་པའི་རྒྱུ་མཚན་དང་ཁུང་ཙེའི་ལྟ་བར་སངས་རྒྱས་ཆོས་ལུགས་ལྟར་གྱི་འགྲེལ་པ་བརྒྱབ་ན་རྒྱ་ཡི་མཁས་པ་ཚོས་ཁས་ལེན་མིན་སྐོར་ངས་ད་ལྟ་གསལ་པོ་ཞུ་ཐུབ་མ་སོང༌། སྔོན་མ་ལིན་དགག་ཁུང་དགག་སྐབས་སུ་ཁུང་ཙེའི་ལྟ་བ་དང་ཤཱཀྱ་མུ་ནེའི་ལྟ་བ་གཅིག་མཚུངས་ཡིན་པར་བཤད་ཡོད། འོན་ཀྱང་ཁུང་ཙེས་བཤད་པའི་ལས་རྒྱུ་འབྲས་ཟེར་བ་དེ་སངས་རྒྱས་ཆོས་ལུགས་ཀྱི་ལས་རྒྱུ་འབྲས་དང་ཤོད་སྟངས་གཅིག་མཚུངས་མིན། སངས་རྒྱས་ཆོས་ལུགས་ཀྱི་ལས་རྒྱུ་འབྲས་ནི་རང་གི་ལས་ཀྱི་འབྲས་བུ་དེ་རང་གིས་མྱོང་དགོས་པ་མ་གཏོགས་གཞན་སུ་གཅིག་ལ་བགོ་བཤའ་རྒྱག་རྒྱུ་མེད་ཟེར། ཁུང་ཙེས་རང་གི་ལས་ཀྱི་འབྲས་བུ་དེ་རང་གི་ཕ་མ་དང་ཕྲུ་གུ་དང་སོ་སོའི་མི་རབས་རྗེས་མ་ལ་སྨིན་རྒྱུ་ཡོད་པ་དང་རང་གིས་མྱོང་དགོས་པ་དེ་བཤད་མི་དགོས་པ་ཡིན། ཡིན་ནའང་ཁུང་ཙེས་ལྷ་ཁས་ལེན་དང་འདྲེ་ཁས་ལེན་མིན་ཐད་གསལ་པོ་བཤད་མེད།

རྒྱ་ནག་གི་བོན་པོ་ལ་ཟླ་བ་ལྟ་བུའི་ཆོས་ཟེར། དེ་ལ་ཟླ་བ་ལྟ་བུའི་ཆོས་ཟེར་དགོས་དོན་ནི་ཆོས་དེ་དང་པོ་གསར་གཏོད་བྱེད་མཁན་གྱི་སྟོན་པའི་མིང་དུ་རྒྱ་སྐད་ནས་བོད་སྐད་དུ་བསྒྱུར་བ་དེ་ལ“ལོའུ་ཀྱུན”ཞེས་བྲིས་ཡོད། དེ་ནི་འཇིག་རྟེན་དེ་དང་པོ་ཆགས་དུས་བྱུང་བ་དང༌། དེ་ལ་སྤྲུལ་པ་མང་པོ་བསྟན་རྒྱུ་ཡོད་པ། སངས་རྒྱས་ཤཱཀྱ་མུ་ནེ་ཡང་སྤྲུལ་པ་དེའི་གྲས་ཤིག་ཡིན་ཟེར། དེ་མིན་བོན་པོའི་ལྷ་དྲང་སྲོང་བརྒྱད་དམ་གྲུབ་ཐོབ་བརྒྱད་(八仙)ཀྱང་ཟེར་བ་དེ་སོ་སོ་ལ་སྤྲུལ་པ་མི་འདྲ་བ་རེ་སྟོན་རྒྱུ་ཡོད་ཟེར། བོད་ལ་ཡང་རི་མོ་འདི་འདྲ་ཡོད། གྲུབ་ཐོབ་བརྒྱད་པོ་དེ་ཡང་སྟོན་པ་ལོའུ་ཀྱུན་གྱི་སྤྲུལ་པ་ཡིན་ཟེར། ཆོས་དེ་ལ་རྒྱ་སྐད་དུ་ཏའོ་ཅའོ་(道教)ཟེར་ཞིང་བོད་ཡིག་ནང་རྒྱ་སྐད་ཀྱི་སྒྲ་དོ་སི་ཞེས་བྲིས་ཡོད། དེའི་ལྟ་བ་ནི། ལྷ་ཚངས་པ་དེ་འཇིག་རྟེན་གྱི་བྱེད་པོ་ཡིན་པར་འདོད་པ་དང༌། དེ་བཞིན་རི་ཡི་ལྷ། མེ་ལྷ། ཤིང་ལྷ། ཆུ་ལྷ་སོགས་འབྱུང་བ་ལྔའི་ལྷ་ཡོད་ཟེར། དེ་ཚོ་ཚང་མ་བོད་ཀྱི་བོན་པོའི་ཆོས་ཀྱི་ཤོད་སྟངས་དང་འདྲ་པོ་ཡོད། ཡིན་ནའང་ཁོང་ཚོས་ལྷ་ཚངས་པ་དེ་འཇིག་རྟེན་གྱི་བྱེད་པོ་ཡིན་ཟེར་བ་ལས་གནམ་དེ་འཇིག་རྟེན་གྱི་བྱེད་པོ་ཡིན་ཟེར་གྱི་མེད། བོད་ཀྱི་བོན་པོས་གནམ་གྱི་ལྷ་ཟེར་བ་དེ་ཁས་ལེན་གྱི་ཡོད། དེ་ཡང་གནམ་གྱི་ལྷ་དེ་ཚངས་པ་ཡིན་མིན་གསལ་པོ་བཤད་མེད། བོད་ཀྱི་རྒྱལ་པོ་དེ་གནམ་གྱི་ལྷས་བསྐོས་པ་རེད་ཟེར་བའི་བཤད་སྲོལ་ཡོད། ལྷ་དེ་ལྷ་སུམ་ཅུ་སོ་གཉིས་ནང་ནས་གང་ཡིན་མིན་གསལ་པོ་བཤད་མེད། དེ་བཞིན་རྒྱ་ནག་གི་རྒྱལ་པོ་དེ་ཡང་གནམ་གྱིས་བསྐོས་པ་ཡིན་ཟེར་གྱི་ཡོད། དེ་ནི་གཙོ་བོ་གནམ་གྱི་ལྷ་ཚངས་པས་བསྐོ་བཞག་བྱས་པའི་རྒྱལ་པོ་ཡིན་པས་གོང་མ་ལ་གནམ་གྱི་སྲས་ཟེར་བ་དང་འཇིག་རྟེན་གྱི་བདག་པོ་ཡིན་ཟེར། དེར་བརྟེན། བོད་ཀྱི་དཔེ་ཆའི་ནང་གོང་མ་བདག་པོ་ཆེན་པོ་ཟེར་དགོས་དོན་ནི་འཇིག་རྟེན་གྱི་བྱེད་པོ་འཇིག་རྟེན་ཐམས་ཅད་ཀྱི་བདག་པོ་ལྷ་ཚངས་པའི་སྤྲུལ་པ་ཡིན་པས་སོ།།

དཔྱད་གཞིའི་ཡིག་ཆ་ངོ་སྤྲོད།

བསྟན་འགྱུར་མདོ་[ཛ]པའི་ནང་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པ་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བོད་ཡིག་ཏུ་བསྒྱུར་གནང་བའི་རྟོག་གེ་འབར་བ་ཞེས་པ་དེའི་ནང་རྒྱ་གར་གྱི་གྲུབ་མཐའ་མི་འདྲ་བའི་ལྟ་བ་མང་པོ་གསལ་པོ་འཁོད་ཡོད་ལ་སངས་རྒྱས་ཆོས་ལུགས་མ་བྱུང་གོང་གི་མུ་སྟེགས་པའི་ལྟ་བ་མི་འདྲ་བ་བཅོ་བརྒྱད་ཚང་མ་གསལ་པོ་བཤད་ཡོད།

གཞན་ཡང་ད་དུང་འཇམ་དབྱངས་བཞད་པའི་རྡོ་རྗེས་མཛད་པའི་<<གྲུབ་མཐའི་རྣམ་པར་གཞག་པ་རང་གཞན་གྲུབ་མཐའ་ཀུན་དང་ཟབ་དོན་མཆོག་ཏུ་གསལ་བ་ཀུན་བཟང་ཞིང་གི་ཉི་མ་>>སྟེ་རྒྱུན་དུ་<<འཇམ་བཞད་གྲུབ་མཐའ་ཆེན་མོ་>>ཞེས་པ་དེའི་ནང་ལ་ཡང་ཧ་ཅང་གསལ་པོ་ཡོད། འཇམ་དབྱངས་བཞད་པའི་རྡོ་རྗེ་ཟེར་བ་ནི་དགེ་རྒན་གྱིས་ཁོང་ལ་གནང་བའི་ཀུན་བཤད་ཀྱི་མཚན་ཡིན་ཅིང༌། མཚན་ངོ་མར་ངག་དབང་བརྩོན་འགྲུས་ཞུ་བ་ཡིན།

ལྕང་སྐྱ་རོལ་པའི་རྡོ་རྗེས་མཛད་པའི་<<གྲུབ་མཐའ་རྣམ་པར་བཞག་པ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན་>>ཏེ་<<ལྕང་སྐྱའི་གྲུབ་མཐའ་>>ནི་འཇམ་བཞད་གྲུབ་མཐའ་ལས་ཅུང་གོ་བདེ་ཙམ་ཡོད་ལ་དེའི་ནང་ནང་ས་དང༌། བོད། རྒྱ་གར་བཅས་ཀྱི་ཆོས་ལུགས་གྲུབ་མཐའ་ཆ་ཚང་ཡོད།

དགེ་ལེགས་འཕེལ།

 

 

 

 

 

 

 

བརྒྱུད་སྐུལ།

མཆན་སྤེལ།