འབྲི་གུང་ཞྭ་ལྷ་ཁང་གི་རྡོ་རིང་སྔ་ཕྱི་གཉིས། (5)

འབྲི་གུང་ཞྭ་ལྷ་ཁང་གི་རྡོ་རིང་སྔ་ཕྱི་གཉིས། (5)

ཞྭ་ལྷ་ཁང་གི་རྡོ་རིང་ནི་ ༼ཞྭ་ལྷ་ཁང་ནི་མལ་གྲོ་གུང་དཀར་རྫོང་ཉི་མ་ལྕང་རྭ་ཤང་ངམ་རྫོང་ཞོལ་ཤང་ཞྭ་གྲོང་ཚོའི་ཁོངས་སུ་གནས་ཤིང༌།༽ བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲས་མུ་ནེ་བཙན་པོའམ་ཁྲི་ལྡེ་སྲོང་བཙན་སད་ན་ལེགས་མཇིང་ཡོན་གྱིས་སྔ་རྗེས་ཆོས་བློན་མྱང་ཏིང་འཛིན་བཟང་པོ་ལ་བཀའ་གཙིགས་གཉིས་གནང་སྟེ། རྡོ་རིང་དང་པོ་ཡིག་ཕྲེང་ ༦༢ ཡོད་པ་ནི་ཕལ་ཆེར་སྤྱི་ལོ་ ༧༩༨ ནས་ ༨༡༢ ལོའི་བར་གྱི་ལོ་ལ་བཙུགས་པ་དང༌།

རྡོ་རིང་གཉིས་པ་ཡིག་ཕྲེང་ ༤༩ ཡོད་པ་ནི་སྤྱི་ལོ་ ༨༡༢ ལོར་གྲུབ་ནས་ལྷ་ས་སྐྱིད་ཆུའི་སྟོད་རྒྱུད་གཞོང་རོང་མདོ་དབུ་རུ་ཞྭ་ལྷ་ཁང་དུ་བཙུགས་ཡོད། ཞྭ་ལྷ་ཁང་ནི་རྗེས་སུ་དགོན་བདག་སེར་བྱེས་གྲྭ་ཚང་ནས་གནང༌། རིག་གནས་གསར་བརྗེའི་སྐབས་ས་རྡོའི་ཕུང་པོར་སོང་ཞིང༌། སྤྱི་ལོ་ ༡༩༨༦ ལོར་ཉམས་གསོ་ཞུས་ཏེ་དེང་དགེ་འདུན་ ༡༠ བཞུགས། ཐོག་མར་གྲུབ་མཐའ་རྙིང་ལུགས་ནས་ཕྱིས་འབྲི་གུང་བཀའ་བརྒྱུད་དུ་གྱུར། དེང་སྔོན་གྱི་རྡོ་རིང་དང༌། གཡུ་སྒྲོན་མའི་བླ་ཤིང༌། འདུ་ཁང་དང་བཅས་ཅུང་ཟད་བཞེངས་ཡོད། རིག་གསར་སྐབས་རྡོ་རིང་གཅིག་ལ་ཆག་སྐྱོན་བྱུང་ཞིང་ད་ལྟ་བསྒྲེངས་འཛུགས་གནང་མ་ཐུབ་པར་ལུས་ཡོད་པ་འདི་ཡིན།

དེ་ཡང་སྤྱི་ལོ་ ༧༩༨ ལོར་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྲས་བོད་རྒྱལ་བཞི་བཅུ་པ་མུ་ནེ་བཙན་པོས་ཕྱག་བཏབ་ ༼ལ་ལར་ཁྲི་ལྡེ་སྲོང་བཙན་གྱི་བླའི་མཆོད་གནས་པཎ་ཆེན་བི་མ་ལ་མི་ཏྲའི་དངོས་སློབ་མྱང་ཏིང་འཛིན་བཟང་པོས་ཕྱག་བཏབ་ཅེས་འཁོད།༽ པའི་དབུ་རུ་ཞྭ་ལྷ་ཁང་གི་སྒོ་འགྲམ་དུ་རྡོ་རིང་གཉིས་ཡོད་པ་དེ་གཉིས་ནི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་རང་གི་ཆབ་སྲིད་ཀྱི་བློན་པོ་ཆེན་པོ་བན་དེ་མྱང་ཏིང་འཛིན་བཟང་པོའི་བྱས་རྗེས་གཟེངས་སུ་བསྟོད་པའི་ཞལ་བཞེས་བཀའ་གཙིགས་སྔ་རྗེས་གཉིས་གནང་བའི་མདོ་དོན་རྡོ་རིང་དུ་བཀོད་པ་ཞིག་ཡིན།

བན་དེ་མྱང་ཏིང་འཛིན་བཟང་པོ་ཆོས་ཕྱོགས་ནས་སྙན་གྲགས་ཆེ་བ་མ་ཟད། སྲིད་ཕྱོགས་ནས་ཁྲི་ལྡེ་སྲོང་བཙན་གྱི་བློན་པོ་འཇོན་ཐང་ཅན་ཞིག་ཡིན། ཁོང་གིས་ཁྲི་ལྡེ་སྲོང་བཙན་སྐུ་ཆུང་ངུའི་དུས་སུ་ཡབ་ཡུམ་གྱི་ཚབ་བྱས་ཏེ་ལེགས་ཕྱོགས་ཀྱི་གསལ་འདེབས་ཞུ་བ་དང༌། རྒྱལ་བློན་འབངས་བཅས་མཛའ་ཞིང་མཐུན་པ་སོགས་འཕྲལ་ཕུགས་གཉིས་ཀར་ཕན་པ་ཆེ་བའི་གྲོས་བཏོན་ནས་ཟིང་ཆ་མེད་པར་བཟོས་པ་བཅས་གོང་འོག་ཀུན་གྱི་སྲོག་ཤིང་ལྟ་བུར་གྱུར་པར་བརྟེན་ཁྲི་ལྡེ་སྲོང་བཙན་ཁྲི་ལ་འཁོད་རྗེས་སྲིད་ཀྱི་བློན་པོ་ཆེན་པོར་བསྐོས་པའི་རྗེས་སུ་སྔར་ལས་ལྷག་པར་བྱ་བ་བཟང་པོ་ཤ་སྟག་བསྒྲུབས་པ་བཅས་ཐོག་མཐའ་བར་གསུམ་དུ་བཙན་པོར་ལྷག་བསམ་དག་ཅིང་བྱས་རྗེས་ཆེན་པོ་བཞག་ཡོད། དེར་བརྟེན་ཁྲི་ལྡེ་སྲོང་བཙན་གྱིས་བན་དེ་མྱང་ཏིང་འཛིན་བཟང་པོར་བྱས་རྗེས་དྲིན་གསོ་བྱེད་ཕྱིར་བཀའ་གཙིགས་ཐེངས་གཉིས་གནང་ནས་ཁོང་གི་ཕ་མེས་རྒྱུད་བཅས་བཙན་པོའི་གདུང་རྒྱུད་དང་བཅས་པས་དྲིན་གྱིས་བསྐྱངས་ཤིང་ལྟ་རྟོག་བྱེད་རྒྱུའི་ཞལ་བཞེས་མཛད་པ་ཡིན།

རྡོ་རིང་གཉིས་ཀ་བན་དེ་མྱང་ཏིང་འཛིན་བཟང་པོར་ཞལ་བཞེས་བཀའ་གཙིགས་གནང་བ་འདྲ་ཡང༌། རྡོ་རྡིང་སྔ་མའི་ནང་དོན་ཅུང་རྒྱས་པ་དང༌། ཕྱི་མ་ནི་སྔ་མའི་ནང་དོན་ལ་ཁ་སྣོན་མཛད་པ་ཞིག་ཡིན། རྡོ་རིང་སྔ་མ་དེར་བན་དེ་མྱང་ཏིང་འཛིན་བཟང་པོའི་མེས་པོ་སྣང་བཟང་འདུས་ཀོང་གི་བུ་ཚ་རྒྱུད་བཅས་ལ་བཙན་པོ་གདུང་རབས་རིམ་བརྒྱུད་ནས་ལྟ་རྟོག་གཟིགས་བསྐྱངས་ཀྱིས་ཁོ་ཚོའི་ནང་ནས་འཇོན་ཐང་ཆེ་བ་གཅིག་ཞབས་འབྲིང་དུ་བཅུག་ནས་རང་གི་ནུས་པ་དང་བསྟུན་པའི་ཞབས་འདེབས་སྒྲུབ་ཏུ་བཅུག་པ། དུས་རྟག་ཏུ་གོང་ནས་འགོ་འདོན་མཛད་དེ་བཙན་པོར་རྒྱབ་གཏོད་བྱས་པ་ལ་སོགས་པའི་ཉེས་འཛོལ་བྱུང་བའི་ཚེའང་ཉེས་ཅན་དེ་རང་ལ་ཆད་པ་གཅོད་པ་ལས་གཉེན་ཉེ་གཞན་ལ་ལེ་ཁག་དཀྲི་བ་དང་ཁེ་དབང་གཞུང་བཞེས་མི་མཛད་པ་སོགས་ཀྱི་ནང་དོན་འཁོད་ཡོད།

རྡོ་རིང་གཉིས་པ་དེའི་ནང་དུ་སླར་ཡང་བློན་སྣང་བཟང་འདུས་ཀོང་གི་བུ་རྒྱུད་ཙམ་དུ་མ་ཟད་དེའི་གཉེན་ཚན་གཏོགས་པ། གཙང་དང་སྟོད་ལ་སོགས་པར་གནས་པའི་མི་སེར་ཕལ་པ་ལའང་ཞང་ལོན་ཡི་གེ་པའི་ཐོབ་ཐང་གནང་རྒྱུ་དང༌། གལ་ཏེ་ཉེས་པ་མེད་བཞིན་དུ་ཁོ་ཚོའི་དབང་ལ་གནོད་འཚེ་བྱེད་མི་བྱུང་ན་མཐོ་དམའ་སུ་ཡིན་ལ་མ་ལྟོས་པར་ཆད་པ་གཅོད་རྒྱུ། སྣང་བཟང་འདུས་ཀོང་གི་བུ་ཚ་རྒྱུད་བཅས་ནམ་ཡང་བཙན་པོའི་ཆབ་འོག་ཏུ་བསྐྱངས་ནས་གཞན་གྱིས་དབང་ཡོད་བྱེད་དུ་མི་འཇུག་པ་བཅས་ཀྱི་ནང་དོན་ཁ་སྣོན་མཛད་ཡོད་པ་རེད། རྡོ་རིང་དེ་ནི་ཁྲི་སྲོང་ལྡེ་བཙན་དང་མུ་ནེ་བཙན་པོ་སྐུ་གཤེགས་རྗེས་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སྐབས་ཀྱི་ལོ་རྒྱུས་དང༌། རྒྱལ་བློན་བར་གྱི་འབྲེལ་བ། དེ་བཞིན་བཙན་པོ་དེའི་གཅེན་པོ་མུ་རུག་བཙན་པོའི་ལོ་རྒྱུས་བཅས་ཀྱི་ཐད་དཔྱད་གཞི་མི་ཉུང་བ་བཏོན་ཡོད་པས་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྡན་ཡོད།

ཀ༽ འབྲི་གུང་ཞྭ་ལྷ་ཁང་གི་རྡོ་རིང་སྔ་མའམ་རྡོ་རིང་དང་པོའི་ནང་གཤམ་གསལ་གནད་དོན་ཁག་བཞི་བཤད་ཡོད་པ་སྟེ། ༡༽ རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་ཡབ་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཡིན་པ་དང༌། ཁོང་གི་གཅེན་པོ་ནི་མུ་རུག་བཙན་པོ་ཡིན་པ་དང༌། སྐབས་དེར་བཀའ་གཙིགས་བཅས་པར་མཉམ་དུ་ཡོད་པ། ༢༽ ཁྲི་ལྡེ་སྲོང་བཙན་གྱི་ཡབ་ཁྲི་སྲོང་ལྡེ་བཙན་དང༌། གཅེན་པོ་གཉིས་རྒྱུན་རིང་པོའི་བར་མ་མཐུན་པ་བྱུང་བ་བློན་པོ་མྱང་ཏིང་འཛིན་བཟང་པོས་ཞི་འཇགས་མཐུན་འགྲིགས་བྱས་པ། ༣༽ བློན་པོ་མྱང་ཏིང་འཛིན་བཟང་པོ་ནི་བློན་ཆེན་གྱི་གོ་གནས་བཟུང་བའི་དགེ་སློང་ཞིག་དང༌། རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་དབང་བཟུང་སྐབས་གལ་ཆེའི་དབང་ཆ་ཡོད་པའི་ཆབ་སྲིད་ཀྱི་བློན་ཆེན་ཞིག་ཡིན་པ། ༤༽ བློན་པོ་མྱང་ཏིང་འཛིན་བཟང་པོའི་མི་རབས་གོང་མ་རྣམས་ལ་བྱ་དགར་སྤྲད་པའི་ཞིང་འབྲོག་བྲན་གཡོག་རྣམས་མུ་མཐུད་བརྒྱུད་འཛིན་བྱས་ཆོག་པ་དང༌། རབས་ཆད་པའམ། ཉེས་ཆད་ཕོག་པ་གང་ཡིན་ཀྱང་མུ་མཐུད་བདག་དབང་བྱས་ཆོག་པ་ལས་བཙན་པོས་ཕྱིར་ལེན་མི་བྱེད་པ་བཅས་བཤད་ཡོད།

ཁ༽ འབྲི་གུང་ཞྭ་ལྷ་ཁང་གི་རྡོ་རིང་གཉིས་པ་དེར་གཤམ་གསལ་གྱི་གལ་ཆེའི་གནད་དོན་ཁག་གསུམ་གསལ་བཤད་བྱས་ཡོད་པ་སྟེ། ༡༽ རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་སྲིད་དབང་བཟུང་བའི་རིང་འབྲུག་ལོ་སྔ་རྗེས་གཉིས་བྱུང་བ་དང༌། འབྲུག་ལོ་རྗེས་མའི་སྐབས་དེར་ཕོ་བྲང་འོན་ཅང་དོ་ན་བཞུགས་ཡོད་པ་གསལ་བར་འཁོད་ཡོད་པ་དེས་དེ་སྔོན་བོད་ཀྱི་ལོ་རྒྱུས་ཡོངས་གྲགས་སུ་རྒྱལ་པོ་ཁྲི་རལ་པ་ཅན་གྱི་དུས་སུ་བོད་ཡིག་གི་བཀས་བཅད་བར་པ་བྱས་པ་བཤད་པ་དེར་ཡང་བསྐྱར་གོམ་གང་མདུན་སྤོས་ཀྱིས་བརྟག་དཔྱད་བྱེད་དགོས་པ། ༢༽ བཀའ་གཙིགས་ཐེངས་གཉིས་པ་འདི་བཅས་སྐབས་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་གཅེན་པོ་མུ་རུག་བཙན་པོའི་མིང་འཁོད་མེད་ ༼ཕལ་ཆེར་སྐུ་གཤེགས་པ་འདྲ།༽ པ། ༣༽ བློན་པོ་མྱང་ཏིང་འཛིན་བཟང་པོའི་མེས་པོ་བློན་སྣང་བཟང་འདུས་ཀོང་གི་མི་རྒྱུད་གཙང་དང་སྟོད་ཁུལ་དུ་ཡོད་པ་རྣམས་ལ་ཞང་བློན་བཀའ་ཡིག་ཅན་གྱི་ཐོབ་ཐང་གནང་བ་དང༌། ཁོ་ཚོའི་རྒྱུ་ནོར་ཞིང་འབྲོག་བྲན་གཡོག་རྣམས་ལ་གཞན་གྱིས་བཙན་འཕྲོག་བྱེད་མི་ཆོག་པ་བཅས་གསལ་བཤད་བྱས་ཡོད་དོ།།

 

དབུ་རུ་ཞྭ་ལྷ་ཁང་གི་རྡོ་རིང་སྔ་ཕྱི་གཉིས་ཀྱི་ཡི་གེ་དངོས།

 

       རྡོ་རིང་གི་ཡི་གེ་དང་པོ་ནི།

 

༡ ༄། །གནམ་ལྷབ་ཀྱྀ་རྒྱལ་པོ། འཕྲུལ་གྱི་ལྷ་བཙན་པོ་ཁྲྀ།

༢ ལྡེ་སྲོང་བརྩན་གྱི། བཀས། ། བན་དེ་མྱང་

༣ ཏིང་ངེ་འཛྀན། དབུ་སྙུང་གཙིགས་གཡུང་དྲུང་དུ་གནང་བ།

༤ བན་དེ་ཏིང་ངེ་འཛྀན་ལྟ་ཞིག །གདོད་ནས་མཐར་སྙྀང་ཉེ་སྟེ། ང༌།

༥ སྐུ་ཆུངུ་སན། ཆབ་སྲྀད་མ་བཞེས་པའི་བར་དུ་ཡབ་ཡུཾ་གྱྀ་གོ་བྱསྟེ།

༦ ལེགས་པ་ལ་ཞེན་པར་བྱས། ཞང་དྲུང་པོའི་གོ་བྱས་ཏེ་སྐུ་བཙས།

༧ ཡབ་སྲས་གཅེན་གཅུང་ཡུཾ་སྲས། བླ་འོག་དགྱེས་ངཤྀ་འཐུན་པར།

༨ སྦྱརད། སྤྱྀར་ལེགས་པའྀ་བྐ་གྲོས་གསོལ་ཅིང༌། ལས་སུ་བྱས་པ།

༩ ལས་སྩོགས་ཏེ། དཔེན་པ་བྱེད་བྱེད། སྙྀང་ཉེ་ཉེའོ། །ཕྱིས་ཡབ་དང་

༡༠ གཅེན་ཐུགས་ནོངས་བརྟུད་པར་བྱུང་བའི་རྗེས། ང་ཆབ་སྲྀད་

༡༡ མ་བཞེས་པའྀ་སྐབསུ་ཁ་ཅིག་ཕན་དྔ། གདོན་སྩོན་པ་དག

༡༢ ཡོད་པ་ཡང༌། བན་དེ་ཏིང་ངེ་འཛྀན་གྱིས་ཉཾ་དྲོད་ཟིན་ནས། དཔེནད་

༡༣ པའྀ་བྐ་གྲོས་གསོལད། ཁྲག་ཁྲུག་མྱེད་པར་བྱས། ལེསག་པ་བྱ་འོ་ཆོག

༡༤ གི་གཞི་བཟུང་ནས། ངའྀ་ཆབ་སྲིད་ལས་སྩོག་སྟེ། སྤྱིར་ལེསག་པའྀ་

༡༥ ལས་ཆེན་པོ་བྱས་ཏེ། ངའི་ཞ་སྔར། ཆབ་སྲྀད་འདོན་འདོན། སྙིང༌།

༡༦ ཉེ་ཉེ། བླ་འོག་ཀུན་གྱི་གཟུངས་བྱས་ཏེ། ཕྱོགས་སུ་འཁྲུག་པ་མྱེད་ངཅི།

༡༧ བདེ་བར་བྱེད་བྱེད་དོ། ཆབ་སྲྀད་ཀྱྀ་བློན་པོ་ཆེན་པཽ་ལས་བྱས་ཀྱིས་

༡༨ ཀྱང༌། འཕྲལ་ཡུན་གཉིས་སུ་སྤྱིར་ལེགས་ཤྀང་དཔེན་པ་འབའ་ཞིག་

༡༩ བྱེད་བྱེད་དོ། འདྀ་ལྟར་སྔ་ཕྱྀ་གཉིས་སུ་གང་བས་ཀྱང་ལྷག་པར་སྙྀང་

༢༠ ཉེ་ངཞི། ཞོ་ཤ་ཆེན་པོ་འབུལ་འབུལ་བ། །སྔོན་གྱི་ཟླ་དེབ་དྔ་སྦྱར་ཞྀང༌། བཀཱ་

༢༡ དྲིན་འོས་རབ་སྦྱིན་རབ་དགོངས་པ་ལས། །བན་དེ་ཉིད་རྗེ་འབངས་ཀྱི་

༢༢ ལུགས་དྔ། དགེ་སློང་གི་ཚུལ་འཛྀན་ཅིང༌། བྐ་དྲྀན་མྱྀ་ནོད་པར་གསོལ་གྱིས་

༢༣ ཀྱང༌། ཞོ་ཤའི་ལན། བྐ་དྲྀན་སྦྱིན་པའི་ཆོས་ཡིན་པས། ངའྀ་བཀས།

༢༤ བན་དེ་ཏིང་ངེ་འཛྀན། གཙིགས་བརྩན་བ་བྱིན་ཏེ། ། སྲིད་གཡུང་དྲུང་

༢༥ དུ་གནང་བ། ཡུན་དུ་བརྟན་ངཞྀ་བདེ་བར་བྱ་བ་དྔ། ཀུན་གྱིས་ཤེས་པར་བྱ༌།

༢༦ བའྀ་ཕྱིར། །དཀོན་མཆོག་གྀ་རྟེན། གཙུག་ལག་ཁང་འདྀར། གཙིགས་

༢༧ ཀྱི་མཁར་བུ་བརྩྀགས། རྡོ་རིངས་བཙུགས་ནས། བཙྀགས་ཀྱི་མདོ།

༢༨ རྡོ་ལ་མངོན་པར་བྲྀས་ཏེ་མཐཱ་ཕྱག་རྒྱས་བཏབ་ནས་བཞག་པནཡྀ་གྱིས་

༢༩ སྲས་དབོན་ཕྱི་མ་མངཱ་མཛད་པ་རྣཾས་དྔ། ཆབ་སྲྀད་ཀྱི་བློན་པོ་ཕྱི་མ། དབྔ་

༣༠ བྱེད་པ་ལས་སྩོགས་པས་ཀྱང༌། ནཾ་ནཾ་ཞ་ཞར་གཙྀགས་ཀྱི་ཡི་གེ་ལས་འབྱུང་

༣༡ བ་དྔ། རྡོ་རིངས་ལ་བྲིས་པ་ལས་མྱྀ་དབྲྀ་མྱི་བཅོས་མྱི་བསྒྱུར་བར་གྱྀས་གཤྀ།།

༣༢ ནཾ་ནཾ་ཞ་ཞར། བཙན་པོ་གདུང་རབས་རྒྱུད་ཀྱྀས། བན་དེ་ཏྀང་ངེ་འཛྀནད་གྱི་

༣༣ མྱེས་པོ་བློན་སྣང་བཟང་འདུས་ཀོང་གྀ་བུ་ཚ་འཕེལ་རྒྱུད། །སྤུན་རས་ཀྱིས་

༣༤ བཙའ་ངཞྀ་འོས་པ་ཞམ་འབྲིང་དུ་བཞག་པ་དྔ། ཇྀ་ཙམ་དུ་ནུས་པར་བཀུར་

༣༥ བསྟོད་པ་དྔ། གཞན་གྱྀས་མནར་ཏཾ། སྟཾས་ལས་ཆད་ན། བྐ་ནོན་བླ་ནས་མཛྡ་

༣༦ པ་དྔ། ཉེས་སྔ་དག་པ་མ་ཡྀན་ན། འཕྲ་མ་མྱི་བསྩན། སྟཾས་ལས་མྱྀ་གཅད་

༣༧ པ་དྔ། སྣང་བཟང་འདུས་ངཀོ་གི་བུ་ཚ་འཕེལ་རྒྱུད། ལ་ལ་ཞྀག་གིས་སྐུ་དང་ཆབ་

༣༨ སྲིད་ལ་སྙྀང་རིངས་སཾ། ཉེས་པ་གཞན་ཞིག་བྱས་ན་ངཡ། གང་གིས་ཉེས་པ་ལ་རྨ་

༣༩ ཕུ་ནུ་བུ་ཚ་མ་ཉེས་གནཞ་ལ་ཁྲིན་མྱྀ་རྨ། གྱོད་ལ་མྱྀ་གདགས། བྐ་ནརད་མྱྀ་

༤༠ མཛད། ཅི་ཉེས་ཀྱང་གྱོད་ན་གཅྀག་གིས། བསྒྱུར་པ་དྔ། ཡྀ་གེ་གཡུང་དྲུང་

༤༡ མྱིང་མྱི་རླག་པར་བྱྀན་པ་དྔ། ལས་སྣ་ཆེན་པོ་བདེ་བ་ཡུན་དུ་ཆང་གྱུར་བྱིན་པ་

༤༢ དྔ། སྡེའི་དཔོན་པོ་རྒྱུད་དུ་གནང་པ་དྔ། སྣང་བཟང་འདུས་ངཀོ་གི་བུ་ཚ་འཕེལ་

༤༣ རྒྱུད་ཀྱྀ་བྲན་ངཞི། འབྲོག་སོག་ཚལ་ལས་སྩོགས་པ། ནཾ་ཞར་རབས་ཆད་དཾ། བྐ་

༤༤ གྱོད་ལ་ཐོགས་ན་ཡང༌། ཕྱག་ཏུ་མྱྀ་བཞེས། གཞན་མྱྀ་སྦྱིན། མས་མ་ཕུལ་ཕན་

༤༥ ཅད། ཅིའི་ཐབས་ཀྱྀས་ཀྱང་མྱྀ་དཔྲོག་མྱི་བཞེས་པར་གནང་བ་ལས་སྩོག་སྟེ་

༤༦ ནཾ་ནཾ་ཞ་ཞར། བློན་སྣང་བཟང་འདུས་ངཀོ་གི་བུ་ཚ་འཕེལ་རྒྱུད། སྲྀད་བདེ་ངཞྀ་བརྟན་

༤༧ བའྀ་གཙིག་གནང་བ་འདྀ། ནཾ་ནཾ་ཞ་ཞར་གནང་ངཞྀ་མྱི་བསྒྱུར་མྱྀ་བཅོས་རབ།

༤༨ ངའི་ཞ་སྔ་ནས་ཀྱང་དབུ་སྙུང་གནང༌། །གཅེན་མུ་རུག་བཙན་དྔ། ཇོ་མོ་མཆེད་དྔ་

༤༩ རྒྱལ་ཕྲན་རྣམས་དང༌། ཆབ་སྲིད་ཀྱི་བློན་པོ་མན་ཅད། ཞང་ལོན་ཆེ་ཕྲ་ཀུན་ཀྱང་

༥༠ མནས་བསྒགསྟེ། གཙྀགས་ཀྱི་གཡུང་དྲུང་དུ་གནང་ངོ༌། བན་དེ་ཏིང་ངེ་འཛིན་

༥༡ སྙིང་ཉེ་ཞིང༌། ཞོ་ཤ་ཇི་ལྟར་ཕུལ་པ་དྔ། དཔེན་པ་ཅི་བྱས་པ་དང༌། གཙྀགས་ཅི་གནང་བ་

༥༢ ཞིབ་མོ་ནི། གཙྀགས་ཀྱི་ཡི་གེ་ལ་བྲིས་ཏེ། ཕྱག་སྦལ་དུ་བཞག། དཔེ་གཅྀག་

༥༣ ཕྱག་རྒྱས་བཏབ་སྟེ། གཙྀགས་ཀྱི་མཁར་བུ་འདིར་བཞག །དཔེ་གཅིག་ནི་

༥༤ ཕྱག་རྒྱས་བཏབ་སྟེ། འོག་དཔེར་འཆང་དུ་བཅུག་གོ །༄། །བན་དེ་ཏིང་ངེ་

༥༥ འཛིནད་ཀྱི་མྱེས་ཁུ་བོ། དབྱྀ་གོང་གི་རྒྱུད་ཀྱང༌། དབུ་སྙུང་གཙྀགས་གནང་ངོ༌། །

༥༦ སྔོན་མྱང་དབཱས་སྙྀང་ཉེ་ངཞི་ཞོ་ཤ་ཕུལ་བར་འདྲ་པ་ལས། དབཱས་ཀྱྀ་ཟླ་དང་སྦྱར་ན།

༥༧ མྱང་བཀཱ་དྲྀན་ཆུངས་པ་འདྲ་ནས། ངའྀ། བཀས། མྱང་གྀ་གཙྀཊ་ཀྱང་ཟུར་

༥༨ ཕྱུང་བརྣན་བསྐྱེད་དེ་གནང་ངོ༌། །༄། །གཙྀགས་ཀྱི་མཁར་བུ་འདི༌། ནམ་ཞིག་

༥༩ དབྱེ་དགོས་ན་ཡང༌། །སྲས་དབོན་ཆབ་སྲྀད་ཀྱི་མངཱ་གང་མཛད་པས་རིང་ལུསག་

༦༠ ཐུགས་ཆེས་པ་གཙྀགས་བདག་འདྲང་བ་གསུཾ་ཡན་ཅད་

༦༡ བསྐོ་སྟེ། ལག་སྦྲེལ་ལ་དབྱུང་ངཞྀ། ཕྱིར་ངཡ་འདྀ་བཞིན་ཕྱག་རྒྱ་

༦༢ དྔ། རིང་ལུགས་ཀྱྀ་རྒྱས་བཏབ་སྟེ། བཞག་པར་གནང་ངོ༌། །

 

    རྡོ་རིང་གི་ཡི་གེ་གཉིས་པ་ནི།

 

༡ ༄། །མྱྀའི་རྒྱལ་པོ་ལྷས་མཛད་པ། །འཕྲུལ་གྱྀ་ལྷ་

༢ བཙན་པོ་ཁྲྀ། ལྡེ་སྲོང་བཙན་གྱི། བཀས། །

༣ བན་དེ་ཏྀང་ངེ་འཛིན། དབུ་སྙུང་གཙྀགས་སླད་ཀྱིས་

༤ གནང་བ། །བན་དེ་ཏིང་ངེ་འཛྀན། ངའི་ཆབ་སྲིད་འདོན་

༥ ཅིང༌། ཞོ་ཤ་ཆེན་པོ་འབུལ་འབུལ་བ། གཙྀགས་སྔ་མ་

༦ གནང་བའྀ་ཚེའང་ཟླ་དཔེ་དང༌། ཞོ་ཤའྀ་རྐྱེན་བཞྀན་

༧ བཀའ་དྲྀན་འོས་པ་ཙམ་དུ་གནང་བ་ལས། བན་དེ་ཉིད་

༨ ཀྱིས། བཀའ་དྲྀན་མྱྀ་ནོད་པར་གསོལ་ནས། གཙྀགས་

༩ རན་པར་དཔགས་པ་ལས་ཀྱང་ཕྲྀ་ཞིང་སྨད་པ་ཞོ་

༡༠ ཤའྀ་རྐྱེན་དུ་མ་བབ་སྟེ། བཀ་དྲིན་ཆུངས་ཤྀང་ཕམ་པར་

༡༡ གྱུརད། །བན་དེ་ཏིང་ངེ་འཛྀན་གྱིས། ངའི་ཞ་སྔར་ཆབ་སྲིད་

༡༢ གསོལ་ནས། ངའྀ་སྐུ་རིང་ལ། སྐུ་དང་ཆབ་སྲྀད་ལ་འཕྲལ་

༡༣ ཡུན་གཉིས་སུ་ལེགས་པའྀ་བཀའ་གྲོས་གསོལད་ཅྀང་

༡༤ སྤྱྀར་དཔེན་པའྀ་ལས་ཆེན་པོ་བྱས་པ་དང༌། བླ་འོག་ཕྱོགས་

༡༥ སུ་བདེ་བ་དང༌། ཕན་པའྀ་མདོ་ཆེན་པོ་བྱེད་བྱེད། སྙིང་

༡༦ ཉེ་ཉེ་སྟེ། ཞོ་ཤ་ཆེར་ཕུལ་བ། བཀའ་དྲིན་གཙྀགས་

༡༧ བསྐྱེད་པར། ངའི་ཐུགས་ལ་དགོངས་ན། བན་དེ་ནི་གཙྀགས་

༡༨ སྔར་གནང་བས་འཆལ་ཏེ་མྱི་བསྐྱེད་པར་གསོལ་གྱིས་

༡༩ ཀྱང་ཞོ་ཤ་ཆེན་པོའི་ལན། བཀའ་དྲྀན་མྱྀ་འཕམ་པར་སྤྱིན་པའྀ་

༢༠ རིགས་པར། རྗེ་བློན་མོལ་ནས། གཙྀགས་སྔར་གནང་བ་

༢༡ ཡང་དེ་བཞིན་གནང་བའི་སྟེང་དུ། བན་དེ་ཏིང་ངེ་འཛྀན་སྙིང་

༢༢ ཉེ་ཞིང་ཞོ་ཤ་ཆེན་པོ་ཕུལ་བའྀ་ཕྱིན། བཀའ་དྲིན་འབྲུག་གི་ལོ་

༢༣ ཕྱི་མ་ལ། ཕོ་བྲང་འོན་ཅང་དོ་ན་བཞུགས་པའྀ་ཚེ། གཙིགས་

༢༤ གསར་དུ་བསྐྱེད་དེ། ངའྀ་བཀས་གནང་བ། ཡྀ་གེ་གཡུང་དྲུང་

༢༥ སྔར་གནང་བ་བས་བསྟོད་དེ་ཆེར་གནང༌། བློན་སྣང་བཟང་

༢༦ འདུས་ཀོང་གི་བུ་ཚ་འཕེལ་རྒྱུད་དམངས་ཀྱི་རྣམས་ཀྱང་གཙང་

༢༧ དང་སྟོད་ལས་སྩོགས་པ་སྒོར་བདེ་བའྀ་རྣཾས། ཞང་ལོན་ཡྀ་གེ་

༢༨ ཅན་གྱི་ཐང་དུ་གནང་བ་དང༌། མ་ཉེས་པར་སྲོག་སྲིད་ལ་དཀུ་

༢༩ དང་གནོད་པ་བྱེད་པ་ཞིག་ཡོད་ན་སུ་ལ་བབ་ཀྱང་རུང་དཀུའ་

༣༠ བ་དང༌། ཕེའུ་པའྀ་ངོ་ཁར་མྱྀ་དོར་བ། དཀུ་བ་དུ་གཏོགས་པ།

༣༡ བཀ་གྱོད་ལ་གདགས་པར་གནང་བ་དང༌། ལྷ་རིས་སུ་བསྔོས་པ་

༣༢ ལས་ཅིར་གྱུར་ཀྱང༌། བླ་འོག་གཞན་གྱྀས་དབང་མྱྀ་བྱ་བར་གནང་

༣༣ བ་ལས་སྩོགས་ཏེ། གཙིགས་སྔ་མའྀ་སྟེང་དུ། གཙིགས་ཕྱྀ་མ་

༣༤ བསྣན་བསྐྱེད་དེ་གནང་བ་རྣམས་ཀྱང༌། དེ་བཞྀན་དུ། ནམ་ཞར་

༣༥ བརྩན་པར་གནང་སྟེ། ངའྀ་ཞ་སྔ་ནས་ཀྱང་དབུ་སྙུང་གནང༌། ཇོ་མོ་

༣༦ མཆེད་དང༌། རྒྱལ་ཕྲན་དང༌། ཆབ་སྲྀད་ཀྱྀ་བློན་པོ་རྣམས་དང༌། ཞང་

༣༧ ལོན་ཕྲ་མ་ཐམས་ཅད་ཀྱང་བརྣན་ཏེ། མནས་བསྒགས་ནས།

༣༨ གཙིགས་བསྣན་བསྐྱེད་དེ་གནང་བ་ཡང་ཡུན་དུ་བརྟན་ཞྀང་མངོན་

༣༩ པར་བྱ་བའྀ་ཕྱྀར། མདོའ་རྡོ་རིངས་ལ་བྲྀས་ཏེ་མཐའ་ཕྱག་རྒྱས་

༤༠ བཏབ་ནས། གཙུག་ལག་ཁང་དང༌། གཙྀགས་ཀྱྀ་མཁར་བུའྀ་

༤༡ དྲུང་དུ་བཞག་པ་ཡིན་གྱིས། རྗེ་བློན་ཕྱི་རབས་མངཱ་མཛད་པ་

༤༢ རྣཾས་ཀྱྀས་ཀྱང༌། ནཾ་ནཾ་ཞ་ཞར་གཙྀགས་རྣཾས་གཉིས་ཀྱྀ་ཡི་གེ་ལས་

༤༣ འབྱུང་བ་དང༌། རྡོ་རིངས་རྣ་གཉྀས་ལ་བྲྀས་པ་ལས་མྱྀ་དབྲྀ་མྱྀ་

༤༤ བཅོས་མྱི་བསྒྱུར་པར་གྱྀས་ཤིག ། གཙྀགས་སྔ་མའྀ་སྟེང་

༤༥ དུ་ཕྱྀས་གཙྀགས་བསྣན་བསྐྱེད་དེ། གནང་བ་ཡང༌། ཞིབ་ཏུ་ནྀ་

༤༦ གཙྀགས་ཀྱྀ་ཡི་གེ་ལ་བྲྀས་ཏེ། ཕྱག་སྦལ་དུ་

༤༧ བཞག ། དཔེ་གཅིག་གཙྀགས་སྔ་མ་དང་ཕྱོགས་

༤༨ སུ་གཙྀགས་ཀྱི་མཁར་བུ་འདིར་བཞག ། དཔེ་

༤༩ གཅིག་འོག་དཔེར་འཆང་དུ་བཅུག་གོ །

 

དབུ་རུ་ཞྭ་ལྷ་ཁང་།

 

རྒྱ་གཞུང་གིས་རིག་གསར་སྐབས་ཟུར་གྱི་རྡོ་རིང་གཅིག་ལས། རྩ་ཆེའི་རྟེན་གཙོ་ཁག་རྩ་མེད་དང་ལྷ་ཁང་རྩ་བཤིག་བཏང་། རྡོ་རིང་གཞན་དེ་དུམ་བུར་བཏང་། ཉེ་བའི་ལོ་ཤས་གོང་རྙིང་མའི་བླ་མ་ཞིག་དང་ཡུལ་མིས་ཉམས་གསོ་དང་རྡོ་རིང་ཆག་དུམ་བཏང་བ་ལ་ཚབ་གསར་པ་ཞིག་བཙུགས་འདུག

དེང་གི་དབུ་རུ་ཞྭ་ལྷ་ཁང་གི་བཀོད་པ།

བརྒྱུད་སྐུལ།

མཆན་སྤེལ།