སྐར་ཆུང་རྡོ་རིང༌།  (6)

སྐར་ཆུང་རྡོ་རིང༌།   (6)

སྐར་ཆུང་གི་རྡོ་རིང་ནི། ལྷ་སའི་ལྷོ་ནུབ་ངོས་སྐྱིད་ཆུའི་ཕ་རོལ་ར་མ་སྒང་གྲོང་དབུས་༼དེང་སྟོད་ལུང་བདེ་ཆེན་རྫོང་ཁོངས་སྣེའུ་ཤང་ར་མ་སྒང་གྲོང་ཚོ་སྟེ་ལྷ་སའི་མེ་འཁོར་འབབ་ཚུགས་ཀྱི་ཉེ་འཁྲིས།༽སངས་རྒྱས་དགོན་གྱི་ལྷོ་ངོས་བྱེ་ཐང་དུ་བཙུགས་ཤིང༌། བཙན་པོ་ཁྲི་ལྡེ་སྲོང་བཙན་སྐབས་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ཕོ་བྲང་ངམ་སྐར་ཆུང་གཙུག་ལག་ཁང་གསར་བཞེངས་སྐབས་༼སྤྱི་ལོ་ ༨༠༠ ཡས་མས་ནང་༽བཙུགས་པའི་རྡོ་རིང་ཞིག་ཡིན་ཅིང༌། རྡོ་རིང་གང་དུ་བསླངས་པའི་ལྷ་ཁང་དེ་ཉིད་ཀྱི་མིང་རྡོ་རིང་ལ་ཐོགས་ནས་སྐར་ཆུང་རྡོ་རིང་ཞེས་གྲགས།

རྡོ་རིང་དེའི་ངོས་སུ་བཙན་པོ་གོང་མ་རྣམས་ཀྱི་སྐུ་རིང་ལ་སངས་རྒྱས་ཀྱི་ཆོས་མཛད་པ་དང༌། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ། གཙུག་ལག་ཁང་བཞེངས་པ་སོགས་གདུང་བརྒྱུད་ཀྱིས་འདི་ལྟར་མཛད་པ་འདི་དུས་ནམ་ཡང་མ་ཞིག་པར་ཕྱིན་ཆད་གདུང་རབས་རེ་རེ་བཞིན་བཙན་པོ་ཡབ་སྲས་ཀྱིས་འདི་བཞིན་དུ་དམ་བཅའོ་ཞེས་སོགས་འཁོད་པ་བཀའ་གཙིགས་ཀྱི་ཡི་གེ་ཡིན་འདུག་ལ། ཕྱི་ལོ་ ༡༩༦༦ ཡས་མས་ཀྱི་རིག་གནས་གསར་བརྗེའི་སྐབས་སྐར་ཆུང་རྡོ་རིང་དང༌། དགོན་པའི་སྣོད་བཅུད་ཐམས་ཅད་གཏོར་བརླག་ཏུ་སོང་ཞིང༌། སྐར་ཆུང་ལྷ་ཁང་ནི་ད་ལྟ་སངས་རྒྱས་དགོན་ཞེས་པ་དེ་ཡིན་ལ་དེང་ཉམས་གསོ་ཕྲན་བུ་གནང་ཡོད་ཅིང༌། སྐར་ཆུང་རྡོ་རིང་རྒྱལ་འཕུང་དམངས་གནོད་ཀྱི་རིག་གནས་གསར་བརྗེའི་གོད་ཆགས་ཁྲོད་གཏོར་བརླག་སོང་སྟེ་ད་ཆ་སྐར་ཆུང་རྡོ་རིང་གི་ཞབས་ར་དང༌། བྱེ་བྲག་ཡི་གེ་བརྐོས་པ་དང་མ་བརྐོས་པའི་རྒྱ་རྡོ་ཆག་གྲུམ་ཆེ་ཆུང་ངོ་གྲངས་བསྡོམས་བཅུ་ཙམ་བཙལ་བརྙེད་ཐུབ་ནས་བདག་སྤྲོད་བྱེད་ཁུལ་དུ་གནས།

གཙུག་ལག་ཁང་དེའི་མིང་དང་རྒྱ་ཁྱོན་ཇི་ཙམ་ཡོད་ཅེ་ན། བཙན་པོས་ལྷ་ཁང་ཉི་མ་ཙམ་ཞིག་བརྩིགས་དགོས་གསུང་པར་མཛོད་ཀྱི་ནང་དུ་ཉི་མར་དཔག་ཚད་ལྔ་བཅུ་རྩ་གཅིག་ཡོད་པར་བཤད་པས་བོད་འདིར་མི་ཤོང་ཞེས་ཞུས། ཟླ་བ་ཙམ་ཞིག་བརྩིགས་དགོས་གསུངས་པར། དེ་ཡང་ཉི་མ་དང་འདྲ་ཚུལ་ཞུས། སྐར་མ་ཙམ་ཞིག་བརྩིགས་དགོས་གསུངས་པར། སྐར་མ་ལའང་རྒྱང་གྲགས་བཅོ་བརྒྱད་ཡོད་པར་བཤད་པས་བྱང་འབྲོག་གི་ཐང་ཡངས་ས་ཞིག་ཏུ་བརྩིགས་དགོས་ཞེས་བཀའ་གནང་བར། བློན་པོ་ཀུན་གྱིས་བྱང་དུ་བརྩིགས་ན་ལྷ་ཁང་སྟོང་པར་ལུས་འགྲོ་ཚུལ་ཞུས་ཏེ། རྗེ་འབངས་ཀུན་གྲོས་མཐུན་ཏེ་སྐར་མ་ཆུང་བ་ཞིག་ལ་རྒྱང་གྲགས་གཅིག་༼རྒྱང་གྲགས་གཅིག་ལ་གཞུ་འདོམ་ལྔ་བརྒྱ་ཡོད།༽ ཡོད་པའི་བཤད་ཚུལ་ལྟར་རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས་པས་སྐར་ཆུང་ཞེས་མིང་ཐོགས་པ་དང༌། ལྷ་ཁང་དེའི་འཁྲིས་སུ་རྡོ་རིང་བཙུགས་པས་ལྷ་ཁང་གི་མིང་རྡོ་རིང་ལ་ཐོགས་ནས་སྐར་ཆུང་རྡོ་རིང་ཞེས་གྲགས།

སྐར་ཆུང་རྡོ་རིང་འདི་ལོ་ཁམས་སམ་དུས་ཚོད་ཇི་ཙམ་ལ་བཙུགས་སམ་ཞེ་ན། རྡོ་རིང་རང་དུ་ལོ་ཁམས་མ་འཁོད་པས་བརྗོད་དཀའ་ཡང༌། འཛུགས་མཁན་མུ་ཏིག་བཙན་པོའམ། ཁྲི་ལྡེ་སྲོང་བཙན་སད་ན་ལེགས་འཇིང་ཡོན་ཉིད་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཡིན་པས་ཁྲི་སྲོང་སྤྱི་ལོ་ ༧༣༠ ལྕགས་རྟ་ལོར་སྐུ་འཁྲུངས་ཏེ། སྤྱི་ལོ་ ༧༨༥ ལོའི་ཤིང་གླང་ལ་འདས་རྗེས་ཁྲི་ལྡེ་སྲོང་བཙན་གྱིས་ཁྲི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་ཁྲིར་འཁོད་པའི་དུས་ཐུང་དེའི་ནང་བཙུགས་པར་ངེས་པས་སྤྱི་ལོ་ ༨༠༠ ཡས་མས་ནང་སྐར་ཆུང་ལྷ་ཁང་བཞེངས་ཏེ་རྡོ་རིང་བཙུགས་སོ་ཞེས་བརྗོད་ཐུབ་པ་དེ་དཔྱད་གཞི་ཙམ་ལགས། ད་དུང་སུམ་པ་མཁན་པོའི་ཆོས་འབྱུང་སོགས་སུ་ཁྲི་སྲོང་འཁྲུངས་ལོ་དྲུག་ཅུ་སྐོར་གཅིག་གི་རྗེས་སུ་བྲིས་པའང་འདུག་པ་དཔྱད་གཞི་ཙམ་དུ་ཟད་དོ། །དོན་དུ་འདི་ལོ་རབ་བྱུང་བཅུ་བདུན་པའི་མེ་ཁྱི་སྤྱི་ལོ་ ༢༠༠༦ བར་གྱི་མི་ལོ་ ༡༢༠༦ ཙམ་སོང་ངོ༌།།

སྐར་ཆུང་རྡོ་རིང་གི་ཡི་གེ་འདིར་གཤམ་གསལ་གནད་དོན་ཁག་ལྔ་གསལ་བཤད་བྱས་པ་སྟེ། ༡༽ རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱིས་སངས་རྒྱས་ཆོས་ལུགས་མུ་མཐུད་དུ་སྲུང་སྐྱོབ་བྱས་པ། ༢༽ ཁོང་གི་ཡབ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྲག་དམར་གྱི་བསམ་ཡས་གཙུག་ལག་ཁང་བཞེངས་པ། ༣༽ རྒྱལ་པོ་ཁྲི་ལྡེ་སྲོང་བཙན་རང་ཉིད་ཀྱིས་རྒྱལ་སྡེ་སྐར་ཆུང་ལྷ་ཁང་བཞེངས་པ། ༤༽ རབ་བྱུང་གི་ནང་ནས་ཆོས་ལ་མཁས་ཤིང་ནུས་པ་ཡོད་པ་ཞིག་བདམས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ཚབ་མཁན་པོར་བསྐོ་དགོས་པ་དང༌། ཁོང་ལ་ཆོས་ལུགས་ཀྱི་ལས་དོན་ཐད་དབང་ཆ་ཚང་མ་ཡོད་པ། ༥༽ ཡབ་དང་མེས་པོའི་དུས་སུ་དཀོན་མཆོག་གསུམ་གྱི་མཆོད་རྒྱུན་དུ་གནང་བའི་ལྷ་འབངས་དང་རྒྱུ་ནོར་རྣམས་མུ་མཐུད་ནས་སྲུང་སྐྱོབ་འགན་ལེན་བྱེད་རྒྱུ་བཅས་འཁོད་ཡོད་དོ།།

 

སྐར་ཆུང་རྡོ་རིང་གི་ཡི་གེ་དངོས།

 

འཕྲུལ་གྱི་ལྷ་བརྩན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་དམ་པའི་ཆོས་ཡུན་དུ་བརྟན་པར་གཙིགས་བརྣན་པ། འཕྲུལ་གྱི་ལྷ་བཙན་པོ་མྱེས་ཁྲི་སྲོང་བརྩན་གྱི་རིང་ལ་སངས་རྒྱས་ཀྱི་ཆོས་མཛད་དེ། ར་སའི་གཙུག་ལག་ཁང་ལས་སྩོགས་པ་བརྩིགས་ཤིང༌། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང༌། མྱེས་ཁྲི་འདུས་སྲོང་གི་རིང་ལ། གླིང་གི་ཁྲེ་རྩེ་ལས་སྩོགས་པར། གཙུགས་ལག་ཁང་བརྩིགས་སྟེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང༌། མྱེས་ཁྲི་ལྡེ་གཙུག་བརྩན་གྱི་རིང་ལ། བྲག་དམར་གྱི་ཀྭ་ཅུ་དང༌། མཆིང་ཕུར་གཙུག་ལག་ཁང་བརྩིགས་སྟེ་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང༌། ཡབ་ཁྲི་སྲོང་ལྡེ་བརྩན་གྱི་རིང་ལ། བྲག་དམར་གྱི་བསམ་ཡས་ལས་སྩོགས་པ་དབུང་མཐར་གཙུག་ལག་ཁང་བརྩིགས་སྟེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང༌། ལྷ་བཙན་པོ་ཁྲི་ལྡེ་སྲོང་བརྩན་གྱི་རིང་ལ་ཡང་སྐར་ཆུང་གཙུག་ལག་ཁང་ལས་སྩོགས་པར་བརྩིགས་སྟེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་ལས་སྩོགས་པ། གདུང་རབས་བརྒྱུད་ཀྱིས། འདི་ལྟར་སངས་རྒྱས་ཀྱི་ཆོས་མཛད་པ་འདི། ནམ་དུ་ཡང་མ་ཞིག མ་བཏང་ན་ལེགས་པ་དཔག་ཏུ་མྱེད་པར་འགྱུར། བཏང་སྟེ། ཞིག་གམ་མྱེད་པར་གྱུར་ན། སྡིག་པ་གྲངས་མེད་པར་འོང་བས། ད་ཕྱིན་ཆད་ནམ་ནམ་ཞར་ཞར། འཕྲུལ་གྱི་ལྷ་བཙན་པོ་ཡབ་ཁྲི་སྲོང་ལྡེ་བརྩན་གྱི་རིང་ལ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང༌། སངས་རྒྱས་ཀྱི་ཆོས་མཛད་པ། མྱི་གཏང་མ་ཞིག་པར། གདུང་རབས་བརྒྱུད་ཀྱིས་ཡི་དམ་བཅའོ་ཞེས་འབྱུང་བ་ལས་སྩོགས་པ། བཙན་པོ་ཡབ་སྲས། རྗེ་བློན། ཀུན་གྱིས་དབུ་སྙུང་དང་བྲོ་བོར་སྟེ་གཙིགས་ཀྱི་ཡི་གེ་དང༌། རྡོ་རིང་ལ་བྲིས་པ་བཞིན་དུ་ཡང་མཛད་དོ། ། འདི་ལྟར། ཡབ་མྱེས། གདུང་རབས་བརྒྱུད་ཀྱི་དཀོན་མཆོག་གསུམ་གྱི་རྟེན་བཙུགས་ཤིང་སངས་རྒྱས་ཀྱི་ཆོས་མཛད་པ་འདི་གཅེས་སྤྲས་ཅི་ལ་ཡང༌། སྡིག་གོ་ཞེའམ། མ་ལེགས་སོ་ཞེས་མོ་དང་རྨྱི་ལྟས་ལས་སྩོགས་སྟེ་ཅིའི་ཕྱིར་ཡང་རུང་སྟེ། མྱི་ཞིག་གོ་མྱི་སྤང་ངོ༌། །དེ་སྐད་ཅེས། ཆེ་ཆུང་སུས་གསོལད་ཀྱིས་ཀྱང་དེ་ལྟར་མྱི་མཛད་དོ། །བཙན་པོ་དབོན་སྲས། སྐུ་ཆུང་ངུར་བཞུགས་པ་ཡན་ཅད། ཆབ་སྲིད་ཀྱི་མངའ་བདག་མཛད་པ་མན་ཆད་ཀྱང༌། དགེ་སློང་ལས། དགེ་བའི་བཤེས་གཉེན་བསྐོས་ཏེ། ཆོས་ཐུགས་སུ་ཅི་ཆུད་ཆུད་དུ་བསླབ་ཅིང༌། བོད་ཡོངས་ཀྱིས་ཀྱང་ཆོས་སློབ་ཅིང་སྦྱང་པའི་སྒོ་མྱི་གཅད། ནམ་དུ་ཡང་བོད་ཡ་རབས་མན་ཅད། བོད་འབངས་ལས་ཐར་པར་གཟུད་པའི་སྒོ་མྱི་བགག་པར་དད་པའི་རྣམས་ལས་ཐར་བར་བཙུད་དེ། དེའི་ནང་ནས་ནུས་པ་ལས། བཅོམ་ལྡན་འདས་ཀྱི་རིང་ལུགས་རྟག་ཏུ་བསྐོ་ཞིང༌། བཅོམ་ལྡན་འདས་ཀྱི་རིང་ལུགས་བྱེད་པའི་རྣམས་ཆོས་འཁོར་ནས་བྱའོ་ཅོག་གི་བཀའ་ལ་ཡང་བཏགས་སྟེ། ཆོས་འཁོར་གྱི་ལས་དང་དབང་བྱེད་ཅིང༌། དགེ་བའི་བཤེས་རྙེན་བྱེད་པར་བསྐོའོ། རབ་ཏུ་བྱུང་བའི་རྣམས། ངེད་ཡབ་སྲས་ཀྱིས་མཆོད་གནས་སུ་གནང་བ་བཞིན་དུ་བྱས་སྟེ། བཙན་པོའི་ཕོ་བྲང་ན་དཀོན་མཆོག་གསུམ་གྱི་རྟེན་བཙུགས་ཤིང༌། མཆོད་པ་ཡང་གུ་དུ་མྱི་སྤང་མྱི་བསྐར་ཞིང༌། མཆོད་གནས་སུ་བགྱིའོ། མདོར་ན། བཙན་པོའི་ཕོ་བྲང་དང༌། བོད་ཁམས་ན་དཀོན་མཆོག་གསུམ་མྱེད་པ་དང༌། སྤང་བའི་ཐབས་ཅི་ཡང་མི་མཛད་དོ། ཡབ་མྱེས་དབོན་སྲས་གང་གི་རིང་ལ་ཡང་རུང་སྟེ། དཀོན་མཆོག་གསུམ་གྱི་རྐྱེན་བཅད་པའི་རྣམས་ཀྱང་མ་དམའས་མ་ཞིག་པའི་ཆོས་སུ། ལྷ་རིས་ཀྱི་ཁྱིམ་ཡིག་གི་མགོ་ནན་ལས་བྱུང་བ་བཞིན་དུ་ཆོས་མཛད་དོ། ད་ཕྱིན་ཆད་གདུང་རབས་རེ་རེ་ཞིང་ཡང༌། བཙན་པོ་ཡབ་སྲས་ཀྱིས་འདི་བཞིན་དུ་ཡིད་དམ་བཅའོ། དེ་ལས་མནའ་ཁ་དབུད་པ་དག་མྱི་བགྱི་མྱི་བསྒྱུར་བར། འཇིག་རྟེན་ལས་འདས་པ་དང༌། འཇིག་རྟེན་གྱི་ལྷ་དང༌། མི་མ་ཡིན་པ་ཐམས་ཅད་ཀྱང༌། པང་དུ་གསོལ་ཏེ། བཙན་པོ། རྗེ་བློན། ཀུན་གྱིས་ཀྱང་དབུ་སྙུང་དང་བྲོ་བོར་ཏེ། གཙིགས་བརྣནད་པའི་ཡི་གེ་ཞིབ་མོ་ནི་ཡབ་ཀྱི་རིང་ལ་གཙིགས་ཀྱི་ཡི་གེ་བྲིས་པའི་ཟླ་ལ་བཞག་གོ།

 

མཆན། རབ་བྱུང་ ༡༦ པའི་མེ་ཁྱི་སྤྱི་ལོ་ ༡༩༤༦ ཟླ་ ༢ ཚེས་ ༥ ཉིན་ར་མ་སྒང་དུ་སངས་རྒྱས་དགོན་ཞེས་པའི་བཙུན་མའི་དགོན་འཁྲིས་ཀྱི་བྱེ་མའི་དཀྱིལ་དུ་བཙུགས་པའི་སྐར་ཆུང་རྡོ་རིང་སྟེང་གི་ཡི་གེ་ངོ་མ་ནས་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཧོར་ཁང་བསོད་ནམས་དཔལ་འབར་གཉིས་ནས་བསྡུས་པའོ།།

 

 

ལྷ་ས་ར་མ་སྒང་གི་སྐར་ཆུང་ལྷ་ཁང་གི་རྡོ་རིང་ལ་ཆག་སྐྱོན་མ་བྱུང་གོང་གི་པར་རྙིང་། འདི་དུས་རབས་༩ པའི་ནང་བཞེངས་པར་གྲགས།

 

 

བརྒྱུད་སྐུལ།

མཆན་སྤེལ།