ཞོལ་ཁང་གསེར་རྡོ་རིང༌གཉིས། (7)

ཞོལ་ཁང་གསེར་རྡོ་རིང༌གཉིས། (7)

ཀ༽ ཁང་གསེར་རྡོ་རིང་གཉིས་ནི། གོར་བོད་སྡེ་གཟར་སྐབས་མན་ཇུ་གོང་མས་བོད་ལ་དམག་རོགས་བཏང་བའི་སྐོར་དང༌། སོག་པོ་ཇུན་གར་བ་གོང་མའི་དམག་དཔུང་གིས་མཐར་བསྐྲད་པའི་སྐོར་འཁོད་པའི་རྡོ་རིང་ཞིག་ཡིན་ཞིང༌། དེ་ཡང༌། ལྷ་ལྡན་ཞོལ་གྱི་ལྕགས་རིའི་ཕྱི་ལོགས་རྒྱལ་སྒོའི་མདུན་ངོས་ཤར་ནུབ་གཉིས་སུ་ཁང་སེར་རྫ་གཡམ་གཡུ་རྩིའི་ཐོག་ལྡན་གཉིས་ཀྱི་ནང་བཟོ་དབྱིབས་རྒྱ་ལུགས་དང་མཚུངས་པའི་རྡོ་རིང་རེ་ཡོད་པའི་ཤར་གྱི་རྡོ་རིང་དེར་རྒྱལ་པོས་བྲིས།

ཞེས་པའི་ཡིག་ཆེན་འཁོད་པའི་རུས་སྦལ་གྱི་སྟེགས་བུ་ཅན་དེ་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤི་ཁྲི་ལོ་དྲུག་ཅུ་ ༼སྤྱི་ལོ་ ༡༧༢༠༽ ལོར་བཙུགས་ཤིང༌། དེའི་མཐོ་ཚད་ལ་སྤྱི་ཁྲེ་ ༣་༧༤ ཡོད་པ་དེའི་མདུན་ངོས་སུ་རྒྱ་ཡིག་ཡིག་ཕྲེང་ ༡༥ དང༌། བོད་ཡིག་ཡིག་ཕྲེང་ ༤༦ རྒྱབ་ཏུ་སོག་ཡིག་ཡིག་ཕྲེང་ ༡༥ དང༌། མན་ཇུའི་ཡི་གེ་ཡིག་ཕྲེང་ ༡༥ ཡོད་པའི་ནང་དོན་ནི་སོག་པོ་ཇུན་གར་བ་གོང་མའི་དཔུང་གིས་མཐར་བསྐྲད་པའི་སྐོར་བཀོད་ཡོད།

 

སོག་བོད་དམག་འཁྲུག

 

ཇུན་དགར་བ་ཚེ་རིང་དོན་གྲུབ་ཀྱི་བོད་ཀྱི་སྲིད་དབང་བཟུང་རྗེས་མེ་བྱ་སྤྱི་ལོ་ ༡༧༡༧ ལོའི་ལོ་མཇུག་ཏུ་སྟག་རྩེ་མི་དབང་ལྷ་རྒྱལ་རབ་བརྟན་མིང་ཙམ་གྱི་སྲིད་སྐྱོང་ལ་བསྐོས། ཁོང་དགུང་ལོ་བདུན་ཅུ་ལྷག་ཙམ་གྱི་བགྲེས་པོ་ཞིག་ཡིན་པས་དོན་དུ་དབང་ཆ་ཇུན་གར་བས་བཟུང༌། གསང་སྔགས་རྙིང་མའི་དགོན་པ་གཙོ་བོ་རྡོ་རྗེ་བྲག་དང༌། སྨིན་གྲོལ་གླིང་གི་གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ། ལོ་ཆེན་དྷརྨ་ཤྲིའ་སོགས་སྔ་འགྱུར་བསྟན་པའི་གསལ་བྱེད་དམ་པ་མང་པོ་བཀྲོངས། གསེར་སྡོང་འཛམ་གླིང་རྒྱན་གཅིག དབུས་གཙང་ཁུལ་གྱི་དགོན་སྡེ་གླིང་བཅུ་གསུམ་ཞེས་པ་རྣམས་ཀྱང་བཤིག་རྩིས་བྱེད་སྐབས་སྟག་རྩེ་ལྷ་རྒྱལ་རབ་བརྟན་གྱིས་བཀག་ནས་མ་བཤིག་ཙམ་བྱུང༌། དུས་རྒྱུན་མི་སེར་ལ་བརྡབ་གསིག་ཆེ་བའི་ཐོག་སྔ་འགྱུར་བསྟན་པར་གནོད་ཚབས་ཆེ་བ་སོགས་གདུག་རྩུབ་ཀྱི་སྤྱོད་ངན་ཧ་ཅང་མང་པོ་བྱས་སྟབས་བོད་ཀྱི་མི་རྣམས་ཡིད་མི་རང་བར་གྱུར། ས་ཕག་སྤྱི་ལོ་ ༡༧༡༩ ལོར་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཤིས་ཀྱི་སྲས་བཅུ་བཞི་པ་ཡུན་ཐིས་སྤྱི་ཁྱབ་དམག་སྤྱི་གནང་བའི་དཔུང་སྡེ་ཆེན་པོ་དྲུག་མདོ་ཁམས་སོགས་བརྒྱུད་ནས་ཇུན་གར་བ་བཅོམ་དུ་ཡོང་སྐབས་ཇུན་གར་བའི་དམག་དཔུང་མངའ་རིས་བརྒྱུད་ནས་བྲོས་སྟབས་མངའ་རིས་སྐོར་གསུམ་དང༌། དབུས་གཙང་ཀོང་པོ་བཅས་ཀྱི་དམག་དཔུང་ནས་གོང་མའི་དཔུང་ཆེན་ལ་རམ་འདེགས་ཀྱིས་ཇུན་གར་བར་རྒོལ་བརྡུང་བྱས་ནས་ལྕགས་བྱི་སྤྱི་ལོ་ ༡༧༢༠ ལོར་ཇུན་གར་བ་ཡོངས་རྫོགས་བོད་ནས་མཐར་སྤྲོད་བཏང༌། གོང་མའི་དཔུང་ཆེན་ལྷ་སར་འབྱོར་རྗེས་སྲིད་སྐྱོང་སྟག་རྩེ་ལྷ་རྒྱལ་རབ་བརྟན་གནས་དབྱུང་འཛིན་བཟུང་ཐོག་ཇུན་གར་ནས་ཡིན་པ་བླ་མ་གྲྭ་པ་སོགས་འཛིན་བཟུང་འདྲི་ཞིབ་བྱེད་སྐབས་སྟག་རྩེ་ལྷ་རྒྱལ་རབ་བརྟན་གྱིས་ཉེས་པ་མེད་ཚུལ་བརྗོད་ཀྱང་ལྷ་བཟང་ཁང་གི་སྲས་ཆུང་བ་སུར་ཡ་བཟུངས་སྟེ་ཇུན་གར་བར་རྩིས་སྤྲོད་མཁན་སྟག་རྩེ་བ་ཡིན་ཚུལ་སོགས་བརྗོད་པ་དང༌། བཀའ་བློན་བཀྲ་ཤིས་རྩེ་པ་སོག་པོ་ཇུན་གར་བ་དང་ངན་འབྲེལ་གྱིས་ནང་གཏམ་ཕྱིར་སྐྱེལ་བྱེད་མཁན་གཙོ་བོ་ཞིག་ཡིན་པའི་དབང་གིས་སྟག་རྩེ་ལྷ་རྒྱལ་རབ་བརྟན་དང༌། བཀྲ་ཤིས་རྩེ་པ། ཨ་ཆོས་སོགས་ལྷ་ས་སྐྱིད་ཆུའི་འགྲམ་དུ་ཁྲིམས་གཅོད་ཀྱིས་མགུལ་བཅད་ནས་བཀྲོངས་པའོ།།

སྤྱི་ལོ་ ༡༧༡༦ ལོར་ཇུན་གར་བ་ཚེ་དབང་རབ་བརྟན་ནས་དམག་དཔོན་ཆེན་པོ་ཚེ་རིང་དོན་གྲུབ་ཀྱིས་གཙོ་བོར་བྱས་པའི་སོག་དམག་དྲུག་སྟོང་བོད་དུ་བཏང༌། མེ་བྱ་སྤྱི་ལོ་ ༡༧༡༧ ལོར་དམག་དཔུང་འདམ་གཞུང་དུ་འབྱོར་ཏེ་དེར་དམག་འཐབ་ལན་འགའ་བྱས་ཀྱང་མ་ཐུབ་པས་ལྷ་བཟང་དཔུང་དང་བཅས་པ་བྲེལ་རྟབ་ཀྱིས་ལྷ་སར་ཐོན་ནས་རྩེ་ཕོ་བྲང་གི་ཆབ་སྒོ་བསྡམས་ཏེ་བསྡད། དེ་དུས་ཀྱི་དམག་དཔོན་ཆེ་བ་ནི་དབུས་མདའ་དཔོན་ཨོ་རོང་པ་དང༌། འབུམ་ཐང་པ་འདས་པོའི་བུ་གཉིས། གཙང་དཔུང་གི་དམག་དཔོན་དུ་ཕོ་ལྷ་ཐའི་ཇི་བསོད་ནམས་སྟོབས་རྒྱས། བསམ་གྲུབ་གླིང་པ། བཀྲ་ཤིས་རྩེ་པ། སོག་དཔུང་གི་དམག་དཔོན་དུ་རལ་ཐའི་ཇི་བཅས་ཡིན། ལོ་དེའི་ཟླ་བ་ ༡༡ ཚེས་ ༡༣ ཉིན་ཇུན་གར་དམག་ལྷ་སར་འཛུལ། བོད་དམག་སྲུང་བྱ་རྣམས་ཀྱིས་གླགས་མ་རྙེད་པར་ཁ་ཐོར། ཕོ་ལྷ་བའང་འབྲས་སྤུངས་ལ་བྲོས། ཇུན་དམག་གིས་གྲོང་ཁྱེར་ནང་བཅོམ་འཕྲོག་ཚོད་མེད་བྱས། ཟླ་ ༡༢ ཚེས་ ༣ ཉིན་ཇུན་དམག་གིས་རྩེ་ཕོ་བྲང་གི་ལྷོ་ཕྱོགས་ནས་འཛུལ་ཐབས་བྱས་ཀྱང་ཐར་དཀའ་བས་རྒྱལ་སྒོར་མེ་རྒྱག་རྩིས་བྱེད་སྐབས་ལྷ་བཟང་ཁང་རང་ཉིད་དང༌། ཞབས་འབྲིང་བློ་བཟང་ཆོས་འཕེལ་གཉིས་ལྟག་རྒྱབ་ནས་རྟ་བཞོན་ཏེ་བྲོས་འགྲོ་སྐབས་རྟ་འདམ་ལ་བྱིངས་ཏེ་འགྲོ་མ་ཐུབ་པའི་ངང་རྗེས་འདེད་ཇུན་དམག་འབྱོར་བ་དང་ལག་འཛིངས་ཀྱིས་དམག་མི་ཁ་ཤས་བསད་མཐར་ཁོང་གཉིས་ཇུན་དམག་གིས་ལག་རུབ་བརྒྱབ་སྟེ་བཀྲོངས། དེའི་ཚེ་ཇུན་གར་བའི་དཔུང་གི་གཙོ་བོ་རྣམས་གྲོས་ཏེ་དགུང་ན་མཐོན་པོར་ཕེབས་པ་བྱེ་རི་སྟག་རྩེའི་ཞབས་དྲུང་ལྷ་རྒྱལ་རབ་བརྟན་བོད་ཀྱི་སྲིད་སྐྱོང་བའི་ཁྲིར་བསྐོས། དེ་ནས་པོ་ཏ་ལའི་རྣམ་རྒྱལ་གྲྭ་ཚང་གི་དགེ་འདུན་ཚང་མ་ལྷ་ས་སྐྱིད་ཆུའི་ཁར་འཁྲིད་ནས་ན་བཟའ་རྣམས་བཤུས། སྐྱ་ཆས་གཡོགས་ཏེ་སོ་སོའི་གཞིས་དང་ཕ་མིང་གར་ཡོད་སར་བཏང༌། རྡོ་རྗེ་བྲག་དང༌། སྨིན་གྲོལ་གི་བླ་མ་གཙོ་བོ་རྣམས་དང༌། ལྷ་བཟང་གི་ཞབས་འབྲིང་རྣམས་བསྐོངས་ཏེ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་རྒྱལ་དབང་ལྔ་པ་ཆེན་པོའི་ཡང་སྲིད་ཡིན་མིན་འདྲི་རྩད་བྱས་པར་ཚང་མས་འདོད་གཅིག་གིས་མིན་པར་ཐག་བཅད་པས་ཁོང་ཁྲི་ལས་ཕབ་སྟེ་ལྕགས་པོ་རིར་དོ་དམ་བཀག་ཉར་བྱས། ཟླ་ ༡༢ ཚེས་ ༢༤ ཉིན་བླ་བྲང་སྟེང་དུ་དབུས་གཙང་གི་བླ་དཔོན་རྣམས་བསྐོངས་ཐོག་ཇུན་གར་གྱི་བློན་ཆེན་ཚེ་རིང་དོན་གྲུབ་དང༌། གདུགས་དཀར། ཆོས་འཕེལ་ཇའི་སང་གསུམ་བཅས་ནས་སླད་ཕྱིན་གསང་སྔགས་རྙིང་མའི་ཆོས་རྩ་བ་ནས་བྱས་མི་ཆོག་པ་དང༌། སྐུ་གསུང་ཐུགས་རྟེན་རྣམས་དོར་དགོས་པའི་ཁྲིམས་བསྒྲགས། དེ་ནུབ་སྨིན་གླིང་ལོ་ཆེན་དྷརྨ་ཤྲིའ་དང༌། རྡོ་རྗེ་འཛིན་པ་བློ་བཟང་བསྟན་པའི་རྒྱལ་མཚན། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ་སོགས་སྐྱིད་ཆུའི་འགྲམ་དུ་འཁྲིད་དེ་བཀྲོངས། ལོ་ཆེན་རིན་པོ་ཆེ་གནས་ཚང་ནས་ཕྱིར་ཕེབས་པ་དང་སྦྲགས་ཞལ་འདོན་དབུ་ཚུགས་ཤིང༌། ལྕགས་པོ་རིའི་རྒྱབ་ཏུ་ཕེབས་དུས་སྨོན་ལམ་འདེབས་པ་ཡིན་པས་ཅུང་ཞོགས་གསུངས་ནས་དེ་ཁར་ཞིང་ལ་གཤེགས། དེ་ནས་མ་འགྱངས་བར་སྨིན་གླིང་གདུང་སྲས་སྐུ་གཞོན་དང༌། ཕྱག་མཛོད་ཞབས་དྲུང་ལེགས་གྲུབ། རྡོ་བྲག་རིག་འཛིན་ཆེན་མོ་པདྨ་འཕྲིན་ལས། ལྷ་བཟང་ཁང་གི་གཞུང་ཞབས་གཙོ་གྲས་བུ་ཆུང་དང༌། དངོས་གཞི་བ། པདྨ་ཚེ་རིང༌། རྒྱལ་རྩེ་ལྕང་ལོ་ཅན་པ་སོགས་བཀྲོངས། ཨོ་རྒྱན་སངས་རྒྱས་གཉིས་པའི་སྒྲུབ་གནས་མང་པོའི་སྒོ་བརྩིགས་ནས་བཀག རྡོ་རྗེ་བྲག་དགོན་པ་དང༌། སྨིན་གྲོལ་གླིང༌། ཆུ་ཤུར་ཐར་པ་གླིང༌། གསང་སྔགས་བྱང་ཆུབ་གླིང་སོགས་རྙིང་ལུགས་ཀྱི་དགོན་པ་མང་པོ་རྨེག་མེད་དུ་བཏང༌། སྨིན་གྲོལ་གླིང་གི་ཕྱག་དཔེ་ཡོད་ཚད་ས་ཕུང་ལྟར་སྤུངས་ནས་དེ་སྟེང་ཕར་འགྲོ་ཚུར་འགྲོ་བྱེད་བཅུག གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ་བཅས་ཀྱི་འདབས་གནས་གྲོང་རྣམས་རྒྱང་རིང་པོར་བཤིག་སྤོ་བྱེད་བཅུག་པ་སོགས་བརྡབ་གསིག་ཆེན་པོ་བྱུང༌། ཇུན་གར་བའི་དཔོན་དམག་རྣམས་ཀྱིས་བོད་དབུས་གཙང་ཁུལ་དུ་རང་སྣང་གང་དྲན་གྱི་དབང་སྒྱུར་ལོ་གསུམ་ཙམ་བྱས་རིང་དགེ་ལུགས་པར་རྒྱབ་སྐྱོར་ཡིན་ཁུལ་ཤོད་མཁས་ཙམ་ལས། རྙིང་མའི་བསྟན་པ་ལ་ཧ་ཅང་གི་སྡང་ཟུག་ཆེན་པོ་བྱས་ཏེ་གཏོར་བརླག་ཚབས་ཆེན་བཏང་མཐར་ཁང་ཆེན་ནས་དང༌། ཕོ་ལྷ་ནས། སྡེ་པ་ང་ཕོད་སོགས་ཀྱིས་ཇུན་གར་བར་ངོ་རྒོལ་བྱས་པས་ཇུན་གར་དཔོན་དམག་རྣམས་སྡོད་ཐབས་མེད་པར་འཕགས་མཆོག་ལོ་ཀེ་ཤྭ་རེས་དབུས་སྐུ་གསུང་ཐུགས་རྟེན་སོགས་བོད་ཀྱི་དངོས་ནོར་ཁྱད་འཕགས་ཕོན་ཆེ་འཁྱེར་ཏེ་རབ་བྱུང་བཅུ་གཉིས་པའི་ལྕགས་བྱི་སྤྱི་ལོ་ ༡༧༢༠ ལོར་ཕྱིར་འཐེན་བྱས། ནག་ཚང་བརྒྱུད་ཐོན་པའི་ཇུན་གར་དམག་རྣམས་ཁང་ཆེན་ནས་ཀྱིས་རྗེས་འདེད་བཏང་སྟེ་ཇུན་དམག་མང་པོ་བསད། འཕགས་མཆོག་ལོ་ཀེ་ཤྭ་རེ་དང་རྩ་ཆེའི་དངོས་ནོར་ཁྱད་འཕགས་མང་པོ་ཚུར་བླངས་སོ།།

 

ཁ༽ རྡོ་རིང་ནུབ་མ་དེ་ཆིང་གོང་མ་མན་ལུང་ཁྲི་ལོ་བདུན་པ་ ༼སྤྱི་ལོ་༡༧༩༢༽ ལོར་བཙུགས་ཤིང༌། མགོ་ཡིག་ཏུ་ལུང་གིས་བཙུགས་པ་ཞེས་འཁོད་པའི་རྡོ་རིང་དེའི་མདུན་ངོས་སུ་རྒྱ་ཡིག་ཡིག་ཕྲེང་ ༡༧ དང༌། མན་ཡིག་ཡིག་ཕྲེང་ ༡༧ རྒྱབ་ངོས་བོད་ཡིག་ཡིག་ཕྲེང་ ༣༩ དང༌། སོག་ཡིག་ཡིག་ཕྲེང་ ༡༧ ཡོད་པའི་ནང་དོན་དུ་གོང་མའི་དཔུང་གིས་གོར་ཁའི་བཙན་འཛུལ་མཐར་བསྐྲད་པའི་བརྒྱུད་རིམ་དང་དོན་སྙིང་བཀོད་ཡོད།།

 

གོར་བོད་དམག་འཁྲུག

 

ཕྱི་ལོ་ ༡༧༨༨ ལོ་དང༌། ༡༧༩༡ ལོ་སོ་སོར་གོར་བོད་དམག་འཁྲུག་བསླངས་པའི་འབྱུང་རྐྱེན་ནི། ལྕགས་ཡོས་སྤྱི་ལོ་ ༡༧༧༡ ལོར་མན་ཇུའི་དམག་གིས་སོག་པོ་ཨོ་རོད་ཇུན་གར་ཡུལ་དུ་བཙན་འཛུལ་བྱས་ཏེ་དཔོན་རིགས་ཚོ་ཁག་ལྔ་བཅུ་སྐོར་དང༌། ཁྱིམ་དུད་ཁྲི་ཚོ་བཅུ་སྐོར་ལ་བརྡབ་གསིག་བཟོ་སྐབས། བོད་གཞུང་གིས་རྒྱ་སོག་གཉིས་ཀར་ལེགས་ཆེའི་ཞུ་འདུམ་གནང་སྟེ། ཇུན་གར་སོག་པོ་རྣམས་ཞི་མཐུན་ངང་རང་ཡུལ་དུ་གནས་འཁོད་ཐུབ་པ་དང༌། མན་ཇུའི་དཔོན་དམག་གིས་བཙན་འཛུལ་ནམ་ཡང་མི་བྱེད་པའི་ཕན་ཚུན་གཉིས་ཀར་བཀའ་དྲིན་ཆེ་བའི་མཛད་རྗེས་རླབས་ཆེན་བསྐྱངས།

༸རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐབས་གོར་ཥ་དང་བོད་དབར་དམག་འཁྲུག་སྔ་རྗེས་བྱུང་སྟེ་གཙང་སྟོད་ཁུལ་དུ་བརྡབ་གསིག་ཚབས་ཆེན་བྱུང༌། གོར་བོད་དམག་འཁྲུག་གི་འབྱུང་རྐྱེན་ནི། སྐབས་དེའི་བལ་པོའི་ཊམ་གསར་ལ་བོད་གཞུང་གིས་དེ་སྔའི་ཊམ་ནག་གི་གོང་ཚད་དང་གཅིག་མཚུངས་གནང་བའི་ཁར། དེ་སྔ་འབྲུག་པས་གོར་ཥ་བརྒྱུད་བསྐུལ་བྱས་ཏེ་འབྲས་ལྗོངས་སུ་བཙན་འཛུལ་བྱེད་སྐབས། བོད་གཞུང་གིས་འབྲས་ལྗོངས་ལ་རྒྱབ་གཉེར་གྱིས་ཕྱོགས་གཉིས་ཞི་ཆིངས་བྱུང་བར་གོར་ཕྱོགས་འདོད་པ་ཁེངས་མེད་པ་སོགས་ལ་བསྙད་དེ། ཀརྨ་ཞྭ་དམར་པ་སྐུ་ཕྲེང་བཅུ་པ་མི་གཏེར་དུ་བཀག་ཉར་གྱིས་བོད་གཞུང་ལ་འཇིགས་བསྐུལ་བྱས་པ་དང༌། ཕྱི་ལོ་ ༡༧༨༧ ལོར་གོར་དམག་སྟོང་ཕྲག་མང་པོས་གཉའ་ནང་དང༌། རོང་ཤར། སྐྱིད་གྲོང་བཅས་ལ་གློ་འགེབས་ཀྱི་བཙན་འཛུལ་བྱས། བོད་གཞུང་གིས་དབུས་ཀོང་དང༌། ཁམས་བཅས་སུ་དམག་བསྐུལ་གྱིས་གོར་དམག་ལ་དཔའ་ངར་ཆེན་པོས་ཕར་རྒོལ་བྱས་པས། གོར་དམག་མདུན་ཕྱོགས་སུ་འགྲོ་ཁྱབ་ཆེན་པོ་མ་ཐུབ་ཀྱང༌། གཙང་སྟོད་ཡུལ་སྡེ་ཁག་ལ་གཏོར་བཅོམ་ཚད་མེད་ཕོག

གནས་ཚུལ་དེ་ལྷ་སྡོད་མན་ཇུའི་ཨམ་བན་གྱིས་རྒྱ་ནག་གོང་མར་ཞུ་བསྐུལ་ཕུལ་བས། ཟི་ཁྲོན་ནས་རྒྱའི་དཔུང་དམག་བོད་དུ་འབྱོར་ནའང༌། རྒྱ་དམག་རྣམས་ཀྱིས་དགྲ་འཐབ་བྱ་རྒྱུ་ཕར་ཞོག བོད་གཞུང་དམངས་གཉིས་ལ་སུན་གཙེར་ཟ་རྔམས་ཀྱིས་བོད་ཀྱི་ཁེ་ཕན་བློས་བཏང་ཐོག་གོར་ཥ་དང་ཞི་ཆིངས་འབའ་ཞིག་ཡོང་ཐབས་བྱས།

ས་བྱ་སྤྱི་ལོ་ ༡༧༨༩ ལོར་བོད་ཕྱོགས་ནས་བཀའ་བློན་རྡོ་རིང་བསྟན་འཛིན་དཔལ་འབྱོར་གྱིས་གཙོས་པས་གོར་ཥའི་སྐུ་ཚབ་དང་ཆིངས་མོལ་བྱས་འབྲས་སུ། བོད་གཞུང་གིས་གོར་ཥའི་ཊམ་གསར་འགྲོ་རྒྱུགས་ཡོང་སླད་འཛའ་ཐང་ཁྱད་པར་བཟོ་རྒྱུ་དང༌། ས་ཤོར་རྫོང་གཞིས་ཁག་གི་བླུ་ཡོན་དངུལ་འབོར་གང་ཙམ་སྤྲོད་རྒྱུ་སོགས་ཀྱི་ཆིངས་དོན་བསྒྲིགས་ནའང༌། དོན་དངོས་ཐོག་ཆིངས་དོན་དེ་དག་བ་བོད་ཕྱོགས་ནས་བརྩི་བཀུར་མ་བྱས་པར་བརྟེན། ཕྱི་ལོ་ ༡༧༩༡ ལོར་གོར་དམག་ཕོན་ཆེ་གཙང་བར་དུ་སླེབས་ཏེ། གཞིས་རྩེ་གྲོང་ཁྱེར་དང་གདན་ས་བཀྲ་ཤིས་ལྷུན་པོ་སོགས་སུ་བཅོམ་འཕྲོག་ཚོད་མེད་བྱས།

ཕྱི་ལོ་ ༡༧༩༢ ལོར་མན་ཇུ་གོང་མ་ཆན་ལུང་གིས་རྒྱ་དམག་ཕོན་ཆེ་བཏང་སྟེ་དམག་རོགས་བྱུང་བས། བོད་ཕྱོགས་ཀྱིས་དཔའ་ངར་ཆེན་པོས་ཕར་རྒོལ་བྱས་ཏེ་གོར་དམག་རྣམས་ཕྱིར་འབུད་བཏང་སྟེ་རྒྱལ་ས་ཀ་ཐ་མན་གྲུ་མ་ཐུག་པར་སླེབས་སྐབས། གོར་ཥ་རྣམས་སྐྲག་སྟེ་བོད་པའི་མི་གཏའ་དང༌། གདན་ས་བཀྲིས་ལྷུན་པོ་སོགས་ནས་བརྐུ་འཕྲོག་བྱས་པའི་དངོས་རྟེན་ཁག་ཅིག་བཅས་ཕྱིར་སློག་ཞུས་ཏེ་ཞི་ཆིངས་ཡོང་བར་རེ་འབོད་ཞུས་པར་བརྟེན། གོར་བོད་དབར་ཆིངས་ཡིག་བཞག་སྟེ། དེ་སྔའི་ཆིངས་དོན་ལ་གནས་ཏེ་གོར་བོད་གཉིས་ཕན་ཚུན་དུས་གཏན་དུ་ཞི་མཐུན་མཉམ་གནས་བྱ་རྒྱུར་མོས་མཐུན་བྱུང་བ་བཅས་སོ།།

བརྒྱུད་སྐུལ།

མཆན་སྤེལ།