འཕྱོངས་རྒྱས་འཕྱིང་བ་སྟག་རྩེའི་རྡོ་རིང་། (8)

འཕྱོངས་རྒྱས་འཕྱིང་བ་སྟག་རྩེའི་རྡོ་རིང་། (8)

༄༅། །བོད་གངས་ཅན་གྱི་ལྗོངས་སུ་གནས་པའི་རྡོ་རིང་ཁག་གི་ལོ་རྒྱུས། །

 

བོད་ཀྱི་རྡོ་རིང་ཁག་གི་ཡི་གེ་ནི། བོད་ཀྱི་ལོ་རྒྱུས་དང༌། སྤྱི་ཚོགས་ཀྱི་འཕེལ་རྒྱས། བོད་དུ་ནང་ཆོས་དར་འཕེལ་བྱུང་ཚུལ། ཆབ་སྲིད་དང་དཔལ་འབྱོར། དམག་དོན་དང་ཁྲིམས་ལུགས། ཐོན་སྐྱེད་ནུས་ཤུགས་དང་རིག་གནས་དར་ཚུལ། དེ་བཞིན་བོད་ཀྱི་ཡུལ་གོམས་གཤིས་ལུགས་སོགས་ཕྱོགས་གང་ཅིར་ཞིབ་འཇུག་བྱེད་རྒྱུར་ཉེ་ཞིང་མཁོ་བའི་གལ་ཆེའི་རིན་བྲལ་གྱི་དཔྱད་གཞིའི་ཡིག་ཆ་ཞིག་ཡིན་ལ། ལོ་རྒྱུས་ཡིག་ཆ་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཡོད།

རྡོ་རིང་ཡི་གེ་ནི་དུས་རབས་བརྒྱད་པ་ནས་དགུ་པའི་བར་བོད་ཡུལ་དུ་བཞེངས་ཤིང་ད་ལྟའི་བར་གནས་པའི་ལྷ་སའི་གཙུག་ལག་གི་རྡོ་རིང་སོགས་རྡོ་རིང་བཅུ་ལྷག་ལས་བྱུང་བའི་ཡི་གེ་རྣམས་ལ་བྱ་ཞིང་། དེ་དག་གི་ནང་དོན་ནི་རྒྱ་བོད་མི་རིགས་མཇལ་དུམ་མཛད་པའི་མནའ་ཚིག་དང་། མཆོད་ཚིག  སྨོན་ཚིག་སོགས་ཡིན་ལ། ཡིག་གཟུགས་ནི་སྐད་གསར་བཅད་ཀྱི་གོང་གི་མནའ་བོའི་ཡི་གེ་ཡིན་པས། བོད་ཀྱི་ལོ་རྒྱུས་དང་། རྒྱ་བོད་གཉིས་ཀྱི་ཡུན་རིང་པོའི་འབྲེལ་བ་དང་། བོད་ཀྱི་ཡི་གེ་སོགས་རྟོག་དཔྱོད་ཞིབ་འཇུག་བྱེད་པ་ལ་མེད་དུ་མི་རུང་བའི་ཡིག་ཆ་རིན་ཐང་ཆེ་བ་ཞིག་རེད།

ཀ༽ རྡོ་རིང་གི་ཡིག་ཆ་འདི་དག་བཙན་པོ་ཁྲི་སྲོང་ལྡེ་བཙན་དང༌། ཁྲི་ལྡེ་སྲོང་བཙན། ཁྲི་རལ་པ་ཅན་བཅས་བོད་ཀྱི་རྒྱལ་པོ་མི་ཐོག་གསུམ་གྱི་གལ་ཆེའི་ལོ་རྒྱུས་ཡིག་ཆ་ཁག་གཅིག་དུས་སྐབས་དེ་རང་ལ་རྡོ་རིང་ཐོག་བརྐོས་པ་ཞིག་ཡིན་པས། ལོ་རྒྱུས་སྨྲ་བ་སུ་ཞིག་གིས་བཅོས་བསླད་བྱས་པའི་དྲི་མས་མ་གོས་པ།
ཁ༽ རྗོད་བྱེད་ཀྱི་ཚིག་ཉུང་ངུ་ཞིག་ལས་མེད་རུང་བརྗོད་བྱའི་གནད་དོན་གསལ་ཞིང་གཙང་བའི་སྒོ་ནས་བསྟན་ཡོད་པས་སྔར་ཡོད་བོད་ཀྱི་ལོ་རྒྱུས་ཐོག་བཤད་སྲོལ་མི་འདྲ་བ་རྣམས་ནས་གང་ཞིག་ཡང་དག་པ་ཡིན་མིན་ར་སྤྲོད་བྱེད་ཐུབ་པའི་དཔང་རྟགས་ཁྱད་དུ་འཕགས་པ་ཞིག་ཡིན་པ།
ག༽ རྡོ་རིང་འདི་དག་བཙུགས་པ་ནས་བཟུང་ད་བར་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་ཕྱིན་ཀྱང་དེང་བོད་ཡིག་གི་ཆུ་ཚད་ངེས་ཅན་ཡོད་པའི་མིས་ཀློག་སྐབས་ཚོད་དཔག་བྱས་པ་ཙམ་མིན་པར་གོ་བ་ལོན་ཐུབ་ཀྱི་ཡོད་པ་དེས་དུས་སྐབས་དེའི་བོད་ཀྱི་སྐད་ཡིག་དང་རྩོམ་ཡིག་གི་ཁྱད་ཆོས་དང༌། ཐོན་མི་སམ་བྷོ་ཊས་གསར་གཏོད་གནང་བའི་བོད་ཡིག་གི་ཁྱད་ཆོས་བཅས་གསལ་པོར་མཚོན་ཐུབ་པ་སོགས་ཀྱི་ཁྱད་ཡོན་ལྡན་ཡོད།

རྡོ་རིང་ཁག་ནང་འཁོད་པའི་གནད་དོན་དེ་དག་ནི་ང་ཚོས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱེད་པར་མེད་དུ་མི་རུང་བའི་གལ་ཆེའི་གནད་དོན་ཤ་སྟག་ཡིན་པས་ལོ་རྒྱུས་ཡིག་ཆའི་ཐོག་གི་རྩོད་གླེང་ཐག་གཅོད་བྱེད་རྒྱུར་ནུས་པ་ལྡན་པའི་དཔང་རྟགས་ཞིག་རེད། དེར་བརྟེན་གུས་རང་གནའ་རབས་བོད་ཀྱི་བཙན་པོ་གསུམ་གྱི་སྐུ་རིང་ལ་བཙུགས་པའི་རྡོ་རིང་བཙུགས་ཡུལ་ས་གནས་སོ་སོར་ངོ་བསྐྱོད་ཞིབ་འཇུག་པར་ལེན་དང་བཅས་རྡོ་རིང་གི་ཡི་གེ་ཕྱོགས་བསྡུས་ཀྱིས་བསྒྲིགས་ཏེ་ངོ་སྤྲོད་ཞུས་པ་འདི་ནི། སྔ་རབས་ཀྱི་ལོ་རྒྱུས་ཡིག་ཆ་རྣམས་ལ་རྫུན་རྐུབ་བརྟོལ་བའི་ཆེད་དུ་མ་ཡིན་པར། སྔོན་ཡོད་བོད་ཡིག་གི་ལོ་རྒྱུས་ཐོག་མཁས་པ་རྣམས་སྔར་བཞིན་རྒྱུན་འཁྱོངས་བྱེད་རྒྱུ་དང༌། ཡང་མ་དག་པ་རྣམས་ཡོ་བསྲང་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་གནའ་རབས་ལོ་རྒྱུས་གསལ་བཤད་བྱེད་བདེ་ཡོང་བའི་དགོས་མཁོ་དང་འཚམས་པ། བཀའ་གཙིགས་རྡོ་རིང་འདི་དག་གི་ནང་འཁོད་པའི་གལ་ཆེའི་གནད་དོན་རྣམས་ལ་རྒྱ་ཆེའི་གཟིགས་པ་པོ་ཚོས་དོ་སྣང་གནང་བདེ་ཡོང་ཆེད་དཔྱད་གཞིའི་ས་བོན་ཙམ་གྱི་མཚམས་སྦྱོར་དུ་ཕུལ།

པུར་རྒྱལ་བཙན་པོའི་དུས་ཀྱི་རྡོ་རིང་ཡི་གེ་དང་བྲག་བརྐོས་ཡི་གེ་ནི་རང་ཅག་མེས་པོས་བསྐྲུན་པའི་རྩ་ཆེའི་རིག་གནས་ཤུལ་བཞག་ཡིན་ལ། དེང་སྐབས་བོད་རིག་པའི་ཞིབ་འཇུག་བྱ་བ་ལ་རིན་ཐང་ལྡན་པའི་དཔྱད་གཞིའི་ཡིག་ཆ་ཡང་ཡིན། དེ་དག་ལས། ༡ ཞོལ་རྡོ་རིང་ནང་མ་དང༌། ༢ ཞོལ་རྡོ་རིང་ཕྱི་མ་གཉིས། ༣ ཞོལ་ཁང་གསེར་རྡོ་རིང༌། ༤ རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང༌། ༥ མཚུར་ཕུའི་རྡོ་རིང༌། ༦ བསམ་ཡས་ཀྱི་རྡོ་རིང༌། ༧ དབུ་རུ་ཞྭ་ལྷ་ཁང་གི་རྡོ་རིང་སྔ་ཕྱི་གཉིས། ༨ དབོན་ཞང་རྡོ་རིང༌། ༩ འཕྱོངས་རྒྱས་སྟག་རྩེའི་རྡོ་རིང༌། ༡༠ འཕྱོངས་རྒྱས་བང་གསོའི་རྡོ་རིང་བཅས་ངོ་སྤྲོད་ཞུས་ཟིན་ཅིང༌། འོན་ཀྱང༌། ༡ གསར་དུ་བརྙེད་པའི་ལྷ་རྩེའི་ཁྲོམ་ཆེན་རྡོ་རིང༌། ༢ ཀོང་པོ་དེ་མོའི་ས་ཁུལ་གྱི་བྲག་བརྐོས་ཡི་གེ། ༣ ལྷོ་ཁ་ལྷོ་བྲག་བྲག་བརྐོས་ཡི་གེ། ༤ མངའ་རིས་སྤུ་ཧྲེང་རྡོ་རིང༌། ༥ ཆབ་མདོ་ལྡན་མ་བྲག་རྩར་ཡོད་པའི་བོད་བཙན་པོའི་དུས་རབས་ཀྱི་བྲག་བརྐོས་ཡི་གེ་བཅས་ཀྱི་ས་གནས་སུ་ངོ་བསྐྱོད་དང་པར་ལེན་མ་ཐུབ་སྟབས་འདིར་ངོ་སྤྲོད་དམིགས་བསལ་ཞུས་མེད་པ་བཅས་སོ།།

འཕྱོངས་རྒྱས་སྟག་རྩེའི་རྡོ་རིང༌།

 

འཕྱོངས་རྒྱས་སྟག་རྩེའི་གཙིགས་ཀྱི་རྡོ་རིང་འདི་ད་ལྟ་བོད་ལྗོངས་ལྷོ་ཁ་ས་ཁུལ་ལྷོ་ཁ་འཕྱོངས་རྒྱས་རྫོང་གི་སྨན་ཁང་གི་ར་བ་ན་མཆིས་ཀྱང༌། བདག་གཉེར་ལེགས་པོ་མ་ཐུབ་པའི་དབང་གིས་རྡོ་རིང་ངོས་ཀྱི་ཡི་གེ་རྣམས་བདེ་བླག་ཏུ་འདོན་ཐུབ་པ་ཕར་ཟད། ཡིག་འབྲི་གཅིག་གཉིས་ཙམ་ངོ་ཟིན་པའང་དཀའ་བའི་གནས་སུ་གྱུར། ཆོས་རྒྱལ་ཆེན་པོས་འཕྲིན་ལས་སུ་ཅི་མཛད་པ་དང༌། དབུ་རྨོག་བཙན་པོ་བྱིན་གྱིས་ཆབ་སྲིད་སྐྱེས་པ་ལ་སྩོགས་པའི་གཏམ་གྱི་ཡི་གེ་ཞིབ་མོ་གཅིག་ནི་གུད་ན་ཡོད་དོ་ཞེས་པ་ཤ་སྟག་ཡིན་ཡང༌། ད་སྔ་ངེད་ཅག་རྣམས་ཀྱི་གཟིགས་མོར་མ་བྱོན་པས་དེ་འཚོལ་ལ་རེམ་པར་འཚལ་ལོ།།

 

རྡོ་རིང་གི་ངོས་ཀྱི་ཡི་གེ་དངོས།

 

འཕྲུལ་གྱི་ལྷ་བཙན་པོ་ཡབ་མྱེས་ལྷ་དང་མྱིའི་རྗེར་གཤེགས་ཏེ། ཆོས་གཙུག་ལག་ནི་ལུགས་ཀྱིས་བཟང༌།༼ནང་པ་སངས་རྒྱས་པའི་བསྟན་པ་ནི་ལུགས་དང་མཐུན་པས་བཟང༌། ཞེས་པ་སྟེ། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་དང༌། སྲོང་བཙན་སྒམ་པོའི་རིང་ལ་སྲོལ་བཟང་གཏོད། ཁྲི་སྲོང་ལྡེ་བཙན་སྐབས་དར་རྒྱས་སུ་སྤེལ་ཏེ་རབ་བྱུང་གི་བཙུན་པ་དང་ཆོས་ཀྱི་སྡེ་ཐོག་མར་བྱུང་བ་དང་དབུས་མཐའ་ཀུན་ལ་གཙུག་ལག་ཁང་བཞེངས་ནས། ནང་བསྟན་ནི་བཙན་པོའི་ཆབ་སྲིད་དབང་ཐང་ལ་སྲུང་སྐྱོབ་དང་བོད་འབངས་ཡོངས་ཀྱི་བསམ་བློ་སྒྲིལ་བྱེད་ཀྱི་ཐབས་བྱུས་ནུས་ལྡན་བླ་ན་མེད་པའི་སར་བཀུར་ཅིང་བསྟོད་པར་བྱེད་པ་ལ་ཟེར།༽ དབུ་རྨོག་བཙན་པོ་ནི་བྱིན་དུ་ཆེའོ། ། ༼དབུ་འཕང་སྟེ་བཙན་པོའི་སྲིད་དབང་བཙན་ཞིང་བརྟན་པ་ནི་འཕྲུལ་གྱི་མཐུ་སྟོབས་དང་ལྡན་པར་ཆེ། ཞེས་པའི་དོན།༽ ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་ཞ་སྔ་ནས་ཀྱང༌། ཡབ་མྱེས་ཀྱི་ལུགས་བཞིན་ལྷའི་གཙུག་ལག་ནི་མ་ཉམས་གནམ་སའི་ཆོས་ ༼གནམ་གྱི་ལྷའི་ལུགས་དང་ས་ཡི་མི་ཆོས་སམ་གོམས་གཤིས་བཅས་སོ།།༽ དང་ནི་མཐུན་པར་མཛད། སྐུ་ཡོན་ཏན་ཡོངས་ཀྱིས་བརྗོད་པའི་ཡྀ་གེ་ནམ་ཞིག་རྡོ་རིང་ལ་བྲིས་སོ། ཆོས་རྒྱལ་ཆེན་པོས་འཕྲིན་ལས་སུ་ཅི་མཛད་པ་དང༌། དབུ་རྨོག་བཙན་པོ་བྱིན་གྱིས་ཆབ་སྲིད་སྐྱེས་པ་ལ་སྩོགས་པའི་གཏམ་གྱི་ཡི་གེ་ཞིབ་མོ་གཅིག་ནི་གུད་ན་ཡོད་དོ།། ༼ཟུར་རམ་ལོགས་སུ་ཡོད་ཅེས་པའི་དོན།༽ འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་ཞ་སྔ་ནས། མཐའ་བཞིའི་རྒྱལ་པོ་གཞན་དང་མྱྀ་འདྲ་སྟེ། བྱིན་གྱི་སྒམ་དཀྱིལ་ཆེན་པོ་ ༼མཐུ་སྟོབས་དང་བྱིན་རླབས་དང་དཀྱེལ་ཆེན་པོ་སྟེ་ཐུགས་སྟོབས་མཐའ་ཀླས་པར་རྒྱ་ཆེན་པོའམ་གཏིང་ཟབ་པར་དཔོག་དཀའ་བའི་དོན།༽ དང༌། དབུ་རྨོག་བརྩན་པོས་ཡར་ནི་ཏ་ཞིག་གི་ས་མཚམས་མན་ཆད། མར་ནི་ལོང་ཤན་གྱི་ལ་རྒྱུད་ཡན་ཆད་ཆབ་འོག་ཏུ་འདུ་སྟེ་ཆབ་སྲིད་ནི་ལྷོ་བྱང་ཤར་ནུབ་མཐའ་ཀླས་པར་ཆེའོ། །༼ཁྲི་སྲོང་ལྡེ་བཙན་སྐབས་བོད་ཀྱི་མངའ་ཐང་སོགས་དར་བའི་རྩེ་མོར་སོན་ཏེ་ལྷོ་འཇང་ས་དམ་གྱི་ཡུལ་གྲུ་ནས་བྱང་ལི་ཡུལ་སྡེ་བཞིའི་ཁོར་ཡུག ཤར་ལོང་ཧྲན་རི་རྒྱུད་ཀྱི་ཡན་ཆད་ནས་ནུབ་ཏ་ཞིག་རྒྱལ་ཁམས་ཀྱི་མན་ཆད་བཅས་ནི་སྟོབས་ཀྱི་འཁོར་ལོས་དབང་བསྒྱུར་བ་དངོས་ཀྱི་ཁོངས་དང༌། ཡུལ་གྲུ་གཞན་དང་གཞན་ཉེ་བར་གནས་པའི་རྒྱལ་ཁམས་དག་ཀྱང་ཟིལ་གྱིས་ནོན་པར་མཛད་པས། རང་གི་ཆེ་བ་ངོམ་པའི་ཚིག་འདི་བྱུང་ངོ༌།།༽ དེ་ལྟར་ཆབ་སྲིད་ཆེ་བའི་བྱིན་གྱིས་བོད་ཡོངས་སུ་ཡུལ་ཆེ་ཁོང་ཕྱུག་ ༼ཡུལ་ཁམས་རྒྱ་ཆེ་ལ་མངའ་ཁོངས་སྟོབས་འབྱོར་དང་ལྡན་པའི་དོན།༽ ཏུ་གྱུརད་པས། ནང་ནས་ཀྱང་ནམ་ཞར་བདེ་ཞིང་སྐྱིད་པའི་གནས་སོ། ཐུགས་ལ་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་མངའ་བས་འཇིག་རྟེན་ལས་འདས་པའི་ཆོས་བཟང་རྙེད་ནས་ཀུན་ལ་བཀའ་དྲིན་དུ་བྱིན་ནོ། དེ་ལྟར་འགྲེང་དུད་གཉིས་ ༼མི་ཕྱུགས་གཉིས་ལ་ཟེར།༽ ལ་འཕྲལ་ཡུན་གཉིས་ཀྱི་བཀའ་དྲིན་ཆེན་པོས་མ་ཁྱབ་པ་མྱེད་དེ། མྱི་ཡོངས་ཀྱིས་མནམ་ཡང་འཕྲུལ་གྱི་ལྷ་བྱང་ཆུབ་ཆེན་པོར་གསོལ་ཏོ།།

འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་གི་ཡི་གེ།

 

གཙིགས་ཀྱི་རྡོ་རིང་འདི་ད་ལྟ་བོད་ལྗོངས་ལྷོ་ཁའི་ཁོངས་གཏོགས་འཕྱོང་རྒྱས་རྫོང་སྨན་ཁང་གི་ར་བ་ན་མཆིས་ཀྱང་། བདག་གཉེར་ལེགས་པོ་མ་ཐུབ་པས་ཡི་གེ་རྣམས་བདེ་བླག་ཏུ་འདོན་མ་ཐུབ་པ་ཕར་ཟད། ཡིག་འབྲི་གཅིག་གཉིས་ཙམ་ངོ་ཟིན་པའང་དཀའ་བའི་གནས་སུ་གྱུར་འདུག

 

  མ་ཡིག

 

འཕྲུལ་གྱི་ལྷ་བཙན་པོ་ཡབ་མྱེས་ལྷ་དང་མྱིའི་རྗེར་གཤེགས་ཏེ། ཆོས་གཙུག་ལག་ནི་ལུགས་ཀྱིས་བཟང་། དབུ་རྨོག་བཙན་པོ་ནི་བྱིན་དུ་ཆེའོ། ། ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་ཞ་སྔ་ནས་ཀྱང་། ཡབ་མྱེས་ཀྱི་ལུགས་བཞིན་ལྷའི་གཙུག་ལག་ནི་མ་ཉམས་གནམ་སའི་ཆོས་དང་ནི་མཐུན་པར་མཛད། སྐུ་ཡོན་ཏན་ཡོངས་ཀྱིས་བརྗོད་པའི་ཡྀ་གེ་ནམ་ཞིག་རྡོ་རིང་ལ་བྲིས་སོ། ཆོས་རྒྱལ་ཆེན་པོས་འཕྲིན་ལས་སུ་ཅི་མཛད་པ་དང་།དབུ་རྨོག་བཙན་པོ་བྱིན་གྱིས་ཆབ་སྲིད་སྐྱེས་པ་ལ་སྩོགས་པའི་གཏམ་གྱི་ཡི་གེ་ཞིབ་མོ་གཅིག་ནི་གུད་ན་ཡོད་དོ། ། འཕྲུལ་གྱྀ་ལྷ་བཙན་པོ་ཁྲི་སྲོང་ལྡེ་བརྩན་གྱི་ཞ་སྔ་ནས། མཐའ་བཞིའི་རྒྱལ་པོ་གཞན་དང་མྱྀ་འདྲ་སྟེ། བྱིན་གྱི་སྒམ་དཀྱིལ་ཆེན་པོ་དང་། དབུ་རྨོག་བརྩན་པོས་ཡར་ནི་ཏ་ཞིག་གི་ས་མཚམས་མན་ཆད། མར་ནི་ལོང་ཤན་གྱི་ལ་རྒྱུད་ཡན་ཆད་ཆབ་འོག་ཏུ་འདུ་སྟེ་ཆབ་སྲིད་ནི་ལྷོ་བྱང་ཤར་ནུབ་མཐའ་ཀླས་པར་ཆེའོ། །དེ་ལྟར་ཆབ་སྲིད་ཆེ་བའི་བྱིན་གྱིས་བོད་ཡོངས་སུ་ཡུལ་ཆེ་ཁོང་ཕྱུག་ཏུ་གྱུརད་པས། ནང་ནས་ཀྱང་ནམ་ཞར་བདེ་ཞིང་སྐྱིད་པའི་གནས་སོ། ། ཐུགས་ལ་བྱང་ཆུབ་ཀྱི་སྤྱོད་པ་རླབས་པོ་ཆེ་མངའ་བས་འཇིག་རྟེན་ལས་འདས་པའི་ཆོས་བཟང་རྙེད་ནས་ཀུན་ལ་བཀའ་དྲིན་དུ་བྱིན་ནོ། ། དེ་ལྟར་འགྲེ་དུད་གཉིས་ལ་འཕྲལ་ཡུན་གཉིས་ཀྱི་བཀའ་དྲིན་ཆེན་པོས་མ་ཁྱབ་པ་མྱེད་དེ། མྱི་ཡོངས་ཀྱིས་མནམ་ཡང་འཕྲུལ་གྱི་ལྷ་བྱང་ཆུབ་ཆེན་པོར་གསོལ་ཏོ། །

 

    དཀའ་འགྲེལ།

 

1.འཕྱོངས་རྒྱས་སྟག་རྩེའི་རྡོ་རིང་། གཙིགས་ཀྱི་རྡོ་རིང་འདི་ད་ལྟ་བོད་ལྗོངས་ལྷོ་ཁའི་ཁོངས་གཏོགས་འཕྱོང་རྒྱས་རྫོང་སྨན་ཁང་གི་ར་བ་ན་མཆིས་ཀྱང་། བདག་གཉེར་ལེགས་པོ་མ་ཐུབ་པས་ཡི་གེ་རྣམས་བདེ་བླག་ཏུ་འདོན་མ་ཐུབ་པ་ཕར་ཟད། ཡིག་འབྲི་གཅིག་གཉིས་ཙམ་ངོ་ཟིན་པའང་དཀའ་བའི་གནས་སུ་གྱུར། “ཆོས་རྒྱལ་ཆེན་པོས་འཕྲིན་ལས་སུ་ཅི་མཛད་པ་དང་། དབུ་རྨོག་བཙན་པོ་བྱིན་གྱིས་ཆབ་སྲིད་སྐྱེས་པ་ལ་སྩོགས་པའི་གཏམ་གྱི་ཡི་གེ་ཞིབ་མོ་གཅིག་ནི་གུད་ན་ཡོད”ཤ་སྟག་ཡིན་ཡང་། ད་སྔ་ངེད་ཅག་རྣམས་ཀྱི་གཟིགས་མོར་མ་བྱོན་པས་དེ་འཚོལ་ལ་རེམ་པར་འཚལ་ལོ། །

2.ཆོས་གཙུག་ལག་ནི་ལུགས་ཀྱིས་བཟང་། ནང་བ་སངས་རྒྱས་པའི་བསྟན་པ་ནི་ལུགས་དང་མཐུན་པས་བཟང་།  ཞེས་པ་སྟེ། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་དམ་པའི་ཆོས་ཀྱི་དབུ་བརྙེས་པ་དང་ཁྲི་སྲོང་བཙན་སྒམ་པོའི་རིང་ལ་དར་རྒྱས་སུ་སྤེལ་ཏེ་རབ་བྱུང་གི་བཙུན་པ་དང་ཆོས་ཀྱི་སྡེ་ཐོག་མར་བྱུང་བ་དང་དབུས་མཐའ་ཀུན་ལ་གཙུག་ལག་ཁང་བཞེངས་ནས། ནང་བསྟན་ནི་བཙན་པོའི་ཆབ་སྲིད་དབང་ཐང་ལ་སྲུང་སྐྱོབ་དང་བོད་འབངས་ཡོངས་ཀྱི་བསམ་བློ་སྒྲིལ་བྱེད་ཀྱི་ཐབས་ཇུས་ནུས་ལྡན་བླ་ན་མེད་པའི་སར་བཀུར་ཅིང་བསྟོད་པར་བྱེད་པ་ལ་ཟེར།

3.དབུ་རྨོག་བཙན་པོ་ནི་བྱིན་དུ་ཆེ། དབུ་འཕང་སྟེ་བཙན་པོའི་སྲིད་དབང་བཙན་ཞིང་བརྟན་པ་ནི་འཕྲུལ་གྱི་མཐུ་སྟོབས་དང་ལྡན་པར་ཆེ། ཞེས་པའི་དོན།

4.གནམ་སའི་ཆོས། གནམ་གྱི་ལྷའི་ལུགས་དང་ས་ཡི་མི་ཆོས་སམ་གོམས་གཤིས་བཅས་སོ། །

5.གུད་ན་ཡོད། ཟུར་རམ་ལོགས་སུ་ཡོད་ཅེས་པའི་དོན།

6.བྱིན་གྱི་སྒམ་དཀྱིལ་ཆེན་པོ། མཐུ་སྟོབས་དང་བྱིན་རླབས་དང་དཀྱེལ་ཆེན་པོ་སྟེ་ཐུགས་སྟོབས་མཐའ་ཀླས་པར་རྒྱ་ཆེན་པོའམ་གཏིང་ཟབ་པར་དཔོག་དཀའ་བའི་དོན།

7.ཆབ་སྲིད་ནི་ལྷོ་བྱང་ཤར་ནུབ་མཐའ་ཀླས་པར་ཆེ། ཁྲི་སྲོང་ལྡེ་བཙན་སྐབས་བོད་ཀྱི་མངའ་ཐང་སོགས་དར་བའི་རྩེར་སོན་ཏེ་ལྷོ་འཇང་ས་དམ་གྱི་ཡུལ་གྲུ་ནས་བྱང་ལི་ཡུལ་སྡེ་བཞིའི་ཁོར་ཡུགཤར་ལོང་ཧྲན་རི་རྒྱུད་ཀྱི་ཡན་ཆད་ནས་ནུབ་ཏ་ཞིག་རྒྱལ་ཁམས་ཀྱི་མན་ཆད་བཅས་ནི་སྟོབས་ཀྱི་འཁོར་ལོས་དབང་བསྒྱུར་པ་དངོས་ཀྱི་ཁོངས་དང་། ཡུལ་གྲུ་གཞན་དང་གཞན་ཉེ་བར་གནས་པའི་རྒྱལ་ཁམས་དག་ཀྱང་ཟིལ་གྱིས་ནོན་པར་མཛད་པས། རང་གི་ཆེ་བ་ངོམ་པའི་ཚིག་འདི་བྱུང་ངོ་། །

8.ཡུལ་ཆེ་ཁོང་ཕྱུག ཡུལ་ཁམས་རྒྱ་ཆེ་ལ་མངའ་ཁོངས་སྟོབས་འབྱོར་དང་ལྡན་པའི་དོན།

9.འགྲེང་དུད་གཉིས། མི་ཕྱུགས་གཉིས་ལ་ཟེར།

བརྒྱུད་སྐུལ།

མཆན་སྤེལ།