དུང་དཀར་འཆད་ཁྲིད། ལེའུ་དང་པོ་ནས་གསུམ་པ་བར།

དུང་དཀར་འཆད་ཁྲིད། ལེའུ་དང་པོ་ནས་གསུམ་པ་བར།

དང་པོ། བྱང་ཆུབ་སེམས་ཀྱི་ཕན་ཡོན་གྱི་ལེའུ།

སྤྱོད་འཇུག་གི་ལེའུ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་སྐོར་རྣམས་དམིགས་བསལ་ཞུ་མི་དགོས་པར། ལེའུ་བཞི་པ་ནས་མར་ཞུ་གི་ཡིན། ལེའུ་དང་པོ་དེ་སེམས་བཟང་པོ་བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་རེད། བྱང་ཆུབ་ཀྱི་སེམས་ཞེས་པ་གོ་བདེ་པོར་ཞུས་ན་གཞན་ལ་ཕན་པའི་སེམས་བཟང་པོ་དེ་ལ་ཟེར། གོ་བདེ་པོ་མ་བཤད་པར་དཔེ་ཆའི་ནང་བཤད་པ་ལྟར་བྱས་ན་བྱང་ཆུབ་ཀྱི་སེམས་ཞེས་བྱང་བ་དང་ཆུབ་པ་ཞེས་པ་ལས་བྱང་བ་ནི་སྐྱོན་རྣམས་བྱང་བ་དང་། ཆུབ་པ་ནི་ཡོན་ཏན་ཀུན་ཁོང་དུ་ཆུད་པའི་དོན་ཡིན། སངས་རྒྱས་པ་དང་བྱང་ཆུབ་པ་གཉིས་དོན་དག་གཅིག་པ་རེད། སངས་པ་དེ་སྐྱོན་ཐམས་ཅད་སངས་པ་དང་། རྒྱས་པ་དེ་ཡོན་ཏན་ཐམས་ཅད་རྒྱས་པ་ལ་གོ །ང་རང་ཚོ་སངས་རྒྱས་ཁས་མི་ལེན་སྟབས་བྱང་ཆུབ་ཀྱི་སེམས་དངོས་གནས་དེ་དགོས་པ་མེད། སངས་རྒྱས་ཁས་ལེན་མཁན་ཞིག་ལ་བྱང་ཆུབ་ཀྱི་སེམས་དགོས་ཤིང་། བྱང་ཆུབ་ཀྱི་སེམས་ཞེས་པ་དེ་གཞན་ལ་ཕན་པའི་སེམས་གཅིག་པུ་མིན་པར་གཞན་ལ་ཕན་བདེ་སྒྲུབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་བྱེད་ཐུབ་པའི་བསམ་བློ་ཞིག་དགོས་ཀྱི་ཡོད། 

སྔོན་ལ་གོ་བདེ་པོ་ཞིག་དང་དེ་ནས་གཏིང་ཇེ་ཟབ་ཏུ་བཏང་ན། སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་ཐུབ་མཁན་གྱི་སྐྱེས་བུ་དམ་པ་ཞིག་ཆགས་ཐུབ་པ་བྱེད་དགོས་ཤིང་། སེམས་ཅན་གྱི་དོན་རྒྱ་ཆེན་པོ་བྱེད་ཐུབ་མཁན་དེ་ལྟ་བུའི་སྐྱེས་བུ་དམ་པ་དེ་ལ་སངས་རྒྱས་ཟེར། བྱང་ཆུབ་ཀྱི་སེམས་དེ་ལ་བསམ་བློ་གཉིས་ཚང་དགོས། གཅིག་ནི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་བསམ་བློ་གཅིག་དང་། གཅིག་ནི་དེའི་ཆེད་དུ་རང་ཉིད་ཀྱིས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་རྒྱུའི་བསམ་བློ་གཅིག་བཅས་བསམ་བློ་གཉིས་ཚང་དགོས། དེ་ལྟ་བུའི་བསམ་བློ་གཉིས་ཚང་བའི་སེམས་དེ་ལ་བྱང་ཆུབ་ཀྱི་སེམས་ཞེས་བརྗོད་པ་རེད། བྱང་ཆུབ་ཀྱི་སེམས་ཀྱི་གོ་བ་དེ་ལྟར་རེད།

དཔེ་ཆའི་ནང་དེའི་དོན་ནི། གཞན་དོན་དུ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་དམིགས་ཤིང་རང་གི་གྲོགས་བྱང་ཆུབ་དོན་གཉེར་གྱི་བསམ་པ་དང་མཚུངས་ལྡན་དུ་གྱུར་པའི་གཙོ་བོ་ཡིད་ཀྱི་རྣམ་རིག་ཁྱད་པར་ཅན། ཞེས་ཚིག་རིང་པོ་ཞིག་ཡོད། མཚན་ཉིད་རིག་པ་གཟིགས་མི་མྱོང་མཁན་ཞིག་གིས་བལྟས་ན་དེ་ལ་གོ་རྒྱུ་ཚོར་རྒྱུ་དེ་ཙམ་མེད། སངས་རྒྱས་འཐོབ་འདོད་ཀྱི་བསམ་བློ་དང་གཞན་དོན་དོན་གཉེར་གྱི་བློ་གཉིས་ཟུང་འབྲེལ་བྱས་པ་ཞིག་དགོས་པ་ལས་རང་གི་དོན་དུ་སངས་རྒྱས་འཐོབ་འདོད་མིན་པར་གཞན་གྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་འདོད་ཅིག་དགོས། དེ་ལ་བྱང་ཆུབ་ཀྱི་སེམས་ཟེར། བྱང་ཆུབ་ཀྱི་སེམས་ལ་ཕན་ཡོན་གང་ཞིག་ཡོད་ཅེ་ན། དེ་ལ་སྤྱོད་འཇུག་ལེའུ་དང་པོ་ལས།

སེམས་ཅན་རྣམས་ཀྱི་ཀླད་ནད་ཙམ།།

བསལ་ལོ་སྙམ་དུ་བསམས་ན་ཡང་།།

ཕན་འདོགས་བསམ་པ་དང་ལྡན་ཏེ།།

བསོད་ནམས་དཔག་མེད་ལྡན་འགྱུར་ན།།

སེམས་ཅན་རེ་རེའི་མི་བདེ་བ།།

དཔག་ཏུ་མེད་པ་བསལ་འདོད་ཅིང་།།

རེ་རེའང་ཡོན་ཏན་དཔག་མེད་དུ།།

བསྒྲུབ་པར་འདོད་པ་སྨོས་ཅི་དགོས།།

ཞེས་གསུངས། འདིས་གང་བསྟན་ནམ་ཞེ་ན། སེམས་ཅན་གྱི་མགོའི་ནད་ཙམ་བསལ་ལོ་སྙམ་པ་ལ་ཕན་ཡོན་དཔག་ཏུ་མེད་པ་ཡོད་པ་དང་། སེམས་ཅན་གཅིག་གི་སྡུག་བསྔལ་བསལ་རྒྱུར་བསམ་བློ་བཏང་བར་ཕན་ཐོགས་དེ་འདྲ་ཡོད་ན་འགྲོ་བ་སེམས་ཅན་གྲངས་མེད་པའི་སྡུག་བསྔལ་བསལ་བ་དང་ཕན་བདེ་སྒྲུབ་རྒྱུའི་བསམ་བློ་དེ་ལ་སེམས་ཅན་རེ་རེའི་གྲངས་ཀ་དང་མཉམ་པའི་བསོད་ནམས་ཡོད་ཅེས་གསུངས་པ་རེད།

དེ་ལ་དཔེ་འདི་འདྲ་ཞིག་གསུངས་ཡོད། སྔ་མ་མི་གཉིས་ཆུ་ལ་ཟགས་ཏེ་ཕན་ཚུན་གཅིག་གིས་གཅིག་ལ་ཁོ་ཐར་ན་ང་ཤི་ནའང་ཆོག་སྙམ་པའི་བསམ་བློ་ཞིག་གཉིས་ཀར་འཁོར་བ་འདིས་སེམས་ཅན་གཅིག་ལས་མ་བསམས་ཀྱང་དེ་གཉིས་ཤི་བའི་རྗེས་ལ་ལྷ་ཡུལ་དུ་སྐྱེས་པ་རེད་ཅེས་ཤོད་སྲོལ་ཡོད། ང་རང་ཚོས་ལྷ་ཡུལ་ནི་ཁས་མི་ལེན། སེམས་ཅན་གཅིག་གི་དོན་ལ་སེམས་བཟང་པོ་བྱས་ཏེ་བསོད་ནམས་ཡོད་ན་སེམས་ཅན་མང་པོའི་དོན་ལ་ཕན་སེམས་བྱས་ན་བསོད་ནམས་ཆེན་པོ་ཡོད་པ་དེ་བཤད་མི་དགོས་པ་རེད་ཅེས་གསུངས། དེ་ལ་སོགས་པ་བྱང་ཆུབ་སེམས་ཀྱི་ཕན་ཡོན་མང་པོ་ཞིག་གསུངས་ཡོད། བྱང་ཆུབ་ཀྱི་སེམས་གཅིག་བསྐྱེད་པས་བསྐལ་པ་མང་པོར་བསགས་པའི་སྡིག་པ་དག་པར་གསུངས་པ་སོགས་མང་པོ་ཞིག་ཡོད། བྱང་ཆུབ་སེམས་ཀྱི་ཕན་ཡོན་བརྒྱད་ཅེས་པ་ཞིག་ཡོད། ལེའུ་དང་པོའི་ནང་དེ་ལྟར་གསུངས་ཡོད།

གཉིས་པ། སྡིག་པ་བཤགས་པའི་ལེའུ།

དེ་ནས་ལེའུ་གཉིས་པ་སྡིག་པ་བཤགས་པའི་ལེའུའི་ནང་བྱང་ཆུབ་ཀྱི་སེམས་བཟང་པོ་དེ་རྒྱུད་ལ་སྐྱེད་པ་ལ་ཕྱོགས་གཅིག་ནས་བསོད་ནམས་ཀྱི་ཚོགས་གསོག་དགོས་པ་དང་། ཕྱོགས་གཞན་ཞིག་ནས་སྡིག་པ་ཡོད་པ་དེ་ལ་བཤགས་པ་བྱེད་དགོས་པར་གསུངས་ཡོད། ཆོས་ནང་སྡིག་པ་ཞེས་པ་ཞིག་བཤད་རྒྱུ་ཡོད། སྡིག་པ་ཁས་ལེན་དང་མི་ལེན་གང་ལྟར་ཡང་སྡིག་པ་ཞེས་པ་དེ་གང་འདྲ་ཞིག་ལ་བརྗོད་མིན་ཤེས་པར་བྱས་ན་ཆོག

སྡིག་པ་དང་ལྟུང་བ་ཞེས་པ་གཉིས་ཡོད། སྡིག་པ་ཞེས་པ་དེ་གྲྭ་པ་ཡིན་པ་དང་མ་ཡིན་པ་སུས་བྱས་ཀྱང་ཉེས་པ་ཡོད་པ་དེ་ལ་སྡིག་པ་ཟེར། གྲྭ་པས་བྱས་ན་ཉེས་པ་ཡོད་ལ་དེ་མིན་པས་བྱས་ན་ཉེས་པ་མེད་པ་དེ་ལ་ལྟུང་བ་ཟེར། དཔེ་ཆའི་ནང་བཤད་པ་ལྟར་བྱས་ན་སྡོམ་པ་ཡོད་པ་དང་མེད་པ་ཞེས་གསུངས་ཡོད་པ་ལས། གྲྭ་པ་ཡིན་པ་དང་མ་ཡིན་པ་ཞེས་གསུངས་མེད། དཔེར་ན། ཆང་འཐུང་བར་ཆ་བཞག་ན། སྡོམ་པ་མེད་པས་ཆང་འཐུང་བ་ལ་ཉེས་པ་མེད་ཀྱང་། སྡོམ་པ་ཡོད་པས་ཆང་བཏུང་ན་ཉེས་པ་ཧ་ཅང་ཆེན་པོ་ཡོད་པར་གསུངས་ཡོད་ཅིང་། དེ་ལ་ལྟུང་བ་ཟེར། སྡོམ་པ་ཡོད་མེད་སུས་བྱས་ཀྱང་ཉེས་པ་ཆེན་པོ་ཡོད་པ། དཔེར་ན། རྐུ་མ་རྐུ་བ་དང་མི་དང་སེམས་ཅན་གསོད་པ་ལྟ་བུ་རེད། སྡིག་པ་ཞེས་བརྗོད་དགོས་དོན་ནི། དེའི་འབྲས་བུར་རང་ལ་སྡུག་བསྔལ་ལས་ཡོང་རྒྱུ་མེད་པས་ཡིན། ལས་བཟང་པོ་བྱས་ནས་འབྲས་བུ་བཟང་པོ་ཡོང་བ་དང་། ལས་ངན་པ་བྱས་ན་འབྲས་བུ་ངན་པ་ཡོང་རྒྱུ་ཡིན་པ་དེ་ལས་འབྲས་རེད། མར་ལེའི་རིང་ལུགས་ཀྱི་ཐོག་ནས་བཤད་ན་ལས་འབྲས་མེད། ང་རང་གིས་བལྟས་ན་ལས་འབྲས་ཡོད་པ་ཞིག་མཐོང་གི་འདུག

ཡག་པོ་བྱེད་མཁན་དེར་འབྲས་བུ་ཡག་པོ་དང་། སྡུག་ཆགས་བྱེད་མཁན་ཚོར་འབྲས་བུ་ངན་པ་ཡོང་གི་ཡོད་པ་དེ་མཐོང་རྒྱུ་ཡོད་པ་ཞིག་དང་། ལས་འབྲས་ཡོད་མེད་གང་ཞིག་བརྗོད་ཀྱང་འདི་ནི་མཐོང་རྒྱུ་ཡོད་པ་ཞིག་རེད། སྡིག་པ་དེ་མ་བཤགས་ན་སེམས་བཟང་པོ་དེ་ཡག་པོ་ཞིག་ཆགས་མི་ཐུབ། སྡིག་པ་བཤགས་ལུགས་སྐོར་གསུང་གི་ཡོད། དེ་དག་ང་རང་ཚོར་དེ་ཙམ་ཞུ་དགོས་དོན་མེད། སྡིག་པ་ཟེར་བ་དེ་གང་འདྲ་ཞིག་ལ་བརྗོད་མིན་ཤེས་ན་དེས་འགྲིག་པ་རེད།

གསུམ་པ། བྱང་ཆུབ་ཀྱི་སེམས་གཟུང་བའི་ལེའུ།

དེ་ནས་ལེའུ་གསུམ་པར། བྱང་ཆུབ་ཀྱི་སེམས་གཟུང་བའི་ལེའུ་ཞེས་བླ་མའི་སྐུ་མདུན་ནས་ཅ་ལག་ལེན་པ་ལྟ་བུ་མིན་པར་ཁས་ལེན་བྱས་ཏེ་ཞུ་རྒྱུ་ཡོད། ཉི་མ་དེ་རིང་ནས་བཟུང་སྟེ་སེམས་ཅན་གྱི་དོན་དང་སེམས་ཅན་ལ་ཕན་པ་བྱེད་པ་ལས། གནོད་པ་བྱེད་ཀྱི་མིན་ཞེས་ཁས་ལེན་དམ་བཅའ་བྱེད་རྒྱུ་ཞིག་ཡོད། དེ་ལ་བྱང་ཆུབ་ཀྱི་སེམས་གཟུང་བ་ཟེར། བྱང་ཆུབ་ཀྱི་སེམས་བཟུང་ན་ཕན་ཡོན་གང་ཡོད་འདིར་ཞུས་ན་སྐྱོན་གང་ཡང་མི་འདུག བྱང་ཆུབ་ཀྱི་སེམས་ཁས་ལེན་མི་ལེན་གང་ཡིན་ནའང་དེ་ལ་གནད་འགག་མི་འདུག བྱང་ཆུབ་ཀྱི་སེམས་གཟུང་བའི་ཕན་ཡོན་གཙོ་བོ་ནི། བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་ན་ལྟ་ཅི་སྨོས། བྱང་ཆུབ་ཀྱི་སེམས་ལ་དད་པ་བྱས་པ་ཙམ་གྱིས་ཀྱང་སྐྱེ་བ་རྗེས་མར་བག་ཆགས་བསམ་གྱིས་མི་ཁྱབ་པ་ཞིག་འཇོག་པར་གསུངས་ཡོད།

ཆོས་ཀྱི་ནང་སྐྱེ་བ་སྔ་མ་དང་ཕྱི་མ་ཟེར་བ་དེ་དོར་རྒྱུ་མེད། ང་རང་གིས་སྐྱེ་བ་སྔ་མ་དང་ཕྱི་མ་ཁས་ལེན་པར་མ་ཟད་དེ་ཡོད་པ་ལ་ཡིད་ཆེས་ཧ་ཅང་བརྟན་པོ་ཡོད་པ་དང་། ལྷག་པར་སྐྱེ་བ་སྔ་ཕྱི་མེད་ཚུལ་ཇི་ཙམ་བཤད་ཀྱང་ཁས་མི་ལེན། སྐྱེ་བ་སྔ་ཕྱི་ཡོད་པ་དེ་ཧ་ཅང་གསལ་པོ་རེད། སོ་སོའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་མ་བསྐྱེད་ཀྱང་དེ་ལ་དད་པ་བྱས་ཏེ་ཤི་ན་སྐྱེ་བ་རྗེས་མ་དེ་དུད་འགྲོ་དང་འབུ་སྲིན་སོགས་གང་ཞིག་ཏུ་སྐྱེ་བ་བླངས་ཀྱང་བྱང་ཆུབ་ཀྱི་སེམས་དེ་བརྗེད་རྒྱུ་མེད།

འདིར་གཅིག་ཞུ་རྒྱུ་ཡོད། ན་ནིང་གཞེས་ནིང་ཚན་རིག་གི་ཚགས་པར་ནང་ཞི་བདེ་རྒྱ་མཚོ་ཆེན་པོའི་ནང་ཉ་ཆེན་པོ་ཞིག་ཡོད་པ་དེས་གྲུ་གཟིངས་ཆེན་པོ་གང་འདྲ་ཞིག་སླེབས་ཀྱང་དེ་མ་ཐག་ལམ་སྣེ་འཁྲིད་ཀྱི་ཡོད་པའི་སྐོར་ཞིག་འདུག ང་རང་གི་ལྟ་ཚུལ་ལྟར་ན་དེ་ནི་བྱང་ཆུབ་སེམས་དཔའི་སྐྱེ་བ་ཞིག་ཡིན་པར་སྙམ་གྱི་ཡོད། དེ་ང་རང་གི་ལྟ་ཚུལ་རེད། ངས་འགན་ལེན་དགོས་པ་ལས་ཁྱེད་རྣམ་པར་འགན་མེད། སེམས་ཅན་དུད་འགྲོར་ཡང་མི་ལ་ཕན་པ་དང་རོགས་པ་བྱེད་པའི་བསམ་བློ་ཡོད་པ་དེ་འདྲ་སྟོན་གྱི་འདུག གལ་ཏེ་ཁྱེད་རང་གིས་བྱང་ཆུབ་ཀྱི་སེམས་ལ་དད་པ་བྱས་ཏེ་འདི་ནས་ཤི་འཕོས་ཏེ་སྐྱེ་བ་ངན་པ་ཞིག་བླངས་ཀྱང་རང་རྒྱུད་ཀྱི་བྱང་ཆུབ་ཀྱི་སེམས་བརྗེད་རྒྱུ་མེད་པ་དེ་འདྲ་མང་པོ་ཞིག་གསུང་གི་ཡོད།

བརྒྱུད་སྐུལ།

མཆན་སྤེལ།