༄༅། །བདག་དང་བདག་གི་ལས་སྐལ་དམན་པའི་མི་སྣ་དང་སྐད་ཡིག
རྩོམ་པ་པོ། བཀྲ་ཤིས་དཔལ་ལྡན།
གཅིག
དོན་དངོས་ཐོག་མི་ཚང་མ་འགལ་བའི་ཕུང་བོ་ལས་གྲུབ་པ་ཡིན་པ་དང་འགལ་ཟླར་གྱུར་ཚུལ་མཚུངས་པ་ཧ་ཅང་དཀོན་པས་བདག་ལའང་བདག་གི་འགལ་དོན་ཡོད་པ་སྨོས་ཅི། ལ་ལས་ད་ཆ་བརྡ་འཕྲིན་གྱི་ནུས་པར་སྣང་ཆུང་བྱེད་རྒྱུ་མེད་ཅེས་དང་། ཡང་ལ་ལས་ཁྱོད་ཀྱིས་རྩོམ་ཡིག་རྒྱ་ཡིག་ཐོག་ནས་འབྲི་དགོས་པ་རེད། དེ་ལྟར་བྱུང་ན་ཀློག་པ་པོ་མང་ལ་སྙན་གྲགས་ཀྱང་འདྲ་གི་མ་རེད་ཟེར།
ཁོང་ཚོས་བཤད་པ་ཚང་མར་ནོར་འཁྲུལ་མེད་ཅིང་། ད་ཆ་དབྱངས་བཞི་དང་གསལ་བྱེད་སུམ་ཅུའི་གྲུ་ཤན་ཇི་ལྟར་ལེགས་ཀྱང་རྒྱུ་དང་དབང་གི་མདུན་དུ་འཁྱོལ་ཐབས་མེད་པ་དང་། ཐ་ན་བོད་ལྗོངས་སློབ་གྲྭ་ཆེན་མོའི་བོད་ཡིག་ཚན་ཁག་ནས་ཐོན་རྗེས་སློབ་གྲྭ་ཁག་ཏུ་སློབ་ཁྲིད་བྱེད་མཁན་ཕུད་ལས་ཁུངས་སམ་ཚན་ཁག་མང་པོ་ཞིག་གིས“ཤེས་ལྡན་པའི”གྲལ་དུའང་འཇོག་དཀའ་བའི་དུས་འདིར་ཁེ་གྲགས་ལ་བརྩོན་མཁན་ཞིག་ཡིན་ཕྱིན་དམིགས་ཡུལ་གྱི་ཕ་མཐར་འབྱོར་བ་ངོ་མ་དཀའ་མོ་རེད། ཁོ་བོ་ཡང་ཤ་རུས་ལས་གྲུབ་པ་དང་བུ་ཕྲུག་གསོ་བ་དང་ཕ་མ་སྤུན་མཆེད་ལ་རོགས་ཕན་བྱ་དགོས་པས་ཁེ་གྲགས་བྱུང་ན་དང་ལེན་ལོས་ཀྱང་ཞུ། འོན་ཀྱང་ཁོ་བོ་ནི་མི་ལྐུགས་པ་ཨུ་ཚུགས་ཚ་བོ་དེ་གྲས་ཡིན་པས་དེ་དག་སྒྲུབ་པའི་ཐབས་ལམ་ལ་མི་མཁས་པས་འདུ་ཤེས་གསར་བརྗེ་བྱེད་མ་ཐུབ་པ་ཞིག་ཡིན།
དེང་སྐབས་བོད་ཡིག་ལ་མཐོང་ཆེན་མེད་པ་དང་བོད་ཡིག་ཀློག་པ་པོ་ཧ་ཅང་ཉུང་བ་དེ་དོན་དངོས་ཡིན་པས། ཐ་ན་དཔེ་དེབ་ཅིག་དཔར་སྐྲུན་བྱ་དགོས་བྱུང་ནའང་དཀའ་ངལ་གཞན་ལས་ཆེ་བ་ཡོད་མོད། བདག་གི་སེམས་ལ་སྐད་ཡིག་ཅི་འདྲ་ཞིག་གིས་ཀྱང་རང་གི་སྐད་ཡིག་ཐོག་ནས་རང་ལ་རྒྱུས་མངའ་ཆེ་བའི་འཚོ་བ་མཚོན་པའི་ཚབ་ཐུབ་ཐབས་མེད་པ་དང་རང་ཉིད་སྐྱེད་སྲིང་བྱེད་མཁན་བོད་རིགས་ཀློག་པ་པོ་ལ་ཞབས་འདེགས་ཞུ་མ་ཐུབ་ཚེ་ཀློག་པ་པོ་རྒྱ་ཅི་ཙམ་ཆེ་བ་དང་སྙན་གྲགས་ཅི་ཙམ་ཆེ་ནའང་དོན་གོ་ཆུང་སྙམ།
མི་རིང་བའི་སྔོན་དུ་ཆིང་ཏའོ་ནས་ཡི་གེ་ཞིག་འབྱོར་ལ་དེ་ནི“ཧྭ་ཞ་རྩོམ་རིག་ཕོ་བྲང”གིས་བཏང་བ་ཞིག་ཡིན་ཞིང་། དེའི་ནང་ཀྲུང་གོའི་རྩོམ་པ་པོ་ལྷན་ཚོགས་ཀྱི་ཚོགས་མི5000ཡི་མཆན་བཀོད་ཡི་གེ་འཁོད་པའི་བུམ་པ་ཞིག་བཟོ་རྒྱུ་ཡིན་པ་དེར་མཆན་བཀོད་ཡི་གེ་བསྡུ་ལེན་བྱེད་རྒྱུའི་སྐོར་བཀོད་ཡོད། ཁོ་བོས་དེ་ལ་སྣང་འཇོག་མ་བྱས་པར་བཞག་ནའང་ཉེ་དུས་སླར་ཡང་ལྕག་འདེབས་ཀྱི་ཡི་གེ་ཞིག་འབྱོར་བའི་ནང་རྩོམ་པ་པོ་མང་པོ་ཞིག་གི་ཡི་གེ་འབྱོར་ཟིན་ནའང་ད་དུང་ཁག་གཅིག་འབྱོར་མེད་སྐོར་དང“སླར་ཡང་ལྕག་འདེབས་ཞུ་རྒྱུ་ཡིན”ཞེས་ནན་མོར་བཀོད་ཡོད་པས་དང་ལེན་མི་ཞུ་བ་བྱེད་མ་ཕོད་པར་བདག་གིས“རྩོམ་པ་པོ་ཞིག་གི་ངོས་ནས་ཡི་གེ་ཤེས་མཁན་མང་པོ་དེ་ཙམ་མེད་པའི་བོད་རིགས་ཀློག་པ་པོ་ནི་བདག་གི་ཞབས་འདེགས་ཞུ་ཡུལ་ཡིན་ཞིང་། གལ་ཏེ་དེ་དག་ལ་ཞབས་འདེགས་མ་ཞུས་ན་འགན་འཛོལ་མ་རེད་ད”ཞེས་བྲིས་ཏེ་བསྐུར་མོད། འོན་ཀྱང་བདག་གི་སྐད་ཆ་དེ་དག་ཀྲུང་གོའི་རྩོམ་པ་པོ5000ཡི་མཆན་བཀོད་ཡི་གེའི་ནང་ངེས་པར་དུ་འཁོད་ཐུབ་པའི་རེ་བ་བྱས་མེད།
ལྷ་སའི་རྩོམ་རིག་སྒྱུ་རྩལ་པའི་བཞུགས་མོལ་ཚོགས་འདུ་ཞིག་གི་ཐོག་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གི་ལས་བྱེད་པ་ཞིག་གིས་ཁོང་ཚོའི་ལས་ཁུངས་ཀྱིས་འཕྱོངས་རྒྱས་སུ་གྲོང་གསེབ་ཀྱི་རིག་གནས་ཁང་ཞིག་བཙུགས་ཡོད་པའི་ནང་དཔེ་དེབ་ཁག་ཅིག་ཡོད་པ་ལས་ཞིང་བ་ཚོས་ལྟ་དགའ་ཤོས་དང་གཡར་ཐེངས་མང་ཤོས་ནི《ཆུ་ངོགས་གཏམ་རྒྱུད》དང《ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག》རེད་ཅེས་དང་ཞིང་བ་ཚོའི་ཚུར་སྣང་ལན་ཆ་ནི་རྩོམ་ཕྱི་མའི་རྩོམ་པ་པོས་ང་ཚོའི་འཚོ་བ་དངོས་བྲིས་འདུག་པས་ཁོང་ང་ཚོའི་གྲོང་ཚོའི་ནང་སླེབས་མྱོང་མིན་ནམ་ཞེས་པ་དེ་ཡིན་ཞིང་། དེ་ནི་བདག་གི་རིག་གནས་ཆུ་ཚད་དམའ་ཤོས་ཀྱི་ཀློག་པ་པོའི་སྐད་ཆ་ཡིན་པས་བདག་བློ་ཁ་ཁེངས།
བདག་གི་ལས་སྐལ་དམན་པའི་མི་སྣ་སྤོ་བོ་ཚེ་རིང་དང་སྐལ་བཟང་བཀྲ་ཤིས། དོན་གྲུབ་དང་ཚེ་བརྟན་ལྷ་མོ་སོགས་ནི་བདག་གི་རྣམ་ཤེས་དང་དམ་པོར་སྦྲེལ་ནས་ཡོད་པ་དང་ཁོ་ཚོ་རེ་རེ་བཞིན་ནི་བདག་གི་རབ་ཏུ་འཁོལ་བའི་ཁྲག་རྒྱུན་གྱི་རྦ་ཀློང་དང་ལྷག་བསམ་དག་པའི་བརྩེ་སེམས་ཀྱི་རྐང་རྗེས་ལགས། དུས་དང་རྣམ་པ་ཀུན་ཏུ་ཁོང་ཚོའི་སེམས་ཀྱི་དགའ་སྐྱོ་དང་འཚོ་བའི་སྐྱིད་སྡུག་ནི་འདུ་ཤེས་མེད་པའི་གནམ་གྱི་གཤིས་ཀ་དང་བསྟུན་ནས་འགྱུར་ལྡོག་འགྲོ་བ་དང་བདག་གྲོང་ཁྱེར་ནང་དུ་འབྱོར་བ་དང་ཁོང་ཚོ་ལྟར་གནམ་ལ་བལྟས་ནས་འཚོ་བར་གཏོང་ཚོད་བྱེད་པའི་ལས་དབང་དང་བྲལ་ནས་ལོ་བཅུ་གྲངས་སོང་མོད། བདག་གི་སེམས་ཀྱི་ཐག་པའི་སྣེ་མོ་ཞིག་སྔར་བཞིན་གླང་གཉིས་ལ་གཉའ་བསྟད་དེ་ས་ཞིང་རོལ་དུ་རྨོ་བའི་ས་གཞི་ནག་པོ་དེ་དང་བྲལ་མེད་པས་དབྱར་ཁ་ཆར་བ་འབབ་སྐབས་གྲོང་ཁྱེར་ནང་གི་སྐྱེ་བོས་གནམ་གཤིས་ཡག་པོ་མི་འདུག་ཟེར་བ་ཐོས་པའི་ཚེ་བདག་གི་སེམས་ལ་ཨ་ཕའི་རོ། གནམ་གཤིས་འདི་ལས་ལེགས་པོ་ཅི་དགོས་སྙམ་པ་དང་དགོང་མོར་མར་ཉལ་རྗེས་མཚན་ཆར་འབབ་སྒྲ་རྣ་བར་ཐོས་སྐབས་དེ་ནི་རོལ་དབྱངས་ཚོམས་ཆེན་དུ་སྡེབ་དཀྲོལ་རོལ་དབྱངས་གྲགས་ཅན་ཉན་མཁན་ཚོའི་དབྱངས་ཀྱིས་ཅི་ལ་དོ། བདག་གི་ལས་སྐལ་དམན་པའི་མི་སྣའི་ནང་ཤ་རྒྱགས་པ་གཅིག་ཀྱང་མེད་པ་དང་ཤ་བྲི་ཐབས་ཀྱི་ཐད་ལ་འགྲོ་སོང་གཏན་ནས་གཏོང་མི་དགོས་པར་དེ་བས་ཁོ་ཚོ་ཚང་མ་ཤ་རིད་ཅིང་བཞིན་གྱི་སྟེང་དུ་ལོ་ཚོད་དང་མི་མཉམ་པའི་གཉེར་རིས་ཀྱི་གྲོག་ཤུར་འཐེན་པ་ཞེ་གཅིག་ཡིན་མོད། ཁོང་ཚོ་ཚང་མར་འདོད་ཆུང་ཆོག་ཤེས་དང་གཞུང་དྲང་སེམས་བཟང་གི་ཀུན་སྤྱོད་བཟང་བོ་རེ་ཡོད་ལ་སང་ཐེ་ཡ་ཀོ་ལྟར[1]ཕམ་ཉེས་ཅི་ཙམ་བྱུང་ཡང་རང་བྱུང་ཁམས་ཆེན་པོ་དང་དཔའ་ངར་ཆེན་པོས་འཐབ་ཕོད་པའི་སྙིང་སྟོབས་རེ་ཡོད།
གཉིས།
བདག་ནི་རླུང་རྟ་དེ་ཙམ་མེད་མཁན་ཞིག་ཡིན། ཆུང་དུས་དུས་བབ་དང་ཁྱིམ་ཚང་གི་དཀའ་ངལ་ཉིས་བརྩེགས་ཀྱིས་བདག་དཔེ་དེབ་ཀློག་པའི་རྒྱ་སྒོ་ནས་ཕྱིར་འཐེན་པ་དང་ཟླ་བ་རེར་གླ་ཕོགས་སྒོར་བཅུ་གཅིག་ཡོད་པའི་དམངས་བཙུགས་སློབ་གྲྭའི་དགེ་རྒན་བྱེད་པའི་ལོ་བརྒྱད་ཀྱི་རིང་མུ་མཐུད་དེ་ཀྱག་ཀྱོག་དང་བློ་ལ་མི་འབབ་པའི་གནས་ཚུལ་མང་པོ་ཞིག་དང་འཕྲད། རྩོམ་པ་པོ་གྲགས་ཅན་ཞིག་གིས་རང་གི་མི་སྣའི་ལས་དབང་སྐྱེ་བོའི་ཁ་གསབ་ཀྱི་ཚུལ་དུ“མིའི་མི་ཚེ་ནི་བློས་བསླངས་པ་ལྟར་གྱི་དགའ་དྲག་པ་ཞིག་མ་ཡིན་ལ་བློས་བསླངས་ལྟར་གྱི་སྡུག་དྲག་པ་ཞིག་ཀྱང་མ་ཡིན”ཞེས་བྲིས་ཡོད་པ་དེ་རང་ཅག་གི་ཐམས་ཅད་སྡུག་བསྔལ་དུ་ལྟ་བའི་ནང་བསྟན་དགོངས་པ་དང་བསྟུན་ན་དེ་ནི་དངོས་ཡོད་དང་ཅུང་ཐག་ཉེ་བ་ཡོད་ཅིང་མི་གང་འདྲ་ཞིག་ཡིན་ནའང་འཚོ་བའི་ནང་ཀྱག་ཀྱོག་དང་དཀའ་སྡུག་ལ་ཅི་ཙམ་འཕྲད་ནའང་དེའི་སེམས་ནང་གི་རེ་བ་རྟ་རྔ་ཙམ་ལས་མེད་ཀྱང་དེ་ནི་དོར་མི་རུང་བ་ཞིག་རེད།
བདག་ལ་མ་གཞི་རིག་གནས་སྦྱོང་བའི་བསྐལ་བ་མ་བྱུང་ཡང་འཚོ་བའི་ནང་གི་གནས་ཚུལ་མང་པོ་ཞིག་བདག་གི་སློབ་གྲོགས་ཚོའི་སྔོན་དུ་མྱོང་རྒྱུ་བྱུང་བ་དང་རྗེས་ཀྱི་གསར་རྩོམ་ལ་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་པ་བྱུང་བ་དེ་ཡང་ཨ་ནེ་སྙེ་མོ་དང་སྣང་སའི་ཚུལ་དུ་ཟད།
བོད་རིགས་རྩོམ་པ་པོ་ཞེ་ནའང་དོན་དུ་ཆེས་མང་ཆེ་བ་ལས་ཞོར་རྩོམ་པ་པོ་ཡིན་པ་དང་ལས་ཞོར་རྩོམ་པ་པོ་ནི་གཞུང་ཁྲལ་དང་སྒེར་ཁྲལ་གཉིས་ཀ་རྒྱུག་དགོས་མཁན་ཞིག་ཡིན་པས་དེའི་དཀའ་ངལ་ནི་མ་སྨྲོས་ཀྱང་བསམ་ཐུབ་པ་ཞིག་རེད། གསར་རྩོམ་བྱེད་ན་རྒྱུན་དུ་འཚོ་བའི་ནང་ཟབ་འཇུག་བྱ་དགོས་པ་དང་དུས་ཚོད་འདང་ངེས་དགོས་མོད། ལས་ཁུངས་ཀྱི་འདོགས་ཐག་ལས་གྲོལ་ཏེ་སོང་ན་ཁྱོད་ཀྱི་ཁ་ཕོར་ཆག་རྒྱུ་ལས་འོས་མེད་པ་དང་དེ་བས་ཀྱང་ཁྱོད་ཀྱིས་རྣམ་ཀུན་ལས་ཁུངས་ཀྱི་ལས་ཀ་འཐུས་ཤོར་མེད་པ་སྒྲུབ་པའི་རྨང་གཞིའི་ཐོག་བྱི་བའི་རྣམ་ཐར་བཟུང་ནས་དུས་ཚོད་སྟོང་ཆའི་རྒྱུ་ནོར་ཡོད་ཚད་ཐོབ་རེ་བྱེད་པ་དང་དུས་ཆེན་དང་ངལ་གསོའི་སྐབས་ཁང་སྲུང་བའི་རྣམ་ཐར་བསྐྱངས་ཏེ་གྲུབ་འབྲས་ཕྲན་ཙམ་ཐོན་པ་དང་ཕྱི་ལ་གྲགས་པ་ཅུང་ཟད་ཐོན་སྐབས་ལས་ཁུངས་ནང་དུ་མི་ཁག་གཅིག་གིས་བྱེད་འོས་པའི་ལས་ཀ་མི་བྱེད་མཁན་དུ་བརྩིས་ཏེ་ལས་ཁུངས་ཀྱི་ལས་ཀ་རྒྱུན་གཏན་བྱེད་ཀྱི་ཡོད་མིན་ལ་དོགས་པ་ཟ་བར་བྱེད་པ་དང་། དེའི་ཐད་གྲུབ་འབྲས་ཅི་ཙམ་ཐོབ་པ་དང་བྱ་དགའ་རིམ་པ་གང་ཞིག་ཐོན་ནའང་ཇི་མི་སྙམ་པའི་ཚུལ་འཛིན་པའམ་ཡང་ན་དེའི་འཇོན་ཐང་ལའང་སོམ་ཉི་བཟུང་སྟེ་གོ་མིང་དང་ཐོབ་ཐང་སོགས་ཀྱི་ཐད་གྲོས་བསྡུར་བྱེད་པའི་ཚེ་དེ་དག་མཐུན་རྐྱེན་དུ་མི་འགྱུར་བར་དེ་ལས་ལྡོག་སྟེ་ཉེས་པར་གྱུར་པ་དང་སྐད་ཆ་འདྲ་མིན་ཤོད་པའི་ལུང་དུ་གྱུར།
གསུམ།
བདག་ནི་མིག་རྗེས་ལག་པས་མི་ཟིན་པ་ཞིག་ཡིན། ཉེ་བའི་ལོ་ཤས་ནང་ཀློག་པ་པོའི་གདེང་འཇོག་གང་ལེགས་བྱེད་པ་དང་སྤྱི་ཚོགས་ཐོག་གི་མི་སྣ་མང་པོའི་སྤྲོ་སེམས་འཁོལ་བའི་རྒྱབ་སྐྱོར་དང་སྐུལ་ལྕག་ཐོབ་སྐབས་ཏག་ཏག་རྩོམ་འབྲི་རྒྱུ་ཇེ་ཉུང་དུ་སོང་བ་དང་ཐ་ན་ལོ་གཉིས་ཀྱི་ནང《གངས་རྒྱན་མེ་ཏོག》གིས་མངགས་པའི“དབུས་གཙང་ལམ་ཡིག་གསར་མ”ལ་རྩོམ་ཡིག་ཁ་ཤས་བསྣན་པ་ཕུད་ཧ་ལམ་སྨྱུ་གུ་ངལ་གསོའི་ཚུལ་དུ་ལུས་པས་གཞན་ལ་བུ་ལོན་ཆད་པ་ལྟར་ཧ་ཅང་ཁ་སྐྱེངས་པོ་དང་བློ་མ་བདེ་བ་ཞིག་རྒྱུན་མར་ཡོང་གི་འདུག་མོད། འོན་ཀྱང་དེ་ནི་བདག་ལ་འབྲི་བྱའི་རྩོམ་གཞི་མེད་པ་མ་ཡིན་ལ་འཚོ་བ་ལེགས་སུ་སོང་ནས་མ་བྲིས་པའང་མ་ཡིན།
རྩོམ་འབྲི་བའི་ཐོག་མའི་དུས་རྩོམ་ཡོན་སྒོར་ཙག་དང་མིང་གི་ཆེད་དུ་བྲིས་པ་ནི་རྩོམ་འབྲིའི་ལས་ལ་ཞུགས་མཁན་མང་པོ་ཞིག་གི་ཐོག་པའི་ཀུན་སློང་ཡིན་པ་དེ་རྫུན་གཏན་སྨྲ་མི་ཤེས་མཁན་ཞིག་གི་ངོས་ནས་བཤད་ན་ཁས་ལེན་ངེས་རེད། མི་ཚོས་ཁྱོད་ལ་རྩོམ་པ་པོ་ཞེས་མ་གཞི་ནས་ཐེག་དཀའ་བའི་མིང་གི་མདུན་དུ་ད་དུང་བོད་ཀྱི་རྩོམ་པ་པོ་ཞེས་དེ་བས་ལྕི་བའི་ཐ་སྙད་ཅིག་སྣོན་སྐབས་ཁྱོད་ཀྱི་སྒལ་བའི་སྟེང་གི་ཁུར་བོ་སྔར་བས་ཇེ་ལྕི་རུ་སོང་བ་དང་ཁྱོད་ཀྱིས་སྒྲུབ་པའི་བྱ་བའི་དོན་སྙིང་སྔར་དང་མི་འདྲ་བར་གྱུར་པ་ཡིད་ལ་འཆར་དུས་ཁྱོད་ཀྱི་རང་དགར་རྒྱུག་པའི་སྨྱུ་གུའི་རྟ་མཆོག་གི་སྲབ་ཁ་འཐེན་ཙམ་དང་བློ་ནང་ལ་བཀུག་ནས་བསམ་གཞིག་མི་བྱེད་ཀ་མེད་རེད།
ཁྱོད་ཀྱིས་བརྩམས་ཆོས་ཤིག་འབྲི་བའི་ཚེ་དང་ཐོག་འཚོ་བའི་གཞི་འཛིན་ས་དང་། མི་སྣའི་རྣམ་པ། གཏམ་སྤྱོད་ཀྱི་ཚད་འཛིན་ས་བཅས་ལ་བསམ་བློ་གཏོང་དགོས་པ་དང་དེ་ནས་མུ་མཐུད་དེ་ཁྱོད་ཀྱིས་བརྡ་སྤྲོད་ཐབས་གང་འདྲ་ཞིག་ལ་བརྟེན་ནས་མཚོན་པར་བྱེད་པའི་ཐད་ངེས་པར་དུ་བསམ་བློ་གཏོང་དགོས་གལ་ཆེ་བར་མཐོང་།
སྐད་ཆའི་ནང་རྒྱན་ཚིག་དང་བྱ་ཚིག མིང་ཚིག་བཅས་ཀྱི་གོ་རིམ་དང་གྲུབ་ཚུལ་ཐད་ལ་སྐད་ཡིག་གཞན་གྱི་ཤུགས་རྐྱེན་དྲག་པོ་ཕོག་བཞིན་པའི་དུས་འདིར་ཁྱོད་ཀྱིས་རང་ངོས་ཀྱི་ལྟ་ཚུལ་ཁོ་ནའི་ཐོག་ནས་གང་དགར་འབྲི་བའམ་ཡང་ན་བརྡ་འཕྲོད་ངེས་དང་ཁུངས་འཕེར་ངེས་ཤིག་ཡོང་བ་བྱ་དགོས་བསམ། དེ་དང་དེ་ལྟ་བུའི་འགན་སེམས་དང་མིག་དཔངས་མཐོན་པོ་ཞིག་ཁྱེར་ནས་ལག་པ་འགུལ་སྐབས་མིག་གིས་སྙོབ་སར་ལག་པས་མི་སྙོབ་པར་གྱུར་པ་དང་མིག་དཔངས་དམའ་རུ་བཏང་ནའང་མི་འགྲིག་པས་ལག་པ་ངང་འཐེན་མི་བྱེད་ཀ་མེད་དུ་གྱུར།
སྐབས་འདིར་བདག་གི་ལས་སྐལ་དམན་པའི་སྐད་ཡིག་གི་སྐོར་དྲན་བྱུང་། ཀློག་པ་པོ་ཁག་ཅིག་གིས《ཕལ་བའི་ཁྱིམ་ཚང་གི་སྐྱིད་སྡུག》གི་དོན་མང་པོ་གོ་མི་ཐུབ་ཚུལ་སྨྲ་བ་དང《སྦྲང་ཆར》གྱི་རྩོམ་སྒྲིག་པས《རི་མགོ་མཐོན་པོའི་ཉི་མ》ཡི་སྦྲགས་མཆན་ནང“ད་ལམ་བཀོད་པའི་སྒྲུང་གཏམ《རི་མགོ་མཐོན་པོའི་ཉི་མ》ཞེས་པ་ནི་དབུས་གཙང་ཕྱོགས་སུ་བྱུང་བའི་གཏམ་རྒྱུད་ཅིག་ཡིན་པ་དང་འདི་ཉིད་རྩོམ་པ་པོ་ཡང་དབུས་གཙང་ཕྱོགས་ཀྱི་ཡིན་པས། སྒྲུང་གཏམ་དུ་དབུས་གཙང་གི་ཁ་སྐད་མང་པོ་བྲིས་འདུག་པས་ཚིག་དོན་གཉིས་ཐད་ནས་རྩོམ་སྒྲིག་པས་གོ་དཀའ་བའང་ཅུང་མང་དུ་སྣང་ཡང་། མོན་ཡུལ་རྡོར་གཅོད་ཀྱི་རྗེས་འགྲོ་བར་དོགས་ནས་ཐོ་ཅོ་སྤྱོད་མ་སྤོབས་པར་སོར་བཞག་བྱས་ཡོད་པ་ནི་དམིགས་བསལ་ཅན་ཡིན་པས་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་ཐུགས་འཇགས་འཚལ”གསུངས་ལུགས་ཀྱིས་སླར་ཡང་རང་རེའི་གེགས་འཚུབ་མང་བའི་སྐད་ཡིག་འདིའི་ལས་དབང་ལ་བློ་ཕམ་དང་ཡིད་སྐྱོ་ཚད་མེད་སྐྱེས།
ངའི་ཕྲུ་གུ་ད་ལྟ་སློབ་ཆུང་ལོ་རིམ་གསུམ་པར་སྐྱོད་བཞིན་ཡོད་པ་དང་བོད་སྐད་དང་རྒྱ་སྐད་ཀྱི་རྨང་གཞི་ལ་གནམ་སའི་ཧེ་བག་ཡོད་ནའང་རྒྱ་ཡིག་ཏུ་ཕབ་སྒྱུར་བྱས་པའི་འཛམ་གླིང་བྱིས་སྒྲུང་ལས་སླ་བར་ལྟ་ཀློག་ཐུབ་པ་དང་དོན་རྟོགས་པ་མ་ཟད་དམའ་འབྲིང་སློབ་དེབ་ནང་བདམས་པའི་རྩོམ་ཡིག་གྲགས་ཅན་དེ་རིགས་ཀློག་སྐབས་ཡིག་འབྲི་ཁ་ཤས་ལ་འགྲེལ་བཤད་རྒྱག་དགོས་བྱུང་ན་མ་གཏོགས་འཁོན་ཐོགས་དེ་ཙམ་མེད་པར་ཀློག་ཐུབ་མོད། འོན་ཀྱང་བོད་ཡིག་ནང་ཕབ་སྒྱུར་བྱས་པའི་བྱིས་སྒྲུང་དང་། བོད་ཡིག་ལས་བྲིས་ཤིང་སློབ་འབྲིང་སློབ་དེབ་ནང་བདམས་པའི་འབོལ་རྩོམ་ཀློག་ཏུ་འཇུག་སྐབས་ག་དུས་ཡིན་ནའང་ཚིག་འབྲུའི་གཅོད་མཚམས་འཇོག་མི་ཤེས་པ་དང་དོན་ཡང་རྟོགས་མི་བདེ་བ་བྱེད་པ་མ་ཟད། ཐ་ན་ཁོ་རང་ཚོའི་སློབ་དེབ་ཀློག་སྐབས་ཀྱང་ཚིག་འབྲུའི་གཅོད་མཚམས་སུ་རྟགས་བརྒྱབ་ན་མ་གཏོགས་ཀློག་མི་བདེ་བ་བྱེད་པས་རྒྱུན་དུ་མདོ་དབུས་ཁམས་གསུམ་གྱི་སྐད་ཆ་གཅིག་གྱུར་ཡོང་བ་བྱ་རྒྱུའི་ཐད་ལ་སེམས་འཚབ་པ་དང་དེ་བས་ཀྱང་སྐད་དང་ཡི་གེ་གཉིས་གཅིག་གྱུར་བྱ་རྒྱུའི་ཐད་མནོ་སེམས་ཟབ་མོ་གཏོང་དགོས་པས་གལ་ཏེ་བདག་གིས་བྱིས་སྒྲུང་བྲིས་པའི་དབང་དུ་བཏང་ན་དང་ཐོག་བྱིས་པ་འདི་དག་གིས་ཀློག་ཐུབ་མིན་ལ་ལྟ་དགོས་ཀྱི་འདུག་ཀྱང་སྙམ།
རྩོམ་རིག་མཁས་ཅན་ཞིག་གིས་སྒྲུང་གཏམ་ནི་གང་ཞིག་འབྲི་མིན་ལ་རག་ལས་མེད་པར་ཇི་ལྟར་འབྲི་མིན་ལ་རག་ལས་ཡོད་ཟེར། སྐད་ཆ་དེ་ནི་རྩོམ་འབྲིའི་ལས་ལ་བྱང་བ་ཞིག་གི་ངོས་ནས་བརྗོད་ན་གོ་བ་ལེན་དཀའ་བ་ཞིག་མ་ཡིན། འོན་ཀྱང་ང་ཚོའི་གང་ཞིག་འབྲི་མིན་ལ་བསམ་བློ་གཏན་ནས་མ་བཏང་བར་ག་དུས་ཡིན་ནའང་ཇི་ལྟར་འབྲི་མིན་གྱི་རྣམ་པ་ཁོ་ནར་བསམ་བློ་གཏོང་བའི་རྣམ་པས་ནང་དོན་ཐག་གཅོད་ཚུལ་ལ་བདག་གིས་མོས་མཐུན་བྱེད་ཀྱི་མེད།
ངས་དྲན་ཐོག་ལ་ཧའེ་མིན་ཝུ[2]ཡིས་རྩོམ་པ་པོ་ནི་ཁ་ཕོ་ཆེ་ཤོད་རྒྱུ་དེ་མ་ཡིན་པར་འབྲི་རྒྱུ་དེ་ཡིན་ཞེས་གསུངས་ཡོད་ཅིང་སྐད་ཆ་དེ་ནི་བདག་གི་སེམས་ལ་རབ་ཏུ་ཟུག་པས་བདག་གི་འགན་འཁྲི་ནི་མང་ཙམ་བྲིས་ཏེ་བདག་གི་གཅེས་པར་འོས་པའི་ཀློག་པ་པོའི་ཐུགས་རེ་ཆུད་མི་གཟན་པ་བྱ་རྒྱུ་དེ་ཡིན།
མཆན།
[1] ཨ་རིའི་རྩོམ་པ་པོ་གྲགས་ཅན་ཧའེ་མིན་ཝུའི་བརྩམས་ཆོས《རྒྱ་མཚོ་དང་བགྲེས་སོང》ཞེས་པའི་ནང་གི་མི་སྣ་གཙོ་བོའི་མིང་།
[2] ཨ་རིའི་རྩོམ་པ་པོ་གྲགས་ཅན་ཨོ་ནེ་སེ་ཐོ་ཧའེ་མིན་ཝུ།(1899—1961)