བཀའ་གདམས་པ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།

བཀའ་གདམས་པ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།
༄༅། །བཀའ་གདམས་པ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།
སྒྲིག་རྩོམ་མཁན། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། ནོར་བྲང་ཨོ་རྒྱན།
བཀའ་གདམས་ཞེས་པའི་གྲུབ་མཐའི་སྒྲ་བཤད་ལ་མི་འདྲ་བ་འགའ་མཆིས་ཀྱང་། ཆེས་ཡོངས་སུ་གྲགས་པ་དང་དོན་ལ་སྦྱོར་བ་ནི།
རྗེ་ཙོང་ཁ་པ་ཆེན་པོས་སྤྱན་སྔ་རིན་ཆེན་འཕེལ་ལ་བཀའ་གདམས་ཞེས་བྱ་བའི་དོན་ཅི་ཡིན་བཀ༵འ་འདྲི་གནང་བར་སྤྱན་སྔས་རྒྱལ་བའི་བཀའ་ལས་ཡི་གེ་ན་གཅིག་ཀྱང་བཞག་ཏུ་མེད་པར་གད༵མས་ངག་ཏུ་གོ་བ་ལ་ཟེར་བ་ཡིན་ཞུས་པས་དེ་ཡིན་ཞེས་མཉེས་པ་ཆེན་པོ་མཛད་པ་ལྟར་སངས་རྒྱས་ཀྱི་བཀའ་སྡེ་སྣོད་གསུམ་གྱི་དོན་ཐམས་ཅད་མ་ལུས་པ་ཨ་ཏི་ཤའི་གདམས་པ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པར་བསྡུས་ནས་ཉམས་སུ་ལེན་པས་ན་བཀའ་གདམས་པ་ཞེས་བྱ་བ་ཡིན།

དེ་ལ་འདིར་བཀའ་གདམས་བསྟན་པའི་ཤིང་རྟ་ཆེན་པོ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བོད་དུ་བསྟན་པའི་དག་ཐེར་དང་བཀའ་གདམས་ཀྱི་སྲོལ་ཕྱེ་བའི་མཛད་པ་གཙོ་ཆེ་བ་རྣམས་ཁོང་གི་མཆོག་ཏུ་གྱུར་པའི་ཐུགས་སྲས་བཀའ་གདམས་བསྟན་པའི་སྲོལ་འབྱེད་པ་པོ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱི་ལོ་རྒྱུས་དང་སྦྲགས་འཕྲོས་ན།

འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ནི། ཡབ་སྐུ་གཤེན་ཡག་གཞེར་འཕེན་དང་། ཡུམ་ཁུ་འོད་བཟའ་གཉིས་ཀྱི་སྲས་སུ་སྤྱི་ལོ1004ཤིང་འབྲུག་ལོར་སྟོད་ལུང་གི་ཕུ་རྩ་སྒྱེ་མོའི་ས་ཆར་སྐུ་འཁྲུངས། ཡུམ་སྔ་མོ་ནས་གྲོངས་རྗེས་ཡབ་ཀྱིས་མ་ཡར་གཅིག་བཞེས་པ་དེ་དང་ཐུགས་མ་མཐུན་པ་མ་ཡར་དང་འཐབ་པ་བས་གཞན་དུ་འབྱོན་པ་དགའ་བར་དགོངས་ནས་དགུང་ལོ་བཅུ་གསུམ་ཙམ་ལ་གཞུ་རུ་ཞང་པོའི་སར་བྱོན་ཏེ་ལོ་བཞི་བཞུགས་རིང་དགེ་བཤེས་གཡུང་ཆོས་མགོན་བྱ་བས་ཀློག་ཡིག་བསླབས།
དགུང་ལོ་བཅུ་བདུན་ལོར་ཇོ་བོ་སེ་བཙུན་ཁམས་ནས་རྒྱ་གར་ལ་བྱོན་པ་དང་མཇལ་བས་དད་པ་སྐྱེས་ཏེ་སེ་བཙུན་ནས་ཐུགས་རྗེ་ཆེན་པོ་ཡི་གེ་དྲུག་པའི་གདམས་པ་ཞུས།
སེ་བཙུན་བལ་ཡུལ་ནས་ཕྱིར་ལོག་བྱོན་སྐབས་འབྲོམ་དང་མཇལ་བས་འབྲོམ་གྱིས་ཕྱག་ཕྱིར་འཁྲིད་པར་ཞུས་པས་ཁྱེད་སང་ཕོད་ཚོང་པ་དང་འགྲོགས་ལ་ཤོག ད་རེས་ཁྲིད་ན་བྱིས་པ་བརྐུས་ནས་ཁྲིད་ཟེར་དུ་འོང་གསུངས། དེ་ནས་འབྲོམ་གྱིས་རྒྱལ་གྱི་ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་ལ་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་མཚན་རྒྱལ་བའི་འབྱུང་གནས་སུ་གསོལ།
དགུང་ལོ་བཅུ་དགུ་པ་སྤྱི་ལོ1022ཆུ་ཁྱི་ལོར་སེ་བཙུན་མཇལ་བར་མདོ་ཁམས་འདན་མའི་ཡུལ་དུ་ཚོང་པ་དང་འགྲོགས་ནས་བྱོན་ཏེ་སེ་བཙུན་དང་མཇལ་འཛོམས་བྱུང་བ་དེ་ནས་བཟུང་བསམ་སྦྱོར་གཉིས་ཀྱི་སྒོ་ནས་ཚུལ་བཞིན་དུ་བསྟེན་ཏེ། སངས་རྒྱས་ཐམས་ཅད་མཆོད་པ་བས་བླ་མ་མཆོད་པ་ཕན་ཆེ་བར་དགོངས་ཏེ་རང་གི་བླ་མ་སེ་བཙུན་གྱི་ནང་གི་ཞབས་ཏོག་ཕྱེ་འཐག་པ་ཡན་ཆོད་དང་། ཕྱི་རོལ་དུ་རྟ་ཕྱུགས་མང་པོ་ཡོད་པས་ཉིན་པར་དེ་རྣམས་ཀྱི་རྫི་བོ་མཛད། ནུབ་མོ་རྟ་བཟང་ལ་ཞོན་འཁོར་གསུམ་ཚེར་མ་འདྲ་བ་བྱས་ཏེ་མེལ་འཚེ་མཛད།
དེའི་ཚེ་བླ་མ་སེ་བཙུན་གྱི་སྤྱན་སྔར་མདོ་སྔགས་ཀྱི་ཆོས་གཞུང་མཐའ་ཡས་པ་ལ་སྦྱང་བརྩོན་གནང་བ་དང་། ལྷག་པར་ཀླུ་སྒྲུབ་ཡབ་སྲས་ཀྱི་གཞུང་དབུ་མའི་སྐོར་དང་། བྱམས་ཆོས་སྡེ་ལྔ། ཐོགས་མེད་སྐུ་མཆེད་ཀྱི་གཞུང་སོགས་སྤྱོད་ཕྱོགས་རྣམས་ལ་སྦྱང་བརྩོན་མཐར་ཕྱིན་པ་མཛད། དགེ་འདུན་བྱིངས་མའི་ཁྲོད་དུ་བགྲོ་གླེང་མཛད་པར་སུས་ཀྱང་ལན་འདོན་སྤོབས་པར་མ་ནུས་ནས་མཁས་པའི་ཕུལ་དུ་ཕྱིན་པར་གྲགས་ཤིང་། དེའི་ལོ་དགེ་འདུན་རྣམས་ཀྱིས་མཁས་པ་ཆེན་པོ་འདི་ལྟ་བུ་རྟ་བོང་གི་རྫི་བོ་དང་ཡོས་འཐག་པ་སོགས་ངན་ལས་ལ་བཀོལ་དུ་ཕངས་པས་ད་ཕྱིན་ཆད་ངན་ལས་གནང་མ་དགོས་པ་ཆོས་གྲྭར་ཕེབས་ཆོག་པ་དགོས་ཞེས་བླ་མ་སེ་བཙུན་ལ་ཞུས་ནས་དེ་བཞིན་དུ་གནང་། དེའི་དུས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། རྔོག་ལེགས་པའི་ཤེས་རབ་གཉིས་ཀྱང་ཆོས་གྲྭ་དེར་བཞུགས་པས་ཁུ་རྔོག་འབྲོམ་གསུམ་ཞེས་པའང་ཐོག་མར་ཁམས་སུ་གྲགས་པ་ཡིན།
དེ་ནས་འབྲོམ་གྱི་དགོངས་པར་ཆོས་རྣལ་མ་ཞིག་བྱེད་ན་འདི་ཙམ་གྱིས་ཆོག་གམ་མི་ཆོག རྒྱ་གར་མཁས་པ་ཞིག་ལ་བརྟེན་པར་བར་དུ་ལོ་ཙཱ་བ་མི་དགོས་པ་བྱ་དགོངས་ནས་པཎྜི་ཏ་སྒྲའི་ཚེར་མ་དང་། སྨྲི་ཏི་ཛྙཱ་ན་ཀིརྟི་ཕྱོགས་དེར་བྱོན་པ་ལ་སཾསྐྲྀ་ཏའི་སྐད་དང་ཡི་གེ་ཡང་བསླབས་པས་ལེགས་པར་མཁྱེན་ཅིང་། དེ་དུས་འབྲོམ་གྱིས་པཎྜི་ཏ་སྨྲི་ཏི་ལ་རྒྱ་གར་ན་ད་ལྟ་པཎྜི་ཏ་ཆེ་བ་ཇི་སྐད་བྱ་བ་ཡོད་དྲིས་པས། ཆེ་བགྲེས་ནཱ་རོ་པ་དང་། ཤཱནྟི་པ་བྱ་བ་གཉིས་ཡོད་པ་ད་ཙམ་བཞུགས་ཡོད་མིན་མི་ཤེས། ད་ལྟ་བཞུགས་ངེས་པ་པཎྜི་ཏ་དཱི་པཾ་ཀ་ར་བྱ་བ་རྒྱལ་རིགས་ལས་རབ་ཏུ་བྱུང་བ་ཞིག་ཡོད་པ་དེ་རང་ཆེ་བ་ཡིན་གསུངས་པས་དེ་དང་མཇལ་ལ་རིངས་པ་ཞིག་བྱུང་། དེ་ལྟར་འབྲོམ་གྱིས་མདོ་ཁམས་སུ་བླ་མ་སེ་བཙུན་གྱི་སྤྱན་སྔར་དགུང་ལོ་སོ་དགུའི་བར་ལོ་ཉི་ཤུ་བཞུགས་ཤིང་། མདོ་སྔགས་ཀྱི་ཆོས་མང་དུ་གསན་ཏེ་མཁས་པའི་ཕུལ་དུ་ཕྱིན་ནས་དགེ་བསྙེན་ཆོས་འཕེལ་དུ་གྲགས་པ་བྱུང་།
དེ་ནས་ཇོ་བོ་རྗེ་མངའ་རིས་སུ་ཕེབས་པ་གསན་པས་སེ་བཙུན་ལ་མངས་རིས་སུ་འགྲོ་བའི་གནང་བ་ཞུས་པར་དགྱེས་བཞིན་དུ་དཔེ་ཆ་རྟ་ཁལ་གཅིག་གནང་ནས་མངའ་རིས་སུ་ཇོ་བོ་མཇལ་བར་བྱོན་པས་བྱང་ལམ་དུ་སླེབ་ཙ་ན་མངའ་རིས་ཀྱི་ལྷ་བླ་མ་ཁུ་དབོན་གྱིས་ཇོ་བོ་རྗེ་ལྷ་གཅིག་བྱ་བའི་པཎྜི་ཏ་ཆེན་པོ་ཞིག་གདན་དྲངས་ནས་ཡོད་པ་རིང་པོར་མི་ཐོགས་པ་རྒྱ་གར་ལ་ཕྱིར་ལོག་ཕེབས་ཀྱི་ཡོད་སྐད་བཅས་ཇོ་བོའི་མཚན་ཐོས་པ་ཙམ་གྱིས་ཐུགས་རང་དབང་མེད་པར་གཡོས་ཏེ་དད་གུས་བསམ་གྱིས་མི་ཁྱབ་པ་འཁྲུངས།
དེ་ནས་ཇོ་བོ་མཇལ་དུ་བྱོན་པའི་ལམ་བར་སོག་ཆུ་ཁར་ཕེབས་པ་ན་ཁང་པ་གཅིག་ན་ཀི་དི་རི་འདུག་པར་འདི་ན་ཅི་ཡོད་དྲིས་པར། འཕྲང་ཁ་བེར་ཆུང་གི་ཡབ་བེར་ཆེན་གཤེགས་པའི་དགོངས་རྫོགས་དང་། སྲིང་པོ་རྣམས་བསྡུས་པའི་ཆང་ཡོད་པ་ཡིན་ཟེར་བས། ཐག་རིང་ནས་བྱོན་པས་དེར་སྐྱེམ་བསྐྲུར་བྱོན་པར་འཕྲང་ཁ་བེར་ཆུང་གིས་ཁྱོད་ཆོས་གྲྭ་ནས་འོངས་པའི་དགེ་བསྙེན་ཞིག་འདུག་སྟེ་ང་ཡང་འཕྲང་ཁ་བེར་ཆུང་བྱ་བའི་མི་ཆེན་ཞིག་ཡིན། ཁྱོད་ཀྱིས་དེ་ནས་ང་ལ་ཡར་ཕྱག་ཝ་འཁྱུག་པ་འདྲ་བ་ཞིག་གྱིས་ཟེར་བས་འབྲོམ་གྱིས་ཀྱང་དེ་བཞིན་དུ་མཛད། དེར་བེར་ཆུང་ཆོས་གཏམ་ལ་དགའ་བས་ཆོས་གཏམ་མང་པོ་བྱས་པའི་ཚེ་འབྲོམ་གྱིས་ཁོང་གི་ཚིག་སྣ་རེ་ནས་བརྡུངས་པས་ཁོང་ཐེ་ཚོམ་སྐྱེས་ནས་ཁམས་ན་འབྲོམ་སྟོན་པ་ཟེར་བའི་དགེ་བསྙེན་ཆོས་མཁན་ཞིག་ཡོད་པ་གོ་ཐོས་བྱུང་བ་དེ་ཁྱོད་ཨེ་ཡིན་ཞེས་དྲིས་པར། ཡིན་པ་འང་སྲིད་གསུངས་པས་ཁོང་ཧ་ལས་ཏེ་ཁོང་རང་སྡོད་སའི་གདན་གྲུམ་རྩེ་དེ་ཕྱུངས་ཏེ་འབྲོམ་ལ་བཏིངས། རྟ་བཟང་པོ་གཅིག་གི་ཐུར་མདའ་དར་ཡུག་གིས་བྱས་ནས་ཕུལ། སྔོན་དུ་ཕྱག་བླངས་པ་དང་བགྲོ་གླེང་བྱས་པའི་བཟོད་གསོལ་ཞུས། རྭ་སྒྲེང་གི་ས་ཆ་འདིར་དགོན་གནས་ཕྱག་བཏབ་སྟེ་མཆོད་གནས་མཛད་པར་ཞུས་པར་འབྲོམ་གྱིས་ང་ད་རེས་སྡོད་མི་ཁོམ། སྟོད་མངའ་རིས་སུ་རྒྱ་གར་གྱི་པཎྜི་ཏ་ཆེན་པོ་ཞིག་བྱོན་ཟེར་བ་ཐོས་པས་དེ་མཇལ་བར་འགྲོ་གསུངས་པར་འོ་ན་རྗེས་སུ་ངའི་མཆོད་གནས་གནང་དགོས་ཞུས་པར། འབྲོམ་གྱིས་གཙིགས་ཁ་གསུམ་འཛིན་དགོས་པ་ལྟར་བྱས་ན་དེ་ལྟར་བྱེད་གསུངས་པར་དེ་ཅི་ལགས་ཞུས་པར། ཕོད་མདོའི་མཁར་འདི་བཤིག་ལ་གཙུག་ལག་ཁང་ཞིག་བཞེངས། ཤ་ཟན་དང་རྩམ་ཟན་གྱི་འཁྲུག་པ་དེ་བསྡུམས། ངའི་རྗེས་སུ་འདི་ཕྱོགས་རྔོག་ལེགས་པའི་ཤེས་རབ་བྱ་བ་འོང་གི་དེ་ལ་ཆོས་ཚུགས། དེ་མ་བྱུང་ན་གཡོན་རུ་ན་ཁུ་སྟོན་བློ་རྣོན་པོ་བྱ་བ་ཡོད། དེ་སྤྱན་དྲོངས་ལ་ཆོས་ཚུགས་གསུངས་པར་ཁོང་གིས་གཞན་དེ་ལྟར་ཞུས་ཆོག ཤ་ཟན་གྱི་འཁྲུག་པ་འདི་ལ་ང་རེ་བ་ཡིན། སྔར་ཡང་འབྲི་དྲུག་ཅུ་ཙམ་ཟོས་ཟིན། འོན་ཡང་ཁམ་ཙམ་མེད། བསྡུམས་བྱས་པས་ཆོག་ཟེར་ནས་གཙིགས་གསུམ་པོ་ཁས་བླངས།
དེ་ནས་འབྲོམ་འཕན་ཡུལ་དུ་བྱོན་ཏེ་རྒྱལ་གྱི་ཞང་ཆེན་པོ་དགེ་བསྙེན་གྱི་བསླབ་པའི་སློབ་དཔོན་ཡིན་པས་ཕྱག་འཚལ་དུ་བྱོན། དེ་སྐབས་ཀ་བ་ཤཱཀྱ་དབང་ཕྱུག་དང་ཡང་མཇལ་ནས་ཁོ་བོ་ད་ལན་མངའ་རིས་སུ་པཎྜི་ཏ་མཇལ་དུ་འགྲོ། དེ་དབུས་སུ་སྤྱན་འདྲོངས་པ་སྲིད་ན་དེའི་དུས་སུ་ཡི་གེ་གཏོང་བ་ཡིན་པས་ཁྱེད་ཀྱིས་མི་ཆེན་རྣམས་ཀྱི་འདུན་མ་མཛད་དེ་བསུ་བ་ལ་ཕེབས་དགོས་ཞུས་པར་ཁོང་གིས་ཀྱང་དེ་ལྟར་ཁས་བླངས། དེ་ནས་མངའ་རིས་སུ་འབྱོར་ཏེ་ཇོ་བོ་རྗེ་དང་མཇལ་ནས་ཕྱག་རྟེན་དུ་གསེར་ཕུལ། ཇོ་བོ་རྗེས་འབྲོམ་གྱི་དབུ་ཐོག་ཕྱག་བཞག་ནས་སཾསྐྲྀ་ཏའི་སྐད་དུ་ཤིས་བརྗོད་མཛད་ཅིང་བྱིན་གྱིས་བརླབས་པ་དང་། དབང་བསྐུར་ཡང་ལེགས་པར་གནང་།
དེ་ནས་འབྲོམ་སྟོན་པས་ཇོ་བོ་རྗེར་དྲི་བ་གསུམ་མཛད་པ་སྟེ། རྒྱ་གར་ན། པཎྜི་ཏ་ཇི་ལྟ་བུ་བྱ་བ་བཞུགས་ཡོད། ངའི་སྔ་མའི་ཆོས་དེ་ལམ་དུ་སོང་མ་སོང་། ཇོ་བོའི་སྐུ་མདུན་དུ་བསྡད་ན་ཇི་ལྟར་མཆི་བྱ་བ་བཅས་ཞུས་པར། ཇོ་བོའི་ཞལ་ནས་རྒྱ་གར་ན་པཎྜི་ཏ་མང་པོ་བཞུགས་ཡོད་པས་ང་བོད་དུ་འོང་ཙ་ན་ཤར་ཕྱོགས་བྷཾ་ག་ལ་ནའང་ཉིན་རེར་བར་མ་ཆད་པར་གྲུབ་ཐོབ་རེ་འབྱོན་གྱི་ཡོད། ཁྱོད་ཀྱི་སྔ་མའི་ཆོས་དེ་ལམ་དུ་ཡེ་མ་སོང་། བླ་མའི་ཞབས་ཏོག་ལམ་དུ་སོང་། ད་ཁྱོད་འདི་རང་དུ་སྡོད། ངའི་ལྷ་མོ་སྒྲོལ་མས་ཁྱེད་ལུང་བསྟན་པ་ཡིན་གྱི་ངའི་བཀའ་བརྒྱུད་འདི་ལ་བྱིན་རླབས་ཡོད་གསུངས། དེའི་ནུབ་མོར་དབུ་སྔས་སྦྲེལ་ཏེ་གླེང་མོལ་ཡང་ཞུས་ཆོག་པ་བྱུང་། དེ་ནས་ཤིང་བྱ(སྤྱི་ལོ1045)ལོར་སྐྱིད་རོང་ལ་ཕེབས་ནས་དེར་ལོ་གཅིག་བཞུགས་ཤིང་། ཇོ་བོ་རྗེ་བལ་པོ་རྫོང་ལ་འབྱོན་བཞེད་ན་ཡང་འཁྲུག་པས་ལམ་འགགས་ནས་ཕེབས་མ་ཐུབ་འབྲོམ་གྱིས་དབུས་སུ་ལྷ་ས་དང་། བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་རྩ་ཆེན་མང་པོ་ཡོད་པ་དང་། དགེ་འདུན་སྟོང་ཕྲག་མང་པོ་བཞུགས་པའི་བསྔགས་པ་བརྗོད་པས་ཇོ་བོ་རྗེའི་ཞལ་ནས། ཚངས་པར་སྤྱོད་པ་གྲངས་མང་པོ་དེ་ཙམ་རྒྱ་གར་ན་ཡང་མེད། དགྲ་བཅོམ་པ་ཡང་མང་པོ་ཡོད་མཆི་གསུངས་ནས་དབུས་ཕྱོགས་སུ་ཕྱག་མང་པོ་མཛད། དེར་སྤོབས་པ་སྐྱེས་ནས་དབུས་སུ་འབྱོན་པར་ཞུས་པས། ཁོ་བོས་དགེ་འདུན་གྱི་བཀའ་མི་གཅོག་པས་དགེ་འདུན་གྱི་བཀའ་བྱུང་ན་འགྲོ་གསུངས།
དེ་ནས་ཞང་དབང་ཕྱུག་མགོན་བྱ་བ་ལ།
ཤིང་རྟའི་དབྱིབས་འདྲ་འཛམ་གླིང་གི །
ཞེས་བྱ་བ་ལ་སོགས་པ་དང་།
སྟོན་དུས་ཚུན་ཆད་འདི་ར་འབྱོན་ཞུས། །
ཞེས་བྱ་བ་ལ་སོགས་པའི་ཤོག་འཕྲིན་བརྫངས། དེར་ནག་ཚོ་ལོ་ཙཱ་བའི་ཐུགས་སུ་ཇོ་བོ་དབུས་སུ་འབྱོན་པར་བཞེད་པ་རིག་ནས། ཇོ་བོའི་ན་བཟའ་ལ་འཇུས་ནས། ང་གནས་བརྟན་དང་དམ་ཚིག་གི་ཆད་ཡོད་པས་ང་དམྱལ་བར་འགྲོ་མི་ཕོད་པས་ཅིས་ཀྱང་རྒྱ་གར་དུ་གཤེགས་དགོས་ཞུས་པས་ཇོ་བོའི་ཞལ་ནས། ལོ་ཙཱ་བ། སྒྲུབ་པར་མ་ནུས་པ་ལ་ལྟུང་བ་མེད་པ་ཡིན་གསུངས་ནས་དབུགས་ཕྱུང་། དེ་ནས་ནག་ཚོ་ལོ་ཙཱ་བས་གསེར་ཀོ་གཏུམ་གཅིག་དང་། ལམ་སྒྲོན་ཇོ་བོའི་ཕྱག་བྲིས་ཡིན་པ་གཅིག་པུ་ཧྲངས་པའི་བཎྡེ་གཉིས་ལ་བསྐུར་ནས་གསེར་འདི་སློབ་དཔོན་གནས་བརྟན་ལ་ཕུལ་ལ་ད་རེས་ཇོ་བོ་གདན་དྲངས་པ་ཡིན་ཏེ་བལ་ཡུལ་གྱི་ལམ་འགགས་ནས་ཕྱིར་ལོག ད་སྤྱན་འདྲོངས་གསུང་ན་ཡང་སྤྱན་འདྲེན། ཇོ་བོ་ཡང་བོད་ལ་མཉེས་ཤིང་འགྲོ་དོན་ཡང་ཆེན་པོ་འདུག་པས་བཞུགས་ཆོག་གམ་བྱ་བ་དང་། བསྟན་བཅོས་འདི་བི་ཀ་མ་ལ་ཤཱི་ལའི་པཎྜི་ཏ་རྣམས་ལ་གཟིགས་སུ་ཕུལ་ཅེས་པའི་འཕྲིན་བསྐུར་བས་གཉིས་པོས་ཀྱང་བི་ཀ་མ་ལ་ཤཱི་ལར་སླེབས་ཏེ་གནས་བརྟན་དཀོན་མཆོག་འབྱུང་གནས་ལ་གསེར་རྣམས་ཕུལ། ཇོ་བོའི་ལོ་རྒྱུས་དང་ལོ་ཙཱ་བའི་འཕྲིན་རྒྱས་པར་གསོལ་བས་བསྟན་བཅོས་འདི་ཤིན་ཏུ་ལེགས་ཤིང་། ཡི་གེ་ཡང་ཕྱག་བྲིས་མ་ནོར་བར་འདུག་གསུངས་ཏེ་རྒྱལ་མཚན་གྱི་རྩེ་ལ་བཏགས་ནས་ཞག་ཉེར་གཅིག་ཏུ་མཆོད་པ་རྒྱ་ཆེན་པོ་མཛད། དེར་གནས་བརྟན་གྱི་ཞལ་ནས་ཇོ་བོ་འབྱོན་དུ་རེ་བ་ཡིན་ཏེ་ཆོས་འདི་ཕེབས་པས་ཇོ་བོ་དང་ཁྱད་མེད། ཇོ་བོ་བོད་ན་འགྲོ་དོན་ཆེ་བ་དེ་ལྷག་པར་དགའ་ཞིང་། ཇོ་བོ་བོད་ལ་མཉེས་པ་ང་རང་ལ་རྒྱུས་ཡོད། ད་སྐུ་ན་ཡང་མཐོན་པོར་སོན་པས་བཤུལ་ཐག་རིང་པོ་ལ་ཚུར་སྤྱན་མ་དྲང་བར་བསྟན་བཅོས་འདི་ལ་འགྲེལ་པ་ཅིག་མཛད་ནས་བསྐུར་བ་ཞུ་གསུངས་ནས་ཁོང་གཉིས་པོ་ཚུར་བཏང་། ཁོང་གཉིས་པོ་བོད་དུ་འབྱོར་ནས་ཞུ་འཕྲིན་སྙན་དུ་གསོལ་བས་ཇོ་བོ་ནན་ཏར་མཉེས་ཤིང་། ནག་ཚོ་ལོ་ཙཱ་བའི་ཞལ་ནས་སློབ་དཔོན་གནས་བརྟན་གྱིས་རི་བས་ཀྱང་ལྕི་བའི་ཁུར་གཅིག་བསྐུར་བ་དེ་ད་སངས་སོང་གསུངས། ཇོ་བོས་ཀྱང་དེ་འཕྲལ་ལམ་སྒྲོན་འགྲེལ་པའི་དབུ་བཙུགས་ཏེ་སླར་ཁོང་གཉིས་པོ་ལ་བསྐུར་བས་པཎྜི་ཏ་རྣམས་ཀྱིས་ཉིན་ལམ་མང་པོ་ནས་བསུ་བ་བྱས། རྒྱལ་མཚན་གྱི་རྩེར་བཏགས་ནས་མཆོད་པ་ཆེན་པོ་མཛད་དོ། །
འབྲོམ་གྱི་འཕྲིན་ཤོག་དེ་དབུས་སུ་ཞང་དབང་ཕྱུག་མགོན་གྱིས་ཀ་བ་ལ་སྤྲད་པ་ལྟར་ཀ་བས་ཀྱང་དོ་དམ་ཆེར་བགྱིས་ཏེ་རྒྱལ་གྱི་ཞང་ཆེན་པོ་ལ་སོགས་པ་རྣམས་ལ་གྲོས་ཞུས་ནས་ཇོ་བོ་དབུས་སུ་གདན་འདྲེན་དུ་འབྱོན་པར་བརྩམས་པའི་ཚེ་ཁུ་སྟོན་གྱིི་མཚན་དེར་མ་གསལ་བས་མ་དགྱེས་ནས་སྔོན་ལ་ཇོ་བོ་ངས་མཇལ་བ་ཞིག་བྱ་སྙམ་ནས་བྱོན་པས་གཞན་རྣམས་ལའང་དེས་སྐུལ་ལྕག་ཆེན་པོ་ཐེབས། དེ་ནས་དབུས་ཀྱི་མི་ཆེན་རྣམས་མངའ་རིས་དཔལ་ཐང་ལ་ཕེབས་པའི་ཚེ་ཇོ་བོ་སྟོན་འཁོར་རྣམས་ཀྱང་དཔལ་ཐང་སྟོད་དུ་ཕེབས། དེར་བོད་སྟོན་རྣམས་དབུ་ཞྭ་སྣེ་རིང་དང་། ན་བཟའ་བེར་དང་བཅས་པའི་རྟ་པ་མང་པོ་རྒྱང་མ་ནས་གཟིགས་པར་ཇོ་བོ་རྗེས་འབྲོམ་སྟོན་ལ། ཨུ་པ་སི་ཀ་མི་མ་ཡིན་མང་པོ་བྱུང་གསུངས་ནས་དབུ་བཏུམས། དེ་ནས་བོད་སྟོན་རྣམས་ཀྱིས་ཞབས་དྲུང་དུ་ཉེ་བ་ན་ཆིབས་ལས་བབས་ཏེ་བེར་དང་དབུ་ཞྭ་བཞག སྣམ་སྦྱར་གྱོན་པ་ཤ་སྟག་ཏུ་བྱས་ནས་བྱུང་བ་ལ་ཇོ་བོ་ཡང་དགྱེས་ནས་དགེ་འདུན་ལ་སྤྱི་ཕྱག་མཛད། དེ་ནས་དབུས་སུ་ཕེབས་སྐབས་གན་པ་བྱང་ཐང་དུ་ཕེབས་དུས་ལྷ་སའི་ཐད་ཀྱི་རི་ལ་ཕྱག་མཛུབ་གཏད་ནས་ཕ་གི་ན་ཅི་ཡོད་གསུངས་པར་ལྷ་སའི་གཙུག་ལག་ཁང་ཡོད་པ་ལགས་ཞུས་པར་དེ་ག་ཡིན་པ་འདྲ། ནམ་མཁའ་ནས་ལྷའི་བུ་དང་བུ་མོ་མང་པོས་མཆོད་པ་བྱེད་ཀྱི་འདུག་གསུངས་པར་གྲགས་ཤིང་། དེ་ནས་བསམ་ཡས་སུ་ཕེབས་སྐབས་ལྷ་བཙུན་བོ་དྷི་རཱ་ཛས་ཞབས་ཏོག་ལེགས་པར་མཛད་ཅིང་། བོད་སྟོན་མང་པོ་ཞིག་ཀྱང་དེར་འདུས། སྐབས་དེར་ཁུ་སྟོན་གྱིས་ཡུལ་ཡར་ལུངས་བཟང་བའི་བསྔགས་པ་བརྗོད་པས་ཁོང་གི་བཞུགས་གནས་ཐང་པོ་ཆེར་ཕེབས་པར་ཟླ་བ་གཅིག་ཙམ་བཞུགས་ཤིང་། དེར་འབྲོམ་ཡང་ཕེབས། ཁུ་སྟོན་གྱི་ཞབས་ཏོག་ཚུལ་བཞིན་དུ་མ་བྱུང་བས་དཔོན་སློབ་རྣམས་དེ་ནས་བྲོས་སྟབས་སུ་ཞལ་གྱེས་ཏེ་མྱང་པོའི་གྲུ་ལ་ཞུགས་ཏེ་གཙང་པོའི་སུམ་ཆ་ཙམ་དུ་ཕེབས་པ་ན་ཁུ་སྟོན་རྗེས་སྙེག་ཏུ་བྱོན་ཏེ་ཁོང་གི་སར་ཡང་བསྐྱར་ཕྱིར་ལོག་འབྱོན་པའི་རེ་བ་ཞུས་ཀྱང་ཞལ་གྱིས་མ་བཞེས་པར་དབུ་ཞྭ་ཕྱིར་འཕངས་ནས་བྱིན་རླབས་ཀྱི་རྟེན་དུ་གནང་།
དེ་རྗེས་སླར་ཡང་བསམ་ཡས་སུ་ཕེབས་ནས་དཔེ་དཀར་གླིང་དུ་བཞུགས། དེར་ལོ་ཙཱ་བ་གཉིས་ཀྱིས་ཉི་ཁྲི་སྣང་བ་དང་། སློབ་དཔོན་དབྱིག་གཉེན་གྱིས་མཛད་པའི་ཐེག་བསྡུས་ཀྱི་འགྲེལ་པ་སོགས་འགྱུར་མང་པོ་མཛད། བསམ་ཡས་སུ་རྒྱ་གར་གྱི་དཔེ་ཆ་མང་པོ་ཡོད་པ་གཟིགས་པའི་ནང་ན་སྐབས་དེར་རྒྱ་གར་ན་ཡང་མེད་པའི་དཔེ་ཆ་མང་པོ་གཟིགས་པར་སྔོན་བོད་དུ་བསྟན་པ་དར་བ་འདྲ་བ་རྒྱ་གར་དུ་ཡང་འབྱུང་བ་དཀའ། དཔེ་འདི་འདྲ་བ་རྣམས་ཀྱང་སློབ་དཔོན་པདྨས་མི་མ་ཡིན་གྱི་གནས་ནས་བླངས་སམ་གསུངས།
དེ་ནས་སྙེ་ཐང་དུ་ཕེབས། ཆོས་ཉན་པ་མང་པོ་འདུས། ཁུར་དུ་དགོན་པ་བ་ལ་སོགས་པའི་རྣལ་འབྱོར་པ་རྣམས་ལ་འཕྲལ་གྱི་ཞབས་ཏོག་དང་། གདམས་ངག་གནང་ནས་སྒོམ་གྲྭ་བཙུགས། སྙེ་ཐང་དུ་ཆོས་ཉན་མང་པོ་འདུས་པ་ལ་མངོན་པར་རྟོགས་པའི་རྒྱན་ཚར་གཅིག་གསུངས་པ་བསྡུས་སེ་བ་ཞིག་ལས་མ་གནང་བས་མི་རྣམས་སེམས་མ་ཚིམས་པ་ལ་རྒྱས་པ་ཞིག་གནང་བར་དེ་ལ་ཕྱག་དར་སྟོན་པས་ཟིན་བྲིས་བཏབ་པར་ཕར་ཕྱིན་ཁམས་ལུགས་མར་གྲགས་ཤིང་། ཉི་ཁྲི་སྣང་བ་གསུངས་པ་ལ་ཉན་མི་དགེ་བཤེས་བཅུ་བཞི་ཙམ་ལས་མ་བྱུང་ཟེར། འབྲོམ་ལ་སྐྱེས་བུ་གསུམ་གྱི་ཁྲིད་ཀྱི་གདམས་པ་རྣམས་ཀྱང་སྙེ་ཐང་དུ་གནང་།
དེ་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ལྷ་སར་སྤྱན་དྲངས། སྐབས་དེར་ལྷ་སའི་གཙུག་ལག་ཁང་ཁྱད་པར་འཕགས་པ་གཟིགས་ནས་འདི་དག་ཇི་ལྟར་བཞེངས་པའི་ལོ་རྒྱུས་འོང་ཐང་དགོངས་པའི་ཚེ། ལྷ་སའི་སྨྱོན་མ་ཟེར་བའི་མཁའ་འགྲོ་མ་ཞིག་གིས་ལུང་བསྟན་པ་བཞིན་གཙུག་ལག་ཁང་གི་ཀ་བ་ཤིང་ལོ་ཅན་གྱི་གསེབ་ནས་སྲོང་བཙན་སྒམ་པོའི་བཀའ་ཆེམས་བཀའ་འཁོལ་མ་གཏེར་ནས་བཞེས་པར་གྲགས་ཤིང་། དེ་ནས་བཟུང་བཀའ་ཆེམས་བཀའ་འཁོལ་མ་ནི་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་ཞིབ་འཇུག་གི་དཔྱད་གཞི་གལ་ཆེན་དུ་འཛིན།
ཇོ་བོ་རྗེ་བོད་དུ་བཞུགས་རིང་འབུལ་བ་བྱུང་བ་རྣམས་ཆག་ཁྲི་མཆོག་ལ་སོགས་པའི་སློབ་མ་རྣམས་ཀྱིས་རྒྱ་གར་དུ་བླ་མ་དང་དགེ་འདུན་ལ་འབུལ་བ་ལན་གསུམ་བསྐྱལ།
དེ་ནས་ཡེར་པར་ཕེབས་ནས་རྔོག་ལེགས་པའི་ཤེས་རབ་ཀྱིས་ཞབས་ཏོག་མཛད་ཅིང་། ཐེག་པ་ཆེན་པོ་རྒྱུད་བླ་མའི་འགྲེལ་པ་སློབ་དཔོན་ཐོགས་མེད་ཀྱིས་མཛད་པ་དེ་ལོ་པཎ་གཉིས་ཀྱིས་བསྒྱུར།
དེར་བཞུགས་པའི་བར་དུ་འབྲོམ་གྱིས་ཕ་ཚན་རྣམས་ལ་གསེར་སློང་ལ་བྱོན་པ་ནས་ཕྱིར་བྱོན་ཏེ་ཡེར་པར་འབྲོམ་གྱི་འབུལ་མོ་ཆེར་གྲགས་པ་དེ་ཡང་མཛད་ཅིང་། འབྲོམ་སྟོན་པ་གསེར་སློང་ལ་བྱོན་དུས་ཟླ་བ་གཅིག་དང་། ཁུ་སྟོན་གྱིས་སྤྱན་དྲངས་དུས་ཟླ་བ་གཅིག་སྟེ་ཟླ་བ་གཉིས་མ་གཏོགས་དང་པོ་ཇོ་བོ་མཇལ་བ་ནས་ཞི་བར་མ་གཤེགས་བར་འབྲོམ་སྟོན་གྱིས་ཇོ་བོ་རྗེ་དང་སྐད་ཅིག་ཀྱང་འབྲལ་མ་མྱོང་གསུངས།
དེ་ནས་ཇོ་བོ་རྗེས་འབྲོམ་སྟོན་ལ། ཁྱོད་ཀྱི་གནས་གཞི་ཆུང་ངུ་ཞིག་བརྩིགས། ངའི་བསྟན་པ་རྣམས་ཁྱོད་ལ་གཏོད་པ་ཡིན་གསུངས་པར་སྤྱིར་བདག་འཁོས་ཆུང་། བྱེ་བྲག་ཏུ་རྟེན་དགེ་བསྙེན་དུ་སོང་བས་བྱ་བ་ཆེན་པོ་བསྒྲུབ་མི་ནུས་ཞུས་པར། ཇོ་བོས། བསླབ་པ་བཞིན་གྱི་བྱ་བ་རྣམས་ཇི་ལྟ་བ་བཞིན་དུ་གྱིས། ངས་བྱིན་གྱིས་རློབས་པས་སེམས་ཁྲལ་མི་དགོས་གསུངས་པ་ལྟར་ཕྱིས་འབྲོམ་སྟོན་པས་སྤྱི་ལོ1056རབ་བྱུང་དང་པོའི་མེ་སྤྲེལ་ལོར་རྭ་སྒྲེང་བཏབ་པ་ནས་བཟུང་ཇོ་བོ་རྗེའི་བཞེད་སྲོལ་དར་སྤེལ་བྱུང་བའི་ཆོས་ལུགས་ལ་བཀའ་གདམས་པ་ཞེས་སུ་གྲགས་པ་བཅས་མཐར་ཇོ་བོ་རྗེ་སྙེ་ཐང་དུ་སྤྱི་ལོ1054རབ་བྱུང་དང་པོའི་ཤིང་རྟ་ལོར་སྐུ་གཤེགས།
དེ་ནས་འབྲོམ་སྟོན་པ་གཙོ་བོར་གྱུར་པའི་ཇོ་བོ་རྗེའི་སློབ་མ་རྣམས་ཀྱིས་ཇོ་བོའི་གདུང་བཞུ་བའི་རྗེས་ཇི་ལྟར་བྱ་སྙམ་ཐུགས་ཁྲལ་གནང་བཞིན་པར་གནས་པ་ལ་ཀ་བ་ཤཱཀྱ་དབང་ཕྱུག་བྱོན་ནས་གདུང་དང་། རྒྱ་དཔེ། གསེར་གླིང་པའི་དངུལ་གདུང་སོགས་རྟེན་གཙིགས་ཆེ་བ་རྣམས་འབྲོམ་ལ་ཕུལ། ཁུ་རྔོག་སོགས་སློབ་མ་གཞན་རྣམས་ལའང་རྟེན་སྐལ་རེ་གནང་།
དེ་ནས་འདས་མཆོད་རྒྱ་ཆེར་མཛད་པ་ལ་སོགས་ལེགས་པར་གྲུབ་སྟེ་མཐར་འབྲོམ་སྟོན་པ་དགུང་ལོ་ང་དགུ(རེ་གཅིག)པ་སྤྱི་ལོ1064རབ་བྱུང་དང་པོའི་ཤིང་འབྲུག་ལོར་སྐུ་གཤེགས།
དེ་ལྟར་བཀའ་གདམས་ཀྱི་གཞུང་ལུགས་ཁྱད་པར་ཅན་དེ་ནི་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ནས་དབུ་བརྙེས། འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས་སྲོལ་ཕྱེ། བཀའ་གདམས་སྐུ་མཆེད་གསུམ་སྟེ་པོ་ཏོ་བ་རིན་ཆེན་གསལ(1031~1105)དང་། སྤྱན་སྔ་བ་ཚུལ་ཁྲིམས་འབར(1038~1103)དང་། ཕུ་ཆུང་པ་གཞོན་ནུ་རྒྱལ་མཚན(1031~1106)གསུམ་གྱིས་རྒྱས་པར་མཛད། གླང་རི་ཐང་པ་རྡོ་རྗེ་སེང་གེ(1054~1123)དང་། ཤ་ར་བ་ཡོན་ཏན་གྲགས(1070~1141)། བྱ་འཆད་ཁ་བ་ཡེ་ཤེས་རྡོ་རྗེ(1201~1275)སོགས་ཀྱིས་དེ་ལས་ཀྱང་རྒྱས་པར་མཛད་པ་བཅས་བོད་སིལ་བུའི་དུས་སུ་བཀའ་གདམས་པའི་གྲུབ་མཐའ་འཛིན་པའི་དགོན་སྡེ་དུ་མས་དབུས་གཙང་གི་ལྗོངས་ཐམས་ཅད་ཁྱབ་པར་གྱུར། བཀའ་གདམས་ཀྱི་གདན་ས་ལྟེ་བ་བྱང་གི་རྭ་སྒྲེང་དང་། གཙང་གི་སྣར་ཐང་གཉིས་ཉེ་རབས་བར་མ་ཉམས་པར་བཞུགས་ཡོད་པ་ལས་དེ་མིན་མང་པོ་ཞིག་ནི་དུས་ཕྱིས་བཙུན་མས་བཟུང་བར་སྣང་། ཆོས་ལུགས་གྲུབ་མཐའི་ཐད་ཕྱིས་བཀའ་གདམས་གསར་མ་སྟེ་རི་བོ་དགེ་ལུགས་པའི་སྲོལ་འཛིན་པས་རྩ་བའི་བཀའ་གདམས་ཀྱི་བཞེད་སྲོལ་ཐུན་མོང་མ་ཡིན་པ་དང་རི་བོ་དགེ་ལྡན་པའི་བཞེད་སྲོལ་གཉིས་གཅིག་ཏུ་འདྲེས་པ་ལས་བཀའ་གདམས་པའི་བཞེད་སྲོལ་མ་འདྲེས་པར་འཛིན་པ་ནི་ཕལ་ཆེར་མེད་པར་མངོན།
བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།