དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་འབྱུང་ཁུངས་ཉེར་མཁོ་བསྡུས་པ།

དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་འབྱུང་ཁུངས་ཉེར་མཁོ་བསྡུས་པ།

རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་བྱུང་ཁུངས་ཉེར་མཁོ་བསྡུས་པ་ལས[1]། རྒྱུད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་མཆོག་གི་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མངོན་པར་སངས་རྒྱས་པའི་ཕྱི་ལོ་ནག་པའི་ཉ་ལ། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ཆེན་པོར། དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཆེན་པོ་མངོན་པར་སྤྲུལ། འཁོར་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པ་དང་། ལྷ་ཆེན་བཅུ་གཉིས་སོགས། ལྷ་ཀླུ་གནོད་སྦྱིན་འབྱུང་པོའི་ཚོགས་དང་། ཆུ་བོ་སཱི་ཏའི་བྱང་ཕྱོགས་གྲོང་བྱེ་བ་ཕྲག་དགུ་ཅུ་རྩ་དྲུག་གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པ་འདུས་པའི་དབུས་སུ། ཕྱག་ན་རྡོ་རྗེའི་སྤྲུལ་པའི་སྐུ་རྒྱལ་པོ་ཟླ་བ་བཟང་པོས་ཞུས་པའི་ངོར་གསུངས་པ་ཡིན་ལ། དེར་རྒྱུད་འདིར་མ་ཟད། རྒྱུད་མཐའ་དག་གསུངས་ནས། ཕྱག་ན་རྡོ་རྗེ་ལ་གཏད་པ་ཡིན་ཅིང་། མི་དང་མི་མ་ཡིན་པ་བགྲང་བ་ལས་འདས་པ་འདོད་པའི་དངོས་གྲུབ་ཐོབ་པར་གྱུར། རེ་ཤིག་མིའི་འཇིག་རྟེན་གཞན་དུ་མ་དར། ཤམྦྷ་ལར་རྒྱལ་པོ་ཟླ་བ་བཟང་པོས་རྒྱུད་མཐའ་དག་གླེགས་བམ་ལ་བྲིས། དུས་ཀྱི་འཁོར་ལོའི་རྩ་རྒྱུད་མཆོག་གི་དང་པོའི་སངས་རྒྱས་སྟོང་ཕྲག་བཅུ་གཉིས་པ་ལ། འགྲེལ་བཤད་སྟོང་ཕྲག་དྲུག་ཅུ་པ་མཛད། རྒྱུ་རིན་པོ་ཆེ་སྣ་ཚོགས་པ་ལས། ལྷའི་བཟོ་བའི་འདུ་བྱེད་ཀྱིས་དཀྱིལ་འཁོར་གྱི་བཀོད་པ་ཁྲུ་བཞི་བརྒྱ་པ་བཞེངས། སྐྱེ་བོའི་ཚོགས་ལ་སྔགས་ཀྱི་ཐེག་པ་རྒྱ་ཆེར་གསུངས། མང་པོ་ཞིག་དངོས་གྲུབ་མཆོག་ལ་བཀོད། རྩ་རྒྱུད་གསུངས་པའི་དུས་ནས་ལོ་གཉིས་པ་ལ། སའི་སྙིང་པོའི་སྤྲུལ་པ་སྲས་ལྷའི་དབང་པོ་རྒྱལ་སྲིད་དུ་བསྐོས་ནས་ཆོས་ཀྱི་དབྱིངས་སུ་གཤེགས་སོ།།

 

དེ་རྗེས་ས་བཅུའི་དབང་ཕྱུག་སོ་སོའི་སྤྲུལ་པའི་སྐུ། ལྷ་དབང་དང་། གཟི་བརྗིད་ཅན་དང་། ཟླ་བས་བྱིན་དང་། ལྷའི་དབང་ཕྱུག་དང་། སྣ་ཚོགས་གཟུགས་དང་། ལྷའི་དབང་ལྡན་ཏེ། དེ་དག་གིས་ཀྱང་ཟླ་བ་བཟང་པོ་བཞིན་དུ་དར་བ་མཛད་དོ། །དེ་རྗེས་འཇམ་དཔལ་གྱི་སྤྲུལ་པ་རྒྱལ་པོ་གྲགས་པས་ལོ་བརྒྱའི་བར་དུ་སྔོན་བཞིན་ཆོས་བསྟན་ནས། སླར་ཡང་རྩ་རྒྱུད་ལས་ལུང་བསྟན་པ་ལྟར། ཡུལ་ཆེན་པོ་དགུ་བཅུ་རྩ་དྲུག་ན་གནས་པའི་ཚངས་པའི་རིགས་ཀྱི་དྲང་སྲོང་བྱེ་བ་ཕྲག་ཕྱེད་དང་བཞི་རྣམས་སྐལ་བ་མཆོག་དང་ལྡན་ཞིང་། འདུལ་བའི་དུས་ལ་བབ་པར་ཡང་གཟིགས། དེ་དག་མ་བཏུལ་ན་མ་འོངས་པ་ན་དེ་དག་གི་བུ་བརྒྱུད་ལས་ཀླ་ཀློའི་ཆོས་འབྱུང་བ་ཡང་མཁྱེན། དེ་རྣམས་སྔགས་ཀྱི་བསྟན་ལ་བཅུག་ན། ཡུལ་དགུ་བཅུ་རྩ་དྲུག་གི་མི་རྣམས་སྔགས་ཀྱི་ལམ་ལ་འཇུག་པར་ཡང་མཁྱེན། དྲང་སྲོང་རྣམས་ཀྱང་དང་པོར་འཇམ་པོ་ཁོ་ནས་མི་ཐུལ་ཏེ། བསྡིགས་ཤིང་བསྐྲད་ན་ཐུལ་བར་མཁྱེན་ནས། དྲང་སྲོང་རྣམས་ཀྱི་མཆོག་ཉི་མའི་ཤིང་རྟ་ལ་བཀའ་བསྒོས་ཏེ། དྲང་སྲོང་རྣམས་ཀྱི་སྤྱོད་པ་ཐ་དད་པ་རྣམས་དྲིས་ཤིང་། དེ་རྣམས་ཀྱིས་ཀྱང་ཞུས་པ་ན། ཁྱེད་རྣམས་རང་རང་གི་ལྟ་བ་མུ་སྟེགས་ཀྱི་གྲུབ་མཐའ་ཐ་དད་པ་རྣམས་དང་། སྤྱོད་པ་སྣ་ཚོགས་པ་རྣམས་དོར་ཏེ། རྡོ་རྗེའི་ཐེག་པ་ལ་རིགས་གཅིག་ཏུ་གྱིས་ཤིག་པར་བཀའ་སྩལ་བ་ན། དེ་རྣམས་རང་རང་གི་ལྟ་སྤྱོད་ངན་པ་ལ་མངོན་པར་ཆེན་པས། རྡོ་རྗེའི་རིགས་ལ་མི་འཇུག་སྟེ། དེ་བས་རང་ཡུལ་བོར་ནས། འཕགས་པའི་ཡུལ་དུ་འགྲོ་བར་སྤྲོ་བའི་ཚེ། རྒྱལ་པོའི་བཀའ་དྲག་པོས་ལྷོ་ཕྱོགས་སུ་བསྐྲད། ཞག་བཅུའི་བར་དུ་སོང་སྟེ། བཅུ་པ་ལ་ནགས་ཚལ་ཆེན་པོ་ཞུགས་པའི་ཚེ། གཉིད་འཐུག་པོས་ནོན་པར་བྱིན་གྱིས་བརླབས། མི་མ་ཡིན་རྣམས་ལ་བཀའ་བསྒོས་ཏེ། གཉིད་མ་སད་པ་ཁོ་ནར། སྐད་ཅིག་ལ་ནམ་མཁའི་ངོས་ནས་ཁྱེར་འོངས་ཏེ། མཱ་ལ་ཡའི་སྐྱེད་ཚལ་གྱི་དབུས། རྒྱལ་པོ་ཟླ་བ་བཟང་པོས་བཞེངས་པའི་དཀྱིལ་འཁོར་གྱི་བཀོད་པའི་དྲུང་དུ་ཕྱིན་པར་གྱུར་པ་ན་གཉིད་སད་དོ། །དེ་ནས་ཡ་མཚན་དུ་གྱུར་པ་ན། བློན་པོ་རྒྱ་མཚོའི་བློ་གྲོས་ཀྱིས་བརྡའ་སྦྱར་ཏེ། ཉི་མའི་ཤིང་རྟ་ལ་སོགས་པ་དྲང་སྲོང་རྣམས་ཀྱིས་གསོལ་བ་བཏབ་པར་གྱུར་པའི་ཚེ། ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་། རྩ་བའི་རྒྱུད་ཀྱི་སྙིང་པོ་བསྡུས་པ་དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་རྒྱལ་པོས་བསྡུས་རྒྱུད་དུ་གྲགས་པ་འདི་གསུངས་ཏེ། གཞུང་གི་ཚད་ནི་རྩ་རྒྱུད་ལས་བསྡུས་པའི་ཚིག་ནི། འཕྲེང་འཛིན་གྱི་སྡེབ་སྦྱོར་ཅན་གྱི་ཤླཽ་ཀ་སྟོང་དང་སུམ་ཅུ་ཡིན་ལ། རྩ་རྒྱུད་རྗེས་སྔགས་ཀྱི་སྡེབ་སྦྱོར་ཡིན་པར་འདོད་པས། རྗེས་སྔགས་ཚད་ཀྱིས་གཞལ་ན་རགས་རྩིས་ལ་སུམ་སྟོང་གི་ཚད་ཙམ་དུ་འགྱུར་བས། རྩ་རྒྱུད་ཀྱི་བཞི་ཆ་ཙམ་མོ། །དེར་ནག་པའི་ཉ་ལ་དྲང་སྲོང་རྣམས་ལ་དབང་བསྐུར་ཞིང་རྒྱུད་བཤད་པས། དེའི་ཟླ་བ་ཕྱི་མ་ས་གའི་ཉ་ལ་དྲང་སྲོང་དེ་རྣམས་ཐམས་ཅད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་གྲུབ་བོ།།

དེའི་རྗེས་སུ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་པདྨ་དཀར་པོས། བསྡུས་པའི་རྒྱུད་ལ་འགྲེལ་བཤད་དྲི་མ་མེད་པའི་འོད་ཅེས་བྱ་བ་སྟོང་ཕྲག་བཅུ་གཉིས་པ་མཛད་དོ། །དེ་ལ་དྲང་སྲོང་རིགས་པ་ཐ་དད་པ་རྣམས་རྡོ་རྗེ་ཐེག་པ་ལ་རིགས་གཅིག་ཏུ་མཛད་པས། རྒྱལ་པོ་གྲགས་པའི་སྐུ་ཚེའི་ཐ་མར་རིགས་ལྡན་གྱི་མཚན་གསོལ་ཞིང་། དེ་མན་ཆད་དུ། རིགས་གཅིག་པའི་རྒྱུད་ལ་གནས་པས། རིགས་ལྡན་ཞེས་བྱ་སྟེ། པདྨ་དཀར་པོའི་རྗེས་སུ་ས་བཅུའི་དབང་ཕྱུག་སོ་སོའི་སྤྲུལ་པའི་སྐུ། བཟང་པོ་དང་། རྣམ་རྒྱལ་དང་། བཤེས་གཉེན་བཟང་པོ་དང་། ཕྱག་དམར་དང་། ཁྱབ་འཇུག་སྦས་པ་དང་། ཉི་མ་གྲགས་དང་། ཤིན་ཏུ་བཟང་པོ་དང་། རྒྱ་མཚོ་རྣམ་རྒྱལ་དང་། རྒྱལ་དཀའ་དང་། ཉི་མ་དང་། སྣ་ཚོགས་གཟུགས་དང་། ཟླ་འོད་དང་། མཐའ་ཡས་དང་། ས་སྐྱོང་དང་། དཔལ་སྐྱོང་དང་། སེང་གེ་དང་། རྣམ་པར་གནོན་པ་དང་། སྟོབས་པོ་ཆེ་དང་། མ་འགགས་པ་དང་། མིའི་སེང་གེ་དང་། དབང་ཕྱུག་ཆེན་པོ་དང་། མཐའ་ཡས་རྣམ་རྒྱལ་དང་། འཁོར་ལོ་ཅན་ཏེ། གྲགས་པ་ནས་འདིའི་བར་ལ་ཉི་ཤུ་རྩ་ལྔའོ།།

དེ་དག་ལས་ཁྱབ་འཇུག་སྦས་པས། རྫུ་འཕྲུལ་གྱིས་ཁ་ཆེའི་ཡུལ་དུ་བྱོན་ཞིང་། རྡོ་རིང་བཙུགས། ཟླ་བ་གསུམ་དུ་སྔགས་ཀྱི་ཐེག་པ་མང་དུ་གསུངས། ཆོས་སྟོན་པའི་ཚེ་ས་གཡོ་ཞིང་འོད་འབྱིན་པ་དང་། ཁ་ཆེའི་མཚོ་ནང་ཀླུའི་ཕོ་བྲང་དུ་ཡང་ཡང་འབྱོན་ཞིང་། ཀླུ་རྣམས་དངོས་སུ་ཆོས་ཉན་པ་སོགས་ཆོ་འཕྲུལ་མང་པོ་བསྟན། རྡོ་རྗེ་ཕག་མོའི་སྒྲུབ་ཐབས་དང་། རལ་གཅིག་མའི་སྒྲུབ་ཐབས་སོགས་མཛད་དེ། ནམ་མཁའི་ལམ་ལས་ཕྱིར་གཤེགས་སོ་ཞེས་གྲག་གོ །དུས་འདི་ཙམ་ན། སློབ་དཔོན་ཆེན་པོ་དཔལ་ཕྱོགས་གླང་ངམ། ཆོས་ཀྱི་གྲགས་པས་བསྟན་པ་སྐྱོང་བའི་དུས་ཙམ་ཡིན་པར་མངོན་ནོ། །

རིགས་ལྡན་རྒྱལ་དཀའི་དུས་སུ། འཕགས་པའི་ཡུལ་དུ་དུས་ཀྱི་འཁོར་ལོ་དང་། ད་ལྟ་དཔལ་སྐྱོང་སེང་གེའི་ཁྲི་ལ་བཞུགས་ཞེས་བྱ་ཞིང་། ཆོས་རྒྱལ་ལྷ་དབང་ནས་བརྩམས་ཏེ་མཐའ་ཡས་རྣམ་རྒྱལ་གྱི་བར་དུ་ཐམས་ཅད་ཀྱང་རྒྱལ་སྲིད་ལ་ལོ་གྲངས་རྒྱ་ཕྲག་རེ་རེ་བཞུགས་པར་མཉམ་མོ། །དྲག་པོས་ཀྱང་ལོ་བརྒྱའི་བར་དུ་སྔར་བཞིན་ཆོས་བསྟན་ནས། ཀླ་ཀློ་འདུལ་བར་བཞེད་པ་ལྟར་རེ་ཞིག་ཁས་བླང་བར་བྱ་ལ། ཉི་མ་གྲགས་སེང་གེའི་ཁྲི་ལ་འཁོད་པ་ཙམ་ན། མ་ཁའི་ཡུལ་དུ་ཀླ་ཀློའི་ཆོས་ལྷག་པར་དར་ཞིང་། འཕགས་ཡུལ་གྱི་ནུབ་ཀྱིས་རྣམས་སུ་གསར་དུ་དར་ལ། ཀླ་ཀློའི་སྟོན་པ་སྦྲང་རྩིའི་བློ་གྲོས་ཀྱི་དུས་དེ་ཡིན་པར་མངོན་ནོ། །དེ་ནས་ད་ལྟའི་བར་དུ་ཆེར་འཕེལ་ཞིང་། མ་འོངས་པ་ན། ཆུ་བོ་ཤཱི་ཏའི་ལྷོ་ཕྱོགས་ཐམས་ཅད་ཀླ་ཀློར་གྱུར་པའི་ཚེ། ཀླ་ཀློ་རྣམས་འདུལ་བའི་དུས་ལ་བབ་པ་ན། འཁོར་ལོ་ཅན་གྱི་སྤྲུལ་པའི་དམག་ཚོགས་ཀྱིས་ཀླ་ཀློ་ཐམས་ཅད་བཅོམ་སྟེ། ཀླ་ཀློ་སྤྲུལ་པ་རྣམས་ནི་བསད་པའི་ཚུལ་བསྟན། རང་རྒྱུད་པ་རྣམས་ཀྱི་དྲེགས་པ་ཞི་བར་མཛད་དེ། ཡང་དག་པའི་ལམ་ལ་བཀོད་ནས། མཐར་སྤྲུལ་པ་བསྡུ་བར་འགྱུར་རོ།།

དེ་ནས་དུས་རྣམས་ཀྱང་རྫོགས་ལྡན་དུ་འགྱུར་ཞིང་། འཁོར་ལོ་ཅན་གྱི་སྲས་ཚངས་པ་དང་། ལྷ་དབང་གཉིས། ལྷ་དབང་གི་རྒྱུད་ལ་འོད་སྲུངས་སོགས་ཤིན་ཏུ་མང་པོ་དག་འབྱུང་སྟེ། ས་དུམ་བུ་བཅུ་གཉིས་རྣམས་སུ་འཁོར་ཞིང་། ལོ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་བར་དུ་ཆོས་མིན་ཀླ་ཀློའི་ཆོས་ཉམས་ཤིང་། ཡང་དག་པའི་ལམ་དར་བར་མཛད་དོ། །འདི་ཙམ་ཞིག་ཡོངས་སུ་གྲགས་པ་ལྟར་བཀོད་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྣམ་པར་ཐར་པ་གསང་བ་ནི་བསམ་གྱིས་མི་ཁྱབ་པ་ཡིན། དེའི་ཕྱིར། རིག་དྲས་ཀྱི་ཕོ་ཚོད་དོན་ལ་གནས་པ་དཀའ་འོ།།

 

དེ་ནས་རྒྱ་བོད་དུ་དར་ལུགས་ལ། རྒྱ་གར་དུ་ལུགས་མང་པོ་དང་འབྲེལ་བའི་གཏམ་བརྒྱུད་ཡོད་ཅིང་། བོད་དུ་ཡང་། གྱི་ཅོ་ལོ་ཙཱ་བ་ཟླ་བའི་འོད་ཟེར། རྨ་དགེ་བའི་བློ་གྲོས། འ་ཞ་རྒྱ་གར་བརྩེགས། ཁྱུང་པོ་ཆོས་བརྩོན། རྭ་ཆོས་རབ། རྩ་མི་སངས་རྒྱས་གྲགས་སོགས་ཀྱི་ལུགས་ཤིན་ཏུ་མང་ཡང་། མཆོག་ཏུ་གྱུར་པ་འབྲོ་ལུགས་སམ། ཟླ་མགོན་ལུགས་ལྟར་བཤད་ན། འཕགས་པའི་ཡུལ་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་པ་ཞིག་གི་སྲས། དུས་འཁོར་ཞབས་ཆེན་པོར་གྲགས་པ་དེ་ནི། མཚན་དངོས་མཉྫུ་བཛྲ། མདོ་སྔགས་ཐམས་ཅད་ལ་མཁས་པའི་པཎྜི་ཏ། རྟེན་དགེ་བསྙེན། འཇམ་དཔལ་གྱི་ཞལ་གཟིགས་པ་ཞིག་ཡིན་ལ། ཡི་དམ་གྱི་ལུང་བསྟན་ནས་བྱང་ཕྱོགས་སུ་གཤེགས་པས། ལམ་དུ་རིགས་ལྡན་གྱི་སྤྲུལ་པ་དང་མཇལ། དབང་བསྐུར་ཞིང་ཟབ་མོའི་རྣལ་འབྱོར་ཟླ་བ་དྲུག་བསྒོམས་པས་རྫུ་འཕྲུལ་ཐོབ་སྟེ་བྱང་ཤམྦྷ་ལར་བྱོན། རིགས་ལྡན་དངོས་དང་མཇལ། དུས་ཀྱི་འཁོར་ལོ་སོགས་རྒྱུད་སྡེ་མང་པོ་དང་། བྱང་ཆུབ་སེམས་དཔའི་འགྲེལ་བ་སྐོར་གསུམ་སོགས། འགའ་ཞིག་ཐུགས་ལ་གཟུང་། འགའ་ཞིག་གླེགས་བམ་སྤྱན་དྲངས་ཏེ་འཕགས་ཡུལ་དུ་བྱོན། ཕལ་ཆེར་སྒོམ་པ་གཙོ་བོར་མཛད། མུ་སྟེགས་ཀྱི་དཔུང་ལྟ་སྟངས་ཀྱིས་གནོན་པ་སོགས་རྫུ་འཕྲུལ་མང་དུ་བསྟན། མཐར་འཇའ་ལུས་སུ་གཤེགས། འདི་ལ་སློབ་མ་བཅུ་གཉིས་ཙམ་བྱུང་ནའང་། ཐམས་ཅད་རྣལ་འབྱོར་པ་ཤ་སྟག་ཏུ་གྱུར་ཅིང་། གྲུབ་པའི་རྟགས་དང་ཆོ་འཕྲུལ་མང་དུ་བསྟན་ནས། འཇའ་ལུས་སུ་གཤེགས་པས། བཤད་རྒྱུན་ལ་ཕན་པ་ཙམ་མ་བྱུང་།

དུས་ཞབས་པ་ཆུང་པ་ཁོ་ནས་ཆོས་འདི་དར་བར་མཛད་དེ། མཚན་དངོས་ནི་ཤྲཱི་བྷ་དྲ། རིགས་ནི་རྗེ་རིགས། རྟེན་དགེ་བསྙེན། ཐེག་པ་མཐའ་དག་ལ་ཤིན་ཏུ་མཁས་པ། མངོན་ཤེས་ཐོགས་མེད་དུ་མངའ། ཆུ་ལ་མི་འབྱིང་། རྩིག་པ་དང་རི་ལ་ཐོགས་མེད་དུ་གཞུད། འདིས་དཔལ་ནཱ་ལ་སྡེར་པཎྜི་ཏ་ལྔ་བརྒྱ་དང་འབེལ་གཏམ་བྱས་པས། དེ་ཐམས་ཅད་སྨྲ་བས་ཟིལ་གྱིས་མནན། ངག་དབང་གྲགས་པ་དང་། ཤེས་རབ་འབྱུང་གནས་མ་གཏོགས་ཐམས་ཅད་ཀྱིས་ཞབས་ལ་གཏུགས། ཆོས་འདིས་ས་སྟེང་ཐམས་ཅད་ཁྱབ་པར་མཛད་དེ། རྒྱལ་པོ་དང་། བློན་པོ་དང་། ཚོང་དཔོན་ཆེན་པོ་རྣམས་ཀྱིས་ཀྱང་། གླེགས་བམ་བཞེངས་པ་དང་། བག་ཆགས་འཇོག་པ་བྱུང་། རྒྱ་གར་དུ་དུས་འཁོར་མ་ཕེབས་གོང་ཕར་བཞག །དེ་ཕྱིན་ཆད་དུས་འཁོར་གྱི་གྲུབ་ཐོབ་ཕྱོགས་གཅིག་ཏུ་གཞག །ཆོས་གཞན་གྱི་གྲུབ་ཐོབ་ཐམས་ཅད་ཕྱོགས་གཅིག་ཏུ་གཞག་ཀྱང་། དུས་འཁོར་གྱི་གྲུབ་ཐོབ་མང་ངོ་། །

དུས་ཞབས་པ་ཆུང་བ་དེ་ཉིད་ཀྱི་སྲས་ནཱ་ལེནྡྲ་པ་ནི། མཚན་དངོས་བོ་དྷི་བྷ་དྲ། ནཱ་ལེནྡྲ་ཞེས་བྱ་བའི་གནས་གཞིའི་བདག་པོ་མཛད། ལས་བཞི་གང་སྒྲུབ་ཀྱང་རླུང་གི་རྣལ་འབྱོར་ཁོ་ནས་འགྲུབ་བོ། །དེ་ལ་སློབ་མ་མང་ཡང་ཕྱོགས་འདིར་འཕྲིན་ལས་ཆེ་བ་ཁ་ཆེའི་པཎྜི་ཏ་ཟླ་བ་མགོན་པོ་ནི། དབུགས་ཐེང་རེ་ལ་ཤླཽ་ཀ་བཅུ་དྲུག་ཙམ་རེ་ཟིན་པའི་ཤེས་རབ་མངའ། བླ་མ་བྲམ་ཟེ་བཟང་པོའི་ཞབས་ཞེས་བྱ་བ་ཅིག་བསྟེན། ཁ་ཆེའི་ཡུལ་གྱི་ཆོས་ཐམས་ཅད་མཁྱེན། སླར་ཡུལ་དབུས་སུ་བྱོན་ནས་ནཱ་ལེནྡྲ་པ་ལ་དུས་འཁོར་སོགས་སྔགས་ཀྱི་ཟབ་དོན་དཔག་ཏུ་མེད་པ་གསན། བསྒོམས་པས་སྲོག་རྩོལ་དང་འཛིན་པ་མཐར་ཕྱིན། སྐུ་ལ་བཤང་གཅིའི་རྒྱུ་བ་ཆད། ཆོམ་རྐུན་ལ་སྡིགས་མཛུབ་མཛད་པས་རེངས་པ་སོགས་ནུས་པ་མངའ། བོད་དུ་ལན་གསུམ་བྱོན། སྒྲོན་གསལ་དང་། རིགས་ཚོགས་དང་། ས་སྡེ་སོགས་ཆོས་མང་དུ་གསུངས། ཁྱད་པར་དུས་ཀྱི་འཁོར་ལོ་ཤིན་ཏུ་དར་བར་མཛད། མན་ངག་ལ་བཀའ་དོག་སྟེ། ཕལ་ཆེར་ལ་སོར་སྤོང་ཙམ་ལས་མ་གནང་། གདམས་ངག་ཡོངས་རྫོགས་གནང་པ་གསུམ་ཡོད་ཀྱང་། ལོ་རོ་བ་ཡིན་པ་ཅིག་ནི། གྲུམ་བུས་ཟིན་ནས་སྒོམ་ལོང་མ་བྱུང་བར་འདས། པུ་རངས་བའི་དགེ་སློང་གཅིག་གིས་ཡེར་པར་བསྒོམས་པས་འཇའ་ལུས་སུ་སོང་། ཆོས་ཀྱི་བརྒྱུད་པ་ལ་ཕན་པ་ལྷ་རྗེ་སྒོམ་པ་ཡིན། དེ་ལ་འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱི་རྒྱུད་འགྲེལ་གཞུང་འགྲེལ་མང་པོ་དང་བཅས་པ་བསྒྱུར་པཎྜི་ཏའི་ལོ་ཙཱ་བ་མཛད། ལྷ་རྗེ་སྒོམ་པའི་ཡང་བླ་མ་ཡིན་པས་ཤིན་ཏུ་སྐུ་དྲིན་ཆེ། འདི་འཁྲུངས་ཡུལ་ལ་སྟོད་ལྷོའི་གཉན་རྩེ་བ་ཡིན། པཎ་ཆེན་ཟླ་མགོན་རྩ་བའི་བླ་མ་མཆོག་ཏུ་འཁུར། གཞན་པཎ་གྲུབ་ཀྱི་བླ་མ་མང་། སྐུ་ཚེའི་སྨད་ལ་ཁ་ཆེ་ཉིད་དུ་བཞུགས། བླ་མ་ལྷ་རྗེ་སྒོམ་པས། པཎ་ཆེན་ཟླ་མགོན་ལ་དབང་རྒྱུད་བཤད་མན་ངག་མཐའ་དག་རྫོགས་པར་གསན། བླ་མ་སྒྲོ་སྟོན་གྱིས་པཎ་ཆེན་ལ་དབང་དང་རྒྱུད་བཤད་རྫོགས་པར་ཐོབ། གྲུབ་ཆེན་ཡུ་མོས་ཆོས་འབྲེལ་ཙམ་གསན།

དེ་ལ་ལྷ་རྗེ་སྒོམ་པ་ནི། འཁྲུངས་ཡུལ་འཕན་ཡུལ་གྲབ། མཚན་དཀོན་མཆོག་བསྲུངས། རྟེན་དགེ་བསྙེན། སྔགས་པ་ཚངས་སྤྱོད། སྨན་དཔྱད་དང་། མངོན་པ་དང་། སྔགས་རྙིང་མ་གསུམ་ལ་མཁས་པ་གཅིག་ཡིན་པ། ཡོ་བྱད་མ་ཅད་དྲིལ་བས་གསེར་སྲང་དྲུག་དང་། དར་ཡུག་གཅིག་བྱུང་བ་པཎ་ཆེན་ལ་ཕུལ། སྒྱུ་ལུས་ཀྱི་ཞབས་ཏོག་བྱེད་པར་ཞུས་ནས། གདམས་ངག་ཞུས་ཏེ་བསྒོམས་པས། ཉམས་རྟོགས་བསམ་གྱིས་མི་ཁྱབ་པ་འཁྲུངས། བྲན་ཀ་དང་། འོ་དེ་གུང་རྒྱལ་སོགས་དམ་ལ་བརྟགས། བྲམ་པ་སྐམ་པོ་ལས་ཆུ་བཏོན། གཞན་སེམས་ཤེས་པ་སོགས་ཡོན་ཏན་དཔག་ཏུ་མེད་དོ།།

བླ་མ་སྒྲོ་སྟོན་ནི། རུས་སྒྲོ། འཁྲུངས་ཡུལ་འཕན་ཡུལ་སྤྲས་པ། བཞུགས་ས་སྣོར་བཟང་། རྟེན་སྔགས་པ་དཀར་པོ། མཚན་གནམ་ལ་བརྩེགས། ཆོས་མངོན་པ། ས་སྡེ། དབུ་མ་རིག་ཚོགས། གསང་འདུས་སྒྲོན་གསལ། ཡོ་ག་སྨན་དཔྱད་སོགས་ལ་མཁས་པ་ཞིག་ཡིན། པཎ་ཆེན་ཟླ་མགོན་ལ་དུས་ཀྱི་འཁོར་སྐུའི་དབང་ཞུས། རྒྱུད་བཤད་མཁས་པར་ཉན། སྦྱོར་དྲུག་གི་མན་ངག་རྣམས་ལྷ་རྗེ་སྒོམ་པ་ལ་ཞུས། ཕྱིས་པཎ་ཆེན་ཉིད་ལ་ཡང་བཀའི་གནང་བ་ཐོབ། ཉམས་རྟོགས་མཐར་ཕྱིན་པ་བརྙེས་ཏེ། ཡི་དམ་གྱི་ལྷ་མང་པོ་ཞལ་གཟིགས། མངོན་ཤེས་ཐོགས་མེད་མངའ། བཞེད་དོན་ཐམས་ཅད་མཁའ་འགྲོ་ལ་བཀའ་བསྒོས་པ་ཙམ་གྱི་འགྲུབ་བོ།།

གྲུབ་ཆེན་ཡུ་མོ་ནི། གདུང་རུས་རྔམ། འཁྲུངས་ཡུལ་གངས་ཏི་སེའི་འགྲམ། ཕྱིས་རབ་ཏུ་བྱུང་བའི་མཚན་དད་པ་རྒྱལ་པོ། གསང་མཚན་མི་བསྐྱོད་རྡོ་རྗེ་ཞེས་བྱ། དབུས་གཙང་དུ་བླ་མ་མང་དུ་བསྟེན། སོག་འདུལ་འཛིན་ཚུལ་ཁྲིམས་བླ་མའི་ཐུགས་ཟིན་གྱི་སློབ་མར་གྱུར། ཕྱིས་གསང་སྔགས་ལ་མོས་ནས་སྔགས་ཆོས་མང་དུ་གསན། རྡོ་རྗེ་སྙིང་འགྲེལ་གྱི་མཚན་གསན་པས་ཀྱང་དགའ་བ་དཔག་ཏུ་མེད་པ་སྐྱེས། བླ་མ་སྒྲོ་སྟོན་ལོ་ཙཱའི་བར་དུ་བསྟེན་ནས། ཁོད་ལ་བཞུགས་པའི་དབང་རྒྱུད་མན་ངག་མཐའ་དག་ཐོབ། བདག་པོའི་དབང་དང་། བདག་པོ་ཆེན་པོའི་དབང་རྒྱུད་འགྲེལ་ལས་ཇི་སྐད་གསུངས་པ་བླ་མའི་ཀྱང་གནང་། ཕྱིས་འུ་ཡུག་གི་རྒྱ་ལ་གནས་སུ་བཞུགས། བསྟན་བཅོས་ཀྱང་མང་དུ་མཛད། སྔགས་ཀྱི་གཞན་སྟོང་གྲུབ་མཐའི་སྲོལ་ཀ་ཕྱེ། མངོན་ཤེས་ཐོགས་པ་མེད་པ་མངའ། སྐྱ་ཀ་དང་བྱ་རོག་ཏུ་སྤྲུལ་པ་སོགས། ཡུལ་སྣ་ཚོགས་སུ་སྤྲུལ་སྒྱུར་མང་དུ་མཛད་པའི་ལོ་རྒྱུས་ཡོད། གྲུབ་ཐོབ་ཀྱི་སྙན་གྲགས་ཀྱང་ཤིན་ཏུ་ཆེ་བས་ས་སྟེང་ཁྱབ་བོ།།

དེ་ཉིད་ཀྱི་སྲས་དྷརྨེ་ཤྭ་ར་ཆོས་ཀྱི་དབང་ཕྱུག་ཡིན་ཏེ། མཁྱེན་རབ་ཤིན་ཏུ་ཆེ། དགུང་ལོ་བཅུ་གཉིས་པ་ལ་ཡང་དབང་མདོར་བསྟན་གྱི་རྒྱུད་ལ་ཐུགས་བཤད་མཛད། བཅུ་དྲུག་པ་ལ་རྒྱུད་འགྲེལ་ཆེན་མོ་ཐུགས་ནས་གསུངས། གྲུབ་ཆེན་ལ་མངའ་བའི་གཞུང་གདམས་ངག་ཐམས་ཅད་དགུང་ལོ་ཉི་ཤུ་ཚུན་ལ་ཐུགས་སུ་ཆུད། མཁས་པ་མང་དུ་བསྟེན་པས། མདོ་སྔགས་ཀྱི་ཆོས་ལ་མི་མཁྱེན་བྱ་བ་མེད། ཁྱད་པར་དབུ་ཚད་གཉིས་དང་། གསང་འདུས་དུས་འཁོར་རྣམས་ལ་རྩལ་དུ་ཐོན། ས་ཆེན་ཀུན་དགའ་སྙིང་པོ་དང་། དཔྱལ་ལོ་ཀུན་དགའ་རྡོ་རྗེ་དང་། རྔོག་ཞེ་སྡང་རྡོ་རྗེ་སོགས་ཀྱང་འབེལ་གཏམ་གྱིས་ཟིལ་གྱིས་མནན། ཐོག་མཉམ་གྱི་ཇོ་སྲས་གཅིག་ལ་འདི་ལས་མཁས་པ་མེད། འཇམ་དཔལ་གྱི་སྤྲུལ་པ་ཡང་གྲགས་སྐད།

དེའི་བུ་ཆེན་མཁས་པ་ནམ་མཁའ་འོད་ཟེར་ནི། འཁྲུངས་ཡུལ་དང་བཞུགས་ས་ཁང་གསར་ཡིན། རྟེན་དགེ་བསྙེན་དཀར་པོ། ཆོས་དབུ་ཚད། ཕར་ཕྱིན། མངོན་པ། ས་སྡེ། སེམས་འགྲེལ་སྐོར་གསུམ། གསང་འདུས་འཕགས་སྐོར་སོགས་ལ་མཁས། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱངས་ཅན་མའི་ཞལ་གཟིགས། འོད་ཟེར་འཕྲེང་བ་སོགས་བསྟན་བཅོས་ཀྱང་མང་དུ་མཛད་དོ།།

སྲས་མཆོག་ཆོས་ཀྱི་དབང་ཕྱུག་ལ་སྲས་ལྕམ་སྲིང་གསུམ་བྱོན་པ་ལས། འགྲོ་དོན་ཅན་གཉིས་ཏེ། ལྕམ་ལྷ་རྗེ་ཇོ་འབུམ་ནི། ཨིནྟྲ་བོ་དྷིའི་ལྕམ་ལཀྵ་ཀ་རའི་ལ་སྤྲུལ་པའི་སྐུ་ཡིན་པར་གྲགས་ཤིང་། མཁྱེན་པ་ཆེ་བས་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཡོངས་རྫོགས་ཐུགས་ལ་བཞུགས། གཞོན་ནུའི་དུས་ན་སྤྱོད་པ་ངེས་མེད་ཅིག་ཡོད་པ། དར་བབ་ཀྱི་དུས་ན་ཡུམ་གྱིས་བསྐུལ་ཏེ། གཤིན་རྗེ་གཤེད་ཕྱག་རྒྱ་ཟིལ་གནོན་སྒྲུབ་པས་ཞལ་གཟིགས། ཚེ་བདག་དང་ལྷ་ཆེན་དཔལ་འབར་ཕྲན་དུ་འཁོལ། སྲོག་མཐུ། ཆོ་འཕྲུལ་སེར་བ་སོགས་ཞག་དུས་ཐེབ་པ་ཁོ་ན་བྱུང་སྟེ། དྲག་སྔགས་ཀྱི་མཐུ་ཤིན་ཏུ་ཆེ། དགུང་ལོ་སུམ་ཅུ་སོ་དྲུག་པ་ལ་སྙུང་གཞི་དྲག་པོ་བྱུང་བས་ཐུགས་བསྐུལ་ཏེ། གནས་ལུགས་མ་རྟོགས་ན་ཅིས་ཀྱང་དགོས་པ་མེད་པ་མཁྱེན། ཡབ་ལ་གསན་པའི་སྦྱོར་བ་ཡན་ལག་དྲུག་བསྒོམས་པས། ཞག་གཅིག་ལ་རྟགས་བཅུ་རྫོགས། བདུན་ལ་རླུང་དབུ་མར་ཐིམ། གྲུབ་ཐོབ་ཆེན་མོར་གྱུར་ཏེ། དབེན་པར་ཟླ་ཕྱེད་ཙམ། ཟླ་རེ་ཙམ་མི་ཟས་ཡེ་མ་གསོལ་ཀྱང་། ཉམ་སྟོབས་ཆེས་བཟང་བ་དང་། སྲིན་པོ་རིའི་བྲག་གི་སྐྱིབས་མིས་མི་ཐར་བ་རྣམས་སུ་འགྲོ་འོང་མཛད་ཅིང་སྒོམ། ནད་ཡམས་ལ་བདེན་སྟོབས་བརྗོད་པ་ཙམ་གྱིས་ཆད་པ་དང་། ནད་པ་ལ་ཕྱག་གི་རེག་པ་ཙམ་གྱིས་ནད་ལས་གྲོལ་བ་སོགས་རྟགས་མངོན་གྱུར་མངའོ།།

དེ་ཉིད་ཀྱི་མིང་པོར་གྱུར་པ། གྲུབ་ཐོབ་སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན་ཡིན་ཏེ། དང་པོ་སྤྱན་རབ་རིབ། སྙན་མི་བསང་། ལྗགས་ཀྱང་མི་བདེ་བ་ཞིག་བྱུང་བས། རེ་ཆེན་པོ་མེད་ཀྱང་སྦྱོར་བ་ཡན་ལག་དྲུག་པ་བསྒོམས་པས་ཉམས་རྟོགས་དང་མཁྱེན་རབ་ནང་ནས་རྡོལ་ཏེ། མཁས་པ་ནམ་མཁའ་འོད་ཟེར་གྱི་དྲུང་དུ། དུས་འཁོར་གྱི་རྒྱུད་འགྲེལ་ལ་སྦྱངས་པས་མཁས་པར་མཁྱེན། སྤྲུལ་སྐུ་ཇོ་འབུམ་ལ་དབང་མདོར་བསྟན་དང་བཀའ་འགྲེལ་པདྨ་ཅན་གསན། བླ་མ་གཞན་ལ། བདེ་མཆོག །ཀྱཻ་རྡོར། ནཱ་རོ་ཆོས་དྲུག་སོགས་ཀྱང་གསན། ལྕམ་ཇོ་འབུམ་སྐུ་འདས་ནས། ཕྱིས་ལོ་མཆོད་ཀྱི་དུས་སུ་ཞག་བཅོ་ལྔ་ཏིང་ངེ་འཛིན་ཐུན་གཅིག་ལ་སོང་། དེ་རྗེས་སྔོན་གྱི་སྐྱེ་བ་ཐམས་ཅད་དྲན། ཕྱིས་སྐྱེ་བ་རེ་ལ་ས་རེ་བགྲོད་ནས། སྐྱེ་བ་བཅུ་བཞི་ནས་སངས་རྒྱ་བའི་གནས་ཚུལ་ཐམས་ཅད་གཟིགས། དེས་མཚོན་ཏེ། རང་གཞན་ཐམས་ཅད་ཀྱི་སྐྱེ་བ་སྔ་ཕྱི་དང་ཚེ་འདིའི་བདེ་སྡུག་ཐམས་ཅད་སྒྲིབ་མེད་དུ་མཁྱེན། མ་སྦས་པ་མང་དུ་ཡང་གསུངས། གཙང་པོ་ལ་ཇི་ལྟར་གཤེགས་ཆ་མེད་པར་ཆུ་ཕ་ཁར་ཟང་གི་གཤེགས་པ་མང་དུ་བྱུང་། གྲུབ་ཐོབ་ཀྱི་མཚན་གྲགས་ཤིན་ཏུ་ཆེ། རྟེན་དགེ་སློང་ཡིན། སྐུ་ཆེའི་སྨད་ལ་གཙང་འོ་ལུང་སེ་མོ་ཆེའི་དགོན་པ་བཏབ་སྟེ། དེར་ཤས་ཆེར་བཞུགས།

ཆོས་རྗེ་འཇམ་དབྱངས་གསར་མ་ནི། མཚན་ཤེས་རབ་འོད་ཟེར། འཁྲུངས་ཡུལ་ཉང་སྟོད། སྔགས་རྙིང་མ་བའི་རྒྱུད་དུ་འཁྲུངས། གཞོན་ནུ་ནས་རབ་ཏུ་བྱུང་སྟེ། འུ་མཚན་ཉིད་ཀྱི་གྲྭ་མང་པོར་བྱོན། ཁྱད་པར་གསང་ཕུར་གཉལ་ཞིག་གི་སློབ་མའི་གཙོ་བོར་གྱུར། བར་སྐབས་སུ་བསྙུང་མཛེ་བྱུང་། ལོ་ཕྱེད་དང་གཉིས་ཕྱག་ན་རྡོ་རྗེའི་སྒོམ་བཟླས་མཛད་རྨེས་སྙུང་བ་གདངས། མི་གཞན་གདོན་གྱི་ཟིན་པ་ལ་སྔགས་བཏབ་པ་ཙམ་གྱིས་ཕན་པ་བྱུང་། འཇམ་དབྱངས་ཞལ་གཟིགས་པ་ལ་ལུང་བསྟན་ཞུས་པས། གྲུབ་ཐོབ་སེ་མོ་ཆེ་པ་དང་ལས་འབྲེལ་ཡོད་པར་ལུང་བསྟན་ཏེ། འུ་ཡུག་ལ་མཇལ་དུ་ཕེབས་པའི་ལམ་དུ། ལྷ་འདྲེ་ཆོ་འཕྲུལ་མི་བཟད་པ་བྱུང་ཡང་མཉམ་པ་ཉིད་ཀྱི་ངང་དུ་བཞག །སེ་མོ་ཆེ་བ་ལ་དུས་འཁོར་གྱི་དབང་གསན་པའི་ཚེ། བླ་མ་དུས་འཁོར་དངོས་སུ་གཟིགས། བསྒོམས་པས་ཉམས་རྟོགས་མཐར་ཕྱིར། རྐྱང་འདུར་གྱི་འཆད་ཉན་ཀྱང་མཛད་དེ། རྒྱ་ནག་རི་བོ་རྩེ་ལྔར་སྒྲུབ་པ་མཛད་ན་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་རྒྱུ་ཡིན་པས། དེ་ལྟར་བཞེད་པ་ལ་སློབ་མ་རྣམས་ཀྱིས་བཤོལ་བཏབ་སྟེ་མ་ཐོན་པས། བཤད་སྒྲུབ་སྤེལ་མའི་ངང་ལ་བཞུགས་སོ། །གྲུབ་ཐོབ་སེ་མོ་ཆེ་བ་ཡན་ཆད། དུས་འཁོར་ལ་ཤིན་ཏུ་བཀའ་དོག་གཉན་ཆ་ཆེ་བ་ཡིན། ཆོས་རྗེ་འཇམ་གསར་ནས་བཟུང་ཅུང་ཟད་བཀའ་ཡངས་སུ་སོང་།

ཀུན་མཁྱེན་ཆོས་སྐུ་འོད་ཟེར་ནི། གསེར་སྡིངས་པ་གཞོན་ནུ་འོད་ཀྱི་སྲས་ཡིན། མཚན་དངོས་ཆོས་ཀྱི་འོད་ཟེར་ཡིན་པ་ལ། བླ་ཝོ་འཕགས་པ་རིན་པོ་ཆེས། ཁྱེད་ཆོས་ཀྱི་སྐུའི་རང་བཞིན་དུ་འདུག་པས། ཆོས་སྐུ་འོད་ཟེར་དུ་ཐོགས་གསུང་། མདོ་སྔགས་ཐམས་ཅད་ལ་ཤིན་ཏུ་མཁྱེན་པ་ཆེ། ཁྱད་པར་གསང་འདུས་འཕགས་སྐོར་དང་། ཀྱཻ་རྡོར་དཔྱལ་རྔོག་གཉིས་འདུས་ལ་མཁས་པ། གསང་འདུས་རིམ་ལྔའི་ཉམས་རྟོགས་ཀྱང་ཚད་དུ་ཕྱིན་པ་ཞིག །འཇམ་དབྱངས་གསར་མ་ལ་དུས་འཁོར་གྱི་དབང་རྒྱུད་མན་ངག་ཐམས་ཅད་རྫོགས་པར་གསན་པས། ཉམས་རྟོགས་བརྒྱ་འགྱུར་དུ་འཕེལ། དབང་གི་ཡེ་ཤེས་དབབ་པའི་སྐབས་བླ་མ་རྡོ་རྗེ་ཤུགས་སུ་གཟིགས། ཡེ་ཤེས་ཕེབས་ནས་ཉི་མ་ཕྱེད་ཙམ་ཕེབས་པ་མ་བཏང་། གསང་བ་འདུས་པའི་རྒྱུད་ཡོངས་སུ་རྫོགས་པ་རྒྱ་སྐད་དུ་སངས་ཀྱིས་བཏོན། བླ་མ་གསུང་ནས། འདི་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱིའི་སྐྱེ་བ་ཡིན་ཏེ། དེའི་ཚེ་གསང་འདུས་ལ་མཁས་པར་སྦྱངས་པའི་བག་ཆགས་ཡིན་གསུང་། མནལ་ཐམས་ཅད་འོད་གསལ་དུ་ཆུག་ནས། གཟིགས་རྟོག་དང་། ཆོས་གསན་པ་དང་། སྒོམ་བཟླས་ཐམས་ཅད་མནལ་གྱི་ངང་ནས་གྲུབ་པར་མཛད། སྒྲུབ་ཁང་དུ་འདག་སྦྱང་ལ་བཞུགས་པ་དང་། འབུམ་པ་ལ་བསྐོར་བ་མཛད་པ་དུས་གཅིག་ཏུ་འབྱུང་བ་སོགས། སྐུ་ལུས་ཀྱི་བཀོད་པ་ཡང་མང་དུ་བསྟན་ཏོ།།

ཆོས་རྗེ་ཀུན་སྤངས་ཆེན་པོ་ཞང་ཐུགས་རྗེ་བརྩོན་འགྲུས་ནི། མདོག་གི་དབ་ཕྱར་དུ་སྐུ་འཁྲུངས། ས་སྐྱ་དང་མདར་སོགས་དབུས་གཙང་གི་གྲྭ་ས་ཕལ་ཆེར་དུ་ཕེབས། མདོ་སྔགས་ཐམས་ཅད་ལ་མཁྱེན་པ་ཤིན་ཏུ་རྒྱས། ཆུ་མིག་པ་སེང་གེ་དཔལ་སོགས་མཁས་མཆོག་ཐམས་ཅད་ཟིལ་གྱིས་མནན། མདར་དང་དོན་མོ་རིར་ཟུར་ཆོས་ཀྱང་མཛད། དེ་ནས་འཇམ་གསར་གྱི་གདན་ས་རྐྱང་འདུར་གྱི་ཆོས་དཔོན་མཛད་ཅིང་། ཀུན་མཁྱེན་ཆོས་སྐུ་བ་ལ་མངའ་བའི་གཞུང་གདམས་ངག་ཐམས་ཅད་གསན། ཁྱད་པར་དུས་འཁོར་ར་ལུགས་སྔར་ནས་མཁྱེན་ཅིང་། ཀུན་མཁྱེན་ཆོས་སྐུ་བ་ལ་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་དང་། སྦྱོར་དྲུག་ཉམས་ཁྲིད་དུ་གསན་པས། ཉམས་རྟོགས་ཀྱི་ཀློང་བརྡོལ། སྤྱི་སྦྱོར་བ་ཡན་ལག་དྲུག་པའི་གདམས་པ་མི་འདྲ་བ་བཅུ་བདུན་ཙམ་གསན་ཅིང་ཉམས་སུ་མྱོང་བར་མཛད། སྲོག་རྩོལ་བསྒོམས་པས། འབྱུང་བ་ལྔའི་རླུང་སྟོབས་སུ་གྱུར་ཏེ། ཐུགས་ཉམས་འུར་ལངས། ཕྱག་ཡ་རེ་མི་བཅུ་བཅུས་མི་ཐུབ་དང་། གཟིམས་ཁང་ན་ཡོད་པ་རྣམས་རེས་འགའ་འཁྱགས་ཏེ་མི་ཚུགས་པ་དང་། རེས་འགའ་ཚད་པས་གདུངས་ཏེ་མི་ཚུགས་པ་དང་། གཟིམས་ཁང་ཡོམ་ཡོམ་དུ་གཡོ་བ་དང་། བུག་སྒོ་རྩིག་པ་ལ་ཐོགས་མེད་དུ་གཤེགས་པ་རྣམས་བྱུང་། ལན་གཅིག་སྲོག་གེགས་ཅུང་ཟད་བྱུང་བ། ཀུན་མཁྱེན་ཆོས་སྐུ་བས་མངོན་ཤེས་ཀྱིས་མཁྱེན་ནས་ཕེབས་ཏེ་བསལ། དེར་ཉམས་རྟོགས་མཐར་ཕྱིན་ནས། སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་སོགས་ཡི་དམ་དཔག་ཏུ་མེད་པའི་ཞལ་གཟིགས། དེ་ནས་འཆད་ཉན་བོར་ཏེ་ཀུན་སྤངས་མཛད། རི་ཁྲོད་ངེས་མེད་ལ་ཐེགས། ལྷ་སའི་ཇོ་བོ་བཅུ་གཅིག་ཞལ་ལ་སོགས་གསོལ་བ་ཡུན་རིང་དུ་བཏབ་པས། སྤྱན་རས་གཟིགས་སྨར་ཁྲིད་ཀྱི་བཀའ་རྒྱ་གྲོལ་བའི་ལུང་བསྟན་བྱུང་། སེ་མཁར་ཆུང་དུ་བཞུགས་པའི་ཚེ། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་པོ་བསྡུ་བར་དགོངས་ནས་གསོལ་བ་བཏབ་པས། ཆོས་རྒྱལ་རིགས་ལྡན་རྣམས་དུས་གཅིག་ཏུ་ཞལ་གཟིགས་ནས་བཀས་གནང་། འདི་ལ་དགེ་མཚན་ལན་གསུམ་བྱུང་། དེ་དུས་ནགས་སྨན་རྒྱལ་མོས་སྤྱན་འདྲེན་བྱུང་ཡང་། ཅུང་ཟད་དུས་ལ་མ་བབ་པར་མཁྱེན་ཏེ། ལོ་གསུམ་ནས་འབྱོར་པར་ཞལ་གྱིས་བཞེས། ཕྱིས་ཕེབས་ནས་མཁའ་སྤྱོད་བདེ་ལྡན་དུ་རྣལ་འབྱོར་ཡན་ལག་དྲུག་པའི་མན་ངག་སྙན་བརྒྱུད་དུ་བཞུགས་པ་རྣམས་ཡི་གེར་འགོད་པ་མཛད་པ་ན། དུས་ཀྱི་འཁོར་ལོ་ཉིད་ཞལ་གཟིགས་ནས་ལུང་བསྟན་ཐོབ། འདི་སྦྱོར་དྲུག་གི་འཁྲིད་ཡིག་རྒྱས་པ་བོད་དུ་བྱུང་བའི་སྔ་ཤོས་ཡིན། ཕྱིས་སྐྱིད་ཕུག་བདེ་ལྡན་དུ་ཕེབས། རྣལ་འབྱོར་དབང་ཕྱུག་བིརླུ་པ་ཞལ་གཟིགས། ལམ་འབྲས་ལ་འཁྲུགས་སྡེབས་ཀྱི་ཡིག་ཆ་མཛད། གསང་སྔགས་གསར་རྙིང་སྒོ་མཐའ་དག་ནས་ཆོས་ཀྱི་སྒོ་སྤེལ། ཕྱོགས་རིགས་མེད་པ་ནས་འདུས་པའི་སྒོམ་ཆེན་དྲུག་བརྒྱ་རེ་རྟག་ཏུ་འཚོགས། ཉམས་རྟོགས་བཟང་པོ་མ་སྐྱེས་པ་གཅིག་ཀྱང་མེད། སྦྱོར་དྲུག་ལ་ཉམས་ལེན་གྱི་མཐིལ་དུ་མཛད། རྒྱུད་འགྲེལ་ཆེན་མོ་ཡང་མང་དུ་གསུངས། རྒྱུད་སྙིང་ལོ་རེ་བཞིན་ལན་གཉིས་གཉིས་གསུངས། བྱམས་སེམས་ཆེན་པོ་གདན་སར་བསྐོས་ནས། ཞིང་འདི་ན་གདུལ་བྱ་མེད་པས་གཞན་དུ་འགྲོ་ཞེས་སྐུ་འདའ་བར་དགོངས་པ་ན། བྱང་སེམས་ཆེན་པོ་བསྙུང་བས། ཟླ་བ་ཤས་ཤིག་སྐུ་ཚེ་བསྲིངས། ཡང་གཤེགས་པར་བཞེད་པ་ལ་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་པས་ཟླ་བ་ཕྱེད་བཞུགས། དེ་ནས་བསྙུང་བར་མེད་པར་སྐུ་འདས།

བྱང་སེམས་ཆེན་པོ་རྒྱལ་བ་ཡེ་ཤེས་ནི། འཁྲུངས་ཡུལ་མདོ་ཁམས། ཆུང་ཇའི་དུས་སུ་ཀརྨ་པག་ཤིའི་གྲྭ་པ་ཡིན། རྗེ་པག་ཤི་དེ་སྐུ་འཁོར་པ་ཐམས་ཅད་ལ་བཀའ་དྲག་ཏུ་སྐྱོན་པ་ཞིག་ཡོད་པས། ཤིན་ཏུ་འཇིགས་པ་ཞིག་ཡོད་པ་ལ། ཤིང་ཁུར་ཞིག་བསྣམས་ནས་བྱོན་པས། ནགས་བསེབ་གཅིག་ཏུ་བླ་མ་སྐུ་རྐྱང་བྱོན་པ་དང་ཐུག་གིས་མཇལ། སྐྲག་སྟེ་བྲོས་པས། བླ་མ་ན་རེ། དེ་ཚུགས་མ་བྱེད། ད་ལྟ་བླ་མ་ལ་བྲོས་ན་བར་དོར་ཡང་འབྲོས། ཚུར་ཤོག་གསུང་། དེ་ནས་འཇིགས་པ་སངས། ལོ་མང་དུ་བསྟེན། ཁོང་ལ་མངའ་བའི་གདམས་ངག་ཐམས་ཅད་གསན་ཅིང་བསྒོམས། འོན་ཀྱང་དེ་སྐབས་ཉམས་མྱོང་རྩལ་ཆེ་བ་ཙམ་མ་བྱུང་། དེ་ནས་བླ་མ་པའི་ཞལ་ནས། རི་ཁྲོད་ངེས་མེད་འགྲིམས། ཆོས་ལ་ཕྱོགས་རིས་མ་བྱེད། བླ་མ་བཟང་པོ་གཅིག་དང་མཇལ་བར་འདུག་གི་གསུངས་པས་དེ་བཞིན་དུ་མཛད། ཤར་བ་འཇམ་དབྱངས་ཆེན་པོའི་སྐུ་གཞོགས་སུ་ཡུན་རིང་དུ་བཞུགས། མདོ་སྔགས་ཀྱི་ཆོས་མང་དུ་གསན། ཆོས་རྗེ་ཀུན་སྤངས་ཆེན་པོ་དང་མཇལ་ནས་ཤིན་ཏུ་དད་པ་ཐོབ། རྣལ་འབྱོར་ཡན་ལག་དྲུག་པ་གསན་པས་ཉམས་རྟོགས་མཐར་ཕྱིན། གཞུང་གདམས་ངག་ཐམས་ཅད་བུམ་པ་གང་བྱོར་གནང་། གནས་ངེས་མེད་དུ་གཤེགས་པར་བཞེད་པ་ལ། འཇམ་དབྱངས་ཆེན་པོའི་བཀའ་མ་ཆོགས་ཏེ། བདེ་ཆེན་གྱི་དགོན་པ་བཏབ། སྒྲུབ་པའི་ངང་ནས་ཆོས་ཀྱང་མང་དུ་གསུངས། ཐུགས་སྙིང་རྗེ་ཆེན་པོའི་རང་བཞིན་དུ་བཞུགས་པས། བྱང་སེམས་ཆེན་པོའི་མཚན་ཐོགས། ཀུན་སྤངས་ཆེན་པོའི་བཀའ་གནང་བ་ལ་རྟེན། ཇོ་ནང་གི་གདན་སར་ཕེབས། དགོན་གཉིས་ཀར་དུ་སྒྲུབ་གྲྭ་རྒྱ་ཆེར་བསྐྱངས། ཞབས་ལ་གཏུགས་ཚད་གནས་ལུགས་ཀྱི་རང་ཞལ་ལྟ་ཤེས་པ་ཁོ་ན་བྱུང་། མཐར་ཕུག་མོ་ཆོས་རྗོང་གི་རི་ཁྲོད་དུ་སྐུ་གཤེགས།

མཁས་བཙུན་ཆེན་པོ་ཡོན་ཏན་རྒྱ་མཚོ་ནི། བྱང་སེམས་ཆེན་པོ་དེ་ཉིད་ཀྱི་མཆེད་གྲོགས་དང་། སློབ་མ་དང་། རྒྱལ་ཚབ་གསུམ་ཀ་ཡིན། མདོག་གི་མཁར་རྙིང་དུ་སྔགས་རྙིང་མ་བའི་རྒྱུད་དུ་འཁྲུངས། གྲྭ་ས་མང་དུ་བསྟེན་པ་ལས། གཙོ་བོར་མདར་དུ་སྦྱངས་པ་མཛད། གསང་སྔགས་ཕྱོགས་ཀྱི་བླ་མ་མང་དུ་བསྟེན། ཁྱད་པར་ཤར་པ་འཇམ་དབྱངས་ཆེན་པོའི་བུ་ཆེན་དང་ཟུར་ཆོས་པའི་གཙོ་བོ་ཡིན། ཁོང་པའི་བཀའ་ནན་གྱིས་ཐུགས་བློས་མི་ལོངས་བཞིན་དུ། རྒྱ་ནག་དུ་ཡང་ཕེབས་དགོས་བྱུང་། ཆོས་རྗེ་ཡབ་སྲས་གཉིས་དང་སྔར་ནས་དཔོན་སློབ་དུ་གྱུར་པ་ཡིན་ཅིང་། དེ་སྐབས་ཇོ་ནང་དུ་ཕེབས། ཀུན་སྤངས་ཆེན་པོ་ལ་ཟབ་ལམ་གྱི་འཁྲིད་གསན། མཚན་མའི་རྣལ་འབྱོར་ཞག་ཉི་ཤུ་རྩ་གཅིག་ལ་རྟགས་བཅུ་རྫོགས་པར་མཐར་ཕྱིན། ཉིན་མོའི་རྣལ་འབྱོར་གྱི་སྐབས། འཕར་གཡོའི་ཉམས་ཆེར་བྱུང་སྟེ། མདའ་རྒྱང་ཙམ་དང་རྡོ་རྒྱང་ཙམ་དུ་འཕར་བའི་འཕར་གཡོས་ཇོ་ནང་གི་རི་ཀླུངས་མེད་པར་བྱོན་པ་ཞག་བདུན་གྱི་བར་དུ་བྱུང་། དེ་སངས་ནས་མཉམ་ཉིད་ཆེན་པོ་གཅིག་གི་ངང་དུ་གྱུར། མངོན་མཁྱེན་ཐོགས་པ་མེད་པར་མངའ། ཆོས་ལ་འདི་མ་གསན་དང་འདི་མི་མཁྱེན་མེད་པ་ཙམ་ཡིན། སྐུ་བཙུན་པ་རབ་ཀྱི་མཐར་ཐུག་པས། ཚུལ་ཁྲིམས་ཀྱི་དྲི་བསྲུང་རྒྱ་ཆེར་འཕྲོ་བ་ཞིག་སྟེ། དང་པོར་ཀུན་སྤངས་ཆོས་རྗེ་བླ་མ་བསྟེན་ཚུལ་རྒྱུད་ནས་བཤད་པ་ལྟར་བསྟེན། དེ་རྗེས་བྱང་སེམས་ཆེན་པོ་གདན་སར་ཕེབས་པ་ལའང་། ཀུན་སྤངས་ཆེན་པོ་དང་ཁྱད་མེད་དུ་བསྟེན། བྱང་སེམས་ཆེན་པོ་སྐུ་འདས་ནས་ཇོ་ནང་གི་གདན་སར་ཕེབས། སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་བསྐྱངས་ཏེ། ལོ་བདུན་ལྷག་ཙམ་ནས་ཀུན་མཁྱེན་ཆེན་པོ་གདན་སར་བསྐྱོས། དེ་རྗེས་ལོ་གཉིས་ཙམ་ནས་སྐུ་འདས་སོ། །

ཆོས་རྗེ་ཀུན་མཁྱེན་ཆེན་པོ་དུས་གསུམ་སངས་རྒྱས་ནི། འཁྲུངས་ཡུལ་དོལ་པོ་པན་ཚང་བ། རུས་སྔགས་རྙིང་མ་ཡིན། ཡུལ་དུ་བླ་མ་སྐྱི་སྟེངས་པ་སོགས་བླ་མ་མང་རབ་བསྟེན། ཆོས་ཀྱང་རྙིང་མ་དང་། དབུ་མ་རིགས་ཚོགས་སོགས་དང་། རིག་གནས་དང་བཟོ་གནས་ཕྲ་མོ་མང་པོ་ཆུང་ངུའི་དུས་ནས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་བཞི་བཅོ་ལྔ་ཙམ་ལ་དགོན་པའི་བྱ་བ་ཐན་ཐུན་མཛད་དགོས་བྱུང་། ཕྱིས་གསུང་ལས། བར་དེར་དོན་མེད་ཡུན་རིང་དུ་འདས་གསུང་། དགུང་ལོ་བཅུ་བདུན་པ་ལ་སྐྱི་སྟོན་འཇམ་དབྱངས་གྲགས་པ་རྒྱལ་མཚན་ཡ་རྩེར་ཕེབས་པའི་ལམ་ཞོར་ལ། གློ་བོ་སྟེང་དུ་ཕེབས་པ་དང་མཇལ། འཕྲེང་བ་སྐོར་གསུམ་སོགས་ཀྱི་ལག་ལེན་དང་ཆོས་ཀྱང་མང་དུ་གསན། དེ་རྗེས་མར་ཕེབས་དང་ཡང་མཇལ་ནས། གསང་སྔགས་ཀྱི་ཆོས་སྣ་མང་པོ་དང་། ཚད་མ་བསྡུས་པ་མཁྱེན་པ་མཛད། དེ་རྗེས་ཀྱི་སྟོན་འཇམ་དབྱངས་ཀྱི་དྲུང་དུ་ཕེབས་པར་བཞེད་ནས། དགུང་ལོ་ཉི་ཤུ་རྩ་གཅིག་པ་ལ་གཅིག་པོར་བྲོས་ནས་ཕེབས། སྔར་ཡང་རབ་ས་འབྱོར་པ་ཅན་ཡིན་པ་དང་། ལམ་དུ་འབྲོག་པའི་ཁྱིས་ཞལ་རས་ལ་རྨུགས་པ་དང་། འདུལ་ཐག་རིང་བ་སོགས་ཀྱི་ཤིན་ཏུ་འོ་བརྒྱལ་བར་བྱུང་ཡང་། ཐུགས་ཀྱི་བརྟན་པ་མ་ཞུམ། ངལ་དུབ་ཆེ་བ་ཡབ་ཡུམ་གྱི་བཀའ་བཅག་པས་ལན་དགོངས་ཏེ། ལ་ཁ་ཅིག་ནས། ཡབ་ཡུམ་བཞུགས་པའི་ཕྱོགས་སུ་ཕྱག་དང་བཤགས་པ་མང་པོ་མཛད་པས་དེ་ཕྱིན་ཆད་བདེ་བར་བྱུང་། དེ་ནས་ས་སྐྱར་ཀྱི་སྟོན་འཇམ་དབྱངས་ཀྱི་དྲུང་དུ་ཕར་ཚད་མངོན་པ་གསུམ་དུས་གཅིག་ཏུ་བསླབས་པས། གྲོགས་རྣམས་ཀྱི་གཅིག་ལ་དྲིལ་བ་འཐད་ཟེར་ཡང་། མ་གསན་པར་གསུམ་པོའི་སྟེང་དུ་སྤྱོད་འཇུག་སྔགས་ཆོས་འགའ་ཡང་བསྣན། ལོ་ཕྱེད་གཉིས་ནས། གཞུང་བཞི་ཆར་འགྲེལ་པ་དང་བཅས་པའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་ནས། བཤད་གསར་མཛད་པའི་ཆས་སྒྲུབ་པ་ལ་རྟ་ནག་ཏུ་ཕེབས། སློབ་དཔོན་རིན་ཡེའི་དྲུང་དུ་ཟླ་བ་གསུམ་ཙམ་བཞུགས། རྡེའུའི་བཅུད་ལེན་སོགས་ཁ་ཟས་རྒྱུད་གཅོད་ཀྱི་གདམས་ངག་སྤྱོད་བཞིན་དུ། བྱམས་པའི་ཆོས་ལྔའི་བཤད་པ་ཚར་གཅིག་གསན། དེ་རྗེས་བཤད་གསར་མཛད། བཀའ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཡུད་ཙམ་གསན་པས་ཐམས་ཅད་ཐུགས་སུ་ཆུད། དབུས་གཙང་གི་སྡེ་ཕལ་ཆེར་དུ་གྲྭ་སྐོར་ལ་ཕེབས་པས། མཁྱེན་རབ་ཀྱི་རྩལ་དང་། རིག་པའི་རྣམ་འགྱུར་བཟང་ཞིང་། ཤེར་ཕྱིན་འབུམ་པ་སོགས་མདོ་སྡེ་དུ་མའི་ཚིག་མཐའ་དག་ཐུགས་ལ་བྱང་བར་བཞུགས་པ་དང་། གཞུང་ཆེ་ཆུང་གང་ལ་ཡང་ཐོགས་པ་མེད་པར་མཁྱེན་པ་རྒྱས་པས། ཐམས་ཅད་ཀྱིས་ཀུན་མཁྱེན་རང་དུ་འདུག་ཅེས་བསྔགས་པས། ཀུན་མཁྱེན་གྱི་མཚན་དེ་དུས་ནས་ཀྱང་ཐོགས། སྤྱིར་མདོ་སྔགས་ཀྱི་ཆོས་གསན་པའི་བླ་མ་སུམ་ཅུ་ལྷག་ཅིག་མངའ་མཆོག་ཏུ་ཀྱི་སྟོན་འཇམ་དབྱངས་ལ། མདོ་སྔགས་ཀྱི་གཞུང་ཆེ་ཆུང་དཔག་ཏུ་མེད་པ་དང་། དབང་བསྐུར་རང་ཡང་ཟུར་བཀའ་བདུན་ཅུ་ཙམ་གསན། དཔལ་དུས་ཀྱི་འཁོར་ལོའི་ཕྱོགས་ལ་ཡང་། དང་པོར་བླ་མ་འདིའི་དྲུང་དུ་དབང་རྒྱུད་མན་ངག་ཐམས་ཅད་ལ་ཤིན་ཏུ་མཁས་པར་མཛད་པ་ཡིན། འཆད་ཉན་ཟུར་ཆོས་པ་ཡང་ལོ་ཤས་མཛད། ཆོས་ལུང་ཚོགས་པའི་མཁན་ཆེན་བྱང་སེམས་བསོད་ནམས་གྲགས་པ་ལ་བསྙེན་རྫོགས་ཞུས་ཤིང་། འདུལ་བ་མདོ་རྩ་གཞུང་འགྲེལ་དང་བཅས་པ་མ་ལུས་པ་གསན་ཅིང་མཁྱེན་ནས། སྐུ་བཙུན་པའི་མཐར་ཐུག་པར་བཞུགས། བར་སྐབས་དེར་ཡུལ་དུ་ཕེབས། ཡབ་ཡུམ་སོགས་དང་མཇལ། སྔོན་བཀའ་བཅག་ནས་དབུས་གཙང་དུ་ཕེབས་པ་ལ་བཟོད་གསོལ་བྱས། མི་དགྱེས་མེད་པར་མཛད། ལོ་གཅིག་ཙམ་བཞུགས། སླར་ས་སྐྱར་ཕེབས། དགུང་ལོ་སུམ་ཅུ་པ་ལ་ཇོ་ནང་དུ་དོན་གཅོད་གཅིག་ལ་ཕེབས་པས། སྒྲུབ་ཚུགས་ལ་ཐུགས་དད་སོང་། དེ་ནས་ལྷ་ས་དང་འཚུར་ཕུ་སོགས་སུ་ཕེབས། ཆོས་རྗེ་རང་བྱུང་པ་དང་ཆོས་ཀྱི་གསུང་གླེང་མང་དུ་མཛད། རང་བྱུང་པས་རྗེ་འདིའི་ལུང་རིག་གི་ཞལ་ཡ་མ་ཐེགས་ཀྱང་། མངོན་ཤེས་བཟང་པོ་མངའ་བས། ཁྱེད་ལ་ལྟ་གྲུབ་དང་ཆོས་སྐད་ད་ལྟའི་འདི་བས་ཀྱང་ཆེས་བཟང་བ་ཅིག་མྱུར་དུ་འོང་། ཞེས་ལུང་བསྟན། དགུང་ལོ་སོ་གཅིག་པ་ལ་ཇོ་ནང་དུ་ཕེབས། མཁས་བཙུན་ཆེན་པོ་ལ་སྤྱིར་དབང་དང་གདམ་པ་མང་དུ་གསན། སྦྱོར་དྲུག་ལ་ཉམས་འཁྲིད་མཛད། དམིགས་པ་ཞུ་བའི་སྐབས་མ་གཏོགས་སུ་དང་ཡང་མི་འཕྲད་པར་མཁའ་སྤྱོད་བདེ་ལྡན་དུ་བཞུགས། སོར་སྡུད་བསམ་གཏན་གྱི་ཉམས་རྟོགས་མཐར་ཕྱིན་པས། བླ་མའི་གསུང་ནས་མགྱོགས་ཁྲིད་བྱ་གསུང་བ་ལ། གོལ་ལེ་སྐྱོང་བར་ཞུ་ཞུས་ཏེ་སྒོམ་པར་མཛད་པས། སྲོག་རྩོལ་མཐར་ཕྱིན་པའི་རྟགས་རྒྱུད་ནས་བཤད་པ་བཞིན་མངའ། དེ་ནས་ལྷ་སར་སྨོན་ལམ་མཛད་ཅིང་། ཡེར་པར་ཐོག་གཅིག་ཐུགས་དམ་པ་ལ་བཞུགས། ཡང་ཡར་ཕེབས་ཏེ། སྐྱིད་ཕུག་ཏུ་བླ་མ་ཀུན་སྤངས་ཆོས་གྲགས་པ་ལ། འགྲེལ་ཆེན་ཚར་གཅིག་གསན་ནས་གསུངས། མཁས་བཙུན་ཆེན་པོའི་གསུང་གནང་བས། དགེ་བཤེས་ལྔ་ཅུ་ཙམ་ལ་རྒྱུད་འགྲེལ་གྱི་བཤད་པ་རྒྱས་པ་ཚར་གཅིག་གསུངས། དེ་ནས་བླ་མའི་བཀའ་ནན་ཆེན་པོས་གདན་སར་ཕེབས། མཁས་བཙུན་ཆེན་པོ་ཤིན་ཏུ་དགེས་ནས། ལོ་གཉིས་སུ་ཉེ་བ་ཞིག་ཉིན་མཚན་མེད་པར། དབང་ལུང་འཁྲིད་བཤད་པ་སོགས། བླ་མ་ཉིད་ལ་མངའ་བའི་ཆོས་ཐམས་ཅད་སྩལ། སྤྱིར་ཀྱི་སྟོན་འཇམ་དབྱངས་དང་། མཁས་བཙུན་ཆེན་པོ་ལ་ཆོས་གསན་པ་ནི་མཐའ་ཡས་ཏེ། མིང་ཙམ་འཛིན་པ་ཡང་དཀའོ།།

གཞན་སྟོང་གི་ལྟ་སྒོམ་ཁྱད་པར་ཅན་ནི། མཁའ་སྤྱོད་བདེ་ལྡན་དུ་བཞུགས་པའི་ཚེ་ཐུགས་ལ་འཁྲུངས་པ་ཡིན་ཀྱང་། ལོ་ཤས་ཤིག་གཞན་ལ་མ་གསུངས། གདན་སར་ཕེབས་ནས་ལོ་ཤས་ནས། སྐུ་འབུམ་ཆེན་མོའི་རྨང་འདིངས་པ་དང་། བཟང་ལྡན་གོང་གི་ཆོས་ཁྲིར་བཞུགས། བཤེས་གཉེན་དམ་པ་བཅུ་ལྷག་ལ། སྙིང་པོའི་མདོ་བཅུའི་བཤད་པ་རང་བཞེད་རྩལ་དུ་སྟོན་ནས་རྒྱས་པར་གསུངས། གཞན་སྟོང་སྟོན་པའི་གསུང་རབ་ཐན་ཐུན་ཀྱང་མང་དུ་མཛད། དཔེ་རྣམས་དང་ཆོས་སྐད་ཕྱོགས་ཐམས་ཅད་དུ་ཁྱབ་པས། མཁས་པ་ཕལ་གྱི་བློར་མ་ཤོང་། དངོས་སུ་འབེལ་གཏམ་རྩོད་པ་ཞུས་པ་རྣམས། རྒྱ་མཚོ་ལ་ཁ་བ་བབས་པ་བཞིན་དུ་སོང་བས། དངོས་སུ་མཇལ་བ་རྣམས་གྲུབ་མཐའ་ལ་ངེས་ཤེས་དང་། བླ་མ་ལ་དད་པ་ཐོབ་པ་ཤ་སྟག་བྱུང་། རིང་ནས་ངག་ལོན་དང་རྩོད་ཡིག་བསྐུར་བ་རྣམས་ལ་ཆོས་དང་མཐུན་པའི་ལན་མཛད་པས། ངེས་པ་རྙེད། ཕྱིས་གྲུབ་མཐའ་དེ་རྩོད་བྲལ་དུ་སོང་ནས། ཕྱོགས་བཞིའི་དགེ་བཤེས་དུ་མས་བསྐུལ་ནས། ངེས་དོན་རྒྱ་མཚོ་སོགས་ཡིག་ཆ་ཆེ་བ་རྣམས་མཛད་པ་ཡིན། མཆོད་རྟེན་ཆེན་མོ་བཞེངས་པའི་ཚེ། སྲོག་ཆགས་ཤིན་ཏུ་མང་བ་ལ་ལྗགས་སྔགས་མཛད། སེ་གོལ་རྟོག་པས། སྲོག་ཆགས་གཅིག་ཀྱང་མེད་པར་སོང་ཞིང་། ནམ་མཁའ་འཇའ་འོད་ཀྱི་ཁེངས། ཆུ་མེད་པ་ལ་བཅའ་ལུང་གི་ཕུ་ཆུ་ནར་གྱིས་ཐོན། གཞལ་ཡས་ཁང་གི་ཐོག་ཕུབས་དང་། གདུགས་ཀྱི་ཐོག་ཕུབས་ཀྱང་ཉི་མ་རེ་རེ་ཁོ་ན་ལ་ཁེལ། རླུང་ཤིན་ཏུ་ཆེ་བ་དང་། ཆར་ཞོད་ཆེ་བ་བྱུང་རེས་ལ་བདེན་སྟོབས་བརྗོད་པས། འཕྲལ་ཉིད་དུ་ཞི་བ་ཁོ་ན་བྱུང་། ཆོས་ཁྲིའི་ཁར་ཆོས་གསུང་བ་དང་། བཟོ་བོ་རྣམས་ཀྱི་སར་བཀོད་པ་མཛད་པ་དང་། གཟིམས་ཆུང་དུ་ཐུགས་དམ་ལ་བཞུགས་པ་སོགས། སྐུ་ལུས་ཀྱི་བཀོད་པ་གསུམ་གསུམ་དུས་གཅིག་ཏུ་འབྱུང་བ་ནི་མང་པོས་ཡང་ཡང་མཐོང་། སྐུའི་བཀོད་པ་བརྒྱད་དུས་གཅིག་ཏུ་འགྱུང་བ་ཡང་འགའ་རེས་མཐོང་། སྔ་ཕྱིར་ཇོ་ནང་དང་། ཕུག་མོ་ཆོས་རྫོང་དང་། སྤྱི་བར་ཕུག་གི་བྲག་གི་ངོས་མིས་ཡེ་མི་ཐར་པ་མང་པོར་ཡུད་ཀྱིས་ཕེབས་ནས། མཆོད་རྟེན་མང་པོ་བཞེངས། ལ་ལ་ད་ལྟ་ཡང་སྣང་། ཐོག་མ་ཇོ་ནང་དུ་ཕེབས་པའི་སྐབས་ཉིད་ན་མདའ་ནས་ཡར་ཕེབས་པས། ནམ་མཁའ་ལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་སུ་རྫོགས་པར་གཟིགས། དེ་ནས་བཟུང་ཡི་དམ་ཞལ་གཟིགས་པ་ནི་གྲངས་ལས་འདས་ཏེ་ཆེས་ཆེར་ཡང་མི་མཛད། འཕགས་པ་སྤྱན་རས་གཟིགས་དང་མི་ལབ་པ་བཞིན་ཡོད་ལ། གུར་གྱི་མགོན་པོ་དང་། རྣམ་ཐོས་སྲས་བྲན་བཞིན་འཁོལ། ཕྱག་མཆོད་ཐུགས་དམ་མཛད་རེས་ཀྱི། རིགས་གསུམ་མགོན་པོ་དང་། འཕགས་མ་སྒྲོལ་མ་དང་། སྨན་བླ་དང་། བྱམས་པ་རྣམས་རེ་མོས་ཀྱི་འབྱོན། མཁའ་འགྲོ་རྒྱ་མཚོ་དང་། སྒྱུ་འཕྲུལ་དྲྭ་བ་དང་། སྡོམ་པ་ཆེ་ཆུང་དང་། རྡོ་རྗེ་ཕག་མོ་དང་། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གཟིགས་པ་ཡང་གྲངས་ལས་འདས། བདེ་བ་ཅན་གྱི་སྨོན་ལམ་མཛད་པའི་ཚེ། བདེ་བ་ཅན་གྱི་ཞིང་ཁམས་དངོས་སུ་གཟིགས་པ་དང་། གཟིམས་ཁང་བདེ་བ་ཅན་དུ་གུ་རུའི་ཚེས་བཅུའི་མཆོད་པ་མཛད་པའི་ཚེ། སློབ་དཔོན་པདྨ་མཁའ་འགྲོའི་ཚོགས་དང་བཅས་པ་མངོན་སུམ་དུ་བྱོན་ནས་ཤིས་བརྗོད་མཛད་པ་དང་། མཆོད་རྟེན་བཞེངས་པའི་ལས་ལ་ཞུགས་ཚད་བདེ་བ་ཅན་དུ་འགྲོ་བའི་མཚན་མ་གཟིགས། སྦུན་གསུམ་དུ་བཞུགས་སྐབས། ཐུགས་དམ་གྱི་ལྷ་ཇོ་བོ་བྷུ་གླ་ལ་རབ་གནས་མཛད་པའི་ཚེ། འཇའ་འོད་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་ཤིན་ཏུ་གསལ་བ་ནུབ་ཕྱོགས་ནས་བྱུང་བ་དང་། མེ་ཏོག་གི་ཚོགས་ཁ་དོག་སྣ་ཚོགས་པ་མང་པོ་སྙོན་མེད་དུ་བབས། ནམ་ཕྱེད་སྐུ་འབུམ་ནང་དུ་ཆུ་ཤོར་བ་སོགས་འཕྲན་བུ་རྣམས་ཀྱང་འཕྲལ་འཕྲལ་མཁྱེན་ཅིང་། གོང་མ་ཡོན་མཆོད་ཀྱི་མངའ་ཐང་འགྱུར་ལྡོག་དང་། རྒྱལ་ཁམས་ཀྱི་འགྱུར་ལྡོག་རྣམས་ཀྱང་ཇི་སྐད་གསུངས་པ་བཞིན་ཐོག་ཏུ་ཁེལ། ཧོར་གྱི་སྤྱན་འདྲེན་འབྱུང་བ་ཡང་སྔ་མོ་ནས་དགོངས། སྤྱན་འདྲེན་བྱུང་བའི་ཚེ། ཉིང་རོ་དང་། ཕར་ཕུག་དང་། ན་དུམ་སོགས་སུ་དབེན་པ་ཁོ་ན་བསྟེན་པ་ལོ་བཞི་ཙམ་མཛད། ཕྱིས་རྒྱལ་པོས་ལུང་བཟང་པོ་གནང་སྟེ། ཕེབས་མི་དགོས་པར་བྱུང་ནས། ཤིན་ཏུ་དགྱེས་ཏེ་དགོན་པར་ཕེབས། དེ་ལ་རྗེ་འདིས་ཇོ་ནང་གི་གདན་ས་ལོ་བཅུ་བདུན་མཛད་རིང་། གཙོ་བོར་ཇོ་ནང་ཉིད་དུ་བཞུགས་ཤིང་། སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། སྐུ་འབུམ་བཞེང་པ་དང་། གསུང་སྒྲོགས་དང་། མཆོད་པ་འབུལ་བ་དང་། མཁས་པ་དུ་མ་འདུས་པ་ལ། མདོ་སྔགས་ཀྱི་དབང་དང་གཞུད་བཤད་རྒྱ་ཆེར་སྩལ། ཚོགས་པ་ཡང་སྒྲུབ་པ་སྙིང་པོར་བྱེད་པ་ཁོ་ན་རང་ཡང་ཉུང་དུས་ག་སྟོང་ཙམ་རེ་འཚོག་ཅིང་། སྤྱིར་ཚོགས་པ་ཉུང་དུས་སུ་ཡང་ཉིས་སྟོང་ཙམ་རེ་འདུ་བ་བྱུང་། མང་བ་ལ་ཚད་མེད། མཆོད་རྟེན་བཞེང་པའི་ལས་ཀ་སུ་རེམ་པ་དང་། རྒྱུ་ཚོགས་གཏོང་ཕོད་སུ་ཆེ་བ་ལ་དགེ་སྦྱོར་ཡང་ལྷན་ཏུ་བཟང་བར་བྱུང་། ཆོས་རྗེ་འདི་ལ་ཟབ་ལམ་གྱི་འཁྲིད་ཞུས་པ་ལ། དགེ་སྦྱོར་གྱི་སྣེ་མ་ཟིན་པ་ནི་གཅིག་ཀྱང་མེད། མུ་གེ་བྱུང་བའི་སྐབས། སློབ་མ་ཀུན་ལ་དཀའ་ཐུབ་རིགས་མང་དུ་གནང་། དཔོན་སློབ་ཀུན་གྱིས་མི་ཟས་སྤངས། གསོལ་ཆས་ཐམས་ཅད་འཕོངས་པ་རྣམས་ལ་གནང་། ཕྱིས་ཆོས་རྗེ་ཐུགས་སྲས་ཀླུ་བས་ལོ་ཙཱ་བ་དང་། རྗེ་ཕྱོགས་ལས་རྣམ་རྒྱལ་བས་གདན་ས་མཛད་པའི་རིང་། དབེན་གནས་ངེས་མེད་ཀྱི་རི་ཁྲོད་མང་པོར་ཕེབས་ཤིང་། ཕལ་ཆེར་ནི་ཐུགས་དམ་ལ་བཞུགས་པ་དང་། ཟབ་ལམ་གྱི་འཁྲིད་འདེབས་པའི་འགྲོ་དོན་ཉིད་གཙོ་བོར་མཛད་བར་བར་དུ་ཆོས་གསུང་བ་དང་། རྟེན་བཞེང་པ་དང་། ཡུལ་སོ་སོའི་ལྷ་ཁང་ལ་ཞིག་གསོས་མཛད་པ་ཡང་ཤིན་ཏུ་མང་། ངམ་རིངས་སུ་ཆོས་སྡེ་བཏབ་སྟེ་བཤད་ཉན་གྱི་གྲྭ་བཙུགས། དེར་སྙུང་བ་ཞིག་གིས་རྐྱེན་བྱས། ཞག་བཅུ་གཉིས་ཀྱི་རིང་སངས་རྒྱས་ཀྱི་ཞིང་ཁམས་དང་། ཡི་དམ་གྱི་ལྷ་བགྲང་བར་མི་དཔྱོད་པ་ཞལ་གཟིགས། རིན་ཆེན་སྡིང་གི་ལྕགས་ཟམ་འདྲེ་གདུག་པ་ཞུགས་པ་ཞིག །ཐུགས་རྟོག་མི་མཛད་ན་བསྣོམས་པར་ཞུ་ཞེས་བདག་པོས་ཕུལ་བ་ལ། འདྲེན་ཐག་བཏང་མཚམས། ལྕགས་ཀྱི་ཚུ་ཁ་ནས་བཀའ་ཤོག་བསྒྲགས་པ་ཙམ་གྱིས། ཕ་ཕྱོགས་ཀྱི་ལྕགས་ཐག་རང་ཆད་ལ་སོང་སྟེ། ཚུར་ཕྱོགས་ཀྱི་ཟམ་རྔུར་དུ་ཕུང་གི་བྱུང་བ་སོགས་ཡ་མཚན་པའི་ལྟས་མང་། དབུས་དམག་ཡོད་པའི་སྐབས་ཤིག །ཞག་ཤས་བློ་སྦྱོང་ཁོ་ནའི་ཆོས་གསུངས་ཤིང་། བཟོད་པའི་བསྔགས་པ་འབའ་ཞིག་མཛད། ཆོས་རང་བཞུགས་ཐོག་དམག་རྒྱ་ཙམ་སླེབས། སྐུ་ལ་མདའ་རྡོ་མཚོ་ནི་ཆ་སྣ་ཚོགས་འཕངས་ཀྱང་། ཅུང་ཟད་ཀྱང་མ་སྐྱོན་ཅིང་གཡོ་མེད་དུ་བཞུགས། དེ་ནས་དད་པ་སྐྱེས་ཏེ་བཤགས་པ་ཕུལ། སྐུ་ཚེའི་སྨད་ལ་ནུབ་ཆོས་ལུང་། འུ་ཡུག །སྙེ་མོ། གནམ་སྟོང་ལུང་སོགས་རིམ་པས་བརྒྱུད་ནས། ཁྱད་པར་ལྷ་སར་ཕེབས་ནས་ཟླ་བ་བཅུ་གཅིག་བཞུགས། དབུས་ཕྱོགས་ཀྱི་བླ་མ་སློབ་དཔོན་དགེ་བཤེས་དཔོན་སྐྱ་སྐྱེ་བོ་ཐམས་ཅད་ཀྱི་ཞབས་ལ་གཤུགས། གང་ཕེབས་ཐམས་ཅད་དུ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་འཁྲིད་དང་། སྐྱེ་བོའི་ཚོགས་ལ་སེམས་བསྐྱེད་དང་། ཡིག་དྲུག་གི་ཆོས་ཁོ་ན་གནང་། ལྷ་སར་བཞུགས་རིང་གདོན་གྱི་གནོད་པ་ལ་བཀའ་ཤོག་བསྒྲགས་པ་ཙམ་གྱིས་ཕན་པས། བཀའ་ཤོག་ཞུ་བ་ཉིན་རེ་བཞིན་ཤིན་ཏུ་མང་སྟེ། མང་དུས་བརྒྱ་བརྒྱ་ཙམ་བྱུང་སྐད། ཟབ་ལམ་གྱི་འཁྲིད་ལན་བདུན་གནང་བ་ལ། འཁྲིད་གྲྭ་སྔ་མ་རྣམས་ལ་བརྒྱ་ཙམ། ཉིས་བརྒྱ་ཙམ། ལྔ་བཅུ་ཙམ་ཅི་རིགས་པ་ཡོད་ཅིང་། འཁྲིད་རྟིང་མ་འཁྲིད་མོ་ཆེར་གྲགས་པ་ལ། དམ་པོ་འདེབས་པ་སྟོང་དང་བརྒྱད་བརྒྱ་ལྷག་ཙམ་བྱུང་། གྲངས་སུ་མ་བཅད་པ་ལ་ཟབ་ལམ་སྒོམ་མཁན་དཔག་ཏུ་མེད་དེ། སྤྲང་པོ་ཚུན་ཆད་ཀྱང་ཆོས་ལ་དད་པ་སྐྱེས་ནས། ལས་སྲང་རྣམས་སུ་དབེན་གསུམ་སྒོམ་པ་དང་། སྐྱེ་བོ་སྟོང་ཕྲག་མང་པོ་ལ་མཆོག་དབང་གོང་མ་གནང་བས། མི་རྣམས་ལ་ལྟ་ཅི་སྨོས་སྲང་གའི་ཁྱི་ཚུན་ཆད་ལ་ཡེ་ཤེས་ཕེབས་པའི་རྣམ་འགྱུར་མང་དུ་བྱུང་། གཞན་ཡང་དུས་འཁོར་གྱི་རྒྱུད་འགྲེལ་ཆེན་མོ་ཚར་གཅིག །འབུམ་གྱི་བཤད་པ་ཚར་གཅིག །དབང་མདོར་བསྟན་ཚར་གཉིས། ནཱ་རོ་འགྲེལ་ཆེན་དང་། སེམས་འགྲེལ་ཆུང་བ་ཚར་གཉིས། དབུ་མ་བསྟོད་ཚོགས་ཚར་གསུམ། སྙིང་པོའི་མདོ་བཅུ་དང་། ངེས་དོན་རྒྱ་མཚོ་སོགས་མང་དུ་གསུངས། སྙེ་མོ་ནས་འདིའི་བར་ལ་སྲོག་རྩོལ་གནང་བས་ཉམས་རྟོགས་ཚད་དུ་ཕྱིན་པ་ཡང་ཉིས་བརྒྱ་ལྷག་ཙམ་བྱུང་། ཕྱིར་ཕེབས་པའི་ཚེ། ཕྱག་འབུལ་བར་འོངས་པའི་རྟ་ཁྲོམ་མི་ཁྲོམ་རྐྱང་ཐང་སྒང་ལ་མི་ཤོང་བ་ཙམ་བྱུང་། དེ་ནས་ཀྱི་སྨད་དང་། ཡར་འབྲོག་དང་། ཉང་སྟོད་སོགས་སུ་རིམ་གྱིས་ཕེབས་ནས། དེ་ཀུན་ཏུ་ཡང་ཟབ་ལམ་གྱི་འཁྲིད་མང་དུ་གསུངས། ཤམ་པོ་རྩེ་ལྔ་ལ་བདེ་གཤེགས་སྙིང་པོ་དོན་རྟོགས་པ་མང་དུ་འབྱུང་ཞེས་ལུང་བསྟན། ཐམས་ཅད་མཁྱེན་པ་གཉིས་པ་བུ་སྟོན་ཆེན་པོ་དང་འབེལ་གཏམ་མཛད་པར་བཞེད་ནའང་། བུ་སྟོན་ཆེན་པོས་རྩོད་པ་མཛད་མ་ནུས་ཞེས་གྲགས་པ་ཡང་དོན་ལ་གནས། སྔ་དུས་བུ་སྟོན་ཆེན་པོས་ཇོ་ནང་གི་སྐུ་འབུམ་གཟིགས་པར་བཞེད་ནས། མནལ་ལམ་གཟུང་སྟེ་ཕེབས་པས། ཇོ་མདར་ཕེབས་པ་ན། ཀུན་མཁྱེན་ཆེན་པོས་ཕཊ་ཅེས་གསུངས་པས་མནལ་སད་དེ་གཟིགས་མ་ཐུབ་སོགས་ཀྱི་ལོ་རྒྱུས་ཡོད། གང་ཕེབས་ཐམས་ཅད་དུ་སེམས་བསྐྱེད་དང་། ཡིག་དྲུག་གི་ལུང་ཞུ་བ་དང་། དགེ་བསྙེན་ཕོ་མོ་ཞུ་བ། རབ་བྱུང་བསྙེན་རྫོགས་ཞུ་བ་སོགས་ཀྱང་རྒྱུན་མི་འཆད་པར་བྱུང་། དེ་ནས་ཇོ་མོ་ནང་དུ་ཕྱག་ཕབ་ནས་ལོ་གཉིས་སུ་ཉེ་བ་ན། གཟུགས་སྐུ་དབྱིངས་སུ་བསྡུ་བར་མཛད་དེ། ཐེག་བདུན་དུ་ཐུགས་དམ་མ་གྲོལ་བའི་སྐབས། བར་ཕུག་ནས་འཇད་ཀྱི་བར་གཙང་པོ་ཉིས་ལྡབ་དུ་བྲི། ཐུགས་དམ་གྲོལ་བའི་ཚེ་བྱང་ཆུབ་ཀྱི་སེམས་དབུ་གཙུག་ནས་ལུད་པའི་སྐབས། ཇོ་མདར་ཇ་སྦྱོར་གཅིག་ཙམ་གྱི་ཡུན་གཙང་པོ་གྱེན་དུ་ལོག་ནས་ཆད། དེ་བར་ལ་མི་འགའ་རེས་འགྲོ་འོང་བྱས། སྐུ་མི་འདའ་བའི་སྔོན་ལོ་ལྔ་དང་ཙམ་ནས་བཤང་གཅི་རྒྱུན་ཆད་པ་དང་། སྔ་མོ་ནས་གཏུམ་མོའི་བདེ་དྲོད་ཀྱི་འུར་ལངས་པ་ལ་ཉིན་མཚན་དང་ཐུན་ཐུན་མཚམས་མེད། མ་ཟོས་བཀྲེས་མེད་ཟོས་ཀྱང་བཞེས་པའི་ཚུལ་གྱིས། རེས་འགའ་ཞག་གྲངས་མང་པོར་གསོལ་བ་མི་གསོལ་བ་ཉུང་ངུ་ཙམ་གསོལ་བ་ཡང་མཛད། ནུབ་ཆོས་ལུང་དུ་སྐྱ་སེར་མང་པོ་ལ་བསྙུང་གནས་དཀར་པོ་ཕྱོགས་བརྒྱད་འབོགས་པ་མཛད་སྐབས། གུག་པ་རེའི་བར་དུ་གསོལ་ཇ་ཐུན་རེ་གསོལ་བ་ཙམ་མ་གཏོགས། ཟླ་བ་ཕྱེད་ལ་གསོལ་བ་ཁམ་གཅིག་ཀྱང་མ་གསོལ་ཏེ། སྐུ་ཉམས་སྟོབས་གཞན་པས་བཟང་བར་བྱུང་། མཚལ་གུང་ཐང་དུ་ཕེབས་ནས། ཞག་བདུན་བཞུགས་པའི་སྐབས། ཉིན་རེའི་ནང་དུ་ཚ་དྲོ་མཆོད་པ་ཞུ་མཁན་མང་དུས་བཅུ་བཅུ་ཙམ་དང་། བདུན་བརྒྱད་རེ་འཁོར་མོར་བྱུང་བ་ཀུན་ལ་ཡང་། དེ་ཀུན་གྱི་བློ་ཁ་ཚིམ་པའི་ཕྱིར་གཞན་པས་ལྷག་པར་གསོལ་བ་མཛད་པས། རེས་འགའ་མི་ཉི་ཤུ་ཙམ་རེའི་ཟས་ཀྱི་ཚད་ཙམ་གསོལ། ཡང་མ་འབྱོངས་པའི་རྣམ་པ་ཡེ་མ་བྱུང་བ་དང་། ས་སྐྱའི་སྒོག་རར་དབང་བསྐུར་མཛད་པའི་ཡེ་ཤེས་དབབ་པའི་རོལ་མོ་ཕྱི་རོལ་གྱང་འཆག་པའི་མིས་ཚོར་བ་ལ་ཡང་ཡེ་ཤེས་ཕེབས་པ་དང་། དབང་བསྐུར་མཛད་ཚད་ལ་ཡེ་ཤེས་ཕེབས་པ་དང་། ཤ་གྲག་སེང་སོགས་སྐྱེས་བུ་དམ་པ་དུ་མ་ཞལ་མཐུན་པར་རིགས་ལྡན་གྱི་སྤྲུལ་པར་ལུང་བསྟན་པ་དང་། འཆིམས་བློ་བཟང་གྲགས་པས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུར་དངོས་སུ་གཟིགས་པ་ཡང་ཡང་བྱུང་བ་དང་། ཉེ་གནས་ནམ་མཁའ་བྱང་ཆུབ་ཀྱིས་འཇམ་དབྱངས་དངོས་སུ་མཐོང་བ་དང་། བཅོམ་ལྡན་རྡོ་རྗེ་སྙིང་པོ་དང་། སྣང་བ་དག་པའི་སྒྲུབ་པ་ཕོ་མོ་མང་པོས་སྐུ་ལ་མཚན་དཔེ་རྫོགས་པར་མཐོང་བ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མངོན་གྱུར་དུ་མངའ། དོན་དུ་ནི། འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་པ་ཡིན་པས། རིགས་ལྡན་པདྨ་དཀར་པོ་དང་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་པས། དམ་པ་སོ་སོའི་གཟིགས་སྣང་ལ་བྱུང་བ་ཡང་དེ་སྣང་ཞིང་། རྣམ་པ་གཅིག་ཏུ་ན། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས། རྔ་བོ་ཆེའི་མདོ་དང་། སྤྲིན་ཆེན་པོའི་མདོར་ལུང་བསྟན་པ། ལི་ཙཱ་བི་གཞོན་ནུ་འཇིག་རྟེན་ཀུན་གྱི་མཐོང་ན་དགའ་བ་ཞེས་བྱ་བ། མ་འོངས་པའི་དུས་ན། ཀ་ཡོ་རིའི་རྒྱུད་དུ་སྟོན་པའི་མཚན་འཆང་བ་ལ་དགེ་སློང་དུ་གྱུར་ཏེ། མདོ་སྡེ་དུ་མ་གསལ་བར་བྱེད་ཅེས་སྟོན་པའི་མཚན་ནི། ཀུན་མཁྱེན་ཅེས་ཡོངས་སུ་གྲགས་པ་སྟེ། ཆོས་རྗེ་འདི་ཉིད་ལུང་བསྟན་པར་དངོས་སློབ་རྣམས་བཞེད་པ་ཡང་། དོན་ལ་གནས་པ་ཡིན་ཞིང་། ཆོས་རྗེ་ཉིད་ཀྱིས་ཀྱང་དོན་གྱི་ཞལ་གྱི་བཞེས་པར་མངོན་ནོ། །དེའི་ཕྱིར། སྐུ་གསུང་ཐུགས་དང་མཛད་པ་གསང་བ་མཐའ་དག་དེ་བཞིན་གཤེགས་པ་ཁོ་ནའི་སྤྱོད་ཡུལ་ལོ། །

ཆོས་རྗེ་ཐམས་ཅད་མཁྱེན་པ་འདི་ལ། རིགས་ལྡན་གྱི་སྤྲུལ་པ་ཡིན་པའི་སྙན་གྲགས་ཆེ་བ་དང་། དཔལ་དུས་ཀྱི་འཁོར་ལོའི་ཆོས་ཀྱི་མངའ་བདག་ཆེན་པོར་མངོན་སུམ་དུ་བཞུགས་པ་ལ་རྟེན། དུས་མཉམ་གྱི་དགེ་བཞེས་ཕལ་མོ་ཆེ་ཞིག་གིས། ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་ཡིན། དབང་རྒྱུད་མན་ངག་རྫོགས་པར་གསན་པ་ཡང་སྟོང་ཕྲག་མང་པོ་དང་། དབང་དང་འཁྲིད་ཆ་ཚང་བ་ཐོབ་པ་ཁྲི་ཕྲག་བརྒལ་བ་དང་། མཆོག་དབང་གོང་མ་དང་། སོ་སོར་སྡུད་པའི་འཁྲིད་གསན་ཅིང་ཉམས་མྱོང་སྐྱེས་པ་ནི་བགྲང་བར་མི་སྤོགས་པ་ཙམ་ཡོད་པར་གྲགས་ཤིང་། སྤྱིར་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད། སྒོས་སུ་བོད་ཀྱི་རི་སུལ་ཐམས་ཅད་རྡོ་རྗེའི་རྣལ་འབྱོར་གྱི་སྒྲུབ་པ་པོས་ཁྱབ་པ་དང་། བཤད་ཉན་གྱི་གྲྭ་ཐམས་ཅད་དུ། སྙིང་པོའི་མདོ་དང་རྒྱུད་བླ་མའི་བསྟན་བཅོས་ལས་བརྩམས། ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ། བདེ་གཤེགས་སྙིང་པོ་སེང་གེའི་སྒྲས་ཁྱབ་པར་མཛད་དེར། རྔ་བོ་ཆེའི་མདོ་ལས་ལུང་བསྟན་པ་བཞིན་དུ། ལོ་བརྒྱད་ཅུ་ལྷག་གི་བར་དུ་དེ་ལྟ་བུའི་རྒྱུན་གནས་པར་གྱུར་ལ། དེ་རྗེས་ལྟ་བ་མཐོ་རུ་རེ་ཞིང་དྲང་དོན་ཀུན་རྫོབ་ལ་ལྷག་པར་ཆེན་པའི་ངང་ཚུལ་ཅན། སྙན་གྲགས་དང་། དབང་ཐང་དང་། འཁོར་ཚོགས་བསྡུ་བའི་བགོ་སྐལ་ཅན་མང་དུ་བྱོན་པ་ལ་རྟེན། སྔོན་བཞིན་གསལ་བར་མ་གྱུར་ཀྱང་། དུས་ཀྱི་ཐ་མའི་ཐ་མ་ད་ལྟའི་བར་དུ་ཡང་། རྡོ་རྗེའི་རྣལ་འབྱོར་སྒོམ་པ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་སྲོལ་ཁ་མ་ནུབ་ཙམ་ཡོད་ཅིང་། བར་སྐབས་སུ་མང་དུ་བྱུང་བ་ནི་དམ་པ་འདི་ཁོ་ནའི་དྲིན་ནོ།།

ཡང་དམ་པ་འདིས་དང་པོ་ས་སྐྱར་འཆད་ཉན་ལ་ཐུགས་གཞོལ་བའི་ཚེ། ཀ་ཆེན་བཞི་དང་། རིགས་ཚོགས་ལྔ། དབུ་མ་འཇུག་པ། བྱམས་ཆོས་ཕྱི་མ་བཞི་རྣམས་ལན་མང་དུ་གསུངས། སྔ་ཕྱིར་གཞུང་འཕྲན་མི་གཅིག་པ་ཡང་བཅུ་ཙམ་གསུངས། ཕྱིས་སྒྲུབ་པ་ལ་ཐེགས་ནས། སྟར་ཆགས་སུ་སྐྱོང་བའི་འཆད་ཉན་གྱི་གྲྭ་འཛུགས་པ་ནི་ཡེ་མི་མཛད། དོན་གཉེར་མཁས་པ་མང་པོ་འདུས་པ་ལ། བྱམས་ཆོས་སྡེ་ལྔ་དང་། དབུ་མ་བསྟོད་ཚོགས་དང་། འབུམ་དང་། སྙིང་པོའི་མདོ་རྣམས་དང་། འགྲེལ་ཆེན་དྲི་མ་མེད་པའི་འོད་སོགས་སེམས་འགྲེལ་སྐོར་གསུམ་དང་། དབང་མདོར་བསྟན་ཀྱཻ་རྡོ་རྗེ་ནཱ་རོ་འགྲེལ་ཆེན་རྣམས་ཡང་དང་ཡང་དུ་གསུངས། དབུ་མ་རྩ་བ་དང་། སྤྱོད་འཇུག །བསླབ་བཏུས། ཀྱཻ་རྡོར་རྒྱུད་གསུམ། མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་འཕྲེང་བ། གསང་འདུས་སྒྲོལ་གསལ། དམར་ནག་འཇིགས་གསུམ་སོགས་ཀྱང་། ལན་རེ་རེ་གཉིས་གཉིས་གསུངས། སོ་སོའི་འདོད་པ་དང་མཐུན་པར། དཀྱིལ་འཁོར་གྱི་ཆོ་ག་རྡོ་རྗེ་འཕྲེང་བའི་དབང་རྣམས་དང་། བདེ་དགྱེས་གསང་འདུས་གཤིན་རྗེ་གཤེད། རྡོ་རྗེ་དབྱིངས་དང་། རྟ་མགྲིན་ཕུར་པ་སོགས་གསང་སྔགས་གསར་རྙིང་གི་དབང་ཟུར་བཀའ་ཡང་མང་དུ་གནང་། གདམས་ངག་འཁྲིད་ཚུལ་ཐ་དད་པ་ཡང་མང་དུ་གསུང་མོད་ཀྱི། གཙོ་བོར་ཤེར་ཕྱིན་གྱི་མདོ་དང་། མངོན་རྟོགས་རྒྱན། སྙིང་པོའི་མདོ་དང་རྒྱུད་བླ་མ། དུས་ཀྱི་འཁོར་ལོའི་དབང་ཁྲིད། སེམས་འགྲེལ་སྐོར་གསུམ་གྱི་བཤད་པ་དང་བཅས་པ་རྣམས་རྟག་ཏུ་གསུང་བ་ལྟ་བུ་ཡིན་ཞིང་། ཐེག་པ་མཐའ་དག་གི་ངེས་པའི་དོན་ཡང་དེ་དག་ལས་བརྩམས་ཏེ་གསུང་ངོ་། །འོན་ཀྱང་རེས་འགའ་ནི་སྒྲུབ་པ་ཁོ་ན་ལ་ཐུགས་གཞོལ་བར་ཡང་མཛད། ཆོས་གསུང་བའི་དུས་ན་ཡང་། གཟིགས་རྟོག་བཤར་སྦྱང་། ཐུགས་བསམ་སོགས་མཛད་མི་དགོས་ཏེ། ཆོས་གྲྭར་ཕེབས་པའི་དུས་དང་། ཞལ་བཀོད་སོགས་གང་དགོས་པའི་དུས་དེ་ཀ་མ་གཏོགས། ཟབ་མོའི་རྣལ་འབྱོར་ཁོ་ན་ལ་བཞུགས་སོ། །སྔོན་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་རྫོགས་པར་ནན་ཏན་དང་བཅས་པས་ཚར་གཅིག་གཟིགས། དེ་ཀས་དོན་ཐམས་ཅད་མ་འདྲེས་པར་ཐུགས་སུ་ཆུད། སྐུ་འཁོར་འགའ་ཞིག་གིས། བླ་མ་པའི་མཁྱེན་རླབས་འདི་ལ། མཁན་ཆེན་བུ་སྟོན་པའི་གཟིགས་རྟོག་གི་ཐུགས་རྩོལ་དང་། འཆད་ཉན་ལ་ཐུགས་གཞོལ་བ་འདི་ཡོད་ན། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་གཅིག་ཡོང་བྲུར་གདའ་ཞུས་པས། སྤྱིར་ཆོས་འདི་རྣམས་བསླབས་པས་གོ་བ་ཁོ་ན་རང་ཡང་སྨོན། ཚོགས་སྒོར་དུ་མ་ནས་བསོག་ཅིང་། བསྒོམས་ན་གོ་བ་ལགས། ད་ལྟ་སྙིང་པོ་བསྡུ་བའི་སྐབས་འདིར། སྒྲུབ་པ་ཁོ་ན་ཕན་ཡོན་ཆེ་བ་ཡིན་མོད་གསུང་ངོ་།།

དེ་ལྟར་ན་དམ་པ་འདི་ལ་སྤྱིར་སློབ་མའི་ཚོགས་མཐའ་ཡས། ཐུན་མོང་མ་ཡིན་པའི་དགོངས་པ་སྐྱོང་བའི་སློབ་མ་རང་ཡང་ཤིན་ཏུ་མང་། གཙོ་བོར་གྱུར་པ་ལོ་ཙཱ་བ་བློ་གྲོས་དཔལ་དང་། ས་བཟང་ལོ་ཙཱ་བ་མ་ཏི་པཎ་ཆེན་གཉིས་ལ་ཐུགས་སྲས་རྣམ་གཉིས་སུ་གྲགས། ཀུན་སྤངས་ཆེན་པོ་ཆོས་གྲགས་དཔལ་བཟང་ཞབས་ཏོག་ཤིན་ཏུ་ཆེ། འདིས་ཀྱང་ལོ་ཙཱ་ཚད་དུ་ཕྱིན་པ་མཁྱེན། ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ། མཁན་ཆེན་རིན་ཆེན་ཚུལ་ཁྲིམས། ཞང་སྟོན་བསོད་ནམས་གྲགས་པ། མཁས་གྲུབ་དཀོན་མཆོག་རྒྱལ་མཚན། ཡར་ལུང་པ་ཆོས་དཔལ་མགོན་པོ་རྣམས་འཕྲིན་ལས་ཀྱི་རྒྱུན་རྒྱ་ཆེར་སྐྱོང་མཁན་ཡིན་ཞིང་། དེ་དག་ལས།

ཆོས་རྒྱལ་ཕྱོགས་ལས་རྣམ་རྒྱལ་ནི། ཡ་ཚེ་རྒྱལ་པོའི་བླ་མཆོད་བླ་ཆེན་ཞིག་གི་སྲས་སུ་འཚར་ཀའི་རོང་དུ་སྐུ་འཁྲུངས། ལོ་ཤས་གསང་བའི་ཚུལ་དུ་བཞུགས། དེ་རྗེས་བློ་བོར་བྱོན། ཡབ་དང་ཁུ་བོ་སོགས་ལས་སྔགས་ཆོས་མང་པོ་དང་། དབུ་མ་རྩ་འཇུག་གཉིས་སྤྱོད་འཇུག་དང་བཅས་པ་མཁས་པར་སྦྱངས། གཞོན་ནུའི་དུས་དེ་ཉིད་དུ་ཚོགས་པ་རྣམས་ལ་བཤད་པས། ངོ་མཚར་དུ་གྱུར། དེ་ནས་དབུས་གཙང་དུ་འབྱོན་པར་བཞེད་པ་ལ། རེ་ཞིག་བླ་མས་བཀས་མ་གནང་ཡང་། ཡིད་ཀྱིས་ཡང་ཡང་གསོལ་བ་བཏབ་སྟེ། གཅིག་པུར་བྲོས་ནས་བྱོན། གུང་ཐང་དུ་དཔང་ལོ་ཆེན་པོ་དང་མཇལ། ས་སྐྱར་བྱོན་ཏེ། དེ་ལོ་འཆད་ཉན་རྐང་ཚུགས་པར་མི་འདུག་ནས། བྲག་རམ་དུ་བྱོན། ལོ་གཅིག་ཕར་ཚད་དབུ་གསུམ་ལ་སྦྱངས་པ་མཛད་པས་མཁས་པར་མཁྱེན། དེ་ནས་དབུས་ཀྱི་གུང་ཐང་དུ་བྱོན། ལོ་གཉིས་ཀྱི་རིང་སྦྱངས་པ་ཆེར་མཛད། གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས། དགུང་ལོ་ཉེར་གཅིག་པ་ལ་དབུས་གཙང་གི་གྲྭ་ས་ཐམས་ཅད་དུ་གྲྭ་བསྐོར་མཛད། སྐུ་གཞོན་ནུ་གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་། ཐུགས་གསལ་བ་དང་། བརྗོད་པ་གཙང་བ་དང་། རྩོད་པ་བཟང་བ་ལ་འགྲན་གྱི་དོ་མེད་དུ་གྲགས། འཚལ་པའི་དཔོན་དགའ་བདེས། ཕྱོགས་ལས་རྣམ་རྒྱལ་དུ་མཚན་གསོལ། འཚལ་གུང་ཐང་གི་ཟུར་ཆོས་ཀྱང་མཛད། སླར་ཡང་བྲག་རམ་དུ་བྱོན་པ་ཞིག་ལ། ཇོ་ནང་དུ་ཀུན་མཁྱེན་ཆེན་པོ་དང་མཇལ་ནས། གཞན་སྟོང་གི་གྲུབ་མཐའ་ལ་ལུང་རིགས་ཀྱི་བརྟག་དཔྱད་བྱེད་དགོས་དགོངས་ཏེ་ཕེབས་པས། ཀུན་མཁྱེན་སྐུ་འབུམ་ལ་བསྐོར་བ་མཛད་པ་དང་མཇལ། འབེལ་གཏམ་མཛད་པར་ཞུས་པས་ཤིན་ཏུ་དགྱེས་ཏེ། བླ་བྲང་དུ་ཞག་བདུན་ཙམ་གྱི་རིང་ལ་འབེལ་གཏམ་ཤིན་ཏུ་འཕེལ་བར་མཛད་པས། གཞན་སྟོང་གི་གྲུབ་མཐའ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་ངེས་པ་རྙེད། གཞན་སྟོང་གི་འགོག་བྱེད་ཀྱི་རྩོད་པ་རྣམས་ནི། རྣམ་པར་རྟོག་པའི་རི་མོ་ཙམ་ལས་དོན་ལ་མི་གནས་པར་མཁྱེན། ཀུན་མཁྱེན་ཆེན་པོ་ལ་མི་ཕྱེད་པའི་དད་པ་འཁྲུངས། དེ་སྐབས་ཆོས་འབྲེལ་ཅི་རིགས་པ་གསན་ནས་ཐེགས། སླར་དུས་ཀྱི་འཁོར་ལོ་རྒྱུད་སོགས་ཐུགས་ལ་བཟུང་ནས་ཇོ་ནང་དུ་ཕེབས། དུས་ཀྱི་སྙེན་ར་ལོའི་དབང་ཞུས། ཟབ་ལམ་གྱི་འཁྲིད་བསྐྱངས་པས། ཉམས་རྟོགས་ཕུན་སུམ་ཚོགས་པར་འཁྲུངས། རྒྱུད་འགྲེལ་ལ་སྦྱངས་པས་ཚེགས་མེད་པར་མཁྱེན། ཀུན་མཁྱེན་ཆེན་པོ་ལ་དབང་དང་མདོ་སྔགས་ཀྱི་བཤད་པ་དཔག་ཏུ་མེད་པ་གསན། ལོ་མང་པོར་མཆོད་གཡོག་ཀྱང་མཛད། བུ་སྟོན་ཆེན་པོ་ལ་ཡང་། ཕར་ཕྱིན་དང་མཚན་བརྗོད་གསན། ཤུག་ཕུག་ཏུ་བཤད་སྒྲུབ་ཀྱི་གྲྭ་ཆུང་དུ་སྐྱོང་ཞིང་ལོ་ཤས་བཞུགས། ངམ་རིང་གི་ཆོས་དཔོན་མཛད་ནས་ཕར་ཚད་ལ་བསྟན་བཅོས་ཀྱང་མང་དུ་མཛད། འཆད་ཉན་འཕེལ་བར་བཞུགས་སྐབས། ལོ་ཙཱ་བ་བློ་གྲོས་དཔལ་སྐུ་འདས་ནས། ཇོ་ནང་གི་གདན་ས་ལོ་དྲུག་མཛད། ངམ་རིང་གི་ཆོས་དཔོན་དང་ཇོ་ནང་གི་གདན་ས་ལྷན་ཅིག་ཏུ་བཞུགས་ནས། སེ་མཁར་ཆུང་དུ་གཙོ་བོར་ཐུགས་དམ་ལ་བཞུགས། དེ་ནས་ལོག་འགའ་ནས་ཀུན་མཁྱེན་ཆེན་པོ་གཤེགས། དེ་རྗེས་མི་རིང་བར། ཚལ་གུང་ཐང་དང་། ཡར་ཀླུངས་སོགས་དབུས་ཀྱི་ཕྱོགས་རྣམས་སུ་དུས་ཀྱི་འཁོར་ལོའི་ཆོས་རྒྱ་ཆེར་སྤེལ། ཕྱིས་སྐུ་ཚེའི་སྨད་ཀྱི་དུས་སུ། སླར་ཡང་ཇོ་མོ་ནང་གི་གདན་ས་མཛད། མངོན་མཁྱེན་ཐོགས་མེད་མངའ། གཙང་ནས་སེ་ཁར་ཆུང་དུ་ཕེབས་པ་ཞིག་ལ། ནམ་སྲོད་ཁྱེར་བ་ལ་མདོག་ཆུའི་འགྲམ་དུ་ཕེབས། འཁོར་གཡོག་རྣམས་ཀྱི་གནས་ཚད་དུ་བཞུགས་པར་ཞུས་པ་ལ། འཕྲལ་དུ་ཐེགས་པའི་ཞལ་ཏ་མཛད་དེ། དེ་འཕྲལ་ཀོ་བ་སོགས་གང་ཡང་མེད་པར་སྐུ་རྐྱང་ཆུའི་ཕ་ཁར་ཕེབས། དེ་རྗེས་འཁོར་གཡོག་རྣམས་ཀྱང་ནམ་ཕྱེད་དེ་ཁར་ཀོ་བ་ལ་རྟེན་ནས་ཡོངས་པས། ནམ་ལངས་མ་ཐེག་བལྟས་དུས། ཆུའི་ཕ་ཁ་ཐམས་ཅད་དམག་གིས་ཁེངས། དེ་འདྲ་བའི་ལོ་རྒྱུས་མང་། དགུང་ལོ་བདུན་དུ་དོན་གསུམ་པ་ལ། ཐམས་ཅད་ཀྱི་སྐུ་དོག་ཆེ་ཟེར་ཞིང་། སྐུ་ཁམས་བག་ཙམ་བསྙུང་བ་ལ། རིམ་གྲོ་མཛད་པར་ཞུས་པས། དེ་ཡང་རུང་སྟེ། ལོ་བརྒྱད་ཅུ་གྱ་གཅིག་གི་བར་བསྡད་པས་ཆོག་གསུང་བ་དང་། བདུན་ཅུ་དོན་དགུ་པའི་གཞུག་ལ། སྐུ་ཁམས་ཤིན་ཏུ་བསྙེལ་བའི་སྐབས། ད་ལོ་མི་འཆི་བའི་རང་དབང་ཡོད་གསུང་། བརྒྱད་ཅུ་པ་ལ་སྐུ་ཁམས་ཤིན་ཏུ་བཟང་བ་ལ། ད་ཀུན་སྐུ་ཁམས་བཟང་བར་གདའ། ལོ་ཤས་བློ་བདེ་ཞུས་པས། ད་ལོ་ཁམས་བཟང་སྟེ། ད་བཟོད་ངེས་པར་འགྲོ་དགོས་པ་ཡིན་གསུང་། ཐམས་ཅད་ཐོགས་ཏུ་ཁེལ། དེ་སོགས་ཡོན་ཏན་དཔག་ཏུ་མེད་པ་མངའོ། །

དེ་ལ་ཞལ་སློབ་འགྲོ་དོན་ཅན་ཤིན་ཏུ་མང་ཡང་། ཉ་དབོན་ཀུན་དགའ་དཔལ་ནི། ཁམས་པའི་དགེ་བཤེས་ཉ་དར་མ་རིན་ཆེན་ཞེས་བྱ་བའི་དབོན་པོ་ཡིན། ཆུང་ངུ་ནས་མཁྱེན་རབ་ཤིན་ཏུ་ཆེ། ཆོས་རྗེ་ཀུན་མཁྱེན་ཆེན་པོ་དང་ཡང་ཡང་མཇལ། དགོངས་དོན་ཐུགས་སུ་ཆུད་ཅིང་། མོས་གུས་ཆེན་པོ་ཞིག་ཡིན་པ། དགུང་ལོ་ཉི་ཤུ་སྐོར་ལ། ཕྱག་ཞབས་གོང་སྟེ་འབྱོན་མ་ཐུབ། ཀླུ་གདོན་གྱི་རྟོག་པ་བྱུང་། ཀུན་མཁྱེན་ཆེན་པོ་ས་སྐྱར་ཕེབས་པ་ཞིག་ལ། གྲོགས་ཀྱི་ཁུར་ནས་བྱིན་རླབས་ཞུ་རུ་བྱོན། བྱིན་རླབས་གནང་། ལྗགས་བཏབ་ཙམ་གྱིས་བསྙུང་གཞི་ལས་འཕྲལ་དུ་གྲོལ། ཕྱིས་མདོ་སྔགས་ཀྱི་གཞུང་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་རིག་པའི་དབང་ཕྱུག་ཆེན་པོར་གྱུར། རྗེ་ཕྱོགས་ལས་རྣམ་རྒྱལ་ཡུན་རིང་དུ་བསྟེན། ཉམས་རྟོགས་ཀྱང་མཐར་ཕྱིན་པ་བརྙེས། དུས་འཁོར་སོགས་མདོ་སྔགས་ཀྱི་ཆོས་མང་པོ་གསན། ས་སྐྱར་འཆད་ཉན་ཡུན་རིང་དུ་མཛད། སྐུ་ཚེའི་སྨད་ལ་བློ་གསལ་དྲུག་བརྒྱ་ཙམ་གྱིས་བསྐོར་ནས། རྩེ་ཆེན་གྱི་ཆོས་སྡེ་བཏབ། བཤད་སྒྲུབ་གཉིས་ཀ་ཤིན་ཏུ་འཕེལ་བར་མཛད་དོ། །

གྲུབ་ཆེན་ཀུན་བློ་ནི། ཤར་ཁ་བའི་སྐུ་རུས་སུ་འཁྲུངས། ཕར་ཚད། མངོན་པ། འདུལ་བ། དབུ་མ་སོགས་མདོ་ཕྱོགས་རྣམས་དང་། དཔལ་དུས་ཀྱི་འཁོར་ལོའི་བཤད་སྒྲུབ་རྣམས་ཉ་དབོན་ཆེན་པོ་ཁོ་ན་ལ་གསན། གཞན་བླ་མ་དམ་པ་མང་དུ་བསྟེན་ཅིང་། དབང་གདམས་ངག་མཐའ་ཡས་པ་ལ་མངའ་བརྙེས། རྒྱལ་པོའི་རིགས་སུ་འཁྲུངས་ཀྱང་སྲིད་ལ་མ་ཆགས་པས། སྤ་གྲོ་ལ་སོགས་པ་ཡུལ་ཐག་རིང་པོ་དང་། བས་མཐའ་རྣམས་སུ་སྒྲུབ་པ་ཁོ་ན་ལ་ཐུགས་གཞོལ། རང་གི་དཔོན་རིགས་རྩེ་ཤར་ནུབ་གཉིས་ཀྱི་འཁྲུག་པར་དུས་མི་བདེ་བ་ལ། ཕན་བདེའི་བཀས་ཁྱད་པར་མཛད། སྐུ་ཚེའི་སྨད་ལ་འཁྲུལ་ཞིག་ཆེན་པོར་བཞུགས་ཤིང་། བུ་སྟོན་ཆེན་པོའི་སྐྱེ་བ་ཡིན་པར་གྲགས་སོ། །

འཇམ་དབྱངས་དཀོན་མཆོག་བཟང་པོ་ནི། འཁྲུངས་ས་ལ་སྟོད་བྱང་པ། རྩ་བའི་གྲྭ་ས་བཟང་ལྡན་ཡིན། ས་སྐྱ་སོགས་གྲྭ་ས་གྲགས་ཆེ་བ་ཕལ་ཆེར་དུ་བྱོན། མཁན་ཆེན་འཇམ་དབྱངས་རིན་རྒྱལ་པ་ལས་ས་སྐྱ་པའི་ཆོས་རྣམས་གསན། གྲུབ་ཆེན་ཀུན་དགའ་བློ་གྲོས་ལ་དུས་ཀྱི་འཁོར་ལོ་སོགས་ཟབ་དོན་མཐའ་དག་གསན། སི་ཏུ་རབ་བརྟན་ཀུན་བཟང་འཕགས་ཀྱི་བླ་མར་བཀུར། ཉང་སྟོད་ཀྱི་ཆོས་སྡེ་གསར་པའི་ཆོས་དཔོན་མཛད། ཇོ་ནང་པའི་གྲྭ་ཚང་གསར་དུ་བཙུགས། ཕྱིས་རྩེ་ཤར་ནུབ་གཉིས་ཀར་གྱིས་གུས་པས་བཏུད། ཆོས་སྡེ་གཉིས་ཆར་དང་ཇོ་ནང་གི་གདན་ས་ཡང་མཛད། གྲུབ་མཐའི་ཆགས་སྡང་ལས། མཁས་གྲུབ་དགེ་ལེགས་དཔལ་བཟང་དཔོན་སློབ་ཀྱིས་བྱད་ཁ་བྱས་པ་ཡང་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་དང་། རྡོ་རྗེའི་བཟླས་པ་སྤེལ་བས། བྱད་ཁ་ཕྱིར་ལོག་སྟེ། མཁས་གྲུབ་དགེ་ལེགས་དཔོན་སློབ་རྣམས་མི་རིང་བར་གྲོ་ངེས། ལྷ་ཆེན་བཟང་ར་དམ་ལ་བཏགས། དེ་སོགས་ཡ་མཚན་བའི་ལོ་རྒྱུས་མང་། བླ་མ་ས་སྐྱ་བ་ཆེན་པོའི་སྤྲུལ་པར་གྲགས་སོ།།

མཁས་གྲུབ་ནམ་མཁའ་ཆོས་སྐྱོང་ནི། རབ་བྱུང་བསྙེན་རྫོགས་མཛད་ས་དང་། རྩ་བའི་གྲྭ་ས་གྲྭ་ཚང་ཆེན་མོ་ཡིན། ཀུན་མཁྱེན་ནམ་བསོད་ཆེན་མོ་ལ་མཚན་ཉིད་ཀྱི་གཞུང་རྣམས་མཁས་པར་སྦྱངས། སླར་འཇམ་དབྱངས་དཀོན་མཆོག་བཟང་པོའི་ཆོས་གྲྭར་བྱོན། ཆོས་དང་གང་ཟག་ཐམས་ཅད་ལ་དད་མོས་འཁྲུངས། མཚན་ཉིད་ཀྱི་གཞུང་རྣམས་ལ་མཁས་ཉན་མཛད། གཞན་སྟོང་གི་གྲུབ་མཐའ་རྣམས་ལ་ངེས་པ་གཏིང་ནས་ཚུགས། སྦྱོར་བ་ཡན་ལག་དྲུག་པ་ཞུས་ཏེ་ཉམས་རྟོགས་ཀྱང་ཤིན་ཏུ་བཟང་། དུས་ཀྱི་འཁོར་ལོའི་རྒྱུད་གཞུང་ལ་ཡང་མཁས་པར་སྦྱངས། ངམ་རིང་ཚལ་གུང་སོགས་འཆད་ཉན་ཆང་ཆུང་འགའ་རེའི་སར་ཕེབས། རྩེ་ཤར་ནུབ་གཉིས་དང་། ཁྱད་པར་སེང་གེ་རྩེ་བས་ཡོན་བདག་གི་མཐིལ་བྱས། རྩེ་ཆེན་དང་ཇོ་ནང་གི་གདན་ས་ཡུན་རིང་དུ་མཛད། བཤད་སྒྲུབ་ཀྱི་བསྟན་པ་གཉིས་ཀར་བཟུང་། སྐུ་འབུམ་ཆེན་མོའི་ཆོས་འཁོར་བཅུ་གསུམ་གསེར་ཟངས་ཀྱི་གཡོག་པར་མཛད་དོ།།

པཎ་ཆེན་ནམ་མཁའ་དཔལ་བཟང་ནི། གྲུབ་མཐའ་རྩ་བ་ས་སྐྱ་བ་ཡིན། མུས་པ་རབ་འབྱམས་པ་ཐུགས་རྗེ་དཔལ་བཟང་གི་གྲྭ་སར་སློབ་གཉེར་མཛད། བརྒྱ་སྡེར་འཆད་ཉན་ཡང་ལོ་ཤས་ཚུགས་པ་བྱུང་། བདག་ཆེན་རྣམ་རྒྱལ་གྲགས་པའི་སློབ་མ་ཤངས་སྟོན་པ་བྱ་བ་ལ། ལྷུན་སྡིངས་སུ་དུས་འཁོར་བྱང་ལུགས་དེ་ཤིན་ཏུ་མཁས་པར་སྦྱངས། རྒྱལ་བ་ནམ་མཁའི་མཚན་ཅན་ལ་སྦྱོར་དྲུག་གི་མན་ངག་ཇོ་ནང་པའི་རང་ལུགས་འདི་སྔ་དུས་ཅིག་གསན་པས་ཉམས་རྟོགས་བཟང་པོར་འཁྲུངས་པ་ཡིན། འབྲས་སྤུངས་ཀྱི་དགོན་པ་བཏབ་ནས་འགྲོ་དོན་ཅུང་ཟད་མཛད་དོ།།

དེ་ལ་ལོ་ཆེན་རཏྣ་བྷ་དྲས་ཞུས། དེ་ལ་རྗེ་བཙུན་གྲོལ་མཆོག་གིས་གསན། དེ་ལ་མཁན་ཆེན་ལུང་རིགས་རྒྱ་མཚོས་གསན། དེའི་དྲུང་དུ་དངོས་ཀྱིས་ཐོབ་སྟེ། འདི་མན་ངག་ཁོ་ནའི་བརྒྱུད་པ་ཡིན་ནའང་། ཉམས་རྟོགས་ཀྱི་རྒྱུན་མ་ཆད་པ་ཡིན་པས་རྩིས་སུ་བྱས་ལ། ཡང་དབང་རྒྱུད་མན་ངག་གསུམ་ཀར་བཀའ་ཅིག་པའི་དབང་དུ་བྱས་ན། འཇམ་དབྱངས་དཀོན་མཆོག་བཟང་པོ་ལ། འཇམ་དབྱངས་ཆོས་དབང་གིས་གསན་ཏེ། མཁས་པ་དེ་ནི། སྤྱིར་མདོ་སྔགས་ཀྱི་གཞུང་ལུགས་ཐམས་ཅད་ལ་མཁས་ཤིང་། ཁྱད་པར་ཕར་ཕྱིན་ཇོ་ནང་ཀུན་མཁྱེན་ཆེན་པོའི་རང་ལུགས་ཐུན་མོང་མ་ཡིན་པ་འདི་དང་། དུས་ཀྱི་འཁོར་ལོ་ལ་ཤིན་ཏུ་མཁས། སྦྱོར་དྲུག་ལ་ཉམས་རྟོགས་བཟང་པོ་མངའ། གུར་གྱི་མགོན་པོ་ཞལ་གཟིགས། བཟང་ར་སོགས་འཇིག་རྟེན་གྱི་ལྷ་འདྲེ་དྲེགས་པ་མང་པོས་ཞབས་ལ་བཏུད། དང་པོར་ཁང་གསར་གི་འཆད་ཉན་མཛད་ཅིང་། ཕྱིས་ཆོས་སྡེ་ཆེན་པོའི་གདན་ས་ཡུན་རིང་དུ་མཛད་དོ།།

དེ་ལ་དབོན་ཆེན་ཆོས་ཀྱིས་སེང་གེ་གི་ཞུས། དེ་ལ་མཁས་གྲུབ་སངས་རྒྱས་ཡེ་ཤེས་ཀྱི་ཞུས། དེ་ལ་མཁས་གྲུབ་བྱམས་པ་ལྷུན་གྲུབ་ཀྱིས་གསན། དངོས་ཀྱིས་མཁས་གྲུབ་སངས་རྒྱས་ཡེ་ཤེས་ལ་རས་བྲིས་ཀྱི་དཀྱིལ་འཁོར་དུ་དབང་ཙམ་མནོས། བྱམས་པའི་མཚན་ཅན་ལ། རྡུལ་ཚོན་གྱི་དཀྱིལ་འཁོར་ལ་རྟེན་དབང་ཡོངས་སུ་རྫོགས་པ་དང་། རིམ་པ་གཉིས་ཀྱི་བཤད་པ་རྒྱུད་འགྲེལ་དང་བཅས་པ་ཐོབ་བོ། །ཡང་འཇམ་དབྱངས་དཀོན་མཆོག་བཟང་པོ། འཇམ་དབྱངས་ཆོས་དབང་། མཁན་ཆེན་ཀུན་དགའ་དཔལ་འབྱོར། མཁན་ཆེན་དཀོན་མཆོག་རིན་ཆེན་རྣམས་བརྒྱུད་ནས། མཁན་ཆེན་ལུང་རིགས་རྒྱ་མཚོའི་དྲུང་དུ། མངོན་རྟོགས་དཔག་བསམ་ལྗོན་ཤིང་དང་། དཀྱིལ་ཆོག་ཡེ་ཤེས་རྒྱ་མཚོ་ཀླགས་ཆོག་གི་སྟེང་ནས་དབང་རྫོགས་པར་ཞུས། གཞན་ཡང་སྦྱོར་དྲུག་གི་ལུང་སོགས་ཐན་ཐུན་ཞུས་པའི་བླ་མ་འགའ་རེ་ཡོད་དེ། བརྒྱུད་པ་དེ་རྣམས་ནི་ཇོ་ནང་བའི་ལུགས་ཡིན་ལ། བུ་སྟོན་རིན་པོ་ཆེའི་ལུགས་ཀྱི་དབང་རྣམས་ཡོངས་སུ་རྫོགས་པར། རྡོ་རྗེ་སློབ་དཔོན་ཆེན་པོ་དཔལ་ལྡན་ཆོས་བཟང་ལ་མནོས་ཤིང་། ཡན་ལག་དྲུག་པའི་གདམས་པ་གྲུབ་ཐོབ་ཞི་བ་སྦས་པའི་ལུགས་དང་། རྣལ་འབྱོར་མ་རིགས་བརྒྱའི་དཀྱིལ་འཁོར་གྱི་དབང་དང་། ལྷ་ཉི་རྩ་ལྔའི་དཀྱིལ་འཁོར་གྱི་དབང་རྣམས། སློབ་དཔོན་པུ་རྣ་བཛྲ་ལས་ཀྱང་ཐོབ་བོ། །ཞེས་པ་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་གྱི་བྱུང་ཁུངས་ཉེར་མཁོ་བསྡུས་པ་འདི་ཡང་། རྒྱལ་ཁམས་པ་ཏཱ་ར་ནཱ་ཐས་ཆོས་ལུང་བྱང་རྩེར་སྦྱར་བའོ། །དགེ་ལེགས་འཕེལ།།  །།

 

[1] ཏཱ་ར་ནཱ་ཐའི་གསུང་འབུམ་དཔེ་བསྡུར་མ། ༼༣༽ ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༨ ལོ། ཤོག་ ༣༣༡-༣༦༧

བརྒྱུད་སྐུལ།

མཆན་སྤེལ།