བུ་སྟོན་གྱི་ཆོས་ལོག་སུན་འབྱིན་དང་། གོ་ལའི་རྣམ་བཤད།

བུ་སྟོན་གྱི་ཆོས་ལོག་སུན་འབྱིན་དང་། གོ་ལའི་རྣམ་བཤད།

བུ་སྟོན་གྱི་ཆོས་ལོག་སུན་འབྱིན།

གཞན་ཡང་ཁོ་ཡིས་འདོད་པ་ལ། །མ་ཎི་པདྨེ་ཡིག་དྲུག་ལ། །ཧྲཱི་བསྣན་པ་ལ་སྐྱོན་མེད་དེ། །ཧྲཱི་འདི་ཐུགས་རྗེ་ཆེན་པོ་ཡི། །ས་བོན་ཡིན་པས་བསྣན་ནོ་ཟེར། །འདི་ཡང་འཐད་པ་མ་ཡིན་ཏེ། །ཟ་མ་ཏོག་གི་མདོ་ལས་ཀྱང་། །ཡི་གེ་དྲུག་པ་ཉིད་དུ་བཤད། །སངས་རྒྱས་ལས་ནི་ཁོ་མི་ལྷག །རྒྱ་གར་མཁས་པས་འདི་ལྟར་བཞེད། །ཨོཾ་མེད་པ་ལ་ཨོཾ་བཅུག་དང་། །སྭཱ་ཧཱ་ཕཊ་ལ་སོགས་པ་ཀུན། །ཡོད་པ་ཆད་དང་ལྷག་གྱུར་ན། །སྔགས་ཀྱི་ནུས་པ་མེད་པར་གསུངས། །

ཁ་ཅིག་པདྨ་འབྱུང་གནས་ཀྱིས། །ཤོག་སེར་ངོ་བོ་དེ་ལ་ནི། །མེ་ཡིས་མི་གནོད་ཆུས་མི་གནོད། །རྡུལ་སོགས་སྐྱོན་རྣམས་མི་འབྱུང་ཟེར། །དིང་སང་སོག་པོའི་ཤོག་སེར་ལ། །འདི་འདྲའི་ཡོན་ཏན་ཨེ་འདུག་ལྟོས། །མེ་ཆུས་མི་གནོད་ཤོག་སེར་རྣམས། །པདྨའི་ཡིན་པའི་ངེས་པ་མེད། །གདོན་དང་མིག་འཕྲུལ་ལ་སོགས་ཀྱིས། །བྱས་པ་དག་ལ་དངོས་སུ་མཐོང་། །གཞན་ཡང་ཁོ་ཡི་རྫུན་གཏེར་ལས། །དིང་སང་འཛམ་གླིང་མ་གྲགས་པའི། །མཁའ་འགྲོའི་བརྡ་ཡིག་ཡིན་ཟེར་བའི། །གང་དྲན་ཡི་གེའི་ཕྲེང་བ་བཀོད། །དེ་ཡི་ཀློག་ཀྱང་ཁོ་བོས་ཤེས། །ཁོ་བོས་འདི་འདྲའི་ཡི་གེ་དང་། །ཀློག་པ་སློབ་དཔོན་སུ་ལ་བསླབས། །མ་བསླབས་ཤེས་པ་ངོ་མཚར་ཆེ། །གཞན་ཡང་ཟོག་པོས་འདི་ལྟར་བྱས། །ཚིག་རེ་སོང་བས་མཚམས་རྣམས་ལ། །མ་བཤད་ཟེར་ནས་རྣམ་བཅད་བྲིས། །རྣམ་བཅད་ཡི་གེ་ཡིན་ནམ་མིན། །མཚམས་སྦྱོར་ལྔ་པའི་སྒྲ་མདོར་ལྟོས། །ཧ་ཧ་བླུན་པོའི་གྲལ་འགོ་ལ། །འདི་འདྲའི་ཆོས་ལོག་མང་པོ་ཡིས། །མང་པོས་ཆོས་ལ་འབྲས་བུ་སྨིན། །ཆོས་དབང་ཞེས་བྱ་མཛེ་ཡིས་གུམ། །སྡུག་བསྔལ་མྱོང་བས་ཤི་བའི་རོ། །གྱང་ལ་སྦས་པ་རྐུས་ནས་སྟོན། །སྐྱེ་བ་བདུན་པ་ཡིན་ནོ་ཞེས། །རིལ་བུ་བྱས་ནས་ཕྱོགས་བཅུར་བཀྱེ། །བོད་རྣམས་མཛེ་ཤ་ཟ་རུ་བཅུག །ཧ་ཧ་སྐྱུག་གི་བྲོ་བ་ལ། །སྐྱེ་བ་བདུན་པ་ཡིན་ནམ་མིན། །བརྟག་པ་གཉིས་པའི་རྒྱུད་ཆེན་ནས། །འདི་ལྟར་བཤད་པ་ཁྱོད་ཉོན་ཅིག །སྐད་སྙན་མིག་དང་ལྡན་པ་དང་། །དྲི་ལུས་གཟི་བརྗིད་ཆེན་པོར་འགྱུར། །དེ་ཡི་གྲུབ་མ་བདུན་དུ་འགྱུར། །དེ་ནི་ཟོས་པ་ཙམ་གྱིས་ནི། །སྐད་ཅིག་ལ་ནི་མཁའ་སྤྱོད་འགྲོ། །འདི་ལྟར་གསུངས་པ་འདིར་རྣམས་ཀུན། །མཛེ་བོའི་འདི་ལ་ཨེ་འདུག་སོམས། །མཛེ་བོ་འདི་ནི་སྐད་སྙན་དང་། །མིག་དང་ལྡན་པ་ཨེ་ཡོང་སོམས། །དྲི་བཟང་ཡོད་པའང་སྲིད་ལགས་སམ། །མཛེ་ཤའི་རིལ་བུ་བཟོས་པ་རྣམས། །མཁའ་སྤྱོད་དུ་ནི་སུ་ཞིག་སོང་། །འདི་འདྲའི་མངོན་སུམ་རྫུན་ཚིག་ལའང་། །བདེན་ཞེན་བྱེད་པ་རང་ཉིད་འཁྲུལ། །ཚེས་བཅུའི་མཆོད་པ་རྒྱུད་ནས་བཤད། །རྒྱུད་ནས་བཤད་ཟིན་མི་བྱེད་པར། །ཉིན་པོར་བཙུན་པ་བུད་མེད་དང་། །འཚོགས་ནས་གྱ་ཚོམ་སྦྱོང་པ་བཤད། །ཤ་ཆང་གཉིས་ལ་བག་མེད་སྤྱོད། །མཚན་མོ་གཉིས་གཉིས་སྦྱར་ཏེ་ཉལ། །དེ་འདྲ་བྱེད་པའང་མངོན་སུམ་མཐོང་། །འདི་ཡང་འཐད་དམ་མི་འཐད་པ། །མཁས་པ་རྣམས་ཀྱིས་གསུང་པར་ཞུ། །འོན་ཀྱང་མཛེ་བོའི་སློབ་རྒྱུད་ཅེས། །འོས་སུ་འགྲོ་བའང་སྣ་གཅིག་བྱ། །ཉེས་པ་བྱས་པ་བསད་པ་ཡི། །མགོ་ལག་རྒྱལ་ཁམས་འགྲིམ་མཐོང་ནས། །མཛེ་ལོའི་ལག་པ་བྲེག་པའང་། །དིང་སང་བར་དུ་རྒྱལ་ཁམས་འགྲིམ། །གཏེར་མའི་ལེའུ་འོ།། །།

 

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དུས། །སྔགས་འཆང་པདྨ་འབྱུང་གནས་དང་། །ཞི་བ་འཚོ་དང་ཀ་མ་ལ། །དེ་སོགས་མཁས་གྲུབ་དུ་མ་བྱོན། །སྔགས་ཀྱི་གཞུང་ལུགས་མང་པོ་གསུངས། །སྔགས་ཀྱི་ལྷ་སྐུ་མང་པོ་བཞེངས། །དེ་དུས་གསུངས་པའི་གསང་སྔགས་དང་། །ལྷ་སྐུའི་རྣམ་པ་ལ་སོགས་པ། །ད་ལྟའི་གསར་མ་ལས་བྱུང་བའི། །གཞུང་ལུགས་རྣམས་དང་འདྲ་བར་འདུག །དར་མས་བསྟན་པ་བསྣུབས་པའི་ཚེ། །བོད་ཀྱི་བན་དེ་གྲགས་ཚད་བསད། །བསྟན་པ་ཕྱི་དར་དུས་སུ་ནི། །བོད་རྒན་སྔགས་པ་འགའ་རེ་ཡིས། །རང་གི་བློ་ལ་ཐོན་པ་བཏོན། །མ་ཐོན་པ་རྣམས་རང་བཟོ་བྱས། །གསང་སྔགས་རྙིང་མ་ཞེས་སུ་གྲགས། །དེ་བཞིན་རྫོགས་ཆེན་ལ་སོགས་ཀྱང་། །རང་བཟོ་དུ་མ་བསྒྲིགས་ཏེ་བཞེངས། །ད་ལྟར་ལེགས་པར་བརྟགས་པའི་དུས། །བློ་ལ་གཙང་མར་ཐོན་པ་རྣམས། །རྡོ་རྗེ་ཚིག་རྐང་གསེར་འདྲ་བ། །སངས་རྒྱས་གསུང་རབ་ཡིན་ངེས་ཀྱང་། །རྙིང་མར་གྲགས་པའི་ནང་ན་བཞུགས། །བློ་ལ་གཙང་མར་མ་ཐོན་པ། །རང་བཟོས་བསྒྲིགས་པ་དུ་མ་ཞིག །ཁྱི་ལུད་བཞིན་དུ་དྲི་མི་ཞིམ། །དེ་ནས་གསེར་དང་ཁྱི་ལུད་བཞིན། །གསེར་ཡིན་བྱས་ཀྱང་བྱར་མི་རུང་། །ཁྱི་ལུད་ཅེས་ཀྱང་བྱར་མི་རུང་། །མཁས་པ་རྣམས་ཀྱིས་བཏིང་སྙོམས་བཞག །རྙིང་མའི་ལེའུ་འོ།། །།

 

དིང་སང་ཆོས་པར་བརྫུས་པ་དཔེ་དཀར་བུ་བཞིའི་ཆོས་བརྒྱུད་ཡོད། །ཞང་མོ་རྒྱལ་མཐིང་ནས་བརྒྱུད་པ། །སྨྱོན་ཚོ་པ་རུ་གྲགས་པ་དང་། །འོད་ལ་བབ་ཏུ་ནས་བརྒྱུད་པ། །བྱར་མེད་པ་རུ་གྲགས་པ་དང་། །སྙི་མོ་རྒྱ་ལྕམ་གནས་བརྒྱུད་པ། །སྦྱོར་སྒྲོལ་པ་རུ་གྲགས་པ་དང་། །སྲོག་ཁང་ཐབས་ཤེས་ནས་བརྒྱུད་པ། །བསྟན་བཅོས་རྟེའུ་འཁོར་བདུན་དང་། །ལྟ་བ་རིགས་པའི་མདུན་སྐོར་དང་། །གཏན་ཚིགས་མེ་ཆུ་གོ་ལོག་སོགས། །ལོག་པའི་སྡེ་ཚན་མང་པོ་ཡོད། །དེ་དག་དིང་སང་སོ་སོར་གྱེས། །མདོ་ཁམས་ཡར་བཅད་དབུས་གཙང་ཁེངས། །འདི་དག་སངས་རྒྱས་བསྟན་པ་མིན། །དཔེ་དཀར་གྱི་ནི་ཆོས་ཡིན་པས། །སྐྱེ་བོ་རྣམས་ཀྱིས་རིང་དུ་སྤངས། །དཔེ་དཀར་བུ་བཞིའི་ལེའུ་འོ།། །།

 

སྔོན་ཚེ་སངས་རྒྱས་བསྟན་པ་མཆོག །ཁ་བ་ཅན་དུ་མ་དར་གོང་། །བོད་ཀྱི་ལྷ་འདྲེ་སོ་སོ་ནས། །རང་རང་མཆོད་དང་རིམ་འགྲོ་ལ། །འདི་གྱིས་ཞེས་སོགས་དུ་མ་བསྟན། །དེ་ལ་སྣང་ཞེན་བོན་ཞེས་བྱ། །སྐྱེ་བ་ཕྱི་མར་མི་ཕན་ཡང་། །ཚེ་འདིར་བག་ཙམ་ཕན་པ་ཡིན། །དེ་རྗེས་ཆོས་རྒྱལ་རིམ་པར་བྱོན། །སངས་རྒྱས་བསྟན་པ་དར་བར་མཛད། །བོན་ཞེས་བྱ་བ་བསྣུབས་ནས་བཞག །བོད་འབངས་ཀུན་ཀྱིས་མི་བྱ་ཞེས། །ཁྲིམས་སུ་བཅད་པ་དམ་པོར་བྱས། །རྗེས་སུ་བོད་ཀྱི་རྒྱལ་ཁྲིམས་ཉམས། །མགོ་མཇུག་མེད་པར་གྱུར་པའི་ཚེ། །རྫུན་རླབས་ཅན་གྱིས་གླེན་པ་ཡིས། །འབྲས་བུའི་བོན་ཞེས་བྱ་བ་ཡི། །ལོག་པའི་གཞུང་ལུགས་དུ་མ་བརྩམས། །བླུན་པོ་བསོད་ནམས་ཆུང་བ་རྣམས། །འབད་ནས་ནན་ཏུར་འདི་ལ་འཇུག །སྣང་ཞེན་པས་ནས་འདི་ལྷག་ཅེས། །ང་རྒྱལ་གྲགས་པ་འབྲུག་ལྟར་སྒྲོག །སྦྱིན་བདག་ཤེས་པ་དམན་པ་དང་། །བསོད་ནམས་དམན་པའི་རིགས་རྣམས་ཀུན། །འབད་པས་དེ་ལ་བསྙེན་བཀུར་བྱས། །ཀྱེ་མ་གཉིས་ཕུང་འདི་ལ་ལྟོས། །ཅིས་ཀྱང་བོན་ལ་མོས་གྱུར་ཀྱང་། །ཚེ་འདིར་བག་ཙམ་ཕན་པ་ཡི། །སྣང་ཞེན་འདི་ལ་མོས་གུས་གྱིས། །འབྲས་བོན་ཞེས་སུ་གྲགས་པ་འདི། །འདི་ཕྱི་གཉིས་ཀར་མི་ཕན་པས། །འདི་ལ་འཇུག་པ་འཁྲུལ་བ་ཡིན། །བོན་གྱི་ལེའུ་འོ།། །།

 

གྲུབ་མཐའ་གཏིང་ནས་ལོག་པ་ཡིས། །འགྲོ་བ་མང་པོ་བསླུས་པ་ལ། །མཁས་རྣམས་དགག་སྒྲུབ་མི་མཛད་པར། །རྣམ་དག་གཞུང་གི་འབྲི་སྣོན་ལ། །ཚིག་ཟུར་ཙམ་ལ་བསྙད་བཏང་ནས། །ཚིག་སྐྱོན་འགའ་རེ་ཟིན་པ་ལ། །སངས་རྒྱས་བསྟན་པའི་ཕྱི་དོར་ཞེས། །སྨྲ་ཞིང་གྲྭ་བ་ཀུན་བསྐོར་ཡང་། །དེ་ལ་རྒྱུ་མཚན་ཡོད་དམ་ཅི། །དེ་ན་མཁས་པ་ཐམས་ཅད་ཀྱིས། །གྲུབ་མཐའ་ངན་པ་ཐམས་ཅད་ཀུན། །ལེགས་པར་བཀག་ན་བསྟན་ལ་ཕན། །བདག་ཅག་བསྟན་དང་སེམས་ཅན་ལ། །རྗེས་སུ་བརྩེ་བའི་ཚུལ་འདི་སྨྲས། །དགེ་བ་སངས་རྒྱས་མྱུར་ཐོབ་ཤོག །   ཅེས་ཆོས་ལོག་སུན་འབྱིན་པ་འདི་ནི་ཁྲོ་ཕུ་བུ་སྟོན་རིན་ཆེན་གྲུབ་ཀྱིས་སྦྱར་བའོ།། །།

གོ་ལའི་རྣམ་བཤད།

  གོ་ལའི་རྣམ་གཞག་གསུངས་པ་ལ། གོ་ལ་ནི།  བོད་སྐད་དུ་བསྒྱུར་ན།  ཟླུམ་སྐོར་ཏེ་འཇིག་རྟེན་སྤྱིའི་གོ་ལ་ཞེས་པ་གངས་ཅན་ནས་མེའི་བར་གྱི་ཟླུམ་སྐོར་ཡིན་ལ།  དེའི་རྒྱ་ཚད་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔ། དེའི་དབུས་ནས་ཉིན་མཚན་མཉམ་པའི་ཚད་ཀྱི་རི་མོ་ནི། དབུས་ཀྱི་གོ་ལའི་རི་མོ་ཡིན་ལ། གོ་ལའི་རི་མོའི་བྱང་དུ་ལྷོ་འཛམ་བུ་གླིང་ལ་ལྟོས་ནས། དེའི་ཐད་ཀར་ལུག་ནས་བུ་མོའི་བར་གྱི་ཁྱིམ་དྲུག །དབྱིབས་པད་འདབ་བཟང་པོ་བཞིན་དུ་གནས་ཤིང་། ཁྱིམ་རྣམས་སུ་ཉི་མ་ཞུགས་པ་ན། རིམ་པ་བཞིན་དཔྱིད་འབྲིང་ནས་སྟོན་རའི་བར་དུ་འགྱུར་ལ། ཉི་མ་གོ་ལའི་རི་མོའི་བྱང་དུ་བགྲོད་དོ། །སྲང་ནས་ཉའི་བར་གྱི་ཁྱིམ་དྲུག་གོ་ལའི་རི་མོའི་ཕྱི་ནས་དབྱིབས་གཞུའི་རྣམ་པ་ལྟར་གནས་ཤིང་། དེར་ཉི་མ་ཞུགས་པ་ནས། གོ་ལའི་རི་མོའི་ལྷོ་རུ་ཉི་མ་བགྲོད་ཅིང་། སྟོན་མཉམ་སྟོན་ཟླ་འབྲིང་པོ་ནས་དཔྱིད་ཟླ་ར་བའི་བར་འགྱུར་རོ། །དེ་བཞིན་དུ་གླིང་གཞན་བཅུ་གཅིག་པོ་རྣམས་སུ་ཡང་། གོ་ལའི་རི་མོའི་ནང་དུ་ཁྱིམ་དྲུག་པད་འདབ་བཟང་པོ་བཞིན་དུ་གནས་ཤིང་། དེར་ཉི་མ་ཞུགས་ནས་རང་རང་གི་དཔྱིད་འབྲིང་ནས་སྟོན་རའི་བར་དུ་འགྱུར་ལ། གོ་ལའི་རི་མོའི་ཕྱི་རུ་ཁྱིམ་དྲུག་གཞུའི་དབྱིབས་སུ་གནས་ཤིང་། དེར་ཉི་མ་ཞུགས་ནས་རང་རང་གི་སྟོན་འབྲིང་ནས་དཔྱིད་རའི་བར་དུ་འགྱུར་རོ། །འདི་ནི། ཐམས་ཅད་མཁྱེན་པས་གསུངས་པའི་ཁྱད་པར་དུ་འཕགས་པའི་བཀོད་པ་སྟེ། གཅིག་བཀོད་པས་ཐམས་ཅད་འགྲུབ་པའི་ཕྱིར་རོ། །འདི་ཁྱིམ་བཅུ་གཉིས་ཀྱི་ཟླུམ་པོར་བསྐོར་བའི་ཚུལ་ཡིན་པས། ཁྱིམ་གྱི་གོ་ལ་ཡིན་ལ། ཁྱིམ་བཅུ་གཉིས་པོ་རྒྱུ་སྐར་གཉིས་གཉིས་དང་རྐང་པ་རེ་རེས་ཕྱེ་བས་རྒྱུ་སྐར་གྱི་གོ་ལར་ཡང་འགྱུར་རོ། །འདི་ལ། ཐ་མལ་བའི་མིག་གིས་མཐོང་བ་དང་འགལ་བར་སྣང་བ། དཔྱིད་ནམ་ཉི་མ་མཉམ་པ་ན། ཤར་ལུས་འཕགས་པོ་ན། བྱང་བགྲོད་མཐར་ཐུག་ཡོད་པས། ཉི་མས་བྱང་ནས་འཆར་བར་རིགས། སྟོན་ནམ་ཉི་མ་མཉམ་པ་ན། ཤར་ལུས་འཕགས་པོ་ན་ལྷོ་བགྲོད་མཐར་ཐུག་ཡོད་པས། ཉི་མ་ལྷོ་ངོས་ནས་འཆར་བར་རིགས་ཤིང་། འདིའི་ལྷོ་བགྲོད་བྱང་བགྲོད་མཐར་ཐུག་གི་དུས་ན། སྟོན་མཉམ་དཔྱིད་མཉམ་ཡོད་པས། དེའི་ཐད་ཀའི་གོ་ལའི་རི་མོའི་སྟེང་དུ་གཅིག་པས་མཐོ་དམན་མེད་ལྷོ་བྱང་མེད་པས། འཆར་ས་གཅིག་ཏུ་འོང་བར་རིགས་པ་ལ། དེ་ལྟར་མ་བྱུང་མོད་ཀྱི། དེའི་རྒྱུ་མཚན་ནི། བསམ་གྱིས་མི་ཁྱབ་སྟེ།   འབྲས་བུ་མངོན་སུམ་དུ་མཐོང་ཡང་། དེའི་རྒྱུ་མཚན་ཤིན་ཏུ་ལྐོག་ཏུ་གྱུར་པའི་ཕྱིར། དཔེར་ན། དགུན་ཉི་ལྡོག་པའི་དུས་སུ། མི་ཕལ་བ་རྣམས་ཀྱིས་ཉི་མ་ཚང་དུ་སྡོད་པ་ཡུན་རིང་ཐུང་ཞེས་བཏགས་པ་བཞིན་དུ། རང་རེས་སྔར་མཐོང་བ་ལ་ཡུན་རིང་ཤོས་ཤིག་ལ། ཞག་བརྒྱད། ཡང་དྲུག་བྱས་པ། བཞི་བྱས་པ། གསུམ་བྱས་པའི་གྲིབ་སོ་མི་འགྱུར་བ་བྱུང་ལ། ཕལ་ཆེ་བ་ཞག་ཏུ་མི་སྡོད་པ་དེ་མང་བ་བྱུང་ཞིང་། དེ་འདྲ་རིགས་པས་བརྟགས་ན་འོངས་མེད་ཅིང་ལུང་ནས་བཤད་པ་མེད་ཀྱང་། ངོ་བོ་མངོན་སུམ་དུ་མཐོང་བ་བཞིན། དེ་བཞིན་དུ་བྱང་བགྲོད་མཐར་ཐུག་ལ་ཉི་མ་ཀཻ་ལ་ཤའི་བར་དུ་འགྲོ་བར་བཤད་དེ། ད་ལྟ་མཐོང་བ་ལ་བྱང་དུ་གྲིབ་མ་ཅུང་ཟད་རེ་ཡོང་གི་ཡོད་པས། དེ་རྣམས་ཀྱི་རྒྱུ་མཚན་བསམ་གྱིས་མི་ཁྱབ་པ་ཡིན་པས། ཐ་མལ་པའི་བློས་མཐོང་བ་དང་འགལ་བ་ལ་བརྟེན་ནས་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ། །ཞེས་ཆོས་སྤོང་གི་ལས་ཆེན་པོ་མ་གསོ་གཅིག །ཡང་དཔྱིད་མཉམ་གྱི་དུས་སུ་ཉི་མ་ཐ་སྐར་གྱི་སྟེང་ན་མེད་པར་འགྱུར་ཏེ། ཐ་སྐར་དང་འཆར་ས་མི་གཅིག་པའི་ཕྱིར་རོ། །སྙམ་ན། འཆར་ས་མི་གཅིག་ཀྱང་ཁྱིམ་གཅིག་ལ། སྐར་མ་དེ་ལ་ཡོད་པའི་གོ་ཆོད་ཅིང་། ཁྱིམ་གཅིག་པས་འཆར་ས་གཅིག་དགོས་པས་ཁྱབ་པ་མེད་དེ། གྲེ་དང་དབོའི་བཞི་ཆ་གཅིག་ཁྱིམ་གཅིག་ན་གནས་ཏེ། འཆར་ས་ཐ་དད་པ་བཞིན་ནོ། །ཡང་ལྷོ་བྱང་གཉིས་སུ་རང་ཕྱོགས་ཀྱི་ཁྱིམ་དུ་ལྷོ་བགྲོད་དུ་བྱུང་བ་ལ། ཤར་ནུབ་གཉིས་ལ་རང་ཕྱོགས་ཀྱི་ཁྱིམ་དུ་བྱང་བགྲོད་འབྱུང་བ་ནི། ཐུར་དུ་ཕབ་པ་དང་། གྱེན་དུ་བཏེག་པའི་ཁྱད་ཡིན་ནམ་སྙམ་མོ། །སྔར་ལ་ཚོད་དཔགས་ན། གོ་ལ་འདི་མཐོང་བ་དང་སྔར་སུས་ཀྱང་མ་ཤེས་པ་ཞིག་ངས་ཤེས་སོ། །ཞེས་སྨྲས་པ་འགའ་རེ་བྱུང་བ་སྙམ་མོ། །

ཉི་མའི་གདུང་བྱེད་ཀྱིས། གངས་ཅན་ནས་མེའི་བར་ལ་ཉིན་ཞག་རེ་ལ་དཔག་ཚད་བཞི་བརྒྱ་དང་བཅུ། རྒྱང་གྲགས་གསུམ། གཞུ་འདོམ་སྟོང་དྲུག་བརྒྱ་བདུན་ཅུ་རྩ་གཅིག་སོར་ཉེར་གཉིས། ནས་གཉིས། ཤིག་དྲུག ། སྐྲ་རྩེ་གཉིས། ཕྲ་མོ་དྲུག  ། ཕྲ་རབ་དྲུག །དེའི་བདུན་ཅུ་དོན་གསུམ་ཆ་ཉེར་དྲུག་རྣམས་བགྲོད་དོ། །ཉི་མའི་དཀྱིལ་འཁོར་ལྷོ་བགྲོད་མཐར་ཐུག །རྒྱ་མཚོའི་བཞི་གསུམ་གྱི་མཐའ་ནས། བྱང་བགྲོད་མཐར་ཐུག་ཀཻ་ལ་ཤའི་བར། མིག་ཀླུ་ཟླ་བས་ཐོབ་པ་ཞེས་གསུངས་ཀྱང་། ཕྱེད་བཅས་མིག་ཀླུ་ཟླ་བས་ཐོབ་པ་ཞེས་དོན་གྱིས་ཐོབ་པས། སྟོང་ཕྲག་ལྔ་བཅུ་ལ། ཕྱེད་བཅས་མིག་ཀླུ་ཟླ་བས་ཐོབ་པའི་ནོར། དཔག་ཚད་བརྒྱ་སོ་དྲུག ༢༧༣ རྒྱང་གྲགས་གསུམ། གཞུ་འདོམ་སྟོང་བརྒྱད་བརྒྱ་སུམ་ཅུ། ༡༧༨༠ ཁྲུ་གཅིག  ༣  སོར་བཅོ་ལྔ།༦ ནས་གསུམ། ༧  ཤིག་བཞི།༡ སྐེ་ཚེ་བདུན།༦ སྐྲ་རྩེ་གསུམ།༧  ཕྲ་མོ་བཞི།༢ ཕྲ་རབ་བདུན།༦ དེའི་དོན་གསུམ་ཆ་སོ་གསུམ་རྣམས་༡༠རྣམས་ཉིན་ཞག་རོ་ལ་བགྲོད་པར་སྣང་ངོ་། །ཉི་མ་གངས་ཅན་ལ་རེག་དུས་མཐོ་དམན་དཔག་ཚད་སྟོང་ཕྲག་བརྒྱད་ཅུ་རྩ་དྲུག་གོ །ཉིན་མཚན་མཉམ་པའི་གོ་ལའི་རི་མོ་ལ་སླེབ་དུས། མཐོ་དམན་དཔག་ཚད་བརྒྱད་ཁྲི་དང་ལྔ་བརྒྱའོ། །ཉི་མའི་གདུང་བྱེད་མེ་ལ་རེག་དུས། མཐོ་དམན་གྱི་ཚད་དཔག་ཚད་སྟོང་ཕྲག་བདུན་ཅུ་རྩ་ལྔའོ། །ཉི་མིའི་གདུང་བྱེད་ཀྱི་འཁོར་ཚད་དེ། ཆུ་ཚོད་རེའི་ཡུན་ལ། དཔག་ཚད་དྲུག་སྟོང་ཉིས་བརྒྱ་ལྔ་བཅུ་བགྲོད་ཅིང་། ཞག་གཅིག་ལ་དཔག་ཚད་འབུམ་ཕྲག་གསུམ་དང་། སྟོང་ཕྲག་བདུན་ཅུ་རྩ་ལྔ་བགྲོད་དོ། །ཞེས་གསུངས་པ་འདི་རྣམས། གོ་ལའི་ཤོག་བཀྲ་དང་ལྷན་ཅིག་ཏུ། ཐམས་ཅད་མཁྱེན་པ་བུ་སྟོན་རིན་པོ་ཆེ་པ་ཞིད་ཀྱིས་བཀོད་པའོ། །

ཕྲ་རབ་ཕྲ་མོ་སྐྲ་རྩེ་དང་། །སྐེ་ཚེ་ཤིག་དང་ནས་དང་སོར། །བདུན་པོ་བརྒྱད་འགྱུར་དག་ཡིན་ནོ། །སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ། །ཁྲུ་བཞི་ལ་ནི་གཞུ་གང་ངོ་། །གཞུ་དེ་སྟོང་ཕྲག་གཉིས་ཀྱིས་ནི། །རྒྱང་གྲགས་ཉིད་དུ་འདོད་པ་ཡིན། །དེ་བཞི་ལ་ནི་དཔག་ཚད་དོ། །ཞེས་སོ། །འདི་དང་ཆོས་མངོན་པ་ནས་བཤད་པ་ལ། རྒྱང་གྲགས་ལ་བཞི་འགྱུར། དཔག་ཚད་ལ་ཉིས་འགྱུར་གྱི་ཁྱད་སྣང་ངོ་། །མངོན་པར་གཞུ་འདོམ་ལྔ་བརྒྱ་ལ་རྒྱང་གྲགས། རྒྱང་གྲགས་བརྒྱད་ལ་དཔག་ཚད་དུ་འདོད་དོ། །འདུལ་བར་ཕྲ་རག  ཕྲ་མོ། ཆུ། ལྕགས། རི་བོང་། ལུག ། གླང་། ཉི་ཟེར་གྱི་རྡུལ། སྲོ་མ། ཤིག །ནས། སོར་ཏེ། རྡུལ་ཕྲ་རབ་འདི་རྣམས་སྔ་མ་དྲུག་ལ་ཕྱི་མ་རྡུལ་ཕྲ་མོ་གཅིག་གོ །སོར་བཞི་དྲུག་ལ་ཁྲུ་གང་ངོ་། ཁྲུ་ཕྱེད་དང་བཞི་ལ་མིའི་སྲིད་དོ། །ཁྲུ་བཞི་ལ་གཞུའོ། །དེ་ལྔ་བརྒྱ་ལ་རྒྱང་གྲགས་སོ། །དགོན་པའི་དང་པོ་ནི། དེའི་མཐའོ། །ཞེས་སོ། །ཁྲུ་དོ་ནི། ལུས་ཀྱི་ཆ་བདུན་ལས་གཉིས་སོ། །བྱང་དུ་དེ་ནི་བསིལ་བའི་རི་སྟེ། པད་འདང་བཟང་པོ་བཞིན། ཕྱི་རུ་གཞུའི་རྣམ་པའི་དུས་ཁྱིམ་ཞེས་གོ་ལའི་རི་མོའོ། །བསོད་ནམས་གྲུབ་ཀྱི་ཡི་དམ་དུ་བྱ་བའི་ཆོས་སོ།།

བརྒྱུད་སྐུལ།

མཆན་སྤེལ།