བཞི་པ། བག་ཡོད་ཀྱི་ལེའུ།
དེ་ནས་གཤམ་དུ་བཤད་རྒྱུ་ནི་ལེའུ་བཞི་པ་དེ་ཡིན། ལེའུ་བཞི་པ་འདིར་བག་ཡོད་ཀྱི་ལེའུ་ཟེར། བག་མེད་མི་བྱེད་པར་བག་ཡོད་བྱེད་དགོས་ལ། བྱ་སྤྱོད་ངན་པ་དེ་དག་རང་ཉིད་ཀྱིས་བཀག་པ་ཙམ་གྱིས་མི་འགྲིག་པར་ད་དུང་སེམས་ནང་བག་ཡོད་ཀྱི་བསམ་བློ་ཞིག་དགོས་ཀྱི་ཡོད། བག་ཡོད་ཅེས་པ་དེ་ནི་ལས་ཀ་སྡུག་པ་ཞིག་བྱེད་རྒྱུའི་བསམ་བློ་འཁོར་གྱི་འདུག་ན་ངས་འདི་བྱས་ན་ཉེས་པ་ཡོད། དེ་ལྟར་བྱས་ན་ཡག་པོ་མེད་སྙམ་སྟེ་རང་ཉིད་ཀྱི་བསམ་བློ་དེ་བཅུན་ཏེ་སེམས་བག་མེད་ལ་མི་གཏོང་བ་དེ་གལ་གནད་ཆེན་པོ་ཡིན་པའི་སྐོར་གསུངས་ཡོད།
བག་ཡོད་ཀྱི་ལེའུའི་ནང་མི་ལ་སྐད་ཆ་ཤོད་སྐབས་ཇི་ལྟར་ཤོད་དགོས་མིན་དང་། རྣམ་འགྱུར་ཇི་ལྟར་སྟོན་དགོས་མིན། སེམས་ནང་མི་དྲན་དགུ་དྲན་སྐབས་གང་ཞིག་བྱེད་དགོས་མིན། དེ་ལ་བསམ་བློ་ཇི་ལྟར་གཏོང་དགོས་མིན་སོགས་ཀྱི་སྐོར་རྣམས་གསུང་གི་ཡོད། རང་གིས་རང་ལ་སློབ་གསོ་རྒྱག་པ་དེའི་སྐོར་རེད། རང་གིས་རང་ལ་སློབ་གསོ་རྒྱག་ཐུབ་པ་དེ་བག་ཡོད་ཡིན། སྔོན་མའི་སྐད་ཆ་རྙིང་པའི་ཐོག་ནས་བཤད་ན། བག་ཡོད་ཅེས་པ་ནི་རང་གིས་རང་གཅུན་པ་དེ་ལ་ཟེར། བག་ཡོད་དེ་ཡོང་བར་གང་ཞིག་བྱེད་དགོས་སམ་ཞེ་ན། དཔེར་ན། སྲོག་གཅོད་ལྟ་བུར་མཚོན་ན་སེམས་ཅན་གསོད་གྲབས་བྱེད་ཀྱི་འདུག་ན་སེམས་ཅན་གྱི་སྲོག་བཅད་ན་མི་འགྲིག་ཅིང་། དེ་ལྟར་བྱས་ན་འབྲས་བུ་ངན་པ་ཡོང་ངེས་རེད། རྣམ་སྨིན་དང་བདག་པོ་རྒྱུ་མཐུན་བཅས་ཀྱི་འབྲས་བུ་དེ་འདྲ་ཡོད་ཅེས་རང་གིས་རང་ལ་སློབ་གསོ་བརྒྱབ་སྟེ་དེ་ལྟར་བྱེད་མི་ཉན་ཞེས་རང་གིས་རང་ལ་སློབ་གསོ་བརྒྱབ་སྟེ་མི་བྱེད་ཅེས་སེམས་ཐག་གཅོད་པ་དེ་ལྟ་བུ་རེད།
མི་དགེ་བ་རེ་རེ་ལ་འབྲས་བུ་གསུམ་གསུམ་དང་། དགེ་བ་རེ་རེ་ལ་འབྲས་བུ་གསུམ་གསུམ་ཡོད། སྲོག་གཅོད་པ་ལ་ཆ་བཞག་ན་འབྲས་བུ་དེ་རྣམ་སྨིན་གྱི་འབྲས་བུ་ཞེས་པ་ཞིག་ཡོད། རྣམ་སྨིན་གྱི་འབྲས་བུ་ཟེར་ན། མི་མ་ཤི་བའི་སྔོན་དུ་སྲོག་བཅད་པར་བརྟེན་དེའི་རྣམ་སྨིན་གྱི་འབྲས་བུར་གང་ཞིག་ཡོང་ངམ་ཞེ་ན། ཆེ་བ་ལ་ཆ་བཞག་ན་དམྱལ་བར་སྐྱེ་བ་དང་། འབྲིང་བར་ཡི་དྭགས། ཆུང་བར་དུད་འགྲོར་སྐྱེ་བར་གསུངས་ཡོད། དཔེར་ན། ཤན་པ་ལྟ་བུར་ཆ་བཞག་ན་རྒྱུན་དུ་སེམས་ཅན་བསད་ནས་འཚོ་བ་སྐྱེལ་གྱི་ཡོད་སྟབས་དེའི་རྣམ་སྨིན་གྱི་འབྲས་བུ་ཤིན་ཏུ་ཆེ་བ་དང་། ཡང་སྐབས་རེ་མ་གཏོགས་སྲོག་གཅོད་ཀྱི་ལས་མི་བྱེད་མཁན་དེའི་འབྲས་བུ་དེ་ལས་ཅུང་ཟད་ཆུང་བ་ཡོད། ལས་དེ་རྒྱུན་དུ་བྱེད་པ་དང་མི་བྱེད་པའི་ཐོག་ནས་དབྱེ་བའི་ཁྱད་པར་ཞིག་ཡོད།
དཔེར་ན། གླང་པོ་ཆེ་བསད་པ་དང་འབུ་གྲོག་མ་བསད་པ་གཉིས་ཀྱི་ཁྱད་པར་ནི་གླང་ཆེན་གཟུགས་པོ་ཆེ་བས་སྡུག་བསྔལ་ཆེ་བ་ཡོད་སྟབས་གསོད་པའི་སྐབས་ལ་སྡུག་བསྔལ་ཆེ་བ་ཡོད་ལ། འབུ་གྲོག་མ་ལྟ་བུ་གཟུགས་པོ་ཆུང་ཆུང་ལས་མེད་སྟབས་སྡུག་བསྔལ་ཅུང་ཟད་ཆུང་བ་ཡོད། གསོད་པའི་སྐབས་ལ་སྡུག་བསྔལ་ཆེ་བ་ཡོད་ན་དེའི་རྣམ་སྨིན་གྱི་འབྲས་བུ་ཆེ་བ་དང་། གསོད་པའི་སྐབས་ལ་སྡུག་བསྔལ་ཆུང་བ་ཡོད་ན་རྣམ་སྨིན་གྱི་འབྲས་བུ་ཡང་ཆུང་བ་ཡོད། གསོད་སྐབས་སྡུག་བསྔལ་དུ་མ་བྱིན་ནས་བསད་པའི་རྣམ་སྨིན་གྱི་འབྲས་བུ་ཆེ་བ་ཡོད་པ་དང་། གསོད་དུས་ནག་འཐོམ་མེར་བསྲེགས་ཏེ་བསད་ན་འབྲས་བུ་ཅུང་ཟད་ཆུང་བ་ཡོད་པའི་ཁྱད་པར་ཞིག་གསུངས་ཡོད།
ཡང་དེ་ནས་དགེ་སློང་བསད་པ་དང་དགེ་སློང་མ་ཡིན་པ་བསད་པ་གཉིས་ལ་ཉེས་པ་ཆེ་ཆུང་དང་། དགེ་སློང་དང་དགེ་ཚུལ་གྱི་བར་ལ་ཉེས་པ་ཆེ་ཆུང་། སྡོམ་པ་ཡོད་པ་དང་མེད་པའི་བར་ལ་ཉེས་པ་ཆེ་ཆུང་ལ་སོགས་པ་མང་པོ་ཡོད། སྤྱིར་བཏང་མི་བརྒྱ་ཕྲག་མང་པོ་བསད་པ་ལས་རང་གི་བླ་མ་དང་ཕ་མ་བསད་པར་ཉེས་པ་བརྒྱ་ཕྲག་དང་སྟོང་ཕྲག་གིས་ཆེ་བ་ཡོད་པ་དང་། རང་ལ་དྲིན་ཆེ་བའི་བླ་མ་དང་ཕ་མ་སོགས་བསད་ན་ཉེས་པ་ཧ་ཅང་སྟོབས་ཆེ་ཞིང་དེའི་རྣམ་སྨིན་གྱི་འབྲས་བུར་དམྱལ་བར་ལྷུང་རྒྱུ་ལས་མེད་པར་གསུངས་ཡོད། དེའི་རྣམ་སྨིན་གྱི་འབྲས་བུ་ཆེན་པོ་དམྱལ་བར་འགྲོ་མི་དགོས་པ་ཞིག་ཡིན་ན་ཡི་དྭགས་ལ་སྐྱེ་བ་དང་། ཡི་དྭགས་ལ་སྐྱེ་མི་དགོས་པ་ཞིག་ཡིན་ན་དུད་འགྲོར་སྐྱེ་བར་གསུངས། དེ་ལ་རྣམ་སྨིན་གྱི་འབྲས་བུ་ཞེས་བརྗོད་པ་རེད།
དེ་ནས་རྒྱུ་མཐུན་གྱི་འབྲས་བུ་ཟེར་བ་དང་དེ་ལ་མྱོང་བ་རྒྱུ་མཐུན་དང་བྱེད་པ་རྒྱུ་མཐུན་ཞེས་གཉིས་གསུངས་ཡོད། མྱོང་བ་རྒྱུ་མཐུན་ཞེས་པ་རང་གིས་ཕར་མི་བསད་པས་སྐྱེ་བ་རྗེས་མར་རང་ཉིད་ཀྱི་ཚེ་ཐུང་བ་དང་། བྱེད་པ་རྒྱུ་མཐུན་ཞེས་པ་ནི་སེམས་ཅན་གྱི་སྲོག་གཅོད་མཁན་ཞིག་ཡིན་ན་རང་སྐྱེ་བ་རྗེས་མ་གང་དུ་སླེབས་ཀྱང་ཆུང་དུས་ནས་གསོད་རྒྱུར་དགའ་པོ་ཡོད་པ་ཞིག་ཆང་འཐུང་མཁན་ཞིག་ཡིན་ན་སྐྱེ་བ་ནས་སྐྱེ་བར་ཆུང་དུས་ནས་ཆང་འཐུང་རྒྱུར་དགའ་པོ་ཡོད་པ་ཞིག་ཡོང་གི་ཡོད། བྱེད་ཅེས་པ་བྱ་བྱེད་ལས་གསུམ་གྱི་བྱེད་པ་པོ་ཞེས་པ་དེ་རེད། དེ་ནི་འབྲས་བུའི་ནང་ནས་སྡུག་ཤོས་དེ་རེད་ཟེར་གྱི་ཡོད། དེ་ལ་བྱེད་པ་རྒྱུ་མཐུན་ཟེར།
འདི་དག་དྲན་ནས་རང་གིས་རང་ལ་སློབ་གསོ་བརྒྱབ་སྟེ་སྡིག་པ་དེ་དག་བྱེད་རྒྱུའི་བསམ་བློ་ཡོད་ཀྱང་དངོས་སུ་བྱ་སྤྱོད་ངོ་མའི་ཐོག་ལག་ལེན་མ་བསྟར་བར་རང་གིས་རང་གཅུན་དགོས་པ་དེ་ལ་བག་ཡོད་ཟེར། བག་ཡོད་ཀྱི་ལེའུ་ཞེས་པའི་ནང་འདིའི་སྐོར་གསུང་གི་ཡོད། དེ་ནས་གཙོ་བོ་སྡིག་པ་དང་དགེ་བ་ཞེས་པ་གང་འདྲ་ཞིག་ལ་བརྗོད་ཀྱི་ཡོད་མེད་ཤེས་རྒྱུ་གལ་གནད་ཆེན་པོ་རེད་ཅེས་ཀྱང་གསུང་གི་ཡོད།
ལྔ་པ། ཤེས་བཞིན་གྱི་ལེའུ།
ལེའུ་ལྔ་པར་ཤེས་བཞིན་གྱི་ལེའུ་ཟེར། དྲན་པ་དང་ཤེས་བཞིན་ཞེས་པའི་ཤེས་བཞིན་གྱི་སྐོར་རེད། དྲན་པ་དང་ཤེས་བཞིན་གཉིས་ལས་ཤེས་བཞིན་ནི་དྲན་པའི་འབྲས་བུ་རེད། དྲན་པ་ལ་བརྟེན་ནས་ཤེས་བཞིན་ཡོང་དགོས། དྲན་པ་ཞེས་པ་གང་འདྲ་རེད་དམ་ཞེ་ན། དཔེ་ཞིག་ཞུས་ན་ལམ་སེང་ཤེས་རྟོགས་ཐུབ། ང་ཚོ་ལམ་དུ་འགྲོ་སྐབས་ལམ་འདིར་ཕྱིན་ན་འདིར་སླེབས་ཀྱི་རེད་སྙམ་པ་དེ་དྲན་པའི་དཔེ་ཡིན་ལ། ཤེས་བཞིན་ཞེས་པ་ནི། ལམ་དུ་འགྲོ་སྐབས་རྒྱབ་མདུན་ལ་རླངས་འཁོར་འགྲོ་གི་ཡོད་མེད་དང་། ལམ་ཁར་ཉེན་ཁ་ཡོད་མེད། རང་གི་རོགས་པར་བརྟག་དཔྱད་བྱེད་པ་སོགས་ནི་ཤེས་བཞིན་གྱི་དཔེ་རེད། དྲན་པ་དང་ཤེས་བཞིན་གཉིས་མེད་ན་བག་ཡོད་ཅེས་པ་ཡོང་རྒྱུ་མེད་ཅེས་བརྗོད་ཀྱི་ཡོད། རང་གི་སེམས་ལ་གང་ཞིག་དྲན་གྱི་ཡོད་མེད་དང་། ལས་ཀ་གང་ཞིག་བྱེད་མིན་རང་གིས་རང་ལ་རྟོག་ཞིབ་བྱེད་མཁན་གྱི་བསམ་བློ་དེ་ལ་ཤེས་བཞིན་ཟེར། དྲན་པ་ཡོད་ན་ཤེས་བཞིན་ཡོང་བ་དང་དྲན་པ་མེད་ན་ཤེས་བཞིན་ཡོང་མི་ཐུབ་པ་ཡིན།
དེས་ན་བསམ་བློ་ཞེས་པ་གཙོ་བོ་གཅིག་དྲན་པའི་ཐོག་ལ་ཡོད་པ་དང་། ཟུར་གཅིག་དེ་ཤེས་བཞིན་གྱི་ཐོག་ལ་སླེབས་དགོས་ཀྱི་ཡོད། ཤེས་བཞིན་དེ་དྲན་པའི་འབྲས་བུ་ཡིན་ཟེར་དགོས་དོན་དེ་ལྟར་ཡིན། རང་ཉིད་ཀྱི་ཀུན་སྤྱོད་གཙང་མ་ཞིག་ཡོང་དགོས་ན་ད་ལྟ་ཁ་ནས་སྐད་ཆ་གང་ཞིག་བརྗོད་ཀྱི་འདུག་གམ། གང་ཞིག་བྱ་རྒྱུའི་བསམ་བློ་འདུག་གམ། གང་ཞིག་བྱེད་མིན་སོགས་ཀྱི་ཐོག་ལ་ཡང་ནས་ཡང་དུ་བརྟག་དཔྱད་བྱེད་པ་དེར་ཤེས་བཞིན་ཟེར། དྲན་པ་ཞེས་པ་ནི་གོམས་འདྲིས་ཡོད་པ་ཞིག་ལ་ཡོད་པ་ལས་མེད་པ་ལ་ཡོང་གི་མེད། དགོང་དྲོ་གཉིད་མཐུག་པོ་ཞིག་ཁུག་སྐབས་ཆབ་གསང་ལ་འགྲོ་དགོས་བྱུང་ན་གཉིད་ཡག་པོ་སད་མེད་ཀྱང་སྒོ་ཕྱེ་ནས་ཕར་གསང་སྤྱོད་དུ་སོང་སྟེ་ཚུར་ཏག་ཏག་ལོག་སྟེ་སླར་ཡང་ཉལ་བ་དེ་གོམས་འདྲིས་ཡོད་པའི་དབང་གིས་བྱུང་བ་རེད། གོམས་འདྲིས་མེད་ན་ཏག་ཏག་འགྲོ་མི་ཐུབ་པར་ཐེམ་པའི་སྒང་ལ་རིལ་ནས་བརྡབ་རྒྱུའི་ཉེན་ཁ་ཡོད།
ཏིང་ངེ་འཛིན་དང་དྲན་པ་ཞེས་པ་གཉིས་པོ་དེ་ཅུང་ཟད་འདྲ་པོ་ཡོད། འདི་དག་ཏོག་ཙམ་མཁྱེན་ན་ཡག་པོ་ཡོད། ཏིང་ངེ་འཛིན་དང་དྲན་པ་གཉིས་ཇི་ལྟར་འཇོག་ཅེ་ན། དྲན་པ་ནི་སྒོམ་རྒྱག་པའི་སྐབས་ཀྱི་བསམ་བློ་ལྟེ་བ་དེ་ཡིན་ལ། དྲན་པ་དེ་ལ་བསམ་བློའི་ཟུར་གཉིས་ཡོད། གཅིག་ལ་ཤེས་བཞིན་དང་གཞན་དེར་ཏིང་ངེ་འཛིན་ཟེར། ཏིང་ངེ་འཛིན་ཞེས་པ་ནི་དམ་པོར་འཛིན་པའི་དོན་ཡིན། རང་གི་སེམས་དམིགས་པར་དམ་པོར་འཛིན་པ་དེར་ཏིང་ངེ་འཛིན་ནམ། མ་གློད་པར་དམ་པོར་འཛིན་པའི་བློ་ཞིག་ལ་ཏིང་ངེ་འཛིན་ཞེས་བརྗོད་པ་རེད།
སྒོམ་བརྒྱབ་ཅེས་པ་ནི་རང་གི་སེམས་དམིགས་པ་ལས་མ་གཡེང་ཞིང་མ་བརྗེད་པར་འཛིན་པའམ། གོམས་འདྲིས་ཡོད་པའི་དངོས་པོ་དེ་མ་བརྗེད་པར་སྡོད་པ་དེ་ལ་དྲན་པ་ཟེར། རང་གི་སེམས་དེ་དམིགས་པའི་ཐོག་ལ་ཏག་ཏག་ཡོད་མེད་བརྟག་དཔྱད་བྱེད་མཁན་དེ་ལ་ཤེས་བཞིན་ཞེས་བརྗོད། འདིའི་སྐོར་ལ་ཁྱེད་རང་ཚོས་ཐུགས་བསམ་བཞེས་ན་འགྲིག དྲན་པ་ཡོད་ན་ཤེས་བཞིན་ཡོད་པ་དང་། དྲན་པ་མེད་ན་ཤེས་བཞིན་ཡོང་ཐབས་མེད། དྲན་པ་དང་ཤེས་བཞིན་གཉིས་རྒྱུ་འབྲས་རེད། དེ་ནི་ང་རང་ཚོས་ཉམས་མྱོང་གི་ཐོག་ནས་གསལ་པོ་ཤེས་ཀྱི་རེད།
དྲན་པ་ཇི་ལྟར་ཡོང་བ་དང་ཤེས་བཞིན་ཇི་ལྟར་སྐྱེ་བའི་ཐབས་ཤེས་དེ་ཤེས་བཞིན་གྱི་ལེའུའི་ནང་གསུངས་ཡོད། ཡིན་ནའང་འདིར་དྲན་པའི་སྐོར་མང་དུ་གསུངས་ཡོད་ཀྱང་། གཙོ་བོ་ཤེས་བཞིན་གྱི་སྐོར་གསུངས་པས་ན་ཤེས་བཞིན་གྱི་ལེའུ་ཞེས་བཏགས། མཇུག་ཏུ་གང་འདྲ་ཞིག་ལ་སྒོ་གསུམ་གྱི་ཀུན་སྤྱོད་གཙང་མ་ཞེས་བརྗོད་ཀྱི་ཡོད་མེད་ཀྱི་ཚད་གཞི་དེ་གསུངས། དེ་ནས་ཀུན་སྤྱོད་གཙང་མ་དེ་གཞིར་བཟུང་ནས་འགྲོ་བ་སེམས་ཅན་གྱི་དོན་བྱེད་སྟངས་ཀྱི་སྐོར་ལ་གསུངས་ཡོད། འགྲོ་བ་སེམས་ཅན་གྱི་དོན་བྱེད་དགོས་དོན་གང་ཡིན་ཟེར་ན། སེམས་ཅན་གཞན་རྣམས་ཀུན་སྤྱོད་གཙང་མར་འགོད་དགོས་པ་དང་། དེ་འགོད་པ་ལ་མཁོ་བ་སྦྱིན་པ་དང་། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་བཅས་བསྡུ་བའི་དངོས་པོ་བཞི་རང་ལ་ཚང་དགོས།
མཁོ་བ་སྦྱིན་པ་ཟེར་བ་དེ་སྔོན་དང་པོ་དེ་རེད། དགོས་མཁོ་ཡོད་པ་སྦྱིན་པ་དེ་རེད། མི་དེས་རང་ལ་ཉན་དགོས་ཀྱི་ཡོད་ན་ལམ་སེང་སྐད་ཆ་བཤད་པ་དང་སློབ་གསོ་བརྒྱབ་ནས་ཁོས་ཉན་གྱི་མ་རེད། སྔོན་ལ་སྐད་ཆ་མང་པོ་མ་བཤད་པར་ཁོ་ལ་དགོས་མཁོ་གང་ཡོད་པ་དེ་སྤྲོད་པ་དང་། སྤྲད་ཟིན་རྗེས་ཁོའི་སེམས་དེ་ཚུར་བཀུག་པ་རེད། དེ་ནས་ལམ་སེང་སློབ་གསོ་མི་རྒྱག་པར་ཁྱེད་རང་ཁག་པོ་མི་འདུག་གམ། གཟུགས་པོ་བདེ་པོ་འདུག་གམ། ནང་ལ་དཀའ་ངལ་མི་འདུག་གམ་ཟེར་བ་ལ་སོགས་པའི་སྐད་ཆ་སྙན་པོ་བཤད་པ་དེར་སྙན་པར་སྨྲ་བ་ཞེས་ཟེར། ཁོ་རང་གི་སེམས་དང་མཐུན་པའི་སྐད་ཆ་བཤད་ན་ཁོ་རང་གི་སེམས་ནང་དཀའ་ངལ་གང་ཡོད་པ་དང་། མ་སྐྱིད་པ་གང་དག་ཡོད་པ་དེ་ཚོ་ཚང་མ་ཤོད་ཀྱི་རེད། ཚུར་འདྲིས་སུ་འཇུག་དགོས། སྐད་ཆ་སྙན་པོ་བཤད་ན་ཕ་རོལ་པོའི་སེམས་ལ་ཟུག་པོ་ཡོད། སྐད་ཆ་སྙན་པོ་མ་བཤད་པར་རྩུབ་པོ་བཤད་ན་མི་གཞན་དག་ཕར་བཞག་རང་གི་ཕ་མས་བཤད་ཀྱང་ཕྲུ་གུས་ཉན་གྱི་མ་རེད། གོམ་པ་གཉིས་པ་དེ་སྐད་ཆ་སྙན་པོ་བཤད་རྒྱུ་དེ་རེད།
དེ་ནས་གསུམ་པ་དེར་སོ་སོས་མི་ལ་ཆང་མ་འཐུང་ཟེར་བའམ། ཡང་ན་ཐ་མག་མ་འཐེན། སེམས་ཅན་མ་སོད་ཟེར་བ་ལ་སོགས་པ་སློབ་གསོ་རྒྱག་རྒྱུའི་ནང་དོན་དེ་ཕ་རོལ་པོའི་མིག་གིས་བལྟ་རུ་བཅུག་སྟེ་མཐོང་སར་རང་ཉིད་ཀྱིས་ལག་ལེན་ཡག་པོ་བསྟར་བ་དེ་ལ་དོན་མཐུན་པ་ཟེར། དོན་སྤྱོད་པ་དེ་གང་རེད་ཅེ་ན། རང་ཉིད་ཀྱིས་ཐ་མག་མ་འཐེན་པ་ཙམ་མ་ཟད་ཕ་རོལ་པོ་ཡང་སྤྱོད་པ་བཟང་པོ་ལ་གནས་སུ་འཇུག་པ་བཅས་སེམས་ཅན་གྱི་དོན་བྱེད་སྟངས་ཀྱི་གོ་རིམ་བཞི་བཤད་པ་རེད། དེ་ཡོང་བ་ལ་སོ་སོ་རང་ཉིད་ཀྱི་ཀུན་སྤྱོད་གཙང་མ་ཞིག་དགོས། རང་ཉིད་ཀྱི་ཀུན་སྤྱོད་གཙང་མའི་རྨང་གཞིའི་ཐོག་ཕར་སེམས་ཅན་གྱི་དོན་བྱེད་སྟངས་དེར་ཐབས་ཤེས་རྣམ་པ་བཞིའི་ཐོག་ནས་བྱེད་དགོས་ཞེས་གསུངས་ཡོད། འདི་ནི་ཧ་ཅང་ཡག་པོ་རེད།
དེང་སང་ང་ཚོ་མི་གཞན་དང་སོ་སོའི་གྲོགས་པོ་དང་། རང་གི་ནང་མི་བུ་ཕྲུག་བཅས་ལ་སློབ་གསོ་རྒྱག་སྐབས་ཐབས་ཤེས་དེ་གཅིག་པ་རེད། དེ་ཡང་སེམས་ཅན་གྱི་དོན་གཅིག་རེད། སེམས་ཅན་གྱི་དོན་བྱེད་ཅེས་པ་དེ་ངེས་པར་དུ་མི་མང་པོ་ཞིག་གི་དོན་དག་བྱེད་པར་གོ་མི་དགོས། སེམས་ཅན་གཅིག་སྤྱོད་པ་བཟང་པོ་ལ་འགོད་ཐུབ་པ་དེ་ཡང་སེམས་ཅན་གྱི་དོན་རེད། ཆ་ཤས་མེད་ན་ཆ་ཅན་མེད་པ་དང་ཆ་ཤས་ཚོགས་ན་ཚོགས་པ་དེ་གྲུབ་པ་རེད། ཡ་གྱལ་ཞིག་ན་ཚོགས་པ་འཇིག་པ་ཡིན། སེམས་ཅན་གཅིག་གི་དོན་བྱེད་མི་ཐུབ་པར་སེམས་ཅན་ཐམས་ཅད་ཀྱི་དོན་ག་ལ་ཡོང་། སེམས་ཅན་འདི་དང་ཁོའི་དོན་བྱེད་ཀྱི་མིན་ཞེས་བརྗོད་སྐབས་སེམས་ཅན་ཐམས་ཅད་ཀྱི་ནང་ནས་གཅིག་གཡུགས་ཟིན་པ་རེད། ཕྲེང་བ་བརྒྱ་ཐམ་པའི་ནང་ནས་ཕྲེང་རྡོག་གཅིག་བརླགས་ན་ཕྲེང་བ་དེ་ཐོར་བ་ལྟར་རེད། སེམས་ཅན་གཅིག་གི་དོན་ཡིན་ནའང་བྱེད་དགོས་ཤིང་། རང་ཉིད་ཀྱི་ཀུན་སྤྱོད་གཙང་མ་ཡིན་པའི་རྨང་གཞིའི་ཐོག་ལ་གཞན་ལའང་དེ་དང་མཐུན་པའི་སློབ་གསོ་རྒྱག་རྒྱུ་དེ་ཡང་སེམས་ཅན་གྱི་དོན་གཅིག་རེད་ཅེས་ལེའུ་ལྔ་པའི་དོན་དག་བཤད་རྒྱུ་དེ་རེད།
དྲུག་པ། བཟོད་པའི་ལེའུ།
ལེའུ་དྲུག་པ་བཟོད་པའི་ལེའུ་ཡིན་ཞིང་། ཚུལ་ཁྲིམས་ཀྱི་ལེའུ་དེ་བག་ཡོད་ཀྱི་ལེའུའི་ནང་སོང་ཟིན་པ་དང་། བཟོད་པའི་ལེའུ་འདིས་གང་ཞིག་སྟོན་གྱི་ཡོད་དམ་ཞེ་ན། གཙོ་བོ་ཁོང་ཁྲོའི་ཉེས་དམིགས་དང་། བཟོད་པའི་ཕན་ཡོན་བཤད་པ་རེད། གཞུང་འདིའི་ནང་བཟོད་པའི་སྐོར་བཤད་དགོས་དོན་ནི། སེམས་ཅན་གྱི་དོན་བྱེད་དུས་སེམས་ཅན་མང་པོ་ཞིག་དང་འབྲེལ་བ་བྱེད་དགོས་པ་དང་། དེའི་སྐབས་སུ་ཕར་ཕན་འདོགས་བྱས་ཀྱང་ཚུར་གནོད་པ་སྐྱེལ་མཁན་སོགས་འདྲ་མིན་མང་པོ་ཞིག་ཐུག་ངེས་ཡིན། དེའི་སྐབས་སུ་ཁོང་ཁྲོ་ལང་དགོས་སམ་ཡང་ན་བཟོད་པ་སྒོམ་དགོས་མིན་ལ་ཐུག་ཡོད།
ཁོང་ཁྲོ་དང་ཞེ་སྡང་གཉིས་ལ་ཁྱད་པར་ཕྲན་བུ་ཡོད། ཁོང་ཁྲོ་ཟེར་བ་དེ་མིག་གིས་མཐོང་རྒྱུ་ཡོད་པ་ཞིག་དང་། ཞེ་སྡང་ཟེར་བ་དེ་མིག་གིས་མཐོང་རྒྱུ་མེད་པར་སེམས་གཏིང་ལ་ན་ཚ་བཏང་ཡང་ཁ་འཚེར་འཚེར་བྱེད་པ་ཞིག་ཡོད་པ་དེ་རེད། ཞེ་སྡང་གི་རྣམ་འགྱུར་དེ་ཕྱི་ལ་མི་འཐོན་པ་ཞིག་དང་། ཁོང་ཁྲོའི་རྣམ་འགྱུར་ཕྱི་ལ་མངོན་གསལ་དོད་པོ་ཡོད་པ་ཞིག་རེད། དེ་དག་གི་ཐོག་ནས་ཁྱད་པར་ཡོད། ཁོང་ཁྲོ་ཟ་བའི་སྐབས་སུ་མི་དེའི་གདོང་པ་ཡང་དམར་རྐྱང་ཆགས་པ་དང་། ལག་པ་ཡང་འདར་ཏེ་མི་དེ་སྡིག་པ་རྭ་ཙ་མངོན་སུམ་ལྟ་བུ་ཞིག་ཆགས་ཀྱི་ཡོད།
ཁོང་ཁྲོ་ལངས་ན་གང་ཡོད་ཅེ་ན། སྤྱོད་འཇུག་ནང་ཁོང་ཁྲོའི་ཡུལ་དེ་སྐྱེས་བུ་དམ་པ་ཞིག་ཡིན་ན་ནི་ཉེས་པ་དཔག་ཏུ་མེད་པ་ཡོད་པ་དང་། ཕ་རོལ་པོ་སྐྱེས་བུ་དམ་པ་མིན་པར་རང་དང་འདྲ་མཉམ་ཞིག་ཡིན་ནའང་ཉེས་པ་ཆེན་པོ་ཡོད་ཅེས་སྤྱིར་བཏང་ནས་ཁོང་ཁྲོ་སྐྱེ་མི་ཉན་པ་གསུངས་ཡོད། ཁོང་ཁྲོས་ཚེ་ཐུང་དུ་འགྲོ་བ་དང་། ཚེ་ལ་གནོད་པ། རང་གི་ལུས་ལ་གནོད་པ། རང་གི་སེམས་ལ་གནོད་པ། གཞན་གྱི་སེམས་ལའང་གནོད་པ་སོགས་ཁོང་ཁྲོའི་ཉེས་དམིགས་མང་པོ་ཞིག་གསུངས་ཡོད།
དཔེར་ན། མི་གཅིག་གིས་རང་ལ་རྒྱུག་པ་གཞུས་པའི་རྐྱེན་གྱིས་རང་ཉིད་དེ་ལ་ཁོང་ཁྲོ་ལངས་པ་རེད། ཁྱེད་རང་ལ་རྒྱུག་པ་གཞུས་པའི་རྐྱེན་གྱིས་ན་བ་དེ་ཁྱེད་རང་གིས་བཟོས་པ་རེད། ཕ་རོལ་པོར་ཁག་མེད། ཁོ་རང་ཡང་ཁོང་ཁྲོའི་དབང་གིས་བྱས་པ་རེད། ཁྱེད་རང་ཁོང་ཁྲོ་ཟོས་ན་ཕ་རོལ་པོའི་རྒྱུད་ཀྱི་ཁོང་ཁྲོ་དེ་ལ་མ་གཏོགས་མི་དེ་ལ་རང་དབང་མེད་པས་དེ་ལ་ཟ་དོན་མེད། གལ་ཏེ་རྒྱུག་པ་དེ་དངོས་སུ་ཕོག་པའི་རྒྱུ་མཚན་གྱིས་ཁོང་ཁྲོ་ཟ་ན་རྒྱུག་པ་དེར་ཁྲོ་བ་ལས་མི་དེར་ཁྲོ་དོན་མེད་ཅེས་དེ་ལྟ་བུའི་དཔེ་མང་པོའི་ཐོག་ནས་གསུངས་ཡོད།
ཁོང་ཁྲོ་བྱས་ན་སེམས་ཅན་གྱི་དོན་བྱེད་པའི་ཐབས་མེད་པ་དང་། ཚུར་ཁོང་ཁྲོ་བྱས་ཀྱང་རྣམ་འགྱུར་བཟང་པོ་བསྟན་ནས་ཕར་བཟོད་པ་སྒོམ་དགོས། དེ་ལྟར་བྱས་ན་བཟོད་པ་དེ་གོང་ནས་གོང་འཕེལ་དུ་སོང་སྟེ་རང་གི་སྐྱེ་བ་རྗེས་མར་ཆ་བཞག་ནའང་གཟུགས་བཟང་བ། མི་གང་འདྲ་ཞིག་གིས་མཐོང་ཡང་ཡིད་དུ་འོང་བ་ཞིག་ཡོང་གི་རེད། མི་ཁག་ཅིག་མཐོང་མི་འདོད་པ་ཞིག་ཡོད། མི་དེ་རང་ཉིད་ལ་ཚུར་ཁོང་ཁྲོ་ཟ་བ་དང་། རྣམ་འགྱུར་ངན་པ་སྟོན་པ། རང་ཉིད་ལ་རྒྱག་རེས་རྒྱག་པ་ལ་སོགས་པ་གང་ཡང་བྱེད་ཀྱི་མེད་ཀྱང་། མི་དེ་མཐོང་བ་ཙམ་གྱིས་རང་ཉིད་ཁོང་ཁྲོ་ཟ་དགོས་པ་དེ་འདྲ་ཞིག་ཡོང་རྒྱུ་ཡོད།
དེ་གང་ཡིན་ཞེ་ན། མི་ཁོ་རང་སྐྱེ་བ་སྔ་མ་ཁོང་ཁྲོ་ཆེན་པོ་དང་ལྡན་པ་ཞིག་ཡིན་པའི་རྟགས་རེད། དེའི་རྐྱེན་གྱིས་སྐྱེ་བ་འདི་ལའང་མི་ལ་སྐད་ཆ་ངན་པ་བཤད་པ་དང་། རྒྱག་རེས་བརྒྱབ་པ་ལ་སོགས་པ་བྱས་མེད་ཀྱང་། མིས་རང་ཉིད་ལ་ལྟ་སྟངས་ངན་པ་ཞིག་རང་ཤུགས་ཀྱིས་ཆགས་པ་དེ་རང་ཉིད་ཀྱི་སྐྱེ་བ་སྔོན་མར་ཁོང་ཁྲོ་ཆེན་པོ་ཡོད་པའི་རྟགས་རེད། གཟུགས་བཟང་པོ་དང་འདྲ་ཆགས་པོ་སྙིང་རྗེ་པོ་དགོས་ན་ཁོང་ཁྲོ་མ་བྱེད་ཅེས་གསུང་གི་ཡོད། གཟུགས་བཟང་པོ་ཟེར་བ་དེ་བུ་དང་བུ་མོ་མི་སུ་དང་སུ་ལའང་དགོས་པ་ཞིག་རེད། ཁ་ཤས་ལ་བཟོ་ལྟ་དེ་ཙམ་མེད་ཀྱང་ཤེལ་སྒོའི་ནང་མང་པོ་ལྟ་དགོས་ཀྱི་ཡོད། འདོད་པ་དེ་གཟུགས་བཟང་པོ་འདོད་ཀྱི་ཡོད་ཀྱང་རང་གི་ལས་ལ་བསྐོས་མེད། འོན་ཀྱང་། རང་གིས་རང་ལ་ཧ་ལས་ཏེ་ཤེལ་སྒོའི་ནང་བལྟས་ཏེ་སྐབས་རེ་སེམས་སྐྱོ་ནས་ངུ་མཁན་ཡང་ཡོད། གཟུགས་བཟང་པོ་ཡོད་ན་སེམས་ཅན་གྱི་དོན་བྱེད་པ་ལ་རྒྱ་ཆེ་བ་ཡོད། དེ་ལ་ཁྱད་ཆོས་མང་པོ་ཡོད་པ་བཤད་ཡོད། སེམས་ཅན་གྱི་དོན་བྱེད་པར་གཟུགས་བཟང་བ་དང་། སྐད་ཆ་འཇམ་པོ་ཤོད་མཁས་པ། རྣམ་འགྱུར་བཟང་པོ་སྟོན་མཁས་པ་སོགས་མང་པོ་ཞིག་དགོས་ཀྱི་འདུག