ལྷ་སའི་ཕུ་གསུམ་བརྐོས་རིས་ཏེ། གནའ་བོའི་གཅིག་རྒྱུད་གཅིག་འཛིན་གྱི་ལག་རྩལ།

ལྷ་སའི་ཕུ་གསུམ་བརྐོས་རིས་ཏེ། གནའ་བོའི་གཅིག་རྒྱུད་གཅིག་འཛིན་གྱི་ལག་རྩལ།

ལྷ་ས་ནས་ནུབ་ཏུ་བསྐྱོད་པ་དང་། ཡར་ཀླུང་གཙང་པོ་དང་ཁ་བྲལ་ནས་བྱང་ཕྱོགས་སུ་སོང་ན་རྩྭ་རྩི་ཤིང་གི་རྫོང་མཐུག་ཅིང་ནམ་ཟླ་བཟང་བའི་ས་ཞིག་ཏུ་སླེབས་ཤིང་། ས་དེ་ནི་ཐོན་མི་སམ་བྷོ་ཊའི་ཕ་ཡུལ་སྙེ་མོ་རྫོང་ཡིན། ཕུ་གསུམ་ནི་སྙེ་མོ་རྫོང་དུ་གཏོགས་པའི་ཤང་ཞིག་ཡིན་ཞིང་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་ཕུ་གསུམ་དགོན་ནི་དེ་རུ་བརྗིད་ལྷང་ངེར་ཆགས་ཡོད། དགོན་པའི་གཡས་འགྲམ་དུ་མུ་འབྲེལ་འབར་འབུར་གྱི་རི་སྒང་སྟེང་བར་ཐག་མི་འདྲ་བའི་གྲོང་ཚོ་བརྒྱད་ཆགས་ཡོད་པ་དང་། གྲོང་ཚོའི་ནང་གི་དུད་ཚང་ཚང་མས་བརྐོས་རིས་བཟོ་ཤེས་པས། ཕུ་གསུམ་ལ་བརྐོས་རིས་ཀྱི་ཕ་ཡུལ་ཞེས་ཀྱང་འབོད་དེ་བོད་ལྗོངས་ཡོངས་སུ་སྐད་གྲགས་ཡོད་པ་རེད།

ཕུ་གསུམ་བརྐོས་རིས་དང་། བོད་སྤོས། སྙེ་མོའི་བོད་ཤོག་གསུམ་སྙེ་མོའི་ཐུན་མིན་གྱི་ལག་རྩལ་གསུམ་ཞེས་འབོད་ཅིང་། པར་ཤིང་བརྐོ་བའི་ལག་རྩལ་འདི་དམངས་ཁྲོད་དུ་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་བྱས་ཏེ་ལོ་རྒྱུས་ཡུན་རིང་ལྡན་ཏེ། ལོ་ 48 ལ་སླེབས་པའི་སྲི་ཆོད་ཀྱིས་རང་ལོ་ 14 ནས་སྤོ་བོ་ལགས་དང་པཱ་ལགས་དང་མཉམ་དུ་ཤིང་བརྐོས་ཀྱི་ལག་རྩལ་སྦྱངས་ཤིང་། རིམ་བཞིན་ལག་རྩལ་བྱང་ཆུབ་པར་གྱུར། སྔ་རྗེས་སུ་ཧྲང་ཧའེ་འཛམ་གླིང་དངོས་མང་སྟོན་ཚོགས་དང་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་ཆེན་མོ་སྐབས་དང་པོ་སོགས་སུ་ཞུགས་ཤིང། ཕུ་གསུམ་བརྐོས་རིས་ཀྱི་འཐུས་ཚབ་རང་བཞིན་ལྡན་པའི་མི་སྣ་ཡིན། མིག་སྔར་ཁོས་གཙོ་བོ་དགའ་ལྡན་དུ་ཙོང་ཁ་པ་ཆེན་མོའི་ཆོས་དཔེ་བརྐོ་བཟོའི་ལས་ཀའི་ནང་དུ་ཞུགས་ཡོད་ཅིང་། ཁྱིམ་དུ་བོད་ཡིག་གི《བཀའ་བསྟན》བརྐོ་བཞིན་ཡོད། ཁོང་གི་ནུ་བོ་དང་བུ་གཉིས་ཀྱིས་ཀྱང་ཤིང་བརྐོའི་ལས་ཀ་གཉེར་ཏེ། ཁྱིམ་གྱི་མི་རབས་ལྔ་པོས་གནའ་བོའི་ལག་རྩལ་འདི་མུ་མཐུད་དུ་རྒྱུན་འཛིན་བྱེད་བཞིན་ཡོད། སྲིད་གཞུང་གི་རྒྱབ་སྐྱོར་འོག མིག་སྔར་ཕུ་གསུམ་ཤང་གི་མང་ཚོགས་དུད་ཚང་ 375 ཁྲོད་ནས་དུད་ཚང་ 64 ཡིས་བརྐོས་རིས་ཀྱི་ལས་ཀ་གཉེར་ཞིང་། ཤིང་བརྐོས་ཀྱི་ཐོན་རྫས་ཡོངས་ལ་སྲོལ་རྒྱུན་གྱི་པར་ཁང་པར་གཞི་ཡོད་པར་མ་ཟད། ཡུལ་སྐོར་དྲན་རྟེན་གྱི་དངོས་རྫས་ཀྱང་ཡོད་པས། ས་གནས་དེ་གའི་མང་ཚོགས་དང་ཡུལ་གཞན་གྱི་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་འཐོབ་ཀྱི་ཡོད། ཕུ་གསུམ་བརྐོས་རིས་དེ་ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཐོན་ལས་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད་ཅིང་། དེ་ནི་མང་ཚོགས་རྣམས་ཀྱི་ཡོང་འབབ་འཕར་སྣོན་བྱུང་སྟེ་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་གྱུར།

ད་ལྟར་བརྐོས་རིས་ཀྱི་ནང་དོན་དེ་ཆེས་ཐོག་མའི་ཆོས་ལུགས་བྱེད་སྒོ་དང་། མི་སྣའི་ལུགས་སྲོལ། རང་བྱུང་ཡུལ་ལྗོངས་སོགས་མཚོན་པའི་ནང་དོན་ནས་ད་ལྟའི་སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་དུ་རྒྱ་སྐྱེད་ཅིང་། ཤིང་བརྐོས་བཟོ་རྩལ་ཐོན་རྫས་དེ་ཡུལ་སྐོར་བས་དགའ་པོ་ཆེན་པོ་བྱེད་པའི་ཡུལ་སྐོར་ཐོན་རྫས་སུ་གྱུར། ཕུ་གསུམ་བརྐོས་རིས་ཀྱི་རྣམ་པ་ཕུན་སུམ་ཚོགས་པ་དང་། བཀོལ་སྤྱོད་ཀྱི་ཁྱབ་རྒྱ་ཆེ་བས་དེར་སྣ་གཅིག་གི་ཡི་གེའི་བརྐོས་རིས་ཡོད་པར་མ་ཟད། ད་རུང་ཡིག་རིས་ཟུང་འབྲེལ་གྱི་རི་མོའང་ཡོད་པས། ཆོས་ཕྱོགས་ཀྱི་བྱེད་སྒོ་དང་། ཡུལ་སྐོར་དྲན་རྟེན་དུ་བཀོལ་བར་མ་ཟད་དར་ལྕོག་དཔར་བར་ཡང་བཀོལ་གྱི་ཡོད། དེ་བས་དེང་སྐབས་བོད་ལྗོངས་ཀྱི་ལ་ཁ་དང་རི་སྒང་སོ་སོའི་སྟེང་དུ་ཚོན་མདོག་སྣ་ལྔ་ཅན་གྱི་དར་ལྕོག་བཏགས་པ་ཕལ་མོ་ཆེ་ནི་ཕུ་གསུམ་བརྐོས་རིས་ཀྱི་པར་བྱང་བཀོལ་ནས་བཟོས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།

བརྒྱུད་སྐུལ།

མཆན་སྤེལ།