མདོ་སྡེ་རྒྱན་རྣམ་པར་བཤད་པའི་མེ་ཏོག

༄༅། །ཐེག་པ་ཆེན་པོ་མདོ་སྡེ་རྒྱན་རྣམ་པར་བཤད་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །

 

བཅོམ་ལྡན་རིག་པའི་རལ་གྲི།

 

རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་པཱུ་ཏྲ་ཨ་ལཾ་ཀཱ་ར་བི་དོ་ཤ་པུཥྤ་ནཱ་མ། བོད་སྐད་དུ། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་རྣམ་པར་བཤད་པའི་མེ་ཏོག་ཅེས་བྱ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བསྐལ་བཟང་འདི་ལ་མཛད་པ་མཐར་ཕྱིན་པ། །རྫོགས་པའི་སངས་རྒྱས་སྟོང་ལ་ཕྱག་འཚལ་ནས། །མ་བྱོན་སངས་རྒྱས་བྱམས་པས་མཛད་པ་ཡི། །ཐེག་ཆེན་མདོ་སྡེ་ཀུན་གྱི་རྒྱན་འདི་བཤད། །

སྐབས་དང་པོ་བསྟན་བཅོས་ཀྱི་ལུས་བཤདཔ།

སྐྱེ་བ་གཅིག་ན་ཚངས་རྒྱ་བ་འཕགས་པ་བྱམས་པས་མཛད་པའི་ཆོས་ལྔ་པོ་འདི་ནི་སློབ་དཔོན་སེང་གེ་བཟང་པོས་འཕགས་པ་ཐོགས་མེད་ཀྱིས་དགའ་ལྡན་དུ་ཞུས་ནས་བརྩམས་པར་འདོད་ལ། སློབ་དཔོན་ཨ་བྷྱ་ལ་སོགས་པས་བཀའ་བསྡུ་བ་བྱས་མ་ཐག་ཏུ་བརྩམས་པར་འདོད། དེ་ལས་གཞན་བཞི་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་བསྟན་བཅོས་རང་རང་གི་ནང་ན་ཡོད་པའི་མདོ་འཆད་པ་ཡིན་ལ། གཞུང་འདི་ནི་ཐེག་པ་ཆེན་པོའི་མདོ་ཤིན་ཏུ་མང་བའི་དོན་བཤད་པ་ཡིན་ནོ། །འདིའི་འགྲེལ་པ་ལའང་འཕགས་པ་རྣམ་གྲོལ་སྡེས་གསུང་ཡན་ལག་དྲུག་ཅུའི་བཤད་པ་འཕགས་པ་ཐོགས་མེད་ཀྱིས་བྱས་པ་ལྟར་བལྟའོ་ཞེས་དེས་བྱས་པ་གུད་ན་འདོད་ལ་གཞན་གྱིས་སློབ་དཔོན་དབྱིག་གཉེན་གྱིས་བྱས་པར་འདོད་དོ། །དེ་ལྟ་བུའི་བསྟན་བཅོས་འདི་ལ་བརྩམ་པར་བྱ་བ་བསྟན་བཅོས་ཀྱི་རང་བཞིན་བཤད་པ་དང་། དེས་བསྟན་པའི་ཆོས་ཀྱི་དབྱེ་བ་བཤད་པ་གཉིས་ཀྱི་དང་པོ་ལའང་མཚན་གྱི་དོན་ནི། མ་ཧཱ་ཡ་ན་ཐེག་པ་ཆེན་པོ་དང་པཱུ་ཏྲ་མདོ་སྡེ་དང་། ཨ་ལང་ཀཱ་ར་རྒྱན་ཏེ་ཐེག་ཆེན་གྱི་མདོ་སྡེ་གསལ་བར་བྱེད་པ་དང་མཛེས་པར་བྱེད་པ་གཉིས་ཀའི་རྒྱན་ཡིན་ནོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ནི་ལོ་ཙ་བའི་ཕྱག་གོ །མཚན་ཅན་གཞུང་ནི་ཚིགས་སུ་བཅད་པ་ལྔ་བརྒྱའམ་ཚེག་བར་བདུན་པའི་བརྒྱད་བརྒྱ་བཅོ་ལྔར་གནས་པ་ལས་ཚིགས་བཅད་དང་པོ་ནི། སྟོན་པར་བྱེད་ཅེས་ཁྱད་པར་གྱི་གཞིར་བྱས་ནས་ཅི་ཞེས་བསྟན་པ་ལས་བརྩམས་པས་སྟོན་ཏེ་སུ་ལ་སྟོན་པར་བྱེད་ན་ཐེག་པ་གསུམ་གྱི་ལུང་དང་རྟོགས་པའི་དོན་རྣམས་ཤེས་བྱའི་དོན་མ་ལུས་པ་ཤེས་པའི་འཕགས་པ་བྱམས་པ་རང་གིས་སོ། །ཚུལ་ཇི་ལྟར་སྟོན་ན་ཐེག་ཆེན་གྱི་དོན་སྟོན་པའི་རབ་ཏུ་བྱེད་པ་ངག་དང་ཚིག་དྲི་མ་མེད་པས་ཏེ་རབ་ཏུ་བྱེད་པ་ནི་བསྟན་བཅོས་ཀྱི་མིང་གི་རྣམ་གྲངས་ཡིན་པ་ངག་དང་ཚིག་ནི་ཡི་གེ་དང་མིང་ལ་སོགས་པའི་རྩོམ་ཚུལ་སྒྲ་ནས་འབྱུང་བ་བཞིན་ངག་དྲི་མེད་ནི་འགྲེལ་པ་ལས་གྲོང་ཁྱེར་པ་ལ་སོགས་པ་ཅེས་འབྱུང་སྟེ། ཐར་པའི་གྲོང་ཁྱེར་དུ་འགྲོ་བའི་ཚིག་སྙན་ཅིང་འཇེབས་པ་ལ་སོགས་ཡན་ལག་བརྒྱད་དང་ལྡན་པ་སྟེ་ངོ་བོ་ཉིད་མེད་པའི་འགྲེལ་བཤད་དུ་ལྟའོ། །ཚིག་དྲི་མེད་ནི་མིང་ཚིག་རིགས་པ་དང་འབྲེལ་བའོ། །ཅིའི་ཕྱིར་བྱེད་ན་འགྲོ་བ་སྡུག་བསྔལ་ལས་བསྒྲལ་ཕྱིར་རོ། །རྒྱུ་ཅིས་བྱེད་ན་སྡུག་བསྔལ་འགྲོ་ལ་སྙིང་རྗེ་དེ་ཡི་བདག་ཉིད་ཀྱིས་སོ། །ཅི་བྱེད་ན་ཐེག་མཆོག་བསྟན་པའི་རྣམ་པ་ཆོས་ཀྱི་རྣམ་གྲངས་སོ། །ཡང་ཅིའི་ཆེད་དུ་བྱེད་ན་དེ་ཡི་འགྲོ་བའི་སེམས་ཅན་ལ་སྟེ་ལ་ནི་བཞི་པ་དགོས་ཆེད་ཀྱི་དོན་ཏོ། །རྣམ་པ་དུ་ཞིག་སྟོན་པ་བྱེད་ཅེ་ན་འབྱོར་པ་སྟེ་རིགས་པའི་དོན་ཚུལ་བླང་སྟེ་གོང་ན་མེད་པ་ལྔ་སྟོན་པར་བྱེད་དོ། །རྣམ་པ་ལྔ་ནི་འགྲེལ་པས་བསྒྲུབ་པར་བྱ་བ་དང་། བྱེ་བྲག་ཏུ་ཤེས་པར་བྱ་བ་དང་། བསམ་པར་བྱ་བ་དང་། བསམ་གྱིས་མི་ཁྱབ་པ་དང་། བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ངོ་བོ་ཉིད་ཅེས་བཤད་དོ། །འདིའི་དོན་འགྲེལ་ཊཱིཀ་བྱེད་པས་རིགས་དང་སེམས་བསྐྱེད་པ་དང་བྱང་ཆུབ་ཀྱི་སྤྱོད་པ་དང་མཐའ་ལ་མི་གནས་པའི་རྟོགས་པ་དང་བྱང་ཆུབ་ཀྱི་ཆོས་ལ་བྱས་ནས་དེ་ལ་སྤྲོས་པ་སྣ་ཚོགས་བཤད་པ་དེ་ནི་མ་ཡིན་ཏེ། དཔེ་དོན་མི་འགྲིག་ཅིང་ཤེས་པ་དཀའ་ལ་གཞུང་ལ་མ་ཞུགས་པའི་ཕྱིར་རོ། །དེས་ན་འདི་ལ་དང་པོ་ཐེག་པ་ཆེན་པོའི་བརྗོད་བྱ་སྤྱི་ལ་སྦྱར་ཏེ་བཤད་ན། ལང་ཀར་གཤེགས་པ་ལས། ཆོས་ལྔ་དང་ནི་རང་བཞིན་དང་། །རྣམ་པར་ཤེས་པ་བརྒྱད་ཉིད་དང་། །བདག་མེད་གཉིས་ཀྱི་དངོས་པོར་ནི། །ཐེག་པ་ཆེན་པོ་ཐམས་ཅད་འདུས། །ཞེས་འབྱུང་བའི་ཆོས་ལྔ་ནི། །མིང་དང་མཚན་མ་དང་རྣམ་པར་རྟོག་པ་དེ་བཞིན་དང་ཡང་དག་པའི་ཡེ་ཤེས་སོ། །དེ་ལ་མིང་ནི་ཐེག་པ་ཆེན་པོའི་མིང་ཚིག་ཡི་གེ་རྗོད་བྱེད་དུ་སྣང་བའོ། །རྣམ་པར་རྟོག་པ་ནི་དེ་གཉིས་འབྲེལ་བར་འཛིན་པའི་ཐོས་བསམ་གྱི་ཤེས་རབ་བོ། །དེ་དག་ནི་ཐེག་པ་ཆེན་པོ་ལ་འཇུག་པའི་ཐོག་མར་བསྒྲུབ་དགོས་པས་བསྒྲུབ་པར་བྱ་བའོ། །དེ་ནས་ཤེས་བྱའི་བདེན་བརྫུན་བྱེ་བྲག་ཏུ་དབྱེ་དགོས་ལ། དེ་ནི་རང་བཞིན་ངོ་བོ་ཉིད་གསུམ་གྱི་འབྱེད་པས་དེ་ནི་བྱེ་བྲག་ཏུ་ཤེས་པར་བྱ་བའོ། །རྣམ་ཤེས་ཚོགས་བརྒྱད་ནི་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་དུ་ཞིག་ཡིན་ཞེས་བསམ་པར་བྱ་བ་ཡིན་ནོ། །དེ་བཞིན་ཉིད་དང་ཡང་དག་པའི་ཡེ་ཤེས་ནི་སོ་སོ་སྐྱེ་བོས་མི་ཤེས་པས་བསམ་གྱིས་མི་ཁྱབ་པ་ཡིན་ནོ། །ཡུལ་ཅན་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའི་ཆོས་ཡུལ་འཕགས་པའི་བདེན་བཞི་དང་བཅས་པ་ནི་བདག་མེད་པ་གཉིས་ཀྱི་དངོས་པོ་ཡིན་ནོ། །གཉིས་པ་བསྟན་བཅོས་འདིའི་བརྗོད་བྱ་དོན་གྱི་ལུས་དང་སྦྱར་ན་འབྱོར་པའམ་རིགས་པའི་དོན་དང་པོ་ཐེག་པ་ཆེན་པོ་བཀར་བསྒྲུབ་པ་དང་། གཉིས་པ་སྐྱབས་འགྲོ་དང་། གསུམ་པ་ཐེག་ཆེན་གྱི་རིགས་དང་། བཞི་པ་སེམས་བསྐྱེད་པ་དང་། ལྔ་པ་ལམ་སྒྲུབ་པའོ། །ཡང་ན་ལེའུ་དང་པོས་བཀར་བསྒྲུབ་པའི་བརྗོད་བྱ་ནི་ཐེག་ཆེན་གྱི་ལམ་ལྔ་ཡིན་པས་དེ་དང་སྦྱར་ཏེ། དང་པོ་སྐྱབས་འགྲོ་དང་རིགས་དང་སེམས་བསྐྱེད་སྔོན་དུ་སོང་བའི་ཚོགས་ལམ་དང་། སྦྱོར་ལམ་དང་། མཐོང་ལམ་དང་། སྒོམ་ལམ་དང་། མི་སློབ་པའི་ལམ་སྟེ་ལམ་ལྔ་དང་འབྱོར་པའམ་རིགས་པའི་དོན་ལྔ་རིམ་པ་བཞིན་སྦྱར་རོ། །དེ་འདྲ་བ་སྤྱིར་ཐེག་པ་ཆེན་པོའི་དོན་ལྔ་དང་བྱེ་བྲག་ཏུ་བསྟན་བཅོས་འདིའི་བསྡུས་པའི་དོན་ལྔ་གཞུང་འདིས་བཤད་པས་དགའ་བ་སྐྱེད་པའི་དཔེ་ལྔ་ཚིགས་བཅད་གཉིས་པས་སྟོན་པ་ནི་གསེར་ལས་བརྡུངས་བྱས་འདྲ་ཞེས་པ་སྟེ་འདིའང་འགྲེལ་པས་གོ་རིམ་བཞིན་དུ་གསེར་ལས་བརྡུངས་བྱས་པ་ལ་སོགས་པ་ལྟར་དགའ་བའི་མཆོག་བསྐྱེད་དོ་ཞེས་སྤྱིར་དགའ་བ་སྐྱེ་བའི་དཔེར་བྱས་ཀྱི་བྱེ་བྲག་གི་ཆོས་མཐུན་ནི་མ་སྦྱར་རོ། །སྤྱི་འདྲ་བ་ལ་ཁྱད་པར་གྱི་འདྲ་བ་དོན་མེད་པའི་ཕྱིར་མི་བཤད་དེ། རྣམ་པར་ངེས་པ་ལས་སྤྱི་དོན་དུ་གཉེར་བ་ནི་སོ་སོར་ངེས་པའི་ཁྱད་པར་དོན་དུ་གཉེར་བར་འགྱུར་བ་མ་ཡིན་ནོ་ཞེས་གང་བཤད་པ་ཡིན་ནོ། །བྱེ་བྲག་གི་འདྲ་བ་ནི་ཁོ་བོས་བྱས་པ་གུད་ན་ཡོད་དོ། །ཐེག་པ་ཆེན་པོ་དེ་ལྟར་རང་བཞིན་གྱིས་བཟང་ན་དགའ་བ་བསྐྱེད་པའི་རྒྱན་དོན་མེད་དོ་ཞེ་ན་གཟུགས་རྒྱན་ཞེས་པས་དེ་སྤོང་བར་བྱེད་དོ། །ཆགས་ཕྱིར་གྲོང་པ་མཛེས་པ་ཡི། །རྒྱན་གྱིས་ལུས་ནི་རྒྱན་འདོད་ལྟར། །རྣམ་འགྲེལ་རྒྱན་ཡང་བདག་གིས་ནི། །བྱས་ཏེ་དྲེགས་པའི་ཕྱིར་མ་ཡིན། །ཞེས་བཤད་པ་བཞིན་ཏེ་མདོ་སྡེའི་རྒྱན་ཡང་ཞེས་བསྒྱུར་རོ། །དེས་ན་དཔེ་གསུམ་གྱིས་ཆོས་ལ་གུས་པ་བསྐྱེད་དེ་སྨན་དྲི་ང་ལ་རོ་ཞིམ་པས་ནད་སེལ་བ་དང་འདྲ་བར་སྟོང་ཉིད་དང་མ་སྐྱེས་པ་དང་། གཟོད་མ་ནས་ཞི་བ་ལ་སོགས་པའི་སྒྲས་སྐྲག་ཀྱང་ངོ་བོ་ཉིད་གསུམ་གྱི་དོན་ཤེས་ན་སྒྲིབ་པའི་ནད་ཞི་བ་ནི་ཇི་ལྟར་བསྣམས་ན་ཞེས་པའོ། །རྒྱལ་པོའི་མཆོག་སྟེར་བ་ནི་ཆོས་དཀའ་ཞེས་པ་སྟེ། སྦྱངས་པའི་སྙན་ངག་ལས་རྒྱལ་བས་སོ། །བྲམ་ཟེ་ཆུ་ལ་ཅི་ཙམ་ཞིག །ཅེས་དྲིས་པའི་ལན་དུ། མི་ཡི་བདག་པོ་པུས་ནུབ་ཙམ། །ཞེས་སྨྲས་པས། འགྲོན་བུ་འབུམ་དང་འབུམ་ཡང་འབུམ། །གླང་ཆེན་མྱོས་པ་བཅུ་དག་ནི། །ཆུ་ལ་པུས་ནུབ་ཞེས་བརྗོད་པས། །ལྷ་ཡི་བྲམ་ཟེ་ལ་བྱིན་ནོ། །ཞེས་གྲགས་པ་བཞིན་ནོ། །རིན་པོ་ཆེའི་དཔེས་འཕགས་པའི་ནོར་སྟེར་བ་ནི་རིན་ཆེན་རིགས་ལྡན་ཞེས་པ་སྟེ། ཡུལ་གང་ན་ནི་ཡོངས་རྟོགས་མཁས་པ་མེད། །རྒྱ་མཚོ་ལས་བྱུང་ནོར་བུ་དེར་མི་བྲིན། །ནོར་བུ་ཆུ་ཤེལ་རིན་ཐང་མེད་པ་ལ། །བ་ལང་རྫི་ནི་ཕྲོམ་གསུམ་སྦྱིན་ཞེས་ཟེར། །ཞེས་འབྱུང་བ་བཞིན་ནོ། །བཟློག་པ་ནི་ལྟ་ཤེས་པའི་འཕགས་པ་རྣམས་སོ། །གཞུང་ཤླཽ་ཀ་དྲུག་པོ་དེ་དག་གིས་ནི་བརྟན་བཅོས་འདིའི་སྡོམ་གྱིས་ལུས་རྣམ་པར་གཞག་པ་དང་དགོས་འབྲེལ་བཞི་བསྟན་པ་ཡིན་ཏེ། འདི་ལྟར་འབྱོར་པའོ་དོན་རྣམ་པ་ལྔ་དཔེ་དང་བཅས་པས་ནི་མདོར་བསྡུས་པའི་དོན་གྱི་ལུས་ལྔ་དང་གཞུང་འདིའི་བརྗོད་བྱ་བསྡུས་ཏེ་བསྟན་པ་ཡིན་ནོ། །གཟུགས་རྒྱན་ཞེས་པས་ནི་གཞུང་འདིས་ལྔ་པོ་དེ་ཕྱེ་བས་དེ་ཤེས་པའི་རྟོགས་པ་སྐྱེས་ནས་དགའ་བའི་དགོས་པ་བསྟན་ནོ། །དེ་ནས་ཤླཽ་ཀ་གསུམ་གྱིས་ནི་དཔེ་གསུམ་གྱིས་ཐེག་ཆེན་གྱི་ཆོས་ལ་གུས་པ་སྐྱེས་ནས་སྒྲུབ་པ་བྱས་པས་འཕགས་པར་སོང་སྟེ་མཐར་ཚངས་རྒྱ་བ་དགོས་པའི་དགོས་པ་བསྟན་ནོ། །དེ་དགོས་པ་ལས་བྱུང་བ་དང་དགོས་པ་བསྟན་བཅོས་ལས་བྱུང་བའི་འབྲེལ་བ་ནི་དེ་གཉིས་ཀྱི་ཁོང་ན་ཡོད་པ་དེ་ཤུགས་ལ་གོ་སྟེ། བསྟན་བཅོས་དང་ནི་དགོས་པའི་དོན། །འབྲེལ་བའི་གཞི་ནི་གཉིས་ལ་གནས། །དེ་བཞིན་འདུས་བྱས་དེ་ཡི་ཕྱིར། །དགོས་ལས་ལོགས་ཤིག་མ་བཤད་དོ། །བྱ་བ་དང་། འབྲེལ་བ་སྟོན་པར་བྱེད་པའི་སྒྲ། །དངོས་སུ་ཡོད་པ་མ་ཡིན་གྱི། །འོན་ཀྱང་དེ་ནི་རྣམ་འབྱེད་ལས། །དོན་གྱིས་རྟོགས་པར་བྱ་བ་མིན། །ཞེས་གྲགས་པ་ཡིན་ནོ། །དེའི་ཕྱིར་ཁ་ཆེའི་པཎྜི་ཏ་པད་ཛཱ་ན་རྗེས་འབྲངས་དང་བཅས་པ་གསེར་ལས་ཞེས་པའི་སྟོན་པའི་ཚིགས་བཅད་གཅིག་ཁོ་ན་དགོས་འབྲེལ་སྟོན་པར་བཤད་པ་དེ་ནི་དཔེ་སྟོན་པ་ཡིན་མོད་བརྗོད་བྱ་ནི་དཔེས་མཚོན་པའི་དོན་གྱིས་བསྟན་པ་མ་ཡིན་ནམ། གཞན་གསུམ་ནི་དོན་ལྔས་དངོས་ཤུགས་གང་ལའང་མ་བསྟན་པའི་ཕྱིར་སྔ་མ་བཞིན་འཐད་པ་ཡིན་ནོ། །མ་འབྲེལ་བའི་བཤད་པ་གཞན་མང་པོ་ནི་དུས་དང་སྒྲ་བློ་མགྲོན་དུ་འགྲོ་བའི་ཕྱིར་མི་བཤད་དོ། །འདིར་མ་བཤད་པའི་ཚིག་དོན་རྣམས་ནི་འགྲེལ་པ་དང་འགྲེལ་བཤད་དུ་བལྟའོ། །སྐབས་ནི་ལེའུའི་མིང་གི་རྣམ་གྲངས་ཏེ་སཾ་སྐྲྀཏ་ལ་པ་རི་ཚེ་ད་ནི་ཡོངས་སུ་བཅད་པ་ཡིན་ལ། པ་ཏྲ་ལ་ནི་དོན་མཐུན་པས་འདབ་མའམ་ཁ་ཅིག་ནི་རིམ་པར་ཕྱེ་བ་ཞེས་ཟེར་རོ། །སྐབས་དང་པོ་བསྟན་བཅོས་ཀྱི་ལུས་བཤད་ཟིན་ཏོ།། །།

 

སྐབས་གཉིས་པ་བཀའི་སྒྲུབ་པ།

དེ་ལྟར་དགོས་འབྲེལ་བཞི་དང་ལྡན་པའི་བསྟན་བཅོས་ཀྱི་རང་བཞིན་བཤད་ནས་ད་ནི་དེས་བསྟན་པའི་ཆོས་ཀྱི་རྣམ་གྲངས་ཀྱི་དབྱེ་བ་བཤད་དེ། འདི་ལ་སྐབས་ཉི་ཤུས་བསྟན་པའི་དོན་ཉི་ཤུ་དང་དེས་ནང་གསེས་ཀྱིས་ཕྱེ་ན་དགུ་བཅུ་རྩ་གཅིག་ཏུ་བོད་ཀྱི་སློབ་དཔོན་ཁ་ཅིག་བཤད་དེ་ནང་གསེས་ཀྱིས་དབྱེ་བའི་གྲངས་ནི་མངོན་རྟོགས་རྒྱན་བཞིན་འདིར་མ་མཛད་པས་གང་ལྟར་ཡང་རུང་ངོ་། །དེ་ལ་དང་པོ་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་བསྒྲུབ་པ་བཤད་དེ་འདིར་ཉན་ཐོས་སྡེ་པ་དག་དེ་ལ་ནི་ཕན་ཡོན་དེ་འདྲ་མེད་དེ་སངས་རྒྱས་ཀྱིས་མ་གསུངས་པའི་ཕྱིར་དང་བསླབ་པ་གསུམ་རང་བཞིན་མེད་པར་བཤད་ནས་འགོག་པས་འདུལ་བ་ལ་མི་སྣང་མདོ་སྡེ་ལ་མི་འཇུག་མངོན་པའི་ཆོས་ཉིད་དང་འགལ་བའི་ཕྱིར་རོ། །དེས་ན་དེ་ནི་སེམས་ཅན་ཐམས་ཅད་མཐོ་རིས་དང་ཐར་པའི་ཐབས་ལ་བསླུ་བའི་ཕྱིར་བདུད་སྡིག་ཅན་དང་དགེ་སློང་ཀླུ་སྒྲུབ་ལ་སོགས་པ་ནང་པའི་རྟོག་གེ་པ་དང་མུ་སྟེགས་པའི་རྟོག་གེ་པས་བྱས་པ་ཡིན་ཏེ་འཁོར་འདས་ཀྱི་ཆོས་ཐམས་ཅད་མེད་པར་བཤད་པའི་ཕྱིར་རོ་ཞེས་ཟེར་རོ། །དེ་འགོག་པ་ལ་དོན་གསུམ་གྱི་དང་པོ་མདོར་བསྟན་པ་ནི་ཆོས་འདི་དེ་འདྲ་བའི་སྐྱོན་ཅན་དུ་སྔར་སངས་རྒྱས་ཐམས་ཅད་ཀྱིས་ལུང་མ་བསྟན་པའི་ཕྱིར་དང་ཐེག་ཆུང་དང་ལྷན་ཅིག་ཏུ་བྱུང་བ་དང་རྟོག་གེ་པའི་སྤྱོད་ཡུལ་མ་ཡིན་པ་དང་ཤེས་བྱ་མ་ལུས་པ་ཤེས་པར་བྱས་ན་དེ་སངས་རྒྱས་སུ་གྲུབ་པ་དང་ཐེག་ཆེན་ཡོད་ན་དེའི་མདོ་རྒྱུད་འདི་ཚོ་བཀར་ཡོད་པ་དང་མེད་ན་དེ་ལས་བྱུང་བའི་སངས་རྒྱས་མེད་པས་ཐེག་ཆུང་ཡང་མེད་པ་དང་དེ་བསྒོམས་པས་ཡེ་ཤེས་སྐྱེས་ནས་སྒྲིབ་པའི་གཉེན་པོ་བྱེད་པ་དང་མེད་པར་བཤད་པ་ན་སྒྲ་གཞན་དུ་བཤད་པའི་ཕྱིར་རོ། །གང་ཡང་ཆོས་འཁོར་གནས་དང་ཡངས་པ་ཅན་ཞེས་པའི་ཚིག་གིས་ཀྱང་དུས་གཅིག་ན་དུ་མ་བྱུང་བར་མི་འགྲུབ་སྟེ་དེ་ཉིད་ཀྱི་ཚེ་བྱང་ཆུབ་སེམས་དཔའི་རིགས་ཅན་ལ་ཐེག་ཆེན་གསུངས་ཀྱང་དབང་པོ་བརྟུལ་ཞིང་བསོད་ནམས་དམན་པས་ཉན་ཐོས་ལ་དེ་ཐོས་པའི་སྐལ་བ་མེད་པའི་ཕྱིར་རོ། །མཉན་ཡོད་དུ་སངས་རྒྱས་ཕལ་པོ་ཆེ་གསུངས་པ་ཉན་ཐོས་སུས་ཀྱང་མ་ཚོར་བ་བཞིན་ནོ། །རབ་འབྱོར་ལ་སོགས་པ་ནི་བྱང་ཆུབ་སེམས་དཔའ་དང་བྱང་ཆུབ་ཆེན་པོར་འགྱུར་བའི་ཉན་ཐོས་ཡིན་པས་ཐོས་པ་ཡིན་ནོ། །དེར་སྨོས་པའི་ཡུལ་དེ་དག་ཏུའང་གནས་ཐམས་ཅད་མ་འདུས་ཏེ་ཐེག་ཆུང་ལ་རྒྱ་གར་ཤར་ཕྱོགས་སུ་ཀླུའི་རྒྱལ་པོ་རབ་བརྟན་གྱི་གནས་རྫིང་བུ་དལ་གྱིས་འབབ་ཏུ། ལས་ཀྱི་རྒྱུ་བ་ལུང་སྟོན་པའི་མདོ་གསུངས་པས་རྒྱལ་ཆེན་བཞི་བདེན་མཐོང་ལ་བཀོད་པ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་རྒྱ་མཚོ་ནས་འོངས་པའི་ཀླུའི་རྒྱལ་པོ་ནག་པོ་དང་གཽའུ་ཏ་མ་འཁོར་སྟོང་དང་བཅས་པ་ལས་ཆོས་བཤད་པ་དང་། ཡུལ་ལྔ་ལེན་ལྷོ་བྱང་དུ་བྱོན་ཏེ་དེ་ནས་མཚོ་མ་དྲོས་པར་བྱོན་ནས་ཆོས་གསུངས་པ་དང་། དེ་ནས་ལིའི་ཡུལ་དུ་བྱོན་ནས་རི་གླང་མགོ་ལ་བཞུགས་ཏེ་དེར་སངས་རྒྱས་སྟོང་གི་བསྟན་པ་འབྱུང་བར་ལུང་བསྟན་པ་དང་། དཔལ་ལྷ་ལས་བབས་པར་ཆོས་གསུངས་པ་དང་ཐེག་ཆེན་ལ་པོ་ཏ་ལ་དང་ལང་ཀའི་ཡུལ་དུ་ཆོས་གསུངས་པ་དང་ས་བཅུ་པ་དང་དཔལ་མཆོག་དང་པོ་ལ་སོགས་པ་གཞན་འཕྲུལ་དབང་བྱེད་དུ་གསུངས་པ་དང་། འཇམ་དཔལ་རྩ་རྒྱུད་གནས་གཙང་མའི་ནམ་མཁའ་ལ་གསུངས་པ་དང་རྣམ་སྣང་མངོན་བྱང་འོག་མིན་དུ་སངས་རྒྱས་མ་ཐག་ཏུ་གསུངས་པ་དང་དེ་ཉིད་བསྡུས་པ་དེ་ནས་འཛམ་བུ་གླིང་དུ་བྱོན་པའི་ལམ་ཁར་རི་རབ་ཀྱི་རྩེ་ལ་གསུངས་ནས་རྡོ་རྗེ་གདན་དུ་བྱོན་པ་ལ་སོགས་པ་མང་པོ་མ་འདུས་པར་སྣང་ངོ་། །བྱ་རྒོད་ཕུང་པོའི་རི་ལ་སོགས་པ་ལའང་ལན་དུ་མ་བཞུགས་པ་ཡོད་བཞིན་དུ་ལོ་གཅིག་གི་ངེས་པ་མི་རུང་ངོ་དེའི་ཕྱིར་ཚིགས་བཅད་དེ་ནི་སངས་རྒྱས་བཞུགས་པའི་གནས་རྒྱུས་ཆུང་ངུ་གཅིག་གིས་བྱས་པར་ངེས་སོ། །གཉིས་པ་དེ་རྒྱས་པར་བཤད་པ་ལ་དང་པོ་སངས་རྒྱས་ཀྱི་བཏང་སྙོམས་བྱས་ནས་ལུང་མ་བསྟན་སྙམ་པ་འགོག་པ་ནི་སངས་རྒྱས་རྣམས་ནི་མངོན་སུམ་སྤྱན་ཞེས་པའོ། །གཉིས་པ་ཐེག་ཆེན་མེད་ཀྱང་ཐེག་ཆུང་ལས་སངས་རྒྱས་འབྱུང་བས་མེད་ན་མེད་པ་མ་གྲུབ་བོ་སྙམ་པ་འགོག་པ་ནི་མ་ཚངས་པ་དང་ཞེས་པའོ། །དེ་གཉིས་འགལ་བ་དང་བཤད་པ་ནི་བསམ་པ་དང་ནི་ཞེས་པའོ། །ལྟ་བ་གང་ཟག་གི་བདག་མེད་སྒོམ་པ་དང་ཤེས་བྱ་མ་ལུས་པ་ལ་སློབ་པ་མཐར་ཕྱིན་པ་ན་སངས་རྒྱས་སུ་འགྱུར་བ་སློབ་དཔོན་དགེ་སྲུང་དང་སློབ་དཔོན་ཆོས་མཆོག་གིས་ཐམས་ཅད་མཁྱེན་པ་གྲུབ་པ་ནས་བཤད་ལ། མཛོད་ལས། ཀུན་ལ་ཐམས་ཅད་སྙིང་རྗེ་ཡིས། །སྦྱིན་པར་བྱེད་པས་སྦྱིན་པ་རྫོགས། །ཞེས་པ་ལ་སོགས་པས་ཉན་ཐོས་ཀྱི་ཐམས་ཅད་མཁྱེན་པ་སྒྲུབ་ཚུལ་གྱི་སངས་རྒྱས་ཐོབ་པར་བཤད་དོ། །མི་ཕམ་མགོན་པོ་ནི་ཐེག་ཆེན་གྱིས་སངས་རྒྱས་སྒྲུབ་ཚུལ་མིན་པས་དེ་མི་འཐད་པར་བཤད་དོ། །གསུམ་པ་སྡེ་སྣོད་གསུམ་དང་མི་མཐུན་པ་འགོག་པ་ནི་རང་གི་ཉིད་ལ་འཇུག་ཕྱིར་དང་ཞེས་པའོ། །བཞི་པ་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་བཤད་པ་ནི་རྟོག་གེ་བརྟེན་ཅིང་མ་ངེས་ལ་ཞེས་པ་སྟེ་འགྲེལ་པ་དང་འགྲེལ་བཤད་གཉིས་ཀས་མུ་སྟེགས་ཀྱི་རྟོག་གེ་ལ་བྱས་ཀྱི་སངས་རྒྱས་པའི་རྟོག་གེ་ཡང་དག་པ་ལ་ནི་མ་བྱས་ཏེ་དེ་ནི་ཡང་དག་པར་སོ་སོར་རྟོག་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཡེ་ཤེས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ལྔ་པ་ཐེག་ཆེན་ཁོ་ནས་སངས་རྒྱས་ཐོབ་པའི་རྒྱུ་མཚན་བཤད་པ་ནི། རྒྱ་ཆེའི་ཕྱིར་དང་ཞེས་པའོ། །དྲུག་པ་ཐེག་ཆེན་ལ་སྐྲག་པའི་ཉེས་པ་བཤད་པ་ནི་འགྲོ་བ་དེ་གནས་མིན་ལ་ཞེས་པའོ། །བདུན་པ་དེ་ལ་སྐྲག་པའི་རྒྱུ་བཤད་པ་ནི་དེ་ལས་གཞན་དང་ཞེས་པའོ། །འདིར་ཐེག་ཆེན་གྱི་སྡེ་སྣོད་ནས་ཐེག་པ་གསུམ་ཀའི་ལམ་འབྱུང་བ་བཞིན་ཉན་ཐོས་ཀྱི་སྡེ་སྣོད་ནས་ཀྱང་ཐེག་པ་གསུམ་ཀའི་ལམ་འབྱུང་བས་འགྲེལ་པའི་སྐྱོན་འདི་དག་མི་འབྱུང་ངོ་། །བརྒྱད་པ་ཐེག་ཆེན་མེད་ན་ཐེག་པ་ཆེ་ཆུང་འབྱེད་པའི་ཤེས་རབ་མེད་པས་བཀའ་ཡིན་མིན་མི་ངེས་སོ་ཞེས་སྟོན་པ་ནི་འདི་ན་དང་པོ་ཞེས་པའོ། །དགུ་པ་སྐྲག་པའི་གནས་མ་ཡིན་པ་བཤད་པ་ནི་བདག་གིས་མི་ཤེས་ཞེས་པའོ། །བཅུ་པ་དམན་པ་ལ་མ་མོས་པས་མཆོག་ཏུ་གྲུབ་པ་བཤད་པ་ནི་དམན་པར་མོས་ཤིང་ཞེས་པའོ། །བཅུ་གཅིག་པ་མ་ཐོས་པའི་མདོ་སྡེ་སྤང་དུ་མི་རུང་བར་སྟོན་པ་ནི་ཐོས་རྗེས་འབྲངས་ཏེ་ཞེས་པའོ། །བཅུ་གཉིས་པ་སྒྲ་ཇི་བཞིན་པའི་ཉེས་པ་བཤད་པ་ནི་དོན་སྒྲ་ཇི་བཞིན་ཞེས་པའོ། །དེ་ལྟར་བཀའ་མ་ཡིན་པ་དགག་པའི་ཚུལ་གྱིས་བཀར་སྒྲུབ་པ་རྒྱས་པར་བཤད་ནས་གསུམ་པ་མཇུག་སྡུད་པ་ནི་ཡིད་ཀྱི་ཉེས་པ་ཞེས་པའོ། །སྐབས་གཉིས་པ་བཀའི་སྒྲུབ་བོ།། །།

 

སྐབས་གསུམ་པ་སྐྱབས་འགྲོ།

བཀར་སྒྲུབ་པའི་ཐེག་ཆེན་ལ་སྐྱབས་འགྲོ་ནས་འཇུག་པས་དེ་ལ་ངོ་བོ་ནི་ཡུལ་ཁྱད་པར་ཅན་ལ་སྐྱབས་ཞུ་བའི་ཡིད་དང་ངག་གོ །འདི་ལ་དོན་བཞི་ལས་དང་པོ་མདོར་བསྟན་ནས་མཆོག་གི་དོན་བཤད་པ་ནི་ཀུན་ཏུ་འགྲོ་དང་། གང་ཕྱིར་དང་པོར་ཞེས་བྱའི་ཚིགས་བཅད་གཉིས་སོ། །གཉིས་པ་དེ་རྒྱས་པར་བཤད་པ་ལ་བཞིའི་དང་པོ་ཀུན་ཏུ་འགྲོ་བའི་ཁྱད་པར་བཞི་བཤད་པ་ནི་གང་ཞིག་སེམས་ཅན་ཞེས་པའོ། །གཉིས་པ་ཁས་ལེན་པའི་ཁྱད་པར་གསུམ་བཤད་པ་ནི་གང་ཞིག་དགའ་བ་མང་པོས་ཞེས་པའོ། །ཡང་ཁས་ལེན་པ་དེ་ཉིད་སངས་རྒྱས་ཀྱི་སྲས་མཚན་གྱིས་བརྒྱན་པ་སངས་རྒྱས་ཀུན་གྱི་རྒྱལ་པོའི་བུ་ལྟར་དབང་བསྐུར་བར་འགྱུར་རོ་ཞེས་སྟོན་པ་ནི་སངས་རྒྱས་སྲས་ཀྱི་བྱ་བ་ལ་སོགས་པ་ཚིགས་བཅད་གསུམ་མོ། །དེ་བློན་པོ་ཆེན་པོ་ལྟར་འགྱུར་རོ་ཞེས་སྟོན་པ་ནི་བློན་པོ་ཆེན་པོ་ཞེས་པའོ། །གསུམ་པ་རྟོགས་པའི་ཁྱད་པར་ནི་བསོད་ནམས་ཕུང་ཆེན་ཞེས་པའོ། །བཞི་པ་ཟིལ་གྱིས་གནོན་པའི་ཁྱད་པར་ནི་བློ་ལྡན་ཉན་ཐོས་ཚོགས་བཅས་ཞེས་པའོ། །རྩ་བའི་གསུམ་པ་སྐྱབས་འགྲོའི་རང་བཞིན་གཏན་ལ་དབབ་པ་ནི་འདི་ནི་དེ་དངོས་འདོད་པས་ཁས་ལེན་ཞེས་པའོ། །རྩ་བའི་བཞི་པ་སྐྱབས་འགྲོའི་ཕན་ཡོན་སྟོན་པ་ནི་སྐྱབས་སུ་འགྲོ་བ་འདིར་སོང་ཞེས་པའོ། །སྐབས་གསུམ་པ་སྐྱབས་འགྲོའོ།། །།

 

སྐབས་བཞི་པ་རིགས།

སྐྱབས་འགྲོའི་ནུས་པས་རིགས་སད་འོང་བས་དེ་སྟོན་ཏེ་དེའི་ངོ་བོ་ཐེག་ཆུང་བ་མ་ཆགས་འཕགས་རིགས་ཞེས་པ་དང་ཁ་ཅིག་དང་པོ་ནས་དེའི་རིགས། ཁ་ཅིག་སྦྱངས་པ་ལས་གྱུར་ཏོ་ཞེས་མ་ཆགས་པའི་དགེ་བ་དང་དབང་པོ་གཉིས་ལ་འདོད་དོ། །ཐེག་ཆེན་པ་ནི་ཀུན་གཞི་ལ་ཡོད་པའི་ཟག་མེད་ཀྱི་ས་བོན་དང་སྒྲིབ་པ་སྲབ་མཐུག་དང་ཆོས་ཀྱི་དབྱིངས་ལ་འདོད་པ་གསུམ་མོ། །མདོར་ན་འཕགས་པ་བཞིའི་ཆོས་བསྐྱེད་པའི་ནུས་པ་ལ་འདོད་དོ། །རང་བཞིན་དང་རྒྱས་པ་ནུས་པ་སད་མ་སད་དེ་ས་བོན་སྐམ་པོ་དང་དེ་རླན་དང་འཕྲད་པ་འདྲའོ། །གཞུང་དོན་ལ་བཞི་ལས། དང་པོ་རིགས་ཡོད་པའི་མདོར་བསྟན་ནི་ཡོད་དང་མཆོག་དང་ཞེས་པའོ། །དེ་དག་དོན་བཞི་བཞིས་བཤད་པ་ལ་དང་པོ་ཡོད་པ་བཤད་པ་ནི་ཁམས་རྣམས་དང་ནི་ཞེས་པའོ། །གཉིས་པ་མཆོག་བཤད་པ་ནི་དེ་དག་ཁྱད་པར་ཞེས་པའོ། །གསུམ་པ་མཚན་ཉིད་བཤད་པ་ནི་རང་བཞིན་དང་ནི་ཞེས་པ་སྟེ་ཡོན་ཏན་སྒྲོལ་བ་ནི་གོ་ཏྲ་ཞེས་པ་གོ་གུ་ན་ཡོན་ཏན་དང་ཏྲ་ཏ་ར་སྒྲོལ་བ་སྟེ་འདི་ལས་ཡོན་ཏན་སྐྱེས་ནས་འཁོར་བ་ལས་སྒྲོལ་བ་ཞེས་བྱ་བར་འགྱུར་རོ། །བཞི་པ་རྟགས་བཤད་པ་ནི་སྦྱོར་བའི་སྔོན་དུ་ཞེས་པའོ། །ལྔ་པ་རབ་དབྱེ་བཤད་པ་ནི་རིགས་ནི་ངེས་དང་ཞེས་པའོ། །དྲུག་པ་ཉེས་དམིགས་བཤད་པ་ནི་ཉོན་མོངས་གོམས་དང་ཞེས་པའོ། །བདུན་པ་ཕན་ཡོན་བཤད་པ་ནི་རིང་མོ་ཞིག་ན་ཞེས་པའོ། །བརྒྱད་པ་དཔེ་གཉིས་ཀྱི་དང་པོ་ནི་གསེར་གྱི་བྱ་བ་དང་། གཉིས་པ་ནི་རིན་ཆེན་མཆོག་རིགས་ཞེས་པའོ། །དེ་ལྟར་དོན་བརྒྱད་ཀྱིས་ཡོད་པར་བཤད་ནས་རྩ་བའི་དོན་གཉིས་པ་རིགས་མེད་པར་བཤད་པ་ནི་ལ་ལ་གཅིག་ཏུ་ཉེས་པར་སྤྱོད་ཅེས་པའོ། །གཉིས་པ་རིགས་གཉིས་ཀྱི་ཆེ་བ་བཤད་པ་ནི་ཟབ་ཅིང་རྒྱ་ཆེར་ཞེས་པའོ། །བཞི་པ་འབྲས་བུ་བཤད་པ་ནི་ཡོན་ཏན་ཤིན་ཏུ་རྒྱ་ཆེ་ཞེས་པའོ། །སྐབས་བཞི་པ་རིགས་སོ།། །།

 

སྐབས་ལྔ་པ་སེམས་བསྐྱེད་པ།

རིགས་སད་ནས་དང་པོ་ཐེག་པ་ཆེན་པོ་ལ་འཇུག་པའི་སྤྱོད་པ་སེམས་བསྐྱེད་པ་འབྱུང་བས་མཚན་ཉིད་ནི་གཞན་དོན་དུ་བྱང་ཆུབ་འདོད་པ་ཡིན་ནོ། །དབྱེ་བ་ཉི་ཤུ་རྩ་གཉིས་ནི་ཚོགས་ལམ་ཆུང་ངུ་ནས་སངས་རྒྱས་ཀྱི་སའི་བར་དུ་ཡོད་དེ་དེ་ལའང་འཁོར་བ་མ་ཟད་ཀྱི་བར་དུ་རང་གི་བྱང་ཆུབ་རྒྱུན་མི་ཆད་པར་འཐོབ་འདོད་པ་ཡོད་པས་སོ། །ས་མཚམས་ཀྱི་རིམ་པ་ནི་འགྲེལ་ཆུང་བཞིན་ནོ། །གཞུང་དོན་ལ་དང་པོ་མཚན་ཉིད་ནི་སྤྲོ་བ་ཆེ་དང་ཞེས་པའོ། །གཉིས་པ་ས་མཚམས་ཀྱི་སྒོ་ནས་དབྱེ་བ་ནི་སེམས་བསྐྱེད་དེ་ནི་ཞེས་པ་སྟེ་འདི་ནས་ཀྱང་ཐ་མ་འདི་སངས་རྒྱས་ལ་བཤད་དོ། །གསུམ་པ་སེམས་བསྐྱེད་དེ་རྣམ་པ་དུ་མའི་སྒོ་ནས་གཏན་ལ་དབབ་པ་ནི་དེའི་རྩ་བ་ཞེས་པའོ། །བཞི་པ་བརྡ་ལས་བྱུང་བ་ཀུན་རྫོབ་པའི་སེམས་བསྐྱེད་བཤད་པ་ནི་གྲོགས་སྟོབས་ཞེས་པའོ། །ལྔ་པ་དོན་དམ་པའི་སེམས་བསྐྱེད་བཤད་པ་ནི་རྫོགས་པའི་སངས་རྒྱས་རབ་མཉེས་བྱས་ཞེས་པའོ། །དྲུག་པ་དཔེའི་ཆེ་བ་བཤད་པ་ནི་བསྐྱེད་པ་ས་དང་མཚུངས་པ་སྟེ་ཞེས་པ་སྟེ་བློ་གྲོས་མི་ཟད་པའི་སེམས་བསྐྱེད་པ་མི་ཟད་པ་ནས་བཤད་པ་ཡིན་ནོ། །བདུན་པ་སེམས་མ་བསྐྱེད་པ་ལ་སྨད་པ་བཤད་པ་ནི་ཆེར་འོས་སེམས་བསྐྱེད་སྤངས་པའི་སྐྱེ་བོ་གང་ཞེས་པའོ། །བརྒྱད་པ་སེམས་བསྐྱེད་པ་ལ་བསྔགས་པ་བཤད་པ་ནི་བློ་ལྡན་སེམས་མཆོག་ཅེས་པའོ། །དགུ་པ་མི་བྱེད་པའི་སྡོམ་པ་ཐོབ་པ་བཤད་པ་ནི་གང་ཚེ་གཞན་གྱི་ཞེས་པའོ། །བཅུ་པ་སེམས་བསྐྱེད་ནས་མི་ལྡོག་པ་བཤད་པ་ནི་འདི་ཡིས་ཆོས་ཀུན་ཞེས་པའོ། །བཅུ་གཅིག་པ་སྡུག་བསྔལ་གྱིས་མི་འཇིགས་པ་བཤད་པ་ནི་གཞན་དོན་བརྩོན་ལྡན་ཞེས་པའོ། །བཅུ་གཉིས་པ་སེམས་ཅན་ཡལ་བར་འདོར་བ་དགག་པ་བཤད་པ་ནི་སློབ་དཔོན་བརྩེ་ཆེན་ཞེས་པའོ། །བཅུ་གསུམ་པ་ལེ་ལོ་སྨད་པ་བཤད་པ་ནི་མགོ་ལ་སེམས་ཅན་ཞེས་པའོ། །སྐབས་ལྔ་པ་སེམས་བསྐྱེད་པའོ།། །།

 

སྐབས་དྲུག་པ་ལམ་སྒྲུབ་པ།

སེམས་བསྐྱེད་ནས་གཉིས་པ་ཐེག་པ་ཆེན་པོའི་ལམ་སྒྲུབ་པའི་སྤྱོད་པ་བྱེད་པས་དེ་བཤད་དེ་དེ་ལ་དང་པོ་མཚན་ཉིད་ནི་གནས་རྩོམ་ཞེས་པའོ། །གཉིས་པ་རང་གཞན་མཉམ་པའི་སྒྲུབ་པ་བཤད་པ་ནི་གཞན་དང་བདག་ཏུ་ཞེས་པའོ། །གསུམ་པ་གཞན་དོན་ཁྱད་པར་དུ་བྱ་དགོས་པ་ལ་མདོར་བསྟན་པ་ནི་ཇི་ལྟར་སྙིང་རྗེའི་ཞེས་པའོ། །བཞི་པ་དེའི་རྣམ་པར་དབྱེ་བ་བཅུ་གསུམ་བཤད་པ་ནི་ཐ་ཆད་འབྲིང་དང་ཞེས་པའོ། །ལྔ་པ་གཞན་དོན་སྒྲུབ་ཚུལ་མཆོག་བཤད་པ་ནི་སྐྱེ་བོ་དང་མཐུན་ཞེས་པའོ། །དྲུག་པ་སྲིད་ཞི་གཉིས་ཀྱི་རང་གཞན་གྱི་དོན་སྒྲུབ་པའི་སྐྱོན་ཡོན་བཤད་པ་ནི་འདོད་ལྡན་སྐྱེ་བོ་ཞེས་པའོ། །བདུན་པ་དེ་སྤྱོད་ཡུལ་ཡོངས་སུ་དག་པའི་བསྔོ་བ་དང་འབྲེལ་བར་སྒྲུབ་པ་ནི་རྒྱལ་སྲས་སྤྱོད་ཚེ་ཞེས་པའོ། །བརྒྱད་པ་སེམས་ཅན་ལ་མི་བཟོད་པ་དགག་པ་ནི་རྟག་ཏུ་ཉེས་པས་ཞེས་པའོ། །དགུ་པ་དེ་འདྲའི་སྒྲུབ་པས་སྲིད་ཞི་གཉིས་ཀྱི་སྒྲུབ་པ་ཐམས་ཅད་ཟིལ་གྱིས་གནོན་པའི་ཆེ་བ་སྟོན་པ་ནི་སྒྲུབ་པ་འདི་ནི་ཞེས་པའོ། །སྐབས་དྲུག་པ་སྒྲུབ་པའོ།། །།

 

སྐབས་བདུན་པ་དེ་ཁོ་ན་ཉིད།

སྒྲུབ་པ་དེ་ལ་ཡང་དོན་དམ་པ་དེ་ཁོ་ན་ཉིད་ཤེས་པ་དགོས་པས་དེ་བཤད་པ་ན་དང་པོ་དོན་དམ་པའི་མཚན་ཉིད་བཤད་པ་ནི་ཡོད་མིན་མེད་མིན་ཞེས་པའོ། །གཉིས་པ་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་དགག་པ་བཤད་པ་ནི་བདག་ཏུ་ལྟ་བ་ཅེས་པའོ། །གསུམ་པ་དེར་ལྟ་བའི་ཕྱིན་ཅི་ལོག་སླད་པ་བཤད་པ་ནི་ཇི་ལྟར་འཁྲུལ་པ་ཅེས་པའོ། །བཞི་པ་སྲིད་ཞི་བདག་མེད་པར་མཉམ་པའི་ལྟ་བ་བཤད་པ་ནི་འདི་ལ་དོན་དམ་ཞེས་པའོ། །ལྔ་པ་གཉེན་པོ་དོན་དམ་པའི་ཡེ་ཤེས་སྐྱེ་བའི་གོ་རིམ་བཤད་པ་ནི་བྱང་ཆུབ་སེམས་པས་ཞེས་པའོ། །དྲུག་པ་དོན་དམ་པའི་ཡེ་ཤེས་དེའི་ཆེ་བ་སྟོན་པ་ནི་ཐུབ་པས་གསུངས་པའི་ཞེས་པའོ། །སྐབས་བདུན་པ་དེ་ཁོ་ན་ཉིད་དོ།།  །།

 

སྐབས་བརྒྱད་པ་མཐུ་བཤད་པ།

དེ་ཁོ་ན་ཉིད་ཤེས་པའི་ཡེ་ཤེས་ལས་མངོན་ཤེས་ཀྱི་མཐུ་ཐོབ་པར་འགྱུར་བས་དེ་བཤད་པ་ན་དང་པོ་མངོན་ཤེས་ཀྱི་ངོ་བོ་བཤད་པ་ནི་སྐྱེ་དང་ངག་སེམས་ཞེས་པའོ། །གཉིས་པ་དེའི་རྒྱུ་བཤད་པ་ནི་བསམ་གཏན་བཞི་པ་ཅེས་པའོ། །གསུམ་པ་འབྲས་བུ་བཤད་པ་ནི་གང་གིས་འཕགས་དང་ཞེས་པའོ། །བཞི་པ་མཐོང་བ་དང་སྟོན་པའི་ལས་བཤད་པ་ནི་ཆགས་དང་འཇིག་བཅས་ཞེས་པའོ། །ལྔ་པ་འོད་ཟེར་གྱི་ལས་བཤད་པ་ནི་འོད་ཟེར་བཏང་བས་ཞེས་པའོ། །དྲུག་པ་རྣམ་པར་རོལ་པ་དང་སྤྲུལ་པའི་ལས་བཤད་པ་ནི་དེ་ནི་མཆོག་ཚོགས་ཅེས་པའོ། །བདུན་པ་ཞིང་དག་པའི་ལས་བཤད་པ་ནི་ཡེ་ཤེས་དག་ལ་དབང་ཕྱིར་ཞེས་པའོ། །བརྒྱད་པ་ལྡན་པ་རྣམ་པ་གསུམ་བཤད་པ་ནི་འདབ་གཤོག་ཞེས་པའོ། །དགུ་པ་འཇུག་པའི་དོན་བཤད་པ་ནི་མངོན་པར་ཤེས་པ་དྲུག་དང་ཞེས་པའོ། །བཅུ་པ་དེའི་ཆེ་བ་བཤད་པ་ནི་དེ་ནི་དབང་མཆོག་ཅེས་པའོ། །སྐབས་བརྒྱད་པ་མཐུའི་སྐབས་སོ།། །།

 

སྐབས་དགུ་པ་རང་ཡོངས་སུ་སྨིན་པ།

དེ་འདྲ་བའི་རྒྱལ་སྲས་དེ་རང་སྨིན་པའི་ཚུལ་བཤད་པ་ན་དང་པོ་སྨིན་པ་དགུ་མདོར་བསྟན་པ་ནི་དགའ་དང་དད་དང་ཞེས་པའོ། །དེ་རྒྱས་པར་བཤད་པ་ལ་དང་པོ་དགའ་བ་ཡོངས་སུ་སྨིན་པ་ནི་གྲོགས་མཆོག་ལ་སོགས་ཞེས་པའོ། །གཉིས་པ་དད་པ་སྨིན་པ་ནི་ཡོན་ཏན་ཤེས་དང་ཞེས་པའོ། །གསུམ་པ་རབ་ཞི་སྨིན་པ་ནི་ཤིན་ཏུ་སྡོམ་ཞིང་ཞེས་པའོ། །བཞི་པ་སྙིང་བརྩེ་སྨིན་པ་ནི་རང་བཞིན་སྙིང་བརྩེ་ཞེས་པའོ། །ལྔ་པ་བཟོད་པ་སྨིན་པ་ནི་རང་བཞིན་བརྟན་པ་ཅེས་པའོ། །དྲུག་པ་ཡིད་གཞུངས་སྨིན་པ་ནི་རྣམ་སྨིན་དག་ཅིང་ཞེས་པའོ། །བདུན་པ་མཐུ་ཐོབ་སྨིན་པ་ནི་དགེ་བ་གཉིས་ཀྱིས་ཞེས་པའོ། །བརྒྱད་པ་མི་ཕྲོགས་པ་སྨིན་པ་ནི་ཆོས་བཟང་རིགས་པས་ཞེས་པའོ། དགུ་པ་སྤོང་བའི་ཡན་ལག་ཡོངས་སུ་སྨིན་པ་ནི་དགེ་བ་བསགས་དང་ཞེས་པའོ། །བཅུ་པ་རང་སྨིན་པའི་ཆེ་བ་སྟོན་པ་ནི་ད་ལྟར་དངོས་པོ་རྣམ་དགུ་ཞེས་པའོ། །སྐབས་དགུ་པ་རང་ཡོངས་སུ་སྨིན་པའོ།། །།

 

སྐབས་བཅུ་པ་གཞན་ཡོངས་སུ་སྨིན་པ།

རང་སྨིན་པ་ལས་གཞན་སྨིན་པ་འབྱུང་བས་དེ་བཤད་པ་ན་དང་པོ་གཞན་སྨིན་པའི་ངོ་བོ་ནི་ཇི་ལྟར་རྨ་དང་ཞེས་པའོ། །གཉིས་པ་དེའི་དབྱེ་བ་ནི་ལུས་ཅན་བྲལ་བར་སྨིན་བྱེད་ཅེས་པའོ། །གསུམ་པ་བསམ་པ་གང་སྨིན་པར་བྱེད་པ་ནི་ཇི་ལྟར་རྒྱལ་སྲས་ཞེས་པའོ། །བཞི་པ་སྦྱོར་བ་ཕར་ཕྱིན་དྲུག་གིས་སྨིན་པར་བྱེད་པ་ནི་སྦྱིན་པས་བྱེད་པ་ནི་བྱང་ཆུབ་སེམས་དཔའི་ལུས་དང་ཞེས་པའོ། །ཚུལ་ཁྲིམས་ཀྱིས་བྱེད་པ་ནི་རྟག་པ་རང་བཞིན་ཞེས་པའོ། །བཟོད་པས་ནི་གཞན་གནོད་བྱེད་ལ་ཞེས་པའོ། །བརྩོན་འགྲུས་ཀྱིས་ནི་རྒྱལ་སྲས་བརྩོན་འགྲུས་ཞེས་པའོ། །བསམ་གཏན་གྱིས་ནི་ཡིད་ཀྱིས་དབང་ནི་ཞེས་པའོ། །ཤེས་རབ་ཀྱིས་ནི་དེ་ཉིད་དགོངས་དོན་ཞེས་པའོ། །མཇུག་སྡུད་པ་ནི་དེ་ལྟར་བྱང་ཆུབ་སེམས་དཔའ་ཅེས་པའོ། །སྐབས་བཅུ་པ་གཞན་ཡོངས་སུ་སྨིན་པར་བྱེད་པའོ།། །།

སྐབས་བཅུ་གཅིག་པ་བྱང་ཆུབ་ཀྱི་སྐབས།

དེ་ལྟར་ཐེག་ཆེན་སྒྲུབ་པའི་སྤྱོད་པ་ལས་གསུམ་དེ་གྲུབ་པའི་སྤྱོད་པ་རྣམ་པ་ཐམས་ཅད་མཁྱེན་པའི་བྱང་ཆུབ་འབྱུང་སྟེ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་ལས། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ་ཞེས་བཤད་དོ། །འདིའི་ངོ་བོ་ནི་དོན་གཉིས་མཐར་ཐུག་པའི་སངས་རྒྱས་ཏེ་འདི་ལ་དང་པོ་རྒྱུ་དང་ངོ་བོ་དང་དཔེའི་སྒོ་ནས་བྱང་ཆུབ་བསྟན་པ་ནི་དཀའ་སྤྱད་དཔག་མེད་ཅེས་པའོ། །གཉིས་པ་གཉིས་མེད་མཐར་ཐུག་མཐུ་དང་བཅས་པ་བྱང་ཆུབ་ཏུ་བསྟན་པ་ནི་ཆོས་རྣམས་ཐམས་ཅད་སངས་རྒྱས་ཞེས་པ་ནས་རྒྱུ་ཕྱིར་སྤྲིན་དང་འདྲ་ཞེས་པའི་བར་རོ། །གསུམ་པ་སྐྱབས་གནས་མཐར་ཐུག་བྱང་ཆུབ་ཏུ་བསྟན་པ་ནི་རྟག་ཏུ་ཉོན་མོངས་ཚོགས་ཀུན་དང་ཞེས་པ་ནས་སངས་རྒྱས་སྐྱབས་ཆེན་ཉིད་དུ་འདོད་ཅེས་པའི་བར་རོ། །བཞི་པ་གནས་གྱུར་གྱི་མཐར་ཐུག་བྱང་ཆུབ་ཏུ་བསྟན་པ་ནི་གང་ལ་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཞེས་པ་ནས་ཡོངས་གྱུར་འདོད་ཀྱི་བར་རོ། །ལྔ་པ་ཀུན་ལ་ཁྱབ་ཀྱང་སྣང་མི་སྣང་གི་དཔེས་བྱང་ཆུབ་བསྟན་པ་ནི་ཇི་ལྟར་ནམ་མཁའ་རྟག་ཏུ་ཞེས་པའོ། །དྲུག་པ་ཕྲིན་ལས་རྒྱུན་ཆད་པའི་སྒོ་ནས་བྱང་ཆུབ་བསྟན་པ་ནི་ཇི་ལྟར་རྔ་དག་ཞེས་པའོ། །བདུན་པ་ཟབ་པའི་སྒོ་ནས་བྱང་ཆུབ་བསྟན་པ་ལའང་གསུམ་གྱི། དང་པོ་མཚན་ཉིད་ཟབ་པའི་སྒོ་ནས་བྱང་ཆུབ་བསྟན་པ་ནི་སྔ་མ་ཕྱི་མ་ཁྱད་མེད་ཀྱང་ཞེས་པའོ། །གཉིས་པ་གནས་པ་ཟབ་པའི་སྒོ་ནས་བསྟན་པ་ནི་ཟག་མེད་དབྱིངས་ན་ཞེས་པའོ། །གསུམ་པ་ཕྲིན་ལས་ཟབ་པ་བཅུའི་སྒོ་ནས་བྱང་ཆུབ་བསྟན་པ་ནི་སྟོབས་སོགས་སངས་རྒྱས་ཆོས་རྣམས་ལ་ཞེས་པའོ། །དེ་དག་གི་དཔེ་དང་བདེ་གཤེགས་སྙིང་པོའི་དགོངས་པ་བཤད་པ་ནི་དྲི་མེད་དབྱིངས་དང་དེ་བཞིན་ཉིད་ཞེས་པའོ། །བརྒྱད་པ་འབྱོར་པའི་སྒོ་ནས་བྱང་ཆུབ་བསྟན་པ་ལ་མཐུ་ལ་སོགས་པའི་འབྱོར་པ་བཤད་པ་ནི་ཉན་ཐོས་རྣམས་ཀྱི་ཞེས་པའོ། །གནས་གྱུར་གྱི་འབྱོར་པ་བདུན་བཤད་པ་ནི་དབང་པོ་ལྔ་རྣམས་ཞེས་པ་ལ་སོགས་པའོ། །དགུ་པ་སེམས་ཅན་སྨིན་པར་མཛད་པའི་སྒོ་ནས་བྱང་ཆུབ་བསྟན་པ་ནི་འདི་ན་འཇིག་ཞེས་པ་ནས་དེ་འདི་རྨད་བྱུང་བའི་ཆོས་ཞེས་པའི་བར་རོ། །དགུ་པ་ཆོས་དབྱིངས་རྣམ་པར་དག་པའི་སྒོ་ནས་བྱང་ཆུབ་བསྟན་པ་ནི་ཆོས་རྣམས་ཀུན་ཀྱི་དེ་བཞིན་ཉིད་ཞེས་པའོ། །བཅུ་པ་སྐུའི་དབྱེ་བའི་སྒོ་ནས་བྱང་ཆུབ་བསྟན་པ་ནི་སངས་རྒྱས་རྣམས་ཀྱི་སྐུ་དབྱེ་བ་ཞེས་པ་ནས་རྒྱུན་གྱི་དེ་དག་རྟག་པ་ཉིད་ཀྱི་བར་རོ། །བཅུ་གཅིག་པ་ཡེ་ཤེས་ཀྱི་དབྱེ་བའི་སྒོ་ནས་བྱང་ཆུབ་བསྟན་པ་ནི་མེ་ལོང་ཡེ་ཤེས་ཞེས་པ་ནས་ཡེ་ཤེས་བཞི་པོ་ཡང་དག་འབྱུང་གི་བར་རོ། །བཅུ་གཉིས་པ་སངས་རྒྱས་གཅིག་དང་དུ་མ་མ་ཡིན་པ་ནི་ཐ་དད་རིགས་དོན་ཅེས་པའོ། །བཅུ་གསུམ་པ་སངས་རྒྱས་སྒྲུབ་པའི་ཐབས་བཤད་པ་ནི་མེད་པ་གང་ཡིན་པ་སྟེ་འདི་ལ་ཉེ་བའི་བྱང་ཆུབ་ཅེས་རྔོག་ལུགས་བཤད་པ་ལ་ནི་རྒྱུ་མཚན་ཅི་ཡང་མེད་དོ། །བཅུ་བཞི་པ་སངས་རྒྱས་ཐམས་ཅད་མཛད་པ་ཕྲིན་ལས་གཅིག་པའི་སྒོ་ནས་བྱང་ཆུབ་བཤད་པ་ནི་ཀླུང་དག་པའི་འོག་ཏུ་ཞེས་པའོ། །དེ་ནས་བྱང་ཆུབ་ལ་སྤྲོ་བ་བསྐྱེད་པ་དེ་ལྟར་བྱ་བ་དང་བཤད་ཟིན་པ་རྣམས་ཀྱི་སྡོམ་སྟེ་དང་པོ་ནི་སྐབས་དང་པོའོ། །བྱང་ཆུབ་ཀྱི་ལེའུ་ནི་མདོའི་མིང་ངོ་། །དེ་ཡན་ཆད་ལ་མཇུག་སྡུད་བྱེད་པ་ནི་འདི་འགྲེལ་པ་དང་འགྲེལ་བཤད་ཀྱི་ནང་ན་བྲིས་པའི་མདོ་ལ་སོགས་པའི་དོན་ཐེག་ཆེན་གྱི་སྤྱོད་པ་གསུམ་གྱིས་ཉམས་སུ་ལེན་ལུགས་གཅིག་རྫོགས་པར་བསྟན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་རོ། །སྐབས་བཅུ་གཅིག་པ་བྱང་ཆུབ་ཀྱི་སྐབས་རྫོགས་སོ།། །།

སྐབས་བཅུ་གཉིས་པ་མོས་པ།

འདི་མན་ཆད་ཀྱིས་ཀྱང་འདིའི་འགྲེལ་པ་དང་ཊཱི་ཀ་ནས་འབྱུང་བའི་མདོ་ལ་སོགས་པའི་དོན་ཐེག་ཆེན་གྱི་སྤྱོད་པ་གསུམ་གྱིས་ཉམས་སུ་ལེན་ཚུལ་བཤད་དེ་སྐྱབས་འགྲོ་སེམས་བསྐྱེད་དང་རིགས་དང་མོས་པ་ལ་སོགས་པ་ཡན་མན་དུ་དགོས་པ་རྣམས་ནི་དེ་གཉིས་ཀར་ཤེས་པར་བྱའོ། །དེ་ལ་འདིའི་དང་པོ་ཐེག་ཆེན་ལ་འཇུག་པའི་སྤྱོད་པ་ནི་མོས་པ་ཡིན་ཏེ་དེའི་ངོ་བོ་ནི་ངེས་པའི་དོན་ལ་ངེས་པར་འཛིན་པ་མི་འཕྲོག་པའི་བྱེད་ལས་ཅན་ལ་བཤད་དེ་འདིར་ཐེག་ཆེན་ལ་དེ་ལྟར་འཛིན་པའོ། །གཞུང་དང་པོ་མོས་པའི་དབྱེ་བ་ཉི་ཤུ་རྩ་དྲུག་བཤད་པ་ནི་སྐྱེ་དང་མ་སྐྱེས་ཞེས་པའོ། །གཉིས་པ་མོས་པའི་བར་གཅོད་བཤད་པ་ནི་ཡིད་ལ་མི་བྱེད་ཅེས་པའོ། །གསུམ་པ་མོས་པའི་ཕན་ཡོན་བཤད་པ་ནི་བསོད་ནམས་ཆེ་དང་ཞེས་པའོ། །བཞི་པ་མོས་པའི་ཁྱད་པར་བཤད་པ་ནི་འདོད་པ་ཅན་གྱི་ཞེས་པའོ། །ལྔ་པ་མོས་པ་ལ་ཞུགས་པ་དགག་པ་ནི་གང་ཕྱིར་སེམས་ཅན་ཞེས་པའོ། །དྲུག་པ་མོས་པའི་བསོད་ནམས་ཀྱི་ཁྱད་པར་བཤད་པ་ནི་གཞན་དག་ལ་ནི་ཞེས་པའོ། །བདུན་པ་མོས་པའི་འབྲས་བུ་བཤད་པ་ནི་དེ་ལྟར་འཕགས་པ་ཆེན་པོ་ཞེས་པའོ། །སྐབས་བཅུ་གཉིས་པ་མོས་པའོ།། །།

 

སྐབས་བཅུ་གསུམ་པ་ཆོས་འཚོལ་བ།

གཉིས་པ་ཐེག་ཆེན་སྒྲུབ་པའི་སྤྱོད་པའི་དང་པོ་ནི་གང་ལ་འཇུག་པའི་ཆོས་ཚོལ་བ་ཡིན་པས་དེ་བཤད་དེ། དེ་ལ་དང་པོ་དམིགས་པ་སྟེ་སྣོད་འཚོལ་བ་བཤད་པ་ནི་སྡེ་སྣོད་དག་ནི་ཅེས་པའོ། །གཉིས་པ་དམིགས་པ་རྙེད་པ་ཚོལ་བ་ནི་དམིགས་པ་ཆོས་དང་ཞེས་པའོ། །གསུམ་པ་ཡིད་ལ་བྱེད་པ་འཚོལ་བ་ནི་རིགས་གསུམ་པ་དང་བྱ་བ་བྱེད་ཅེས་པའོ། །བཞི་པ་ཤེས་བྱའི་དེ་ཁོ་ན་ཉིད་འཚོལ་བ་ནི་རྟག་ཏུ་གཉིས་བྲལ་ཞེས་པའོ། །ལྔ་པ་སྒྱུ་མ་ལྟ་བུ་འཚོལ་བ་ནི་ཇི་ལྟར་སྒྱུ་མ་དེ་བཞིན་དུ་ཞེས་པ་ནས་དྲུག་ཚན་གཉིས་དང་གསུམ་པོ་རེ་རེར་འདོད་ཅེས་པའི་བར་རོ། །དྲུག་པ་ཤེས་བྱ་འཚོལ་བ་ནི་ཡང་དག་མིན་རྟོག་ཅེས་པའོ། །བདུན་པ་ཉོན་མོངས་པ་དང་རྣམ་བྱང་འཚོལ་བ་ནི་རང་གི་ཁམས་ལས་ཞེས་པའོ། །བརྒྱད་པ་རྣམ་པར་རིག་པ་ཙམ་འཚོལ་བ་ནི་སེམས་ནི་གཉིས་སུ་ཞེས་པའོ། །དགུ་པ་མཚན་ཉིད་འཚོལ་བ་ནི་སངས་རྒྱས་རྣམས་ཀྱིས་སེམས་ཅན་ལ་ཞེས་པ་ནས་འཕེལ་བ་མེད་པའི་མཚན་ཉིད་འདོད་ཅེས་པའི་བར་རོ། །བཅུ་པ་རྣམ་པར་གྲོལ་བ་འཚོལ་བ་ནི་ས་བོན་གཞན་དུ་གྱུར་བའི་ཕྱིར་ཞེས་པ་ནས་ལྡོག་པར་འདོད་ཀྱི་བར་རོ། །བཅུ་གཅིག་པ་ངོ་བོ་ཉིད་མེད་པ་འཚོལ་བ་ནི་རང་དང་རང་གི་བདག་ཉིད་དུ་ཞེས་པའོ། །བཅུ་གཉིས་པ་མི་སྐྱེ་བའི་ཆོས་ལ་བཟོད་པ་འཚོལ་བ་ནི་ཐོག་མ་དང་ནི་ཞེས་པའོ། །བཅུ་གསུམ་པ་ཐེག་པ་གཅིག་ལ་འཚོལ་བ་ནི་ཆོས་དང་བདག་མེད་གྲོལ་བ་རྣམས་ནས་བྱང་ཆུབ་དམ་པ་ཐོབ་པར་གྱུར་གྱི་བར་རོ། །བཅུ་བཞི་པ་རིག་པའི་གནས་འཚོལ་བ་ནི་རིག་པའི་གནས་ལྔ་ཞེས་པའོ། །བཅོ་ལྔ་པ་ཁམས་བརྡས་པའི་རིགས་རྒྱས་པ་ཚོལ་བ་ནི་རྒྱུ་དམིགས་ནས་ནི་དགའ་བ་དང་ཞེས་པ་ནས་ཁམས་ནི་བརྟས་པར་བྱེད་པོ་ཡིན་ཞེས་པའི་བར་རོ། །བཅུ་དྲུག་པ་ཆོས་འཚོལ་བའི་དབྱེ་བ་ནི་རྒྱས་དང་ལྷག་པའི་བསམ་དང་ཞེས་པའོ། །བཅུ་བདུན་པ་རྒྱུའི་ཆོས་འཚོལ་བ་ནི་བསྟན་ཆོས་གཟུགས་དང་ཞེས་པའོ། །བཅོ་བརྒྱད་པ་རྣམ་པར་རྟོག་པ་འཚོལ་བ་ནི་རྒྱལ་བའི་སྲས་རྣམས་ཀྱིས་ནི་ཅེས་པའོ། །མཇུག་སྡུད་པ་ནི་དེ་ལྟར་བློ་གྲོས་ཅེས་པའོ། །སྐབས་བཅུ་གསུམ་པ་ཆོས་འཚོལ་བའོ།།  །།

 

སྐབས་བཅུ་བཞི་པ་ཆོས་བཤད་པ།

བཙལ་ནས་གཞན་ལ་སྟོན་པས་དེ་བཤད་པ་ན། དང་པོ་ཆོས་ལ་སེར་སྣ་སྤངས་པ་ནི་བརྟན་པ་རྣམས་ནི་ཞེས་པའོ། །གཉིས་པ་དོན་མེད་པ་དང་ཡོད་པ་བཤད་པ་ནི་གང་ཕྱིར་རང་རིག་ཅེས་པའོ། །གསུམ་པ་སྟོན་པའི་དབྱེ་བ་བཤད་པ་ནི་སེམས་དཔའ་མཆོག་གི་ཅེས་པའོ། །བཞི་པ་སྟོན་པ་ཕུན་སུམ་ཚོགས་པ་བཤད་པ་ནི་རྒྱ་ཆེ་ཐེ་ཚོམ་ཞེས་པའོ། །ལྔ་པ་ཚིག་ཕུན་སུམ་ཚོགས་པ་ནི་རྒྱལ་སྲས་ཚིག་ནི་ཞེས་པའོ། །དྲུག་པ་ཡི་གེ་ཕུན་སུམ་ཚོགས་པ་ནི་བསྟན་དང་དེ་བཞིན་ཞེས་པའོ། །བདུན་པ་སྟོན་པའི་ཆེ་བའི་བདག་ཉིད་ནི་ངག་ཚིག་ཤིན་ཏུ་ཞེས་པའོ། །བརྒྱད་པ་ཕུན་སུམ་ཚོགས་པ་ནི་དད་དང་དགའ་དང་ཞེས་པའོ། །དགུ་པ་ལྡེམ་པོར་དགོངས་པའི་དབྱེ་བ་བཤད་པ་ནི་གཞུག་པ་ཅེས་པའོ། །བཅུ་པ་དགོངས་པ་བཞི་བཤད་པ་ནི་མཉམ་པ་ཉིད་དང་ཞེས་པའོ། །བཅུ་གཅིག་པ་དེ་ཤེས་པའི་ཕན་ཡོན་བཤད་པ་ནི་སངས་རྒྱས་ཆོས་ལ་ཞེས་པའོ། །བཅུ་གཉིས་པ་ཆོས་སྟོན་པའི་ཕན་ཡོན་བཤད་པ་ནི་དེ་ལྟར་བློ་བཟང་ཞེས་པའོ། །སྐབས་བཅུ་བཞི་པ་ཆོས་བཤད་པའོ།།  །།

 

སྐབས་བཅོ་ལྔ་པ་གཞན་ལ་བཤད་ཅིང་རང་ཉིད་སྒྲུབ་པ།

གཞན་ལ་བཤད་ཅིང་རང་ཉིད་སྒྲུབ་པ་བྱེད་པས་དེ་བཤད་དེ། དེ་ལ་དང་པོ་སོ་སོ་སྐྱེ་བོས་ལམ་གཉིས་ལ་བདག་མེད་གཉིས་རྟོགས་ནས་སྒྲུབ་པ་བྱེད་པ་བཤད་པ་ནི་བློ་ལྡན་གཉིས་ལ་ཞེས་པའོ། །གཉིས་པ་འཕགས་པས་མཐོང་སྒོམ་གཉིས་ལ་སྒྲུབ་པ་བྱེད་པ་བཤད་པ་ནི་དེ་ནས་དེ་ནི་ས་དང་པོར། ཞེས་པའོ། །གསུམ་པ་སྒྲུབ་པ་བག་ཡོད་པར་བྱ་དགོས་སོ་ཞེས་སྟོན་པ་ནི་བློ་ལྡན་གང་དུ་ཞེས་པའོ། །བཞི་པ་ཉོན་མོངས་པས་ཉོན་མོངས་པ་སྤོང་བའི་དགོངས་པ་བཤད་པ་ནི་ཆོས་ཀྱི་དབྱིངས་ནི་ཞེས་པའོ། །ལྔ་པ་ཉན་རང་གི་བསམ་པ་སྤང་དགོས་པར་བསྟན་པ་ནི་སེམས་ཅན་ཆེད་དུ་ཞེས་པའོ། །དྲུག་པ་ངོ་བོ་ཉིད་མེད་པ་དང་རང་བཞིན་གྱིས་དག་པ་ལ་སྐྲག་པ་སྤངས་པ་ནི་ཆོས་མེད་པ་དང་ཞེས་པའོ། །བདུན་པ་འདོད་ཆགས་ལས་སྐྱེས་པ་ལྟུང་བ་མ་ཡིན་པར་བསྟན་པ་ནི་བྱང་ཆུབ་སེམས་དཔའ་སེམས་ཅན་ལ་ཞེས་པའོ། །བརྒྱད་པ་སྒྲུབ་པའི་དབྱེ་བ་བཤད་པ་ནི་སྨན་བཟང་པོ་ལ་ནད་པ་བཞིན་ཞེས་པའོ། །དགུ་པ་སྒྲུབ་པའི་འཁོར་གསུམ་ཡོངས་དག་བཤད་པ་ནི་དེ་ལྟར་བདག་ཏུ་ཞེས་པའོ། །སྐབས་བཅོ་ལྔ་པ་སྒྲུབ་པའོ།།  །།

 

སྐབས་བཅུ་དྲུག་པ་གདམས་ངག་དང་རྗེས་སུ་བསྟན་པ།

སྒྲུབ་པ་ནི་གདམས་ངག་དང་རྗེས་བསྟན་ལས་འབྱུང་བས་དེ་བཤད་དེ། དེ་ལ་དང་པོ་གདམས་ངག་ནོད་པ་པོའི་གང་ཟག་བཤད་པ་ནི་བསྐལ་བ་གྲངས་མེད་ཞེས་པའོ། །གཉིས་པ་གང་ལ་གནོད་པའི་ཡུལ་བཤད་པ་ནི་དེ་ཚེ་ཆོས་ཀྱི་ཞེས་པའོ། །གསུམ་པ་དེ་སེམས་དྲུག་གིས་སྒོམ་པ་བཤད་པ་ནི་དེ་ནས་དང་པོར་ཞེས་པའོ། །བཞི་པ་དེ་ཡིད་ལ་བྱེད་པ་བཅུ་གཅིག་གིས་སྒོམ་པ་སྟོན་པ་ནི་ཡིད་ཀྱིས་བརྗོད་པས་ཞེས་པའོ། །ལྔ་པ་དེའི་སེམས་གནས་པའི་ཐབས་དགུས་སྒོམ་པ་བཤད་པ་ནི་དམིགས་པ་ལ་ནི་ཞེས་པའོ། །དྲུག་པ་དེ་ལྟར་སྒོམ་པའི་འབྲས་བུ་བཤད་པ་ནི་དེ་ནས་དེ་ཡི་ལུས་དང་སེམས་ཞེས་པའོ། །བདུན་པ་དེའི་ཕན་ཡོན་ལྔ་བཤད་པ་ནི་དེ་ནས་དེ་དག་སྔོན་རོལ་དུ་ཞེས་པ་སྟེ་དེ་ཡན་ཆད་ནི་ཚོགས་ལམ་ན་སྒོམ་པའི་གདམས་ངག་ཡིན་ནོ། །དེ་ནས་བརྒྱད་པ་སྦྱོར་ལམ་བཞི་འབྱུང་ཚུལ་བཤད་པ་ནི་དེ་ནས་དེ་འདྲར་འགྱུར་བ་ཡིན་ཞེས་པའོ། །དགུ་པ་མཐོང་ལམ་ཐོབ་ཚུལ་བཤད་པ་ནི་དེ་ནས་དེས་ནི་ཞེས་པའོ། །དེ་འདིའི་ཞེས་པ་ནས་ལྷན་ཅིག་ཏུ་ནི་ཐོབ་པར་འདོད་ཅེས་པའི་བར་གྱིས་ནི་མཐོང་ལམ་གྱི་སྤངས་རྟོགས་མང་པོ་བཤད་དོ། །དེ་ནས་གང་ཞིག་བློ་ཡི་འགྲོ་བ་འདུས་བྱས་ཙམ་ཞེས་པས་ནི་མཐོང་ལམ་ཐོབ་པའི་ཆེ་བ་བཤད་དོ། །བཅུ་པ་སྒོམ་ལམ་བཤད་པ་ནི་དེ་ནས་དེ་ཡི་ལྷག་མ་ཡི་ཞེས་པའོ། །བཅུ་གཅིག་པ་གདམས་པ་ངག་གི་ཆེ་བ་བཤད་པ་ནི་དེ་ལྟར་མཐོང་དཀའི་ཐུབ་པ་ཞེས་པ་ནས་ཡོན་ཏན་རྒྱ་མཚོའི་ཕ་རོལ་འགྲོ་བར་འགྱུར་ཞེས་པའི་བར་ཏེ་འདིས་ཀྱང་ཐེག་པ་ཆེན་པོའི་རྒྱུ་འབྲས་ཚར་གཅིག་བསྟན་པས་མཇུག་སྡུད་སྡོམ་གྱི་ཚིགས་བཅད་མཛད་པ་ཡིན་ནོ། །སྐབས་བཅུ་དྲུག་པ་གདམས་ངག་དང་རྗེས་སུ་བསྟན་པའོ།།  །།

 

སྐབས་བཅུ་བདུན་པ་ཐབས་ཀྱིས་ཟིན་པ།

སྔར་བཤད་པ་ཐམས་ཅད་ལ་སྒོ་གསུམ་གྱི་ལས་ཐམས་ཅད་བྱེད་པ་པོ་དང་ལས་དང་བྱ་བ་འབྲས་བུ་གསུམ་བདག་གཉིས་སུ་མི་དམིགས་པ་དགོས་པས་དེ་བཤད་དོ། །དེ་ལ་དང་པོ་ལས་གསུམ་མི་དམིགས་པས་ཟིན་པ་དགེ་བ་ཐམས་ཅད་ཀྱི་གཞིར་བསྟན་པ་ནི་ཇི་ལྟར་ནགས་ཚལ་དང་ནི་ཞེས་པའོ། །གཉིས་པ་དེ་ལ་ཐེག་ཆེན་ལ་སྐྲག་པ་དང་ཉན་རང་ལ་དགའ་བ་གཉིས་ཟློག་དགོས་པར་སྟོན་པ་ནི་ཤིན་ཏུ་དཀའ་བའི་ལས་ནི་ཞེས་པའོ། །གསུམ་པ་ལས་ཐབས་ཀྱིས་ཟིན་པའི་ཆེ་བ་སྟོན་པ་ནི་རྟག་ཏུ་རྣམ་པར་མི་རྟོག་ལས་ཅན་ཞེས་པའོ། །སྐབས་བཅུ་བདུན་པ་ལས་གསུམ་ཐབས་ཀྱིས་ཟིན་པའོ།།  །།

 

སྐབས་བཅོ་བརྒྱད་པ་ཕ་རོལ་ཏུ་ཕྱིན་པ།

ཡུམ་ལས་ཕ་རོལ་དུ་ཕྱིན་པ་དྲུག་ཏུ་མ་འདུས་པའི་དཀར་པོའི་ཆོས་ནི་མེད་དེ་ཞེས་འབྱུང་བ་དེ་བཤད་པ་ལ་དང་པོ་རྩ་བའི་སྡོམ་ནི། གྲངས་དང་དེའི་མཚན་ཉིད་གོ་རིམ་དང་ཞེས་པས་བསྟན་ནས་བཅུ་པོ་དེ་རིམ་པ་བཞིན་བཤད་དེ་དེ་ལ་དང་པོ་དྲུག་ཏུ་གྲངས་ངེས་པའི་རྒྱུ་མཚན་ནི་རྣམ་པ་དྲུག་གིས་སྟོན་པ་ན་དང་པོ་རྩོམ་པའི་དབང་དུ་བྱས་ནས་དྲུག་ཏུ་ངེས་པ་ནི་ལོངས་སྤྱོད་དང་ལུས་ཞེས་པ་ནས་དྲུག་པ་བསླབ་པ་གསུམ་གྱི་དབང་དུ་བྱས་ནས་དྲུག་ཏུ་ངེས་པ་ནི་བསླབ་གསུམ་དབང་དུ་མཛད་ནས་ནི་ཞེས་པའི་བར་ཚིགས་བཅད་དྲུག་གིས་བསྟན་ནོ། །གཉིས་པ་མཚན་ཉིད་ནི་སྦྱིན་པ་མི་མཐུན་ཕྱོགས་ཉམས་དང་ཞེས་པ་དྲུག་གོ །གསུམ་པ་གོ་རིམ་ངེས་པ་ནི་སྔ་མ་ལ་བརྟེན་ཞེས་པའོ། །བཞི་པའི་ངེས་ཚིག་ནི་དབུལ་བ་འདོར་བ་ཞེས་པ་སྟེ། སཾ་སྐྲྀ་ཏའི་ངེས་ཚིག་ནི་ཕར་ཕྱིན་དང་མངོན་པའི་ཊཱི་ཀ་ན་ཡོད། ལྔ་པ་སྒོམ་པ་ནི་ཐམས་ཅད་སྒོམ་པ་དངོས་པོ་དང་ཞེས་པའོ། །དྲུག་པ་རབ་དབྱེ་ནི་དོན་རྣམས་གཏོང་བར་བྱེད་པ་དང་ཞེས་པ་ནས་རེ་རེ་ལ་ཚིགས་བཅད་གཉིས་གཉིས་ཏེ་བཅུ་གཉིས་ཀྱིས་བསྟན་ནོ། །བདུན་པ་བསྡུ་བ་ནི་དཀར་པོའི་ཆོས་ཀུན་ཞེས་པའོ། །བརྒྱད་པ་མི་མཐུན་ཕྱོགས་ནི་བྱང་ཆུབ་སེམས་དཔའི་སྦྱིན་པ་ཞེས་པའོ། །དགུ་པ་ཡོན་ཏན་ནི་སངས་རྒྱས་སྲས་རྣམས་སློང་དང་འཕྲད་ན་ཞེས་པས་དྲུག་ཀའི་ཆེ་བའི་ཡོན་ཏན་བཞི་བཞི་བཤད་དོ། །སློང་བ་མཐོང་རྫོགས་ཞེས་པས་ཡང་དྲུག་ཀའི་ཡོངས་སུ་དག་པའི་ཡོན་ཏན་བཤད་དོ། །སྦྱིན་པ་རྟེན་དང་གཞི་དང་ནི་ཞེས་པས་ཆོས་བརྒྱད་ཀྱི་མཆོག་ཏུ་གྱུར་པའི་ཡོན་ཏན་བཤད་དོ། །བྱང་ཆུབ་སེམས་དཔའི་སྦྱིན་པ་ནི་ཞེས་པས་སྦྱིན་པའི་ཡོན་ཏན་བཤད་དོ། །གཙོ་དང་དེ་རྒྱུ་ལས་ཀྱི་དབྱེ་བ་དང་ཞེས་པས་བརྩོན་འགྲུས་ཀྱི་ཡོན་ཏན་བཤད་དོ། །རྩ་བའི་བཅུ་པ་དྲུག་པོ་ཕན་ཚུན་རྣམ་པར་ངེས་ཞེས་པ་ནི་ཕན་ཚུལ་བསྡུས་ཞེས་པའོ། །གཞན་སྨིན་པའི་ཐབས་བསྡུ་དངོས་བཞིའི་དང་པོ་ངོ་བོ་ནི་སྦྱིན་མཚུངས་དེ་སྟོན་ཅེས་པའོ། །གཉིས་པ་བྱེད་པ་ནི་ཕན་པར་བྱེད་པའི་ཞེས་པའོ། །གསུམ་པ་ལས་ནི་དང་པོ་སྣོད་འགྱུར་ཞེས་པའོ། །བཞི་པ་གྲངས་ངེས་ནི་ཟང་ཟིང་དང་ནི་ཞེས་པའོ། །ལྔ་པ་རྣམ་པའི་དབྱེ་བ་ནི་རྣམ་པའི་དབྱེ་བའི་ཞེས་པའོ། །དྲུག་པ་ཕན་ཡོན་ནི་འཁོར་སྡུད་པ་དང་ཞེས་པའོ། །དེ་ལྟར་རྟག་ཏུ་ཞེས་པས་ནི་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞིའི་བྱེད་པ་བཤད་དོ། །སྐབས་བཅོ་བརྒྱད་པ་ཕ་རོལ་ཏུ་ཕྱིན་པའོ།།  །།

 

སྐབས་བཅུ་དགུ་པ་མཆོད་པ་དང་བསྟེན་པ་དང་ཚད་མེད་པ།

མཆོད་པ་དང་བསྟེན་པ་དང་ཚད་མེད་པའི་དང་པོ་དཀོན་མཆོག་མཆོད་པ་ནི་རབ་དང་སེམས་དང་ལྡན་པ་ཡིས་ཞེས་པའོ། །འདིའི་བྱེ་བྲག་གི་དབྱེ་བ་ནི་འགྲེལ་པ་བཞིན་བཤད་དོ། །གཉིས་པ་བཤེས་གཉེན་བསྟེན་པ་ནི་བསྟེན་པ་རྟེན་དང་གཞི་དང་ཞེས་པའོ། །གསུམ་པ་ཚད་མེད་པ་ལ་དེ་སྤྱིར་བཤད་པ་ནི་བརྟན་པའི་ཚངས་པ་ཞེས་པའི་ཚིགས་བཅད་བཅུ་གཉིས་སོ། །སྙིང་རྗེ་བྱེ་བྲག་ཏུ་བཤད་པ་ནི་རབ་འབར་དགྲའི་དབང་དུ་སོང་ཞེས་པ་ལ་སོགས་པ་ཤླཽ་ཀ་སུམ་ཅུ་ལྷན་ཅིག་སྟོན་ཏེ་དབྱེ་བ་ནི་འགྲེལ་པ་བཞིན་བཤད་དོ། །འདིའང་སྤྱན་རས་གཟིགས་ཀྱིས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བྱའི་སྙིང་རྗེ་ཆེན་པོ་ལ་བསླབ་ན་སངས་རྒྱས་ཀྱི་ཆོས་ཐམས་ཅད་ལག་མཐིལ་དུ་མཆིས་པར་འགྱུར་རོ་ཞེས་གསུངས་པས་ཐེག་ཆེན་གྱི་ཆོས་ཐམས་ཅད་འདི་ལས་འབྱུང་བས་འདིར་ཡང་ཆོས་བཟང་པོ་འདིའི་འཕྲོས་སུ་བྱས་ནས་བཤད་པར་རིག་པར་བྱའོ། །དེ་ལྟར་བཅོམ་ལྡན་འདས་ལ་ཞེས་པས་ནི་གསུམ་པོ་སྤྱིའི་དོན་བསྡུས་པ་ཡིན་ནོ། །སྐབས་བཅུ་དགུ་པ་མཆོད་པ་དང་བསྟེན་པ་དང་ཚད་མེད་པའོ།།  །།

 

སྐབས་ཉི་ཤུ་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ།

བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པ་ལ་དང་པོ་ངོ་ཚ་དང་ཁྲེལ་ཡོད་ཤེས་པ་གཉིས་ནི་ངོ་ཚ་མི་མཐུན་ཕྱོགས་སྤངས་དང་ཞེས་པ་དང་བྱིས་པ་གོས་བཟང་ཤིན་ཏུ་གྱོན་ཡང་ནི་ཞེས་པ་གཉིས་རིམ་པ་བཞིན་ནོ། །གཉིས་པ་བརྟན་པ་བཤད་པ་ནི། བྱང་ཆུབ་སེམས་པའི་བརྟན་པ་ནི་ཞེས་པའོ། །གསུམ་པ་མི་སྐྱེ་བ་བཤད་པ་ནི་བྱང་ཆུབ་མི་སྐྱེ་ཞེས་པའོ། །བཞི་པ་བསྟན་བཅོས་ཤེས་པ་བཤད་པ་ནི་བརྟན་པའི་བསྟན་བཅོས་ཞེས་པའོ། །ལྔ་པ་འཇིག་རྟེན་ཤེས་པ་ནི་བརྟན་རྣམས་འཇིག་རྟེན་ཤེས་པ་ཉིད་ཞེས་པའོ། །དྲུག་པ་སྟོན་པའི་དབྱེ་བ་ནི་གཙུག་ལག་བསྟན་པའི་ཆོས་ཞེས་པའོ། །བདུན་པ་སོ་སོ་རིགས་བཞི་བཤད་པ་ནི་རྣམ་གྲངས་དང་ཞེས་པའོ། །བརྒྱད་པ་ཚོགས་གཉིས་བཤད་པ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་ཞེས་པའོ། །དགུ་པ་བྱང་ཆུབ་ཀྱི་ཆོས་སུམ་ཅུ་རྩ་བདུན་བཤད་པ་ནི་བློ་ལྡན་དྲན་པ་ཉེར་བཞག་པ་ཞེས་པ་ནས་སྒྲིབ་པའི་གཉེན་པོ་སྒོམ་པའོ་ཞེས་པའི་བར་གྱིས་སྡེ་ཚན་བདུན་རིམ་པ་བཞིན་ཕྱེ་སྟེ་བཤད་དོ། །བཅུ་པ་ཞི་གནས་ལྷག་མཐོང་ནི་ཡང་དག་གནས་པ་ལ་བརྟེན་ནས་ཞེས་པའོ། །བཅུ་གཅིག་པ་ཐབས་ལ་མཁས་པ་ནི་སངས་རྒྱས་ཆོས་རྣམས་རྫོགས་བྱ་དང་ཞེས་པའོ། །བཅུ་གཉིས་པ་གཟུངས་ནི་རྣམ་སྨིན་ཐོས་ལ་གོམས་པ་དང་ཞེས་པའོ། །བཅུ་གསུམ་པ་སྨོན་ལམ་ནི་བརྟན་པ་རྣམས་ཀྱི་ཞེས་པའོ། །བཅུ་བཞི་པ་ཏིང་འཛིན་ནི་ཏིང་འཛིན་གསུམ་གྱིས་ཞེས་པའོ། །བཅོ་ལྔ་པ་ཆོས་ཀྱི་སྡོམ་བཞི་བཤད་པ་ནི་སེམས་ཅན་རྣམས་ལ་ཕན་བཞེད་པས་ཞེས་པའོ། །དེ་ལ་འདུས་བྱས་མི་རྟག་པར་སྤྱིར་སྒྲུབ་པ་ནི་མི་རུང་རྒྱུ་ལས་སྐྱེས་ཕྱིར་དང་ཞེས་པའོ། །ནང་སེམས་ཅན་སྒྲུབ་པ་ནི་དང་པོ་ཇེ་བས་ཇེ་ཆེ་དང་ཞེས་པའོ། །ཕྱི་སྣོད་སྒྲུབ་པ་ནི་འབྱུང་བ་རྣམས་དང་ཞེས་པའོ། །ཆོས་ཐམས་ཅད་བདག་མེད་པ་རིགས་པས་སྒྲུབ་པ་ནི་གང་ཟག་བརྟགས་པར་ཡོད་ཉིད་དུ་ཞེས་པའོ། །ལུང་གིས་སྒྲུབ་པ་ནི་འདི་ལྟར་ཆོས་རྣམས་ཐམས་ཅད་ནི་ཞེས་པའོ། །དེ་ལྟར་ཡོན་ཏན་ནི་དོན་སྡུད་པའོ། །སྐབས་ཉི་ཤུ་པ་བྱང་ཆུབ་ཀྱི་ཕྱོགས་དང་མཐུན་པའོ།།  །།

ཉི་ཤུ་གཅིག་པ་བཤད་པའི་འབྲས་བུ།

ཡོན་ཏན་ལ་དང་པོ་ངོ་མཚར་ཆེ་བ་བཤད་པ་ནི་རང་གི་ལུས་དང་ཞེས་པའོ། །གཉིས་པ་མི་ཆེ་བ་ནི་འོད་ཆགས་བྲལ་དང་ཞེས་པའོ། །གསུམ་པ་སེམས་མཉམ་པ་བཤད་པ་ནི་ཇི་ལྟར་བློ་ལྡན་ཞེས་པའོ། །བཞི་པ་ཕན་འདོགས་པ་བཤད་པ་ནི་སྣོད་ཉིད་དུ་ནི་བྱེད་པ་དང་ཞེས་པའོ། །ལྔ་པ་ཕན་པའི་ལན་བཤད་པ་ནི་ལོངས་སྤྱོད་རྣམས་ལ་ཞེས་པའོ། །དྲུག་པ་སྨོན་པ་བཤད་པ་ནི་རྟག་ཏུ་འཕེལ་དང་ཞེས་པའོ། །བདུན་པ་སྦྱོར་བ་ཆུད་མི་ཟ་བ་བཤད་པ་ནི་འཇིགས་སྤངས་ཞེས་པའོ། །བརྒྱད་པ་ཡང་དག་པར་སྦྱོར་བ་བཤད་པ་ནི་རེ་བ་མེད་པའི་ཞེས་པའོ། །དགུ་པ་ཉམས་པ་དང་ཁྱད་པར་དུ་གྱུར་བ་བཤད་པ་ནི་ལོངས་སྤྱོད་ཆགས་དང་ཞེས་པའོ། །བཅུ་པ་བཅོས་མ་དང་ཡང་དག་བཤད་པ་ནི་སྤྲུལ་པ་དང་ནི་ཞེས་པའོ། །བཅུ་གཅིག་པ་འདུལ་བ་བཤད་པ་ནི་བློ་ལྡན་དེ་དག་ཅེས་པའོ། །བཅུ་གཉིས་པ་ལུང་བསྟན་པ་བཤད་པ་ནི་གང་ཟག་དུས་ཀྱི་ཞེས་པའོ། །བཅུ་གསུམ་པ་ངེས་པར་འགྱུར་བ་བཤད་པ་ནི་བློ་ལྡན་ཞེས་པའོ། །བཅུ་བཞི་པ་གདོན་མི་ཟ་བར་བྱ་བ་བཤད་པ་ནི་མཆོད་བསླབ་ཞེས་པའོ། །བཅོ་ལྔ་པ་རྟག་ཏུ་བྱ་བ་བཤད་པ་ནི་འདོད་པའི་ཉེས་དམིགས་ཞེས་པའོ། །བཅུ་དྲུག་པ་གཙོ་བོའི་དངོས་པོ་བཤད་པ་ནི་ཆོས་བཞིན་ཞེས་པའོ། །བཅུ་བདུན་པ་གདགས་པ་རྣམ་པར་གཞག་པ་ནི་མདོ་སོགས་རྣམ་པའི་ཞེས་པའོ། །བཅོ་བརྒྱད་པ་ཡོངས་སུ་འཚོལ་བ་བཤད་པ་ནི་མིང་དང་དངོས་དག་ཞེས་པའོ། །བཅུ་དགུ་པ་ཇི་ལྟ་བ་བཞིན་ཤེས་པ་བཤད་པ་ནི་ཐམས་ཅད་དམིགས་སུ་ཞེས་པའོ། །ཉི་ཤུ་པ་དཔག་ཏུ་མེད་པ་བཤད་པ་ནི་ཡོངས་སྨིན་ཞེས་པའོ། །ཉི་ཤུ་གཅིག་པ་བཤད་པའི་འབྲས་བུ་ནི་བྱང་ཆུབ་སེམས་ནི་ཞེས་པའོ། །

 

སྐབས་ཉི་ཤུ་གཉིས་པ་ཐེག་ཆེན་བཤད་པ།

ཉི་ཤུ་གཉིས་པ་ཐེག་ཆེན་བཤད་པ་ནི་དམིགས་པ་ཆེ་བ་ཞེས་པའོ། །ཉི་ཤུ་གསུམ་པ་ཐེག་ཆེན་བསྡུས་པ་ནི་རིགས་དང་ཆོས་ལ་ཞེས་པའོ། །ཉེར་བཞི་པ་བྱང་ཆུབ་སེམས་དཔའི་མཚན་ཉིད་ཀྱི་དབྱེ་བ་བཤད་པ་ནི་གཅིག་ནི་མོས་པ་དང་ལྡན་པ་ཞེས་པའོ། །ཉེར་ལྔ་པ་དེའི་མཚན་གྱི་དབྱེ་བ་བཤད་པ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ་ཞེས་པ་ལ་ཚིགས་བཅད་དོ། །སྐབས་ཉི་ཤུ་རྩ་གཅིག་པ་ཡོན་ཏན་གྱི་སྐབས་སོ།།  །།མཐར་ཐུག་པའི་སྐབས་ལ་དང་པོ་རྟགས་ཀྱི་དབྱེ་བ་ནི་བརྩེ་དང་ཞེས་པའོ། །གཉིས་པ་ཁྱིམ་པ་དང་རབ་བྱུང་དབྱེ་བ་ནི་བྱང་ཆུབ་སེམས་དཔའ་ཞེས་པའོ། །གསུམ་པ་ལྷག་པའི་བསམ་པ་ནི་ས་རྣམས་ཀུན་ལ་ཞེས་པའོ། །བཞི་པ་ཡོངས་སུ་འཛིན་པ་ནི་ས་རྣམས་ཀུན་ཏུ་ཞེས་པའོ། །ལྔ་པ་སྐྱེ་བའི་དབྱེ་བ་ནི་བློ་ལྡན་རྣམས་ཀྱི་ཞེས་པའོ། །དྲུག་པ་གནས་པ་དང་སའི་དབྱེ་བ་ནི་མཚན་ཉིད་ཅེས་པས་མདོར་བསྟན་ནས་མཚན་ཉིད་བཤད་པ་ནི་སྟོང་ཉིད་ནི་ཞེས་པའོ། །གཉིས་པ་གང་ཟག་བཤད་པ་ནི་བྱང་ཆུབ་སེམས་དཔའ་ལྟ་བ་རྣམ་དག་པ་ཞེས་པའོ། །གསུམ་པ་བསླབ་པ་བཤད་པ་ནི་ཆོས་ཉིད་རབ་ཏུ་རྟོགས་ཞེས་པའོ། །བཞི་པ་ཕུང་པོ་བཤད་པ་ནི་ཆོས་ཉིད་རབ་ཏུ་ཞེས་པའོ། །ལྔ་པ་གྲུབ་པ་བཤད་པ་ནི་ས་རྣམས་ཐམས་ཅད་ཞེས་པའོ། །དྲུག་པ་རྟགས་ལས་ཐོབ་པའི་རྟགས་བཤད་པ་ནི་སྣང་དང་བཅས་དང་ཞེས་པའོ། །ཕར་ཕྱིན་དྲུག་ཐོབ་པའི་རྟགས་པ་ནི་འདུན་པ་མེད་པ་མ་ཡིན་ཞེས་པའོ། །སའི་ཕན་ཡོན་བཤད་པ་ནི་ས་རྣམས་ཀུན་ལ་ཞེས་པའོ། །བདུན་པ་ངེས་ཚིག་བཤད་པ་ནི་བྱང་ཆུབ་ལ་ནི་ཞེས་པ་སྟེ། སྤྱིའི་ངེས་ཚིག་འབྱུང་པོ་དཔག་མེད་ཅེས་པ་ནི། བྷཱུ་མི་ཞེས་པ་བྷཱུ་ཏ་འབྱུང་པོ་ཨ་མི་ཏ་དཔག་མེད་ཨ་བྷ་ཡ་འཇིགས་མེད་ཡང་ཨ་མི་ཏ་དཔག་མེད་བྷཱུ་ཡ་ན་ཕྱི་ཕྱིར་མི་གྷ་མ་ན་མ་གོང་དུ་འགྲོ་བ་སྟེ་འབྱུང་པོ་དཔག་ཏུ་མེད་པ་འཇིགས་པ་མེད་པར་བྱེད་ཅིང་རྟོགས་པ་གོང་ནས་གོང་དུ་འགྲོ་བ་ཞེས་པར་འགྱུར་རོ། །བརྒྱད་པ་ཐོབ་པ་བཤད་པ་ནི་ས་ཐོབ་པ་ནི་ཞེས་པའོ། །ལུས་ཅན་ཐེག་པ་ཆེན་པོ་དང་ཞེས་པ་ནི་སྔར་བཤད་པ་ཐམས་ཅད་སྤྱོད་པ་བཞིར་བསྡུས་པའོ། །དེ་དག་ཐམས་ཅད་ཀྱིས་རྒྱུ་ཡོངས་སུ་རྫོགས་པ་བཤད་པ་ནས་གསུམ་པ་མཐར་ཐུག་ཐེག་པ་ཆེན་པོ་གྲུབ་པའི་སྤྱོད་པ་སངས་རྒྱས་ཀྱི་ས་ཉིད་བཤད་པ་ན་དང་པོ་ཚད་མེད་བཞིས་བསྟོད་པ་ནི་སེམས་ཅན་རྣམས་ལ་བརྩེ་བ་ཅན་ཞེས་པའོ། །གཉིས་པ་རྣམ་ཐར་དང་ཟད་པར་ཟིལ་གནོན་གྱིས་བསྟོད་པ་ནི་ཐུབ་པ་སྒྲིབ་ཀུན་ཞེས་པའོ། །གསུམ་པ་ཉོན་མོངས་པ་མེད་པས་བསྟོད་པ་ནི་སེམས་ཅན་དག་ནི་ཞེས་པའོ། །བཞི་པ་སྨོན་ནས་ཤེས་པས་བསྟོད་པ་ནི་ལྷུན་གྱིས་གྲུབ་ཅིང་ཞེས་པའོ། །ལྔ་པ་སོ་སོ་ཡང་དག་པའི་རིག་པ་བཞིས་བསྟོད་པ་ནི་རྟེན་དང་བརྟེན་པ་ཅེས་པའོ། །དྲུག་པ་མངོན་ཤེས་ཀྱི་བསྟོད་པ་ནི་གཤེགས་ནས་ཞེས་པའོ། །བདུན་པ་མཚན་དཔེས་བསྟོད་པ་ནི་ལུས་ཅན་གྱིས་ཞེས་པའོ། །བརྒྱད་པ་ཡོངས་སུ་དག་པས་བསྟོད་པ་ནི་ལེན་དང་གནས་དང་ཞེས་པའོ། །དགུ་པ་སྟོབས་བཅུས་བསྟོད་པ་ནི་ཐབས་དང་སྐྱབས་དང་ཞེས་པའོ། །བཅུ་པ་མི་འཇིགས་པ་བཞིས་བསྟོད་པ་ནི། རང་གཞན་དོན་དུ་ཞེས་པའོ། །བཅུ་གཅིག་པ་བསྲུང་བ་མེད་པ་དང་དྲན་པ་ཉེར་བཞག་གི་སྒོ་ནས་བསྟོད་པ་ནི་བསྲུང་མེད་ཅེས་སོ། །བཅུ་གཉིས་པ་བག་ཆགས་བཅོམ་པའི་སྒོ་ནས་བསྟོད་པ་ནི་ཀུན་མཁྱེན་ཁྱོད་ལ་ཞེས་པའོ། །བཅུ་གསུམ་པ་བསྙེལ་བ་མི་མངའ་བས་བསྟོད་པ་ནི་སེམས་ཅན་ཀུན་ཞེས་པའོ། །བཅུ་བཞི་པ་ཐུགས་རྗེ་ཆེན་པོས་བསྟོད་པ་ནི་འཇིག་རྟེན་ཞེས་པའོ། །བཅོ་ལྔ་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པས་བསྟོད་པ་ནི་སྤྱོད་པ་དང་ནི་ཞེས་པའོ། །བཅུ་དྲུག་པ་རྣམ་པ་ཐམས་ཅད་མཁྱེན་པས་བསྟོད་པ་ནི་སྐུ་གསུམ་དག་གི་ཞེས་པའོ། །བཅུ་བདུན་པ་ཕར་ཕྱིན་དྲུག་རྫོགས་པས་བསྟོད་པ་ནི་འཛིན་པ་མི་མངའ་ཞེས་པའོ། །བཅོ་བརྒྱད་པ་སངས་རྒྱས་ཀྱི་མཚན་ཉིད་ཀྱི་སྒོ་ནས་བསྟོད་པ་ནི་དམ་པའི་དོན་ནི་གྲུབ་པ་སྟེ་ཞེས་བྱ་བ་ཡིན་ནོ། །སྐབས་ཉི་ཤུ་གཉིས་པ་མཐར་ཐུག་པའི་སྐབས་སོ།།  །།

གཞུང་འདི་ཐོས་བསམ་སྒོམ་གསུམ་གྱིས་ཇི་ལྟར་ཤེས་པར་བྱེད་པའི་ཚུལ་ནི་ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀར་གྲུབ་ཅིང་ཐེག་ཆེན་གྱི་སྐྱབས་འགྲོས་རིགས་སད་ནས་སེམས་བསྐྱེད་དེ། དེ་ལྟར་ཉི་ཤུ་རྩ་གཉིས་ཀྱིས་ལམ་གྱི་གཞུང་ཤིང་བྱས་ནས་དེའི་ས་མཚམས་བཞིན་ལམ་ལྔ་ལེའུ་སོ་སོར་འཐོར་བ་རྣམས་ཐད་ཀ་ཐད་ཀར་ཤེས་པར་བྱའོ། །ལྟ་བའི་ཡུལ་བདེན་པ་གཉིས་པ་དང་བཞི་དང་ངོ་བོ་ཉིད་གསུམ་དང་ཤེས་བྱ་གཞི་ལྔ་དག་སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་དང་བཅུ་ལ་སོགས་པ་ས་མཚམས་གཅིག་ཏུ་བྱར་མི་རུང་བ་ཤིན་ཏུ་མང་པོ་རྣམས་ནི་ལམ་ལྔ་ཐུན་མོང་དུ་ཇི་ལྟར་རིགས་པ་བཞིན་ཤེས་པར་བྱའོ། །མི་སློབ་པའི་ལམ་ནི་བྱང་ཆུབ་ལེའུ་དང་མཐར་ཐུག་པ་གཉིས་ཡིན་ནོ། །ཚིག་དོན་རྣམས་ནི་འགྲེལ་པ་དང་རྒྱ་ཊཱིཀ་བཞིན་བཤད་ཀྱི་བོད་ཀྱི་ཆ་ལག་ལ་ནི་ནོར་བ་མང་པོ་སྣང་ངོ་། །ཁྱད་པར་དུ་རྔོག་ལུགས་ཀྱི་ཊཱི་ཀ་དང་ས་བཅད་རྣམས་ནི་འགྲེལ་ཊཱི་ཀ་མི་མཐུན་པར་སྣང་ངོ་། ཐེག་ཆེན་མདོ་སྡེ་ཀུན་གྱི་རྒྱན། །ཚིག་ཉུང་དོན་མང་ལེགས་བཤད་པའི། །སིན་ཏརྠ་ནི་ལེགས་བཀོད་པས། །བྱམས་དྲུང་ལུང་བསྟན་ཐོབ་པར་ཤོག །ཐེག་པ་ཆེན་པོ་མདོ་སྡེ་རྒྱན་གྱི་སིན་ཏརྠ་མང་དུ་ཐོས་པའི་དགེ་སློང་བཅོམ་ལྡན་རལ་གྲིས་དཔལ་ལྡན་སྣར་ཐང་གི་དགོན་པར་སྦྱར་བ་རྫོགས་སོ། །མངྒ་ལཾ།།  །།

བརྒྱུད་སྐུལ།

མཆན་སྤེལ།