རྒྱུད་བླ་མའི་ཊཱི་ཀ་རྒྱན་གྱི་མེ་ཏོག

༅། །རྒྱུད་བླ་མའི་ཊཱི་ཀ་རྒྱན་གྱི་མེ་ཏོག་བཞུགས་སོ། །

 

བཅོམ་ལྡན་རིག་པའི་རལ་གྲི།

 

རྒྱ་གར་སྐད་དུ། མ་ཧཱ་ཡཱ་ན་ཨུད་ཏྲ་ར་ཏན་ཏྲ་ཤཱསཏྲ་ཨ་ལཾ་ཀཱ་ར་པུཥྤ་ན་མ། བོད་སྐད་དུ། ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་རྒྱན་གྱི་མེ་ཏོག་ཅེས་བྱ་བ། འཕགས་པའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །སྐྱེ་གཅིག་མངོན་པར་བྱང་ཆུབ་འཚང་རྒྱ་བ། །དགའ་ལྡན་བཞུགས་པ་དེ་ལ་ཕྱག་འཚལ་ནས། །ཐུབ་པའི་དབང་པོའི་ཐེག་ཆེན་གསུང་རབ་ཀྱི། །མཐར་ཐུག་ངེས་པའི་དོན་འདི་བདག་གིས་བཤད། །

དཀོན་མཆོག་གསུམ་གྱི་རིགས་རྣམ་པར་དབྱེ་བ།

བསྐལ་པ་བཟང་པོའི་སངས་རྒྱས་ལྔ་པ་འཕགས་པ་བྱམས་པས་མཛད་པ་ངེས་པ་དོན་གྱི་མཐར་ཐུག་འདི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཆོས་ཁོ་ན་སྟོན་པས་ཐེག་པ་ཆེན་པོ་དང་། རྡོ་རྗེ་རྩེ་མོ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །འཁོར་བ་རྒྱུད་དུ་འདོད་པ་ཡིན། །མྱ་ངན་འདས་པ་རྒྱུད་ཕྱི་མ། །ཞེས་འབྱུང་བ་དེ་སྟོན་པས་རྒྱུད་དང་ཨུད་ཏ་ར་ནི་མཆོག་གམ་བླ་མའོ། །འདི་ལ་བརྗོད་བྱ་རྡོ་རྗེའི་གནས་བདུན་མདོར་བསྟན་པ་དང་། དེ་མདོ་ལས་གསུངས་པའི་ཚུལ་དང་། གནས་བདུན་གྱི་གོ་རིམ་ངེས་པ་དང་། གནས་བདུན་རྒྱས་པར་བཤད་པ་དང་། གནས་ལ་མོས་པའི་ཕན་ཡོན་བསྟན་པ་ལས། དང་པོ་ནི་སངས་རྒྱས་ཆོས་ཚོགས་ཅེས་པ་སྟེ་བསྟན་བཅོས་འདིའི་བརྗོད་བྱ་ཀུན་གྱི་ལུས་ནི་ཞེས་སྦྱར་རོ། །བདུན་པོ་དེ་རྡོ་རྗེའི་གནས་ཡིན་པ་ནི་དེ་དག་ཐོས་བསམ་གྱི་ཤེས་རབ་ཀྱིས་མ་ཕྱེད་པའི་ཕྱིར་ཏེ་འཕགས་པའི་ཡེ་ཤེས་ཁོ་ནས་ཤེས་པར་བྱ་བ་ཡིན་ནོ། །འདིའི་བརྗོད་བྱ་ནི་རྡོ་རྗེའི་གནས་བདུན་ནོ། །དགོས་པ་ནི་དེ་ཤེས་པའོ། །དགོས་པའི་དགོས་པ་ནི་ཤེས་ནས་རིམ་གྱིས་སངས་རྒྱས་ཉིད་ཐོབ་པའོ། །འབྲེལ་བ་ནི་དེ་ཐོབ་པ་དགོས་པ་དང་དགོས་པ་བསྟན་བཅོས་ལས་འབྱུང་བ་ཡིན་ནོ། །དེས་ན་ཚིག་འདིས་ནི་ལུས་རྣམ་པར་གཞག་པ་དང་དགོས་འབྲེལ་གཉིས་བསྟན་ནོ། །གཉིས་པ་ནི་བདུན་པོ་འདི་དག་རང་མཚན་ཉིད་ཀྱི་རྗེས་སུ་འབྲེལ་བ་སྟེ། མདོ་གཅིག་ལས་བདུན་ཀ་འབྲེལ་བར་བསྟན་པ་ནི་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའམ་མིང་གཞན་དེ་བཞིན་གཤེགས་པའི་སྙིང་རྗེ་ཆེན་པོ་བསྟན་པ་ཤླཽ་ཀ་ཉིས་སྟོང་ཆིག་བརྒྱ་བམ་པོ་བདུན་ཡོད་པ་ལས་གསུངས་ཏེ་གོ་རིམ་ཇི་བཞིན་ནི་ཇི་ལྟར་གསུངས་པའི་རིམ་པའོ། །དེ་ལ་གླེང་གཞི་ལས་གནས་དང་པོ་གསུམ་གསུངས་པ་ནི་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན་རྒྱལ་པོའི་ཁབ་ཀྱི་བྱ་རྒོད་ཕུང་པོའི་རི་སྔོན་རྒྱལ་བ་བཞུགས་པའི་མཆོད་རྟེན་ཆེན་པོ་དེ་བཞིན་གཤེགས་པའི་བྱིན་གྱིས་བརླབས་ཀྱིས་བྱིན་གྱིས་བརླབས་པའི་སའི་སྙིང་པོ་བྱང་ཆུབ་སེམས་དཔས་མངོན་པར་བསྟོད་པ་ཆོས་ཀྱི་གདན་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་གྱིས་ཕྱག་བྱས་པའི་ས་ཕྱོགས་དགེ་བའི་རྩ་བ་ཡང་དག་པར་བསྐུལ་བ་དེ་བཞིན་གཤེགས་པ་འབྱུང་བ་ཆོས་ཀྱི་སྒོ་མངོན་པར་བརྗོད་པར། བྱང་ཆུབ་སེམས་དཔའ་འབྱུང་བ། ཡོན་ཏན་ཚད་མེད་པ་ལས་ཡང་དག་པར་འབྱུང་བ། དེ་བཞིན་གཤེགས་པའི་སྤྱོད་ཡུལ་ན་ཞེས་གནས་ཀྱི་ཡོན་ཏན་བརྗོད་ནས་དཀོན་མཆོག་གསུམ་དངོས་ནི་བཅོམ་ལྡན་འདས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་མངོན་པར་རྫོགས་པར་སངས་རྒྱས་པ། ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་བ། སློབ་མའི་ཚོགས་ཤིན་ཏུ་དུལ་བ་མཐའ་ཡས་པའི་འཁོར་མངའ་བ་དགེ་སློང་སྟོང་ཕྲག་དྲུག་ཅུ་དང་བྱང་ཆུབ་སེམས་དཔའི་དགེ་འདུན་དཔག་ཏུ་མེད་པ་དང་ཡང་ཐབས་གཅིག་སྟེ་ཞེས་བྱ་བ་ལ་སོགས་པ་རྒྱ་ཆེར་གསུངས་སོ། །གནས་ཕྱི་མ་བཞི་ནི་དེའི་འོག་ཏུ་བྱང་ཆུབ་སེམས་དཔའི་ཆོས་ཀྱི་དབྱེ་བ་དྲུག་ཅུ་གསུངས་པས་ཁམས་བསྟན་ལ། དེའི་རྗེས་ལ་སངས་རྒྱས་ཀྱི་ཆོས་ཀྱི་དབྱེ་བ་བརྒྱད་ཅུ་གསུངས་པས་བྱང་ཆུབ་དང་ཡོན་ཏན་དང་ཕྲིན་ལས་གསུམ་བསྟན་ཏེ་གསལ་བར་ནི་མདོ་ཉིད་དུ་བལྟའོ། །འདིས་ནི་མདོ་གཅིག་ནས་གསུངས་པའི་ཚུལ་བརྗོད་པ་ཡིན་གྱི་མདོ་དུ་མ་ནས་བཤད་པ་ནི་བརྗོད་ཀྱིས་མི་ལང་སྟེ་འོན་ཀྱང་ཁོ་བོས་འགྲེལ་པར་མ་དྲངས་པའི་མདོ་རྒྱུད་དུ་མ་དྲངས་ཏེ་བཤད་པར་བྱ་སྟེ་བརྗོད་བྱ་ཐུན་མོང་བ་རྣམས་ལ་གསང་སྒྲོགས་ཀྱི་ཉེས་པ་མེད་པའི་ཕྱིར་རོ། །གསུམ་པ་ནི་སངས་རྒྱས་ལས་ཞེས་པ་སྟེ་དེས་ཆོས་གསུངས་པས་གཞན་རྒྱུད་ལ་འགོག་ལམ་གྱི་ཆོས་འབྱུང་སྟེ་སྲོག་ཆགས་སྟོང་ཕྲག་མང་པོས་ལམ་ཐོབ་པ་བཤད་པའི་ཕྱིར་དང་། བསྟན་པའི་ཆོས་བསྒྲུབས་པས་རྟོགས་པའི་ཆོས་སྐྱེ་བའི་ཕྱིར་རོ། །ཆོས་ལས་ནི་དགེ་འདུན་ཏེ་བསྟན་པའི་ཆོས་བསྒྲུབས་པ་དང་རྟོགས་པའི་ཆོས་རྒྱུད་ལ་སྐྱེས་པ་ལས་དགེ་འདུན་དུ་འགྱུར་བའི་ཕྱིར་རོ། །ཚོགས་ཏེ་དགེ་འདུན་ལས་ཁམས་ཐོབ་སྟེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཡོད་ཀྱང་དབྱིངས་དང་ཡེ་ཤེས་དབྱེར་མེད་དུ་གསལ་བའི་ཁམས་ནི་དེས་ཆོས་བསྒྲུབས་པས་འབྱུང་ངོ་། །ཁམས་དེ་སྦྱངས་པས་ནི་ཡེ་ཤེས་དེ་མཐར་ཕྱིན་པ་ཐོབ་པའི་བྱང་ཆུབ་མཆོག་འབྱུང་ལ། སྟོབས་སོགས་ཀྱི་ཡོན་ཏན་དང་དོན་བྱེད་པའི་ཕྲིན་ལས་ནི་དེ་དང་གཅིག་ཡིན་པའི་ཕྱིར་རོ། །གཅིག་གི་རྗེས་སུ་གཅིག་ངེས་པའི་གོ་རིམ་མོ། །འདིར་དོན་ལ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཁམས་ལས་འབྱུང་སྟེ། ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས། །ས་བོན་གྱུར་པའི་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །ཞེས་བཤད་དོ། །དེ་ནི་ཆོས་ཉིད་དང་དབྱེར་མེད་པ་རང་བཞིན་གྱིས་འོད་གསལ་བའི་སེམས་ཡིན་ནོ། །མིང་གི་རྣམ་གྲངས་ནི་ཁམས་དང་རིགས་དང་རྟེན་དང་ས་བོན་དང་སངས་རྒྱས་ཀྱི་སྙིང་པོ་དང་ཀུན་གཞི་ལ་སོགས་པ་ཡིན་ཏེ། ཆོས་མངོན་པའི་མདོ་ལས་ཐོག་མ་མེད་དུས་ཅན་གྱི་ཁམས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པ་ཐོབ་པ་ཡིན། །ཞེས་འབྱུང་བ་དེ་འདིར་ཁམས་དང་། ཐེག་བསྡུས་སུ་ཀུན་གཞིའི་ལུང་དུ་དྲངས་པའི་ཕྱིར་དང་། སྟུག་པོ་བཀོད་པའི་མདོ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པ་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྟན་པ་ཡང་། །བློ་གཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་བྱ་བ་དང་། །ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི། །རྣམ་ཤེས་བདུན་དང་ལྡན་པར་ཡང་། །འཛིན་པ་གཉིས་ཀྱིས་རབ་འཇུག་སྟེ། ཡོངས་སུ་ཤེས་པས་ལྡོག་པར་འགྱུར། །ཞེས་སོ། །དེས་ན་ཆོས་ཉིད་རྐྱང་པ་ནི་ཁམས་མ་ཡིན་ཏེ་བེམ་པོ་དང་དངོས་མེད་ལའང་ཡོད་པའི་ཕྱིར་རོ། །དེ་རང་ཉིད་ཆོས་ཉིད་དུ་མི་ཤེས་པའི་མ་རིག་པའི་སྦུབ་ལས་ནི་གཟུང་འཛིན་སྣ་ཚོགས་བྱུང་ནས་འཁོར་བར་འཁྱམ་ལ། རང་ཆོས་ཉིད་དུ་ཤེས་པས་ཁམས་དེ་སྦྱངས་པའི་རིམ་པ་ལ་མྱ་ངན་འདས་རྣམས་འཇོག་པ་ཡིན་ནོ། །ཆོས་ཉིད་དང་དབྱེར་མེད་པའི་རིག་པ་དེ་ལུས་ཐམས་ཅད་ལ་ཁྱབ་པར་གནས་ནས་རྐྱེན་གྱི་སྟོབས་ཀྱིས་ཡུལ་སྣ་ཚོགས་ལ་འཛིན་པར་འགྱུར་ཏེ། ལང་ཀར་གཤེགས་པ་ལས། ཀུན་གཞི་རྒྱ་མཚོ་རྟག་གནས་པ། །ཡུལ་གྱི་རླུང་གིས་རབ་བསྐྱོད་ནས། །སྣ་ཚོགས་རྣམ་ཤེས་རྦ་རླབས་རྣམས། །གང་ཞིང་རབ་ཏུ་འཇུག་པར་འགྱུར། །རྒྱ་མཚོ་དང་ནི་རྦ་རླབས་རྣམས། །ཇི་ལྟར་བྱེ་བྲག་མེད་པ་བཞིན། །རྣམ་ཤེས་སེམས་ཀྱང་དེ་བཞིན་དུ། ཐ་དད་པ་ཡང་མི་དམིགས་སོ། །ཞེས་སོ། །བཞི་པ་གནས་བདུན་རྒྱས་པར་བཤད་པ་ལ་དང་པོ་དཀོན་མཆོག་གསུམ་རྒྱས་པར་འཆད་དེ། དེ་ལ་སཾ་སྐྲྀ་ཏ་ལ། དེ་ཤ། ནིར་དེ་ཤ། པྲ་ཏི་ནིར་དེ་ཤ། ཞེས་བྱ་བ་ནི་བསྟན་པ། ངེས་པར་བསྟན་པ། སོ་སོར་ངེས་པར་བསྟན་པ་ཞེས་བྱ་བར་འགྱུར་ཏེ། བསྟན་བཅོས་འདིའི་གཞུང་ཐམས་ཅད་ཀྱང་གསུམ་པོ་དེར་གནས་སོ། །དེ་ལ་དང་པོ་སངས་རྒྱས་དཀོན་མཆོག་བསྟན་པ་ནི། གང་ཞིག་ཅེས་པ་སྟེ། ཐོག་མ་དབུས་མཐའ་མེད་པ་ནི། །འདུས་མ་བྱས་ཆོས་ཀྱི་དབྱིངས་ཏེ། །སངས་རྒྱས་ཐོག་མ་ཐ་མ་མེད། །ཅེས་འབྱུང་བ་བཞིན་ནོ། །ཞི་བ་ནི་གཟུང་འཛིན་གྱི་སྤྲོས་པའོ། །དེ་སྲིད་པ་ཐ་མའི་ཚེ་སློབ་དཔོན་མེད་པར་རང་གིས་རྟོགས་པས་ན་སངས་རྒྱས་ཉིད་རང་རྣམ་སངས་རྒྱས་པའོ། །རྟག་པ་ནི་འཇིག་རྟེན་པའི་ལམ་བཞིན་དུ་སླར་མི་ལྡོག་པའོ། །ལྟ་བ་སྣ་ཚོགས་པའི་ནགས་འཐིབས་པོས་བསྐོར་བའི་མ་རིག་པ་དང་ཐེ་ཚོམ་ལ་སོགས་པའི་རྩིག་པ་འཇིག་པར་མཛད་པ་ཅེས་སྦྱར་རོ། །དེའི་ངེས་བསྟན་ནི་འདུས་མ་བྱས་ཤིང་ཅེས་པ་དང་། དེའི་སོ་སོར་བཤད་པ་ནི་ཐོག་མ་དབུས་མཐའ་ཞེས་པ་ཡིན་ནོ། །ཆོས་སྐུ་ནི་དྷརྨ་ཏ་ཀཱ་ཡ་ཅེས་པའི་ཏའི་རྐྱེན་ཡོད་ན་ཆོས་ཉིད་ཀྱི་སྐུ་ཞེས་ཆོས་ཀྱི་དབྱིངས་ལ་ཟེར་ལ་དེ་མེད་ན་ཡེ་ཤེས་ལ་ཟེར་ཏེ་འདིར་ནི་གནས་སྐབས་གང་ཡིན་པ་དེ་བཤད་དོ། །དེ་ལ་ཆོས་དབྱིངས་ནི་འགོག་པ་ཡིན་ཏེ་དེ་མངོན་དུ་བྱས་ན་སྡུག་བསྔལ་འགོག་ནུས་པའི་ཕྱིར་རོ། །ཡེ་ཤེས་ནི་ལམ་གྱི་བདེན་པ་ཡིན་ཏེ་འོག་མ་དག་ལའང་དེ་བཞིན་ནོ། །སངས་རྒྱས་ཀྱི་གཟུགས་སྐུ་ནི་གདུལ་བྱའི་དབང་གིས་སྣ་ཚོགས་སུ་སྣང་བས་བརྗོད་པར་མི་ནུས་ལ། ཆོས་སྐུ་དང་ཕྲིན་ལས་ནི་སངས་རྒྱས་ཐམས་ཅད་འདྲ་བས་ཁྱབ་པའི་ཕྱིར་དེ་བཤད་པ་ཡིན་ནོ། །གཉིས་པ་ཆོས་དཀོན་མཆོག་ལ་བསྟན་པ་ནི་གང་ཞིག་ཅེས་པ་སྟེ་མཐའ་བཞི་དང་ངེས་ཚིག་དང་བྲལ་བ་ལས་བློ་སྒྲའི་ཡུལ་ན་མེད་པ་སྟེ་དེ་གཉིས་ནི་དབུ་མའི་རིགས་པས་ཤེས་པར་བྱའོ། །འཕགས་པ་སོ་སོའི་རང་གི་རིག་པ་སྤྲོས་པ་ཐམས་ཅད་ཞི་བ་ན་དོན་དམ་པ་འགོག་པའི་ཆོས་ཡིན་ལ། དྲི་མེད་ཡེ་ཤེས་ནི་ལམ་གྱི་ཆོས་ཏེ་དེ་མངོན་དུ་འགྱུར་བ་དྲི་མ་དང་བྲལ་བ་ལ་ལྟོས་པའི་ཕྱིར་རོ། །འདི་གཉིས་ཀྱང་འཕགས་པ་རྣམ་གྲོལ་སྡེས་འདུས་བྱས་དང་འདུས་མ་བྱས་དག་ངོ་བོ་གཅིག་པ་ཉིད་ཀྱིས་ཕན་ཚུན་ཐ་དད་པར་གདགས་པར་མི་ནུས་པ་བཞིན་དུ་ཞེས་བཤད་དོ། །འོད་ཟེར་སྣང་ལྡན་ནི། འཕགས་པའི་མཉམ་བཞག་རྣམས་འོད་ཟེར་དང་ལྡན་པ་ཡིན་ཏེ། ཞལ་གྱི་ལུང་ལས། དཔལ་ལྡན་བདེ་རྫོགས་ཟབ་གསལ་གཉིས་མེད་འོད་ཟེར་ལྡན། །ཞེས་འབྱུང་བ་བཞིན་ནོ། །རབ་རིབ་ནི་མ་རིག་པའོ། །དེའི་ངེས་བསྟན་ནི་བསམ་མེད་ཅེས་པ་ཡིན་ལ། འགོག་པ་ནི་འདུས་མ་བྱས་དོན་དམ་པའི་བདེན་པ་ཡིན་ཏེ། དཔལ་ཕྲེང་སེང་གེའི་ང་རོའི་མདོ་ལས། བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ཀྱི་ཡུལ་ལས་འདས་པ་སྡུག་བསྔལ་འགོག་པའི་བདེན་པ་ནི་བསམ་གྱིས་མི་ཁྱབ་བོ། །ཞེས་འབྱུང་བ་བཞིན་ནོ། །ལམ་ནི་ཡེ་ཤེས་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །སྤྲོས་པ་ཞི་བ་ནི་གཉིས་མེད་དང་རྟོག་མེད་ཀྱི་དོན་ནོ། །དོན་གྱི་ཆོས་ལས་སྒྲའི་ཆོས་ནི་འདིར་མ་བསྟན་ནོ། །གསུམ་པ་དགེ་འདུན་དཀོན་མཆོག་ནི་རང་གི་སེམས་དེ་ཞེས་དང་གཞན་དག་ཅེས་སྦྱར་རོ། །བདག་མེད་པའི་མཐའ་ཞི་བ་དང་སངས་རྒྱས་ནི་ཆོས་སྐུ་སྟེ་ཐམས་ཅད་གསང་བའི་རྒྱུད་ལས། རང་སེམས་གསང་བ་དམ་པ་ནི། །སངས་རྒྱས་ཡེ་ཤེས་བླ་མེད་དེ། །གཉིས་མེད་གཉིས་ཀྱི་ཚུལ་ཅན་ཏེ། །སངས་རྒྱས་རྟག་པར་རབ་ཏུ་འདུད། །བྱ་བ་དང་། དཔལ་གསང་བ་འདུས་པ་ལས། །སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི། །བྱང་ཆུབ་རྡོ་རྗེའི་གནས་ཐོབ་པའོ། །ཞེས་གསུངས་སོ། །སྒྲིབ་པ་ནི་ཁམས་མཐོང་བའོ། །སེམས་ཅན་གྱི་སེམས་རང་བཞིན་གྱིས་རྣམ་པར་དག་པ་ཅེས་སྦྱར་རོ། །ཆོས་སྐུ་དེ་འཆར་དུས་ནི་ཞལ་གྱི་ལུང་ལས། ཆོས་སྐུ་རབ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་བ་གཉིད་ལོག་དང་། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱོང་བར་འགྱུར་བས་རབ་བསྒོམས་ན། །ལུས་ཅན་རྣམས་ཀྱི་ཡིད་ནི་སྦྱང་། །ཞེས་སོ། །བླ་མེད་ཡོན་ཏན་ནི་རང་བཞིན་གྱིས་རྟོགས་པ་དེ་ལྟ་བུ་ཉན་རང་ལ་སོགས་པ་གཞན་ལ་མེད་པའི་ཕྱིར་རམ་དེ་ལས་སྤྱན་དང་མངོན་ཤེས་ལ་སོགས་པ་མང་པོ་འབྱུང་བའི་ཕྱིར་རོ། །ཇི་ལྟ་བའི་རྟོགས་པ་སྟོན་པ་ན་སེམས་ཀྱི་རང་བཞིན་ཡོངས་སུ་དག་པས་དེ་ལ་ཉོན་མོངས་པ་ངོ་བོར་ཡོད་པ་གདོད་ནས་ཟད་པར་མཐོང་བའོ། །ཇི་སྙེད་པའི་རྟོགས་པ་སྟོན་པ་ན་ཤེས་བྱའི་མཐར་ཐུག་ནི། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་བསྒོམ་པར་བྱའོ། །ཞེས་བྱ་བ་དང་། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་བྱང་ཆུབ་ནི་རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པ་སྟེ་དེ་ལ་ནི་ཆོས་རྡུལ་ཙམ་ཡང་མེད་ཅིང་མི་དམིགས་ཏེ། དེ་ནི་ནམ་མཁའི་མཚན་ཉིད་དོ། །ཞེས་བྱ་བ་དང་། ཞལ་ལུང་ལས། དངོས་ཀུན་གཙོ་བོ་རང་སེམས་ཀྱི། ངོ་བོ་ཉིད་དེ་དེ་རྟོགས་ན། སངས་རྒྱས་བྱང་ཆུབ་དེ་ཉིད་དོ། །འཇིག་རྟེན་གསུམ་ཡང་དེ་ཉིད་དོ། །འབྱུང་ཆེན་རྣམས་ཀྱང་དེ་ཉིད་དོ། །ཞེས་བྱ་བ་དང་། ཐམས་ཅད་གསང་བའི་རྒྱུད་ལས། །རང་སེམས་རྟོགས་པས་སངས་རྒྱས་ཏེ། །རྟོགས་པར་བྱ་བའང་སེམས་ཉིད་ཡིན། །ཞེས་གསུངས་པས་སོ། །འཕགས་པ་སོ་སོ་རང་གིས་ཤེས་པས་མཐོང་བ་དེ་ནི་ཇི་ལྟ་བ་རྟོགས་པས་ཆགས་མེད་དང་ཇི་སྙེད་པ་རྟོགས་པས་ཐོགས་མེད་ཡིན་པའི་ཕྱིར་ཉན་རང་གི་ཡེ་ཤེས་པས་དག་པ་ཡིན་ནོ། །དེས་ན་སངས་རྒྱས་ཡེ་ཤེས་བླ་མེད་དང་ཉེ་བའི་ཕྱིར་ཞེས་སྦྱར་རོ། །ཉན་ཐོས་ཀྱི་དགེ་འདུན་ནི་མཆོད་པར་མི་འོས་ཤིང་སྐྱབས་མ་ཡིན་པས་མ་བཤད་དོ། །གསུམ་པོ་དེ་གང་གི་དབང་དུ་བྱས་ནས་གསུངས་པ་སྟོན་པ་ནི་སྟོན་པ་སངས་རྒྱས་དང་བསྟན་པ་དམ་ཆོས་དང་སློབ་མ་ཉན་ཐོས་ཀྱི་ཡོན་ཏན་བསྟན་པའི་དོན་དང་ཐེག་པ་གསུམ་ལ་ཞུགས་པ་དང་གསུམ་པོ་དེ་ལ་མཆོད་པ་ལ་སོགས་པས་བྱ་བ་བྱེད་པར་མོས་པ་གསུམ་གྱི་དབང་དུ་བྱས་ནས་ཞེས་སྦྱར་རོ། །སྐྱབས་དང་སྐྱབས་མ་ཡིན་པ་དབྱེ་བ་ནི་ལུང་གི་ཆོས་ནི་ལམ་མངོན་དུ་གྱུར་ནས་གཟིངས་ལྟར་སྤང་བྱ་ཡིན་པའི་ཕྱིར་དང་ལམ་གྱི་ཆོས་ནི་འདུས་བྱས་ཡིན་པས་བརྫུན་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། འགོག་པའི་ཆོས་ནི་ཉན་ཐོས་ཀྱི་ལུགས་ཀྱིས་མེད་དགག་ཡིན་པའི་ཕྱིར་དང་། དགེ་འདུན་ནི་འཇིགས་པ་དང་བཅས་པའི་ཕྱིར་བསྟན་པ་དང་རྟོགས་པའི་ཆོས་རྣམ་གཉིས་དང་ཞེས་སྦྱར་རོ། །སངས་རྒྱས་ལ་དཀོན་མཆོག་གསུམ་ཀ་ཚང་ཞིང་སྔར་བཤད་པའི་སྐྱོན་དེ་དག་མེད་པས་གཏན་གྱི་སྐྱབས་ཡིན་ནོ། །ཞེས་སྟོན་པ་ནི་དམ་པའི་ཞེས་པ་སྟེ་ཚོགས་ནི་དགེ་འདུན་ནོ། །འདིར་འབྲོག་གནས་ལག་བརྒྱུད་ལ་སོགས་པའི་གཏམ་རྒྱུད་བཤད་དོ། །གསུམ་པ་དེ་དང་རིན་པོ་ཆེ་གཉིས་རཏྣ་ཞེས་སྒྲ་གཅིག་གིས་བསྟན་པའི་སྒྲ་དོན་བསྟན་པ་ནི་འབྱུང་བ་དཀོན་ཕྱིར་ཞེས་པ་ལ་སོགས་པའོ། །གསུམ་པ་དེ་ནི་མྱ་ངན་ལས་འདས་པའི་རྒྱུད་ཡིན་ནོ། །གནས་ཕྱི་མ་བཞིའི་དང་པོ་ཁམས་ལ་དོན་བཞིའི་དང་པོ་བཞི་པོ་དེ་སྤྱིར་བསྟན་པ་ནི་དྲི་བཅས་ཞེས་པ་སྟེ། བཟང་སྐྱོང་གིས་ཞུས་པ་ལས། བདེན་པ་མ་མཐོང་བས་ནི་རྣམ་པར་ཤེས་པ་མི་ཤེས་མི་མཐོང་སྟེ་དེ་ནི་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་མཐོང་བར་མི་འགྱུར་རོ་ཞེས་གསུངས་སོ། །རིགས་ནི་འབྱུང་བ་སྟེ་འདི་དག་འཕགས་པ་དང་མཐར་ཐུག་པ་སངས་རྒྱས་ཀྱི་ཡུལ་ཡིན་ནོ། །དེས་ན་ཉན་རང་སོ་སོ་སྐྱེ་བོས་བསམ་གྱིས་མི་ཁྱབ་སྟེ་རྒྱུ་བཞི་ནི་ཁམས་ཏེ་རང་བཞིན་གྱིས་དག་ལ་ཉོན་མོངས་དང་ལྡན་པའི་ཕྱིར་དང་། བྱང་ཆུབ་ལ་ཉོན་མོངས་པ་མེད་ཀྱང་ལམ་གྱིས་དག་པར་འགྱུར་བའི་ཕྱིར་དང་། ཕལ་ཆེན་ལས་བྱུང་བའི་དར་ཡུག་ཆེན་པོའི་དཔེས་སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་སེམས་ཅན་གྱི་ཁམས་ལ་རྣམ་པར་དབྱེར་མེད་དུ་ཡོད་པའི་ཕྱིར་དང་། རྟོག་པ་མེད་བཞིན་དུ་འཕྲིན་ལས་ལྷུན་གྲུབ་ཏུ་འབྱུང་བའི་ཕྱིར་རོ། །བཞི་པོ་དེ་ལ་ཁམས་ནི་རྟོགས་བྱ་ཡིན་ལ་བྱང་ཆུབ་ནི་རྟོགས་པའི་མཐར་ཐུག་ཡིན་ཞིང་ཡོན་ཏན་རྣམས་ནི་བྱང་ཆུབ་ཀྱི་ཡན་ལག་སྟེ་ཆ་ཤས་གདུལ་བྱ་གཞན་གྱི་རྟོགས་བྱེད་ཡིན་ནོ། །དེས་ན་གནས་གཅིག་པོ་ཁམས་དེའི་གཞན་དག་རྒྱུ་གསུམ་ནི་དེ་དག་པའི་རྐྱེན་ཡིན་ཏེ་འཕྲིན་ལས་དང་གསུམ་ཀས་གཞན་གྱི་ཁམས་དག་པར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་རྒྱལ་པོ་ལས། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །འདི་ན་སྣོད་མིན་སེམས་ཅན་འགའ་ཡང་མེད། །ཅེས་པ་དང་། ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་དེ་རང་བཞིན་གྱིས་འོད་གསལ་བ་ཐོག་མ་ནས་རྣམ་པར་དག་པའི་མཚན་ཉིད་མཚན་དང་དཔེ་བྱད་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པའོ། །ཞེས་པ་ལ་སོགས་པའི་དོན་སྟོན་པ་ནི་སྐུ་འཕྲོ་བ་ནི་ཆོས་སྐུས་ཁྱབ་པ་དང་། སངས་རྒྱས་ཀྱི་དེ་བཞིན་ཉིད་ཅེས་སྦྱར་རོ། །རིགས་ནི་ཟག་མེད་ཀྱི་ས་བོན་ཏེ། དཔལ་འཕྲེང་སེང་གེའི་ང་རོའི་མདོ་ལས། ཟག་པ་མེད་པའི་ས་བོན་ལ་དགོངས་ནས། ངས་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་ཏོ། །ཞེས་བཤད་དོ། །གཉིས་པ་ཁམས་ཉིད་རྒྱས་པར་བཤད་པ་ལ་མདོར་བསྟན་ནི་སྡོམ་ནི། ངོ་བོ་རྒྱུ་འབྲས་ཅེས་པའོ། །བཅུ་པོ་དེ་རིམ་པ་བཞིན་རྒྱས་པར་འཆད་པ་ན་དང་པོ་ངོ་བོ་ནི་རིན་ཆེན་ལ་སོགས་པའི་དཔེས་མཚོན་པ་སྟེ། གསེར་འོད་དམ་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི་མཚན་མ་ཐམས་ཅད་རྣམ་པར་དག་པ་སྟེ་དཔེར་ན་གསེར་དང་ཆུ་དང་ནམ་མཁའི་རང་བཞིན་ཡེ་ནས་དག་པ་དེ་བཞིན་དུ་ཆོས་ཀྱི་ཡེ་ནས་དག་པའང་མེད་པ་མ་ཡིན་ནོ། །ཞེས་སོ། །དེ་ལ་རླན་པ་ནི་རིགས་དེ་ལས་སྙིང་རྗེའི་རླན་བྱུང་བའོ། །གཉིས་པ་རྒྱུ་ནི་ཆོས་མོས་ཅེས་པ་སྟེ་ཐེག་ཆེན་གྱི་ཆོས་ལ་ཁོང་ཁྲོ་བ་ཐར་པ་ཡེ་མི་འདོད་པའི་འདོད་ཆེན་པ་རྒྱང་འཕེན་པ་ལ་སོགས་པ་དང་ཐེག་ཆེན་སྤོང་བའི་སེན་ད་བ་ལ་སོགས་པ་སྟེ་བཞི་པོ་དེའི་གཉེན་པོར་ཐེག་ཆེན་ལ་མོས་པ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་དང་། སྙིང་རྗེ་ཆེན་པོ་སྟེ་བཞི་བསྒོམས་པས་ཉན་ཐོས་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་རང་རྒྱལ་ལ་སྙིང་རྗེ་མེད་ནས་ཁམས་སྦྱོང་མི་ནུས་པ་ལ་སོགས་པའི་སྒྲིབ་པ་བཞི་བསལ་ནས་ཁམས་ཆོས་སྐུར་སྒྱུར་བར་བྱེད་དོ། །གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས། ཁམས་སྦྱོང་བྱེད་དྲུག་ཅུ་བསྟན་པའང་བཞི་པོ་འདིས་བསྡུས་པས་ཁམས་དག་བྱེད་རྒྱུ་བཞི་ལྡན་ལ་ཐུབ་པའི་རྗེས་སྐྱེས་སྲས་ཞེས་གསུངས་སོ། །གསུམ་པ་འབྲས་བུ་ནི་མོས་པས་སྒྲིབ་པས་གཙང་བ་དང་མི་གནས་པས་གནས་པ་དང་འདྲ་བར་ཤེས་རབ་ཀྱིས་བདག་མེད་པའི་བདག་དང་། ཏིང་ངེ་འཛིན་གྱིས་བདེ་བ་དང་། སྙིང་རྗེས་འཁོར་བ་ཇི་སྲིད་དུ་བཞུགས་པའི་རྟག་པའི་ཕ་རོལ་ཏུ་ཕྱིན་པ་དང་བཞི་འཐོབ་སྟེ། རྣམ་འགྲེལ་ལས། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང་། །གནས་པའི་འབད་རྩོལ་ཆེན་པོ་མེད། །གང་དག་བརྩེ་བ་ཆེན་པོ་པ། །གཞན་གྱི་ངོར་ན་བཞུགས་པ་ཡིན། །ཞེས་སོ། །ཕྱིན་ཅི་ལོག་བཞི་ནི་ཆོས་སྐུ་ལ་བཞི་པོ་དེ་ལས་བཟློག་པར་འཛིན་པའོ། །ཉན་རང་དང་དབང་ཐོབ་པའི་རྒྱལ་སྲས་ལའང་དེ་དག་མེད་དེ་ཡིད་ཀྱི་ཕུང་པོའི་སྐྱེ་བ་དང་། མ་རིག་པའི་བག་ཆགས་དང་འཁོར་འདས་ལ་ཉེ་རིང་ཡོད་ཅིང་། བྱང་ཆུབ་སེམས་དཔའ་དེ་གཉིས་གང་ལ་མི་གནས་པས་དེ་མེད་པའི་ཕྱིར་བདག་སྲེད་ཅེས་གསུངས་སོ། །བཞི་པ་བྱེད་ལས་ཀྱི་སྡུག་བསྔལ་ཡིད་འབྱུང་རྒྱས་པར་འཆད་པ་ནི། གལ་ཏེ་སངས་རྒྱས་ཁམས་མེད་ན། །ཅེས་པའི་ཚིགས་བཅད་གཉིས་དཔལ་འཕྲེང་གི་མདོ་བཞིན་དུ་བཀོད་པ་ཡིན་ནོ། །ལྔ་པ་ལྡན་པ་ལ་རྒྱ་མཚོ་ཆེ་བཞིན་ཞེས་པ་ནི་འདི་ལ་ཆོས་ཉིད་ཀྱི་སྐུའི་སྣོད་དོ། །ཡེ་ཤེས་ཀྱི་རིན་པོ་ཆེ་དང་། སྙིང་རྗེའི་རླན་ལྡན་པའོ། །དབྱེར་མེད་ཀྱི་ཡོན་ཏན་ལྡན་པ་ནི་མངོན་ཤེས་ལྔ་སྣང་བ་དང་། ཡེ་ཤེས་ནི་ཚ་བ་དང་། དྲི་མ་མེད་པའི་ཆོས་ཉིད་ནི་མདོག་གསལ་བ་བཞིན་ཡོད་པའོ། །དྲུག་པ་ཁམས་དེ་ལ་བློ་འཇུག་པ་ནི་སོ་སོ་སྐྱེ་བོ་ཁམས་དེ་ལ་བློ་ཕྱིན་ཅི་ལོག་ལ་སོགས་པའོ། །བདུན་པ་གནས་སྐབས་ཀྱི་དབྱེ་བ་ནི་མ་དག་པ་ལ་སོགས་པའོ། །སྔར་བཤད་པ་ཀུན་བསྡུས་པ་ན་མིང་གསུམ་ནི་མ་དག་པ་ཅན་གྱི་ཁམས་ལ་སོགས་པའོ། །བརྒྱད་པ་ཀུན་ཏུ་འགྲོ་བ་ནི་ཇི་ལྟར་ཞེས་པ་སྟེ་ལྷ་མོ་བཞིས་ཞུས་པ་ལས། སྙིང་པོ་ཤིན་ཏུ་སྙིང་པོ་མཆོག །གང་དེ་ཀུན་བདག་ལ་གནས་པ། །སངས་རྒྱས་ཀུན་གྱི་གསང་ཆེན་ནི། །ལྷ་མོ་ཁྱོད་ལ་བཤད་པར་བྱ། །ཞེས་གསུངས་སོ། །དགུ་པ་མི་འགྱུར་བ་ནི་ཉེས་པ་གློ་བུར་ཏེ་རྩ་བ་མེད་པའི་ཐ་དད་ལྡན་པ་སྤྲིན་ལྟར་དང་ཡོན་ཏན་རང་བཞིན་མེའི་ཚ་བ་ལྟར་གནས་པ་ཅེས་པས་བསྟན་ནས་རྒྱས་པར་བཤད་པ་ལ་དང་པོ་སེམས་ཅན་གྱི་དུས་ན་འགྱུར་བ་མེད་པ་ནི་ཇི་ལྟར་ནམ་མཁའ་ཅེས་པ་ལ་སོགས་པའི་ཚིགས་བཅད་བཅུ་གཉིས་ཏེ་གོས་པ་ནི་འགྱུར་བའོ། །སེམས་གྱི་རང་བཞིན་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་དོ། །ཕྱེ་བ་ནི་བསྐྱེད་པའོ། །རྒྱུ་རྐྱེན་གྱི་ཚོགས་པ་མེད་པ་ནི་དང་པོའི་སངས་རྒྱས་རྒྱུ་མེད་པ། ཅེས་པ་བཞིན་ནོ། །དེ་དག་ནི་དྲང་སྲོང་རྒྱས་པས་ཞུས་པ་དང་ནམ་མཁའ་མཛོད་ཀྱི་མདོ་ལས་བཤད་དོ། །གཉིས་པ་དག་མ་དག་གཉིས་ཀའི་དུས་ན་འགྱུར་བ་མེད་པ་ནི་སྐྱེ་འཆི་ཞེས་པ་ལ་སོགས་པ་སྟེ་སེམས་ཉིད་སྐྱེ་འཆི་མེད་པའི་དོན་རྟོགས་པ་དེ་དག་སེམས་ཅན་གྱི་དོན་དུ་སྟོན་ཡང་དེ་དག་གི་སྡུག་བསྔལ་མེད་པའོ། །དེ་ནི་བདེན་མཐོང་ཡན་ཆད་ཀྱི་ཡོན་ཏན་ཡིན་ལ། བྱ་བ་སྒྲུབ་ལ་རྟག་ཏུ་བློ་མན་ཆད་ནི་དག་པའི་ས་གསུམ་དང་ཅི་རིགས་པར་སྦྱར་རོ། །གསུམ་པ་རྣམ་པར་དག་པ་སངས་རྒྱས་ཀྱི་ཚེའང་འགྱུར་བ་མེད་པ་ནི་གཞན་འགྱུར་མིན་བདག་ཅེས་པའི་གཏན་ཚིགས་ཀྱིས་སྐྱེ་བ་མེད་ཅིང་ཅེས་པ་བསྒྲུབས་ནས་དེ་ནི་ཡིད་ཅེས་པའི་རྐང་པ་གཉིས་གཉིས་ཀྱིས་རྟག་པ་ལ་སོགས་པའི་དོན་བཞི་སྡུག་བསྔལ་གྱི་ཆུ་བོ་བཞི་མེད་པར་བསྟན་ནས་མི་བཟད་ཡོན་ཏན་ཅེས་པས་བཞི་པོ་དེའི་དོན་ཡང་རྣམ་པར་གཞན་དུ་འཕེལ་འགྲིབ་མེད་པའི་མདོ་བཞིན་དུ་འཆད་དོ། །བཅུ་པ་ཤིན་ཏུ་དག་པ་སངས་རྒྱས་ཀྱི་ཁམས་དེ་ལ་དབྱེ་བ་མེད་པའི་དོན་ནི་གང་ཕྱིར་དེ་ནི་ཅེས་པས་བསྟན་ནས་ཚིག་རྐང་དང་པོ་གཉིས་ཀྱི་དོན་མིང་གི་རྣམ་གྲངས་བཞིས་འཆད་པ་ནི་ཁམས་དེ་སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་དབྱེར་མེད་པས་ཆོས་སྐུ་དང་ཆོས་དེའི་རིགས་དེ་བཞིན་ཉིད་ཐོབ་ཅིང་རྟོགས་པས་དེ་བཞིན་གཤེགས་པ་དང་། འཕགས་པའི་དོན་དམ་པའི་བདེན་པ་ཅེས་སྦྱར་རོ། །ཆོས་ཐམས་ཅད་རྣམ་ཀུན་མངོན་པར་བྱང་ཆུབ་ཅེས་པའི་རྐང་པ་ཕྱི་མ་གཉིས་འཆད་དེ་ཆོས་དེ་དག་ཟག་མེད་ཀྱི་དབྱིངས་ན་གཉིས་མེད་དུ་ཡོད་པའོ། །ཡོན་ཏན་གྱི་རྣམ་པ་ཐམས་ཅད་ཅེས་པས་ནི་དེ་ལས་གཞན་པའི་མྱང་འདས་མེད་པར་སྟོན་ཏོ། །དེ་འདྲ་བའི་མྱང་འདས་དེ་སྦྱིན་པ་ལ་སོགས་པའི་ཐབས་དང་ལྡན་པའི་ཤེར་ཕྱིན་བསྒོམས་པས་འགྲུབ་པ་རྒྱལ་པོའི་གཟུགས་འབྲི་བའི་དཔེས་སྟོན་པ་ནི་ཇི་ལྟར་རི་མོ་ཅེས་པའོ། །འདི་ནི་གཙུག་ན་རིན་པོ་ཆེའི་མདོ་ལས་གསུངས་སོ། །ཤེས་རབ་དང་ཡེ་ཤེས་ནི་མཉམ་བཞག་དང་རྗེས་ཐོབ་བོ། །དེ་ན་སངས་རྒྱས་ཅེས་པས་ནི་དེ་དག་གི་དོན་བསྡུས་ནས་དེ་ལྟར་ཅེས་པས་ནི་སྤྱིའི་དོན་སྡུད་དོ། །གསུམ་པ་དེ་དཔེས་མཚོན་པ་ནི་ཉོན་མོངས་སྦུབ་ན་གནས་པ་དེ་ཞེས་པ་ལ་སོགས་པས་སྟོན་ཏེ། དགྱེས་པའི་རྡོ་རྗེ་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་སོ། །དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡེ་ཤེས་དང་ལྡན་པ་སྤྱན་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ཇི་ལྟ་བ་བཞིན་མི་གཡོ་བར་བཞུགས་སོ་བྱ་བ་དེ་དང་དྲི་མས་བསྒྲིབས་པའི་དཔེ་དགུ་གསུངས་པ་བསྡུས་པ་ནི་སངས་རྒྱས་པད་ངན་ཅེས་པའོ། །དྲི་མའི་དཔེ་དགུ་ནི་དྲི་མ་པདྨ་ཅེས་པའོ། །ཁམས་ཀྱི་དཔེ་དགུ་ནི་སངས་རྒྱས་སྦྲང་རྩི་ཅེས་པའོ། །གསུམ་པོ་དེ་རིམ་པ་བཞིན་རྒྱས་པར་འཆད་པ་ན་དང་པོ་ནི་ཇི་ལྟར་མདོག་ངན་ཅེས་པ་ལ་སོགས་པ་དང་པདྨ་སྲོག་ཆགས་ཅེས་པའི་དོན་བསྡུ་དང་བཅས་པས་བསྟན་ཏེ་འདིས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ལྷན་ཅིག་སྐྱེས་པར་བསྟན་ནོ། །གཉིས་པ་ནི་ཆགས་སྡང་རྨོངས་དེའི་ཞེས་པ་སྟེ་དུག་གསུམ་གྱི་བག་ཆགས་ནི་རྩ་བ་ཡིན་པས་གསུམ་དུ་ཕྱེའོ། །ཉེ་བའི་ཉོན་མོངས་ནི་གསུམ་པོ་དེ་ལས་གཞན་པའམ་ཡང་ན་ཉི་ཤུ་པའོ། །བྱིས་པ་ལ་ནི་མངོན་གྱུར་དང་བཞིའོ། །དགྲ་བཅོམ་ལ་ནི་མ་རིག་པའི་བག་ཆགས་ཀྱིས་སོ། །སློབ་པ་ལ་ནི་མཐོང་སྒོམ་གྱི་སྤང་བྱ་གཉིས་སོ། །ས་ཐོབ་ལ་ནི་ས་བདུན་དང་ས་གསུམ་ལ་བརྟེན་པ་གཉིས་སོ། །ཉོན་མོངས་དང་དཔེའི་འདྲ་ཆོས་སྟོན་པ་ནི་ཇི་ལྟར་འདམ་སྐྱེས་ཅེས་པ་ལ་སོགས་པའོ། །གསུམ་པ་ནི་རང་བཞིན་གསུམ་གྱིས་ཞེས་པ་སྟེ་ཆོས་སྐུ་ནི་སངས་རྒྱས་ཀྱི་སྐུ་དང་། སྦྲང་རྩི་དང་སྙིང་པོ་གསུམ་དང་། གསེར་གྱི་དེ་བཞིན་ཉིད་དང་། གཏེར་དང་ཤིང་རིན་པོ་ཆེའི་སྐུ་དང་། འཁོར་ལོས་བསྒྱུར་བ་དང་། གསེར་ལྔས་རིགས་མཚོན་པའོ། །རྒྱུ་མཐུན་གྱི་ཆོས་སྐུ་ནི་སངས་རྒྱས་ཀྱི་གསུང་རབ་བོ། །དཔེ་དེ་དག་རྒྱས་པར་འཆད་པ་ན་རྟོགས་པ་ཆོས་སྐུ་ནི་དེ་བཞིན་གཤེགས་པའི་སྐུ་དང་འདྲ་བ་དང་། བསྟན་པ་ཆོས་སྐུའི་ཟབ་པ་དང་རྒྱ་ཆེ་བའམ་སྣ་ཚོགས་པ་དཔེ་གཉིས་དང་འདྲ་བར་སྟོན་པ་ནི་འཇིག་རྟེན་འདས་ཕྱིར་ཅེས་པ་དང་། གསེར་གྱི་དཔེ་རང་བཞིན་ཅེས་པ་དང་རིགས་ཀྱི་དཔེ་ལྔ་གཏེར་དང་ཅེས་པས་བསྟན་ཏེ་ཡང་དག་བླངས་པ་ནི་ཐེག་ཆེན་གྱི་དགེ་བས་ནུས་པ་སད་པའོ། རྔོག་རང་བཞིན་སྟོང་ཉིད་དང་། བསྒྲུབ་བྱུང་དགེ་བའི་བག་ཆགས་ཡིན་ཟེར། རིན་ཆེན་ལ་སོགས་པ་དཔེ་ཕྱི་མ་གསུམ་ནི་སྐུ་གསུམ་གྱི་དཔེར་སྣང་ངོ་། །རྐྱེན་གྱིས་མ་བྱས་པར་ཡེ་ནས་རང་བྱུང་གི་དོན་དམ་ནི་ཁམས་ཏེ་སོ་སོ་སྐྱེ་བོས་དད་པར་བྱ་བ་ཙམ་ཡིན་གྱི་ས་ཐོབ་པས་ནི་མཐོང་བའོ། །ཁམས་དེ་ལ་སྐྱོན་ཡོན་བསལ་བསྣན་བྱ་རྒྱུ་ནི་མེད་ཀྱི་མཐོང་བ་ཙམ་གྱིས་གྲོལ་བར་སྟོན་པ་ནི་འདི་ལ་ཞེས་པ་སྟེ། དཀོན་མཆོག་ཟ་མ་ཏོག་གི་མདོ་ལས། ལམ་གྱི་ཆོས་རྣམས་ནི་སྒྲོན་མ་ལྟར་སྔར་ཡོད་གསལ་བྱེད་ཀྱི་རྒྱུ་ཡིན་ནོ། །ཞེས་གསུངས་སོ། །དེའི་རྒྱུ་མཚན་ནི་རྣམ་དབྱེར་ཅེས་པ་སྟེ་ཁམས་དང་ཐ་མི་དད་དོ། །བཞི་པ་ཁམས་བསྟན་པའི་དགོས་པ་ནི་སྤྲིན་དང་ཞེས་པ་སྟེ། ཡང་དག་མཐའ་ལ་སོགས་པ་ནི་སྤྲིན་ལ་སོགས་པའི་དཔེ་བསྟན་ཏེ་སྔར་ནི་འཁོར་ལོ་གཉིས་པར་རོ། །བླ་མའི་རྒྱུད་ནི་དེ་བཞིན་གཤེགས་པའི་སྙིང་པོ་ལ་སོགས་མདོ་རྒྱུད་ཟབ་མོ་རྣམས་སོ། །འདིས་ཁམས་དྲང་དོན་དུ་འཆད་པ་ནི་མ་ཡིན་གྱི་དེ་བསྟན་པའི་དགོས་པ་ཡིན་ཏེ་སྙིང་པོའི་དོན་ནི་སངས་རྒྱས་ཀྱི་ཆོས་ནམ་མཁའ་དང་འདྲ་བ་སྙིང་པོ་མེད་པ་ལ་སྙིང་པོའི་སྒྲས་བསྟན་པ་ཡིན་ནོ། །འདི་ནི་འཁོར་འདས་འདྲེས་པའི་རྒྱུད་ཡིན་ནོ། །གཞུང་འདིས་དཀོན་མཆོག་གསུམ་གྱི་རིགས་འཆད་པས་ན་རིགས་རྣམ་པར་དབྱེ་བའོ། །ལེའུ་དང་པོའོ།།  །།

གནས་ལྔ་པ་བྱང་ཆུབ་ལ་མདོར་བསྟན་པ།

གནས་ལྔ་པ་བྱང་ཆུབ་ལ་མདོར་བསྟན་པ་ནི་སེམས་ཀྱི་དེ་བཞིན་ཉིད་སྒྲིབ་པས་དག་པ་ནི་ངོ་བོའོ། །ཡེ་ཤེས་གཉིས་ནི་ཐོབ་པའི་རྒྱུའོ། །སྒྲིབ་པ་གཉིས་དང་བྲལ་བ་ནི་འབྲས་བུའོ། །རང་བཞིན་གྱི་དོན་བྱེད་ལས་སོ། །ལས་དེའི་རྟེན་དང་ལྡན་པ་ནི་ལྡན་པའོ། །ཟབ་ཅིང་རྒྱ་ཆེ་བའི་སྐུ་གསུམ་འཁོར་བ་ཇི་སྲིད་དུ་འཇུག་པ་ནི་འཇུག་པའོ། །བདག་ཉིད་ཆེན་པོ་ཇི་སྲིད་པར་རྟོགས་པ་དང་བསམ་གྱིས་མི་ཁྱབ་པ་སྟེ་དོན་བརྒྱད་དོ། །དང་པོ་ངོ་བོ་ནི་རང་བཞིན་འོད་གསལ་ཞེས་པ་སྟེ་སེམས་དེ་དྲི་མ་མེད་པའི་སངས་རྒྱས་ཉིད་དུ་གྱུར་པ་སྟེ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ལས། བྱང་ཆུབ་དང་ཐམས་ཅད་མཁྱེན་པ་ཉིད་འདི་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །བྱ་བ་དང་། སེམས་ནི་ནམ་མཁའི་རང་བཞིན་དང་། སེམས་ཀྱི་རང་བཞིན་ནི་བྱང་ཆུབ་ཀྱི་རང་བཞིན་ཏེ་གསུམ་པོ་དེ་ནི་གཉིས་སུ་མེད་དེ་གཉིས་སུ་བྱར་མེད་དོ། །བྱ་བ་དང་། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས། །གང་ཞིག་དེ་རྟོགས་འདོད་པ་དེ། །བྱང་ཆུབ་སེམས་དཔའ་ཞེས་བྱའོ། །ཞེས་གསུངས་པ་ཡིན་ནོ། །སེམས་ཀྱི་རང་བཞིན་དུ་ནི་མ་གྲུབ་དང་། །ཞེས་སྦྱར་བས་ནི་སྒྲིབ་པ་གཉིས་འཛད་པའི་རྒྱུ་མཚན་ནོ། །གཉིས་པ་རྒྱུ་ནི་དེ་ནི་ཆོས་ལ་ཞེས་པ་སྒྲིབ་པ་གཉིས་དང་། ཞེས་པས་རྒྱས་པར་བཤད་ནས་སྟོན་ནོ། །གསུམ་པ་འབྲས་བུ་ནི་དྲི་མེད་ཆུ་ལྡན་ཞེས་པས་བསྟན་ནས་ཆུ་མཚོ་ཞེས་པ་ལ་སོགས་པས་བྲལ་འབྲས་རྒྱས་པར་འཆད་དོ། །བཞི་པ་ལས་ནི་ཟག་པ་མེད་ཁྱབ་ཅེས་པ་སྟེ་འབྱུང་བཞིས་མ་བསྐྱེད་པའི་དམ་པའི་དབང་པོ་དྲུག་དོན་ལ་ཡིད་ཡུལ་གྱི་ཆོས་ནི་དེ་ལ་བསམས་ན་དོན་དམ་གྱི་བདེ་བ་བསྐྱེད་པར་མཛད་པ་ཡིན་ནོ། །རྒྱུ་མཚན་དང་བྲལ་བར་ནི་ཏིང་ངེ་འཛིན་རྒྱལ་པོ་ལས། ནམ་མཁའ་འདྲ་ཞིང་རྡུལ་བྲལ་གཟུགས་བཟང་འཆང་། །ཤེས་རབ་སྲས་པོ་ལུས་དང་མཚན་མི་མངའ། །ཞེས་འབྱུང་བ་བཞིན་ནོ། །ཟག་མེད་ལ་སོགས་པའི་དོན་དེ་དག་རིམ་པ་བཞིན་རྒྱས་པར་འཆད་པ་ན་གྲོལ་བ་ནི་སྤངས་པ་དང་། ཆོས་སྐུ་ནི་ཡེ་ཤེས་སོ། །དེ་གཉིས་སོ་སོར་རྣམ་གཉིས་ནི་རིམ་པ་བཞིན་ཟག་མེད་དང་ཁྱབ་པའོ། །ཐུན་མོང་རྣམས་གཅིག་ནི་འདུས་མ་བྱས་སོ། །ཇི་ལྟར་རྒྱུ་མིན་ནི་མཁའ་བཞིན་རྒྱས་བཤད་དོ། །ལྔ་པ་ལྡན་པ་ནི་བསམ་མེད་ཅེས་པས་བསྟན་ནས་རིམ་པ་བཞིན་འཆད་པ་ན། ཡེ་ཤེས་ཡུལ་སངས་རྒྱས་ཞེས་སྦྱར་ནས་ཤེས་གསུམ་ནི་འཇིག་རྟེན་པའི་ཐོས་བསམ་སྒོམ་གསུམ་མོ། །གཡུང་དྲུང་གི་དོན་ནི་ཆོས་ཉིད་དུ་གནས་པའོ། །དྲུག་པ་འཇུག་པ་ནི་ཐོག་མ་ཅེས་པས་བསྟན་ནས་ངོ་བོ་ཉིད་ཀྱི་སྐུ་ནི་དབྱིངས་དང་ཡེ་ཤེས་དབྱེར་མེད་ཀྱིས་བཤད་ལ། ལོངས་སྐུ་ནི་སྣ་ཚོགས་ཆོས་ལ་ཅེས་པ་སྟེ་འདི་ནི་དེ་ཉིད་བསྡུས་པ་ལྟར་ན་འོག་མིན་དང་ཀུན་ཏུ་བཟང་པོ་དབང་བསྐུར་བ་ལྟར་ན་མེ་ཏོག་གི་རྒྱན་གྱི་རབ་འབྱམས་བར་མ་ན་བཞུགས་པས་སོ། །ཇི་ལྟར་ཚོན་ནི་ཅེས་པས་གཉིས་ཀར་རུང་མོད་ཀྱི། ཐུགས་རྗེ་ཆེན་པོ་ནས་སྤྲུལ་སྐུ་ཡིན་ནོ། །བདུན་པ་རྟག་པ་ནི་རྒྱུ་མཐའ་ལ་སོགས་པའི་དོན་རིམ་པ་བཞིན་འཆད་པ་ན་ཐ་མ་ཆོས་སྐུ་རྟག་པའི་རྒྱུ་གསུམ་གྱི་གཅིག་ནི་འཇིག་རྟེན་མགོན་པོ་ཡིན་ནོ། །བརྒྱད་པ་བསམ་གྱིས་མི་ཁྱབ་པ་ནི་བསམ་མེད་ལ་རྟགས་དྲུག་གི་དཔེ་ལས་འདས་པ་ནི་རྗེས་དཔག་གི་ཡུལ་མིན་པའོ། །ཐ་མ་ནི་མཐར་ཐུག་གོ །དབང་ཐོབ་པ་ནི་དག་པའི་ས་གསུམ་པའོ། །འདི་དཀོན་མཆོག་གི་རིགས་ཡིན་པ་ནི་ཁམས་སངས་རྒྱས་ཀྱི་སར་ཡང་འཆད་པའི་ཕྱིར་རོ། །ལེའུ་གཉིས་པའོ།།  །།

 

བྱང་ཆུབ་ཀྱི་ཡོན་ཏན་ལ་རྟེན་གྱི་སྒོ་ནས་བསྟན་པ།

བྱང་ཆུབ་ཀྱི་ཡོན་ཏན་ལ་རྟེན་གྱི་སྒོ་ནས་བསྟན་པ་ནི་ཆོས་སྐུ་ནི་རང་དོན་དོན་དམ་གྱི་སྐུ་སྟོབས་སོགས་བྲལ་བའི་ཡོན་ཏན་དང་ལྡན་པ་ཡིན་ལ། གཟུགས་སྐུ་གཉིས་ནི་གཞན་དོན་ཀུན་རྫོབ་བམ་བརྡའི་སྐུ་སྟེ་རྣམ་སྨིན་གྱི་འབྲས་བུ་མཚན་དཔེའི་ཡོན་ཏན་དང་ལྡན་ནོ། །དེ་མཚོན་བྱེད་ཀྱི་དཔེ་ནི་སྡོམ་ནི་ཞེས་པ་སྟེ་བསྟན་པ་རྣམ་གཉིས་གཟུགས་སྐུ་གཉིས་སོ། །དཔེས་མཚོན་པའི་དོན་བཞི་ཆོས་མཐུན་དང་བཅས་པ་ནི་གནས་དང་ཞེས་པ་ནས་ཆུ་ཟླའི་དཔེ་རྒྱས་བཤད་ཀྱི་བར་རོ། །སྐུ་གཉིས་ཀྱི་ཡོན་ཏན་དྲུག་ཅུ་རྩ་བཞི་བུ་མོ་རིན་པོ་ཆེའི་མདོ་ལས་འབྱུང་བ་ནི་ཐེག་པ་ཆེན་པོའི་མན་ངག་གོ །དཔེ་དོན་གྱི་ཆོས་མཐུན་རྒྱས་པར་འཆད་པ་ནི་མི་ཕྱེད་པ་དང་ཅེས་པ་ལ་སོགས་པ་སྟེ་མཐའ་གཅིག་ཏུ་སྤྱོད་པ་ནི་རང་རྒྱལ་དང་རང་བྱུང་ནི་སངས་རྒྱས་ཏེ་ལྔའི་བློའི་ཕྲ་རགས་མཚོན་པའི་དོན་དུ་འབྱུང་བ་ལྔའི་དཔེའོ། །ཁམས་དྲི་མས་དག་པ་ལས་གདུལ་བྱ་ཉེ་བ་ལ་ཞེས་པ་ལ་སོགས་པར་སྦྱར་རོ། །ལེའུ་གསུམ་པའོ།།  །།

 

བྱང་ཆུབ་ཀྱི་འཕྲིན་ལས།

བྱང་ཆུབ་ཀྱི་འཕྲིན་ལས་ལ་དོན་བདུན་གྱི་དང་པོ་མདོར་བསྟན་པའི་ཁམས་ནི་ཉན་ཐོས་ལ་སོགས་པའི་རིགས་སོ། །ཐབས་ནི་ཞི་ཁྲོ་དང་ཆོས་སྟོན་ཚུལ་ལ་སོགས་པའོ། །གདུལ་བའི་བྱ་བ་ནི་རིགས་དང་མཐུན་པའི་ངེས་ལེགས་མངོན་མཐོ་ལ་འགོད་པའོ། །ལྷུན་གྲུབ་ནི་འབད་རྩོལ་མེད་པའོ། །ཐེག་པ་མ་ལུས་པའི་སྤངས་རྟོགས་སམ་མཁྱེན་པ་བསྒྲུབས་པ་སྟེ་ནམ་མཁའ་ལྟར་ཁྱབ་པ་ནི་ཡེ་ཤེས་སམ་ཐུགས་རྗེའོ། །གཉིས་པ་རྒྱས་པར་བཤད་པ་ལ་ཚིགས་བཅད་དང་པོ་འཆད་པའི་གང་གིས་ཅེས་པའི་ངེས་བསྟན་ནི་གདུལ་བྱའི་ཅེས་པ་སྟེ་དེ་ལྟ་བུའི་རྣམ་རྟོག་མེད་པའོ། །གཉིས་པ་འཆད་པའི་བརྒྱད་ནི་ངེས་འབྱིན་ཞེས་པ་སྟེ་རྟོན་པ་ནི་རྒྱུའོ། །ས་ལ་སོགས་པའི་གནས་དྲུག་པོ་དེ་སྔར་བསྟན་པའི་རྒྱ་མཚོ་ལ་སོགས་པ་དང་འདྲ་ཆོས་སྦྱོར་བ་ནི་ཤེས་ཆུ་ཞེས་པ་ལ་སོགས་པའོ། །མཛད་པ་མ་རྫོགས་པ་ནི་དེ་འཁོར་བ་དང་མཉམ་པར་སྔོན་སྨོན་ལམ་བཏབ་པའི་ཕྱིར་དེ་སྲིད་དུ་རྒྱུན་མི་ཆད་དེ་རྟག་ཏུ་ནུས་པ་ཐོགས་མེད་དུ་ཚང་བས་སོ། །གསུམ་པ་འཕྲིན་ལས་ཀྱི་དཔེ་ནི་བརྒྱ་བྱིན་ཞེས་པ་ལ་སོགས་པ་དགུས་བསྟན་ནས་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་བཞིན་དུ་རྒྱས་པར་འཆད་པ་ནི་ཇི་ལྟར་ཅེས་པ་སྟེ་རྟག་པ་མཐའ་བཟུང་གི་དཔེའོ། །དེ་བཞིན་དད་སོགས་ཅེས་པ་ནི་དོན་ཏེ་དཔེ་དོན་གཉིས་ཀར་ཡང་འཁྲུལ་པའི་སྣང་བ་ལས་དོན་གྲུབ་པར་བསྟན་ནོ། །ཇི་ལྟར་ས་ཀུན་ཞེས་པ་ནི་རྒྱས་པར་བཤད་པ་དེ་མདོར་བསྡུས་ན་གོ་བདེ་བར་འགྱུར་བས་བྱས་ཏེ་སེམས་ཀྱི་འཆར་ནུབ་ཡིན་གྱི་ཕྱི་རོལ་གྱི་གཟུགས་ཡོད་མེད་ལྟར་དོན་ལ་མི་གནས་པར་སྟོན་ནོ། །གཉིས་པ་ལྷའི་རྔའི་དཔེ་ནི་ཁང་བཟངས་རྣམ་པར་རྒྱལ་བའི་སྟེང་གི་བར་སྣང་གི་རྔ་བོ་ཆེ་ཆོས་ཀྱི་སྒྲ་དབྱངས་ཏེ་ཇི་ལྟར་ཅེས་པའོ། །དེ་བས་ཀྱང་སངས་རྒྱས་ཀྱི་གསུང་ཁྱད་པར་དུ་འཕགས་པར་སྟོན་པ་ནི་གང་ཕྱིར་ཅེས་པའོ། །དེ་སྐལ་མེད་ཀྱིས་མི་ཐོས་པར་སྟོན་པ་ནི་ཇི་ལྟར་རྣ་བ་ཅེས་པའོ། །གསུམ་པ་སྤྲིན་གྱི་དཔེ་ལ་དེ་དགེ་བའི་ལོ་ཏོག་གིས་རྒྱུ་ཡིན་པར་སྟོན་པ་ནི་ཇི་ལྟར་སྤྲིན་ནི་ཞེས་པ་སྟེ་འགྱུར་དང་མི་འགྱུར་ནི་སྲིད་ཞིའོ། །དེས་འབྲས་བུ་སྣ་ཚོགས་སྐྱེད་པ་ནི་ཇི་ལྟར་བསིལ་དང་ཞེས་པའོ། །དེ་གཞན་ལ་ལྟོས་མེད་དུ་འཇུག་པ་ནི་ཐེག་པ་ཅེས་པ་སྟེ་སྐལ་ལྡན་ཡོད་ན་སྐལ་མེད་མ་དད་པས་མི་ལྡོག་པའོ། །རྡོ་ཚན་དང་རྡོའི་མེ་ཀླུས་སྤྲུལ་པའི་སྤྲིན་གྱིས་ཕབ་ཀྱང་སྲོག་ཆགས་ལ་མི་ལྟ་བ་བཞིན་ཆོས་སྟོན་པའང་སྤང་བྱ་ཟད་པའི་ངོ་མི་བསྲུང་བའོ། །སྡུག་བསྔལ་གྱི་མེ་བསད་ནས་ཤེས་རབ་མཆོག་ལ་སྦྱོར་བ་སྟོན་པ་ནི་འཁོར་བ་ཅེས་པ་སྟེ། བདེན་བཞིའི་བླང་དོར་ལ་འགོད་པའོ། །དཔེ་བཞི་པ་ཚངས་པ་ཆེན་པོའི་རྫུ་འཕྲུལ་ལྟར་སྣ་ཚོགས་སུ་སྣང་བར་སྟོན་པ་ནི་ཇི་ལྟར་ཚངས་པ་ཅེས་པའོ། །སྐལ་མེད་ལ་མི་སྣང་བར་སྟོན་པ་ནི་འཕོ་དང་ཞེས་པའོ། །དཔེ་ལྔ་པ་ཉི་མ་ནི་ཇི་ལྟར་ཅེས་པ་སྟེ་བྱང་ཆུབ་སྙིང་པོ་ནི་རྡོ་རྗེ་གདན་ནམ་འོག་མིན་ནོ། །སྐལ་པའི་བྱེ་བྲག་གིས་རིམ་གྱིས་འབབ་པ་དང་ཉི་མ་བས་ཀྱང་ཁྱད་པར་དུ་འཕགས་པ་སྟོན་ནོ། །དཔེ་དྲུག་པ་ནོར་བུ་ནི་ཇི་ལྟར་ཞེས་པ་སྟེ་སྐལ་མེད་ཀྱིས་མི་རྙེད་པ་དང་བཅས་པར་བསྟན་ནོ། །སྒྲ་སྙན་དང་། ནམ་མཁའ་དང་ས་གཞི་གསུམ་ནི་གསལ་ལོ། །བཞི་པ་དཔེའི་དགོས་པ་བསྟན་པ་ནི་འབད་རྩོལ་ཞེས་པ་སྟེ་དེ་མེད་པར་བྱ་བ་མི་འཐད་པའི་དོགས་པ་བཅད་པའི་དོན་ཏེ་མདོའི་མིང་ཡེ་ཤེས་སྣང་བ། རྒྱན་ནི་ཤེས་པའི་སྣང་བ་རྒྱ་ཆེན་ཞེས་པས་སྟོན་ཏེ་དོན་ཤེས་པའི་ཐོས་བྱུང་ངོ་། །བསྡུས་དོན་ནི་སྟོན་དང་ཞེས་པ་སྟེ་སྟོན་པ་རིན་ཆེན་ལྷ་དབང་ཞེས་པ་ལ་སོགས་པ་དང་སྦྱར་ཏེ་ཐུགས་རྗེས་བཞིན་ཞེས་པ་ལ་སོགས་པའོ། དེ་འདྲ་བའི་དོན་དགུ་པོ་དེ་ལོངས་སྤྱོད་དེ་དམིགས་པའི་རྒྱུན་ཅེས་དང་། རྟོག་མེད་དགུ་པོའི་རང་བཞིན་དོན་ནི་ཅེས་བྱ་བ་དང་ལས་དང་ཉོན་མོངས་དང་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ལ་སོགས་པའི་སྐྱེ་འཆིའི་རིགས་དང་། འབད་པ་སྟེ་རྟོག་པ་མེད་པ་ཅེས་སྦྱར་རོ། །ལྔ་པ་དཔེ་བསྡུས་ནས་སྟོན་པ་ནི་གང་ཞིག་ཅེས་པ་སྟེ་རྣལ་འབྱོར་ནི་ཞི་ལྷག་གོ །དྲུག་པ་དཔེ་དོན་གྱི་འདྲ་བ་སྟོན་པ་ནི་དགེ་བ་བཻ་ཌཱུརྻ་ཅེས་སྟོན་པས་ཏེ་སྐྱེ་འཇིག་དང་རྣམ་རྟོག་མེད་པ་གཉིས་ཀྱིས་འདྲ་བའོ། །སྟོན་པའི་སོགས་པས་ནི་གསུང་བརྗོད་པ་ལ་སོགས་པ་བརྒྱད་བཟུང་ངོ་། །བདུན་པ་གོ་རིམ་ནི་དཔེ་འདི་ཞེས་པས་མཚམས་སྦྱར་ནས་དཔེ་སྔ་མ་ཕྱི་མས་སྤངས་པ་ནི་དབྱངས་དང་ལྡན་མི་ལྡན་གྱི་སྒོ་ནས་གཟུགས་བརྙན་དང་མི་འདྲ་བས་དབྱངས་དང་ལྡན་པས་དཔེ་བས་ཀྱང་ལྷག་པར་སྟོན་ཏེ་གཞན་ལའང་དེ་བཞིན་དུ་སྦྱར་རོ། །དེ་ལ་དོན་མེད་པ་ནི་སྒྲིབ་པ་གཉིས་སོ། །ཚོགས་གཉིས་ཀྱི་རྐྱེན་ལས་བྱུང་བ་དང་། སངས་རྒྱས་དགེ་བའི་གཞི་དང་། ས་གཞིས་སེམས་ཅན་ཐམས་ཅད་ཀྱི་ཉེར་འཚོ་བྱེད་པ་བཞིན་འདིས་ཀྱང་བྱེད་དེ་ཡུམ་གྱི་མདོ་འཇིག་རྟེན་ཡོད་ན་འཇིག་རྟེན་དང་དེ་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བར་གསུངས་པ་བཞིན་ནོ། །གསུམ་པོ་འདི་ནི་མྱང་འདས་བླ་ན་མེད་པའི་རྒྱུད་ཡིན་ནོ། །སྔར་བཤད་པ་ཐམས་ཅད་ཀྱི་དོན་འདི་ཡིན་ཏེ། ཁམས་ནི་ཀུན་གཞི་ཟག་མེད་ཀྱི་ས་བོན་ཅན་ཆོས་ཉིད་དང་དབྱེར་མེད་དུ་གནས་ལ། སྒྲིབ་པ་གཉིས་ནི་སྤྲིན་དང་ན་བུན་བཞིན་རྩ་བ་མེད་པར་གནས་སོ། །ཚོགས་གཉིས་ཀྱིས་ཁམས་དེ་སྦྱངས་པས་དང་པོར་ཀུན་གཞི་ཟག་མེད་དུ་གནས་གྱུར་ནས་མཉམ་བཞག་ན་ཆོས་ཀྱི་དབྱིངས་སུ་སྣང་བར་འགྱུར་ཏེ། མདོ་སྡེ་རྒྱན་ལས། ས་བོན་གཞན་དུ་གྱུར་པའི་ཕྱིར། །གནས་དོན་ལུས་སུ་སྣང་བ་དག །གཞན་དུ་གྱུར་པ་ཟག་མེད་དབྱིངས། །དེ་ནི་རྟེན་ཀུན་འགྲོ་བ་ཅན། །ཞེས་བཤད་དོ། །དེ་ནི་སེམས་ཀྱི་རང་བཞིན་འོད་གསལ་མཐོང་བའི་དགེ་འདུན་དང་འགོག་ལམ་དབྱེར་མེད་པའི་ཆོས་དཀོན་མཆོག་ཡིན་ནོ། །དེ་ལ་གོམས་པས་ས་ལྷག་མ་རྣམས་ཀྱི་སྒྲིབ་པ་སྦྱངས་པས་ཆོས་སྐུ་མཐར་ཐུག་དེ་སློབ་དཔོན་མེད་པར་རང་གིས་རྟོགས་པའི་སངས་རྒྱས་སུ་འགྱུར་ལ་དེའི་བྱང་ཆུབ་ཡོན་ཏན་ཕྲིན་ལས་གསུམ་ནི་མདོ་སྡེ་རྒྱན་ལས། དྲི་མེད་དབྱིངས་ལ་སངས་རྒྱས་ཀྱི། །མཚན་ཉིད་དང་ནི་གནས་པ་དང་། །འཕྲིན་ལས་ཟབ་པ་འདི་བཤད་པ། །མཁའ་ལ་ཚོན་གྱི་རི་མོ་འབྲི། །ཞེས་འབྱུང་བ་བཞིན་གནས་སོ། །འཕྲིན་ལས་ནི་བྱེད་པ་པོ་ལ་ཡོད་པའི་ལས་མིན་གྱི་བྱ་བའི་ཡུལ་ཡོད་པ་ནི་འདིར་མ་ཡིན་ནོ། །དེས་ན་འདི་ལའང་དཀོན་མཆོག་རིགས་ཞེས་ཁམས་ཀྱི་སྒྲས་གསུངས་སོ། །ལེའུ་བཞི་པའོ།།  །།

 

སྨོན་འབྲས་དང་མཇུག་བསྡུ།

ལྔ་པ་གཉིས་ཀྱི་དང་པོ་གནས་དེ་དག་ལ་མོས་པའི་ཕན་ཡོན་ལ་དཀོན་མཆོག་གསུམ་ལ་མོས་པའི་ཕན་ཡོན་མི་སྟོན་པ་ནི་དེ་དག་ཁམས་མ་དག་གི་གནས་སྐབས་ལ་འདོགས་པས་བཞི་པོ་འདིར་འདུས་པའི་ཕྱིར་རོ། །དེ་ལ་སྤྱིར་བསྟན་པ་ནི་སངས་རྒྱས་ཁམས་དང་ཅེས་པའོ། །བསོད་ནམས་བྱ་བའི་གཞི་གསུམ་པས་ཀྱང་ལྷག་པ་ནི་གང་ཞིག་ཅེས་པ་སྟེ། བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པའོ། །འཕོ་མེད་ཐབས་ནི་ལམ་གྱི་རྟེན་གྱི་བསམ་གཏན་ནོ། །དེ་རིགས་པས་སྒྲུབ་པ་ནི་གང་ཕྱིར་ཞེས་པའོ། །དེ་དག་རྒྱས་པར་འཆད་པ་ན་གནས་དང་ནི་ཁམས་ལྔ་པའོ། །ཡོད་ནུས་ལ་སོགས་པ་རིམ་པ་བཞིན་བཤད་ནས་བསོད་ནམས་དང་ཡོངས་སུ་དག་པའང་འཁོར་གསུམ་མི་རྟོག་པ་དང་ཕ་རོལ་ཏུ་ཕྱིན་པ་ལྔ་བསོད་ནམས་བྱ་བའི་གཞི་གསུམ་སྡུད་པ་དང་སྒྲིབ་པ་གཉིས་གནས་དེ་དག་ལ་མོས་ནས་ཐོས་པའི་ཤེས་རབ་ཀྱིས་སྤོང་བའི་ཕྱིར་རོ་ཞེས་པའི་བར་གྱིས་རྒྱས་པར་བཤད་དོ། །གཉིས་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ལ་གང་ལས་དང་གང་གི་ཕྱིར་བཤད་པ་ནི་དེ་ལྟར་ཡིད་ཆེས་ཞེས་དང་བདག་ཉིད་ཅེས་པ་སྟེ་རང་གི་ཚོགས་རྫོགས་པའོ། །ཇི་ལྟ་བུར་བཤད་པ་ནི་ཇི་ལྟར་ཞེས་པའོ། །གང་བཤད་པ་ནི་གང་ཞིག་ཅེས་པ་སྟེ་གསུང་སྤོབས་པ་བཞི་ལྡན་ལྷག་བསམ་བསྐུལ་བའི་མདོ་ལས་གསུངས་པའོ། །དེ་དང་མཐུན་པ་སྟོན་པ་ནི་གང་ཞིག་རྒྱལ་བ་ཅེས་པའོ། །བར་འདིར་ཁ་ཆེའི་དཔེ་ཁ་ཅིག་ལས་མ་རིག་ལྡོངས་རྣམས་ཀྱིས་ཀྱང་སྲིན་འབུའི་ཡིག་འདྲའི་མུ་སྟེགས་བསྟན་བཅོས་སུའང་། དོན་ལྡན་ཆོས་ལྡན་ས་གསུམ་ཉོན་མོངས་ཟད་བྱེད་བརྗོད་གྱུར་གང་ཡིན་དང་། །འཇིག་རྟེན་སོ་སོའི་ལེགས་བཤད་གང་དེའང་བློ་ལྡན་དྲང་སྲོང་བཞིན་འཛིན་ན། །གསུང་གང་ཟག་མེད་བློ་མངའ་རྣམས་ཀྱི་ཞལ་ནས་བྱུང་བ་སྨོས་ཅི་དགོས། །ཞེས་འདོན་པ་ཡོད་དེ་དེ་ནི་སྡོམ་གྱིས་མ་ཟིན་ཅིང་མི་རང་དགའ་བས་བཅུག་པ་ཡིན་ནོ། །ཞེས་ལོ་ཙ་བ་ཆེན་པོས་དོར་རོ། །བདག་ཉིད་མི་ཉམས་པའི་ཐབས་སྟོན་པ་ནི་གང་ཕྱིར་ཅེས་པ་གཉིས་ཏེ་ཆོས་དང་གང་ཟག་ལ་ལོག་པ་མི་བྱའོ། །ཉམས་པའི་རྒྱུ་ནི་བློ་དམན་ཅེས་པ་སྟེ་དགྲ་བཅོམ་ནི་སངས་རྒྱས་སོ། །ཆོས་སྤངས་པའི་འབྲས་བུ་སྟོན་པ་ནི་ཇི་ལྟར་དང་གང་ཞིག་ཅེས་པ་གཉིས་སོ། །དཀོན་མཆོག་ཅེས་པ་ནི་ཆོས་འདི་བརྗོད་པའི་སྨོན་ལམ་དང་བསྔོ་བ་སྟེ་སྣང་བ་མཐའ་ཡས་འཁོར་དང་བཅས་པ་མཐོང་ནས་མཐོང་ལམ་སྐྱེས་ཏེ་བྱང་ཆུབ་ཐོབ་པ་སྟེ་སྨོན་ལམ་ནི་གཞན་ཆེད་དོ། །འབྲས་བུ་གཉིས་ནི་གནས་སྐབས་དང་མཐར་ཐུག་གིའོ། །ལེའུ་ལྔ་པའོ།།  །།

གྲོང་ཁྱེར་དཔེ་མེད་ནི་ཁ་ཆེའོ། །སད་ཛ་ན་ནི་དམ་པའི་སྐྱེ་བོའོ། །ཐེག་ཆེན་མཐར་ཐུག་འཁོར་འདས་དེ་ཉིད་དོན། །རབ་སྟོན་འཕགས་པའི་གསུང་རབ་ལེགས་བཤད་པས། །དགའ་ལྡན་སྐྱེས་ནས་བྱམས་མགོན་མཉེས་བྱས་ཏེ། །བྱང་ཆུབ་ལུང་བསྟན་མྱུར་དུ་ཐོབ་པར་ཤོག །ཐེག་པ་ཆེན་པོ་རྒྱུད་བླ་མ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་མང་དུ་ཐོས་པའི་དགེ་སློང་བཅོམ་ལྡན་རལ་གྲིས་སྦྱར་བ་རྫོགས་སོ།།  །།ལང་གཤེགས་ལས་ཡིད་ཀྱི་ལུས་གསུམ་སྟེ། །ཏིང་ངེ་འཛིན་ལ་ཞུགས་པ་དང་། ཆོས་ཀྱི་ངོ་བོ་ཉིད་ཁོང་དུ་ཆུད་པ་དང་། རིས་སུ་ལྷན་ཅིག་སྐྱེས་པའི་འདུ་བྱེད་ཀྱི་ཡིད་ཀྱི་ལུས་སོ། །གཉིས་པ་ནི་ས་བརྒྱད་པ་སྣང་མེད་དུ་གནས་གྱུར་ཏེ་ཏིང་ངེ་འཛིན་དང་མཚན་དང་དབང་དང་མངོན་ཤེས་ཀྱི་མེ་ཏོག་རྒྱས་པ་ཡིད་ཀྱི་མགྱོགས་པ་དང་མཚུངས་པ་སྒྱུ་མ་ལ་སོགས་པ་འདྲ་བ་འབྱུང་བཞི་དང་འབྱུང་འགྱུར་དང་འདྲ་བ་སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་འགྲོ་ནུས་ཅེས་སོ། །མངྒ་ལཾ།།  །།

བརྒྱུད་སྐུལ།

མཆན་སྤེལ།