རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་རྒྱན་གྱི་མེ་ཏོག

༄༅། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་བཞུགས་སོ། །

 

བཅོམ་ལྡན་རིག་པའི་རལ་གྲི།

 

རྒྱ་གར་སྐད་དུ། བོ་དྷི་སཏྭ་ཡོ་ག་ཙརྻ་ཙ་ཏུ་ཤ་ཏ་ཀ་ཨ་ལཾ་ཀ་ར་པུཥྤ་ནཱ་མཿ བོད་སྐད་དུ། བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་རྒྱན་གྱི་མེ་ཏོག་ཅེས་བྱ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འཁོར་འདས་བླང་དོར་གནས་རྣམས་མ་ལུས་པ། །སྒྲིབ་གཉིས་ཟད་པའི་ཡེ་ཤེས་མངོན་སུམ་གྱིས། །ཇི་བཞིན་རྟོགས་ནས་འགྲོ་ལ་ཐུགས་བརྩེ་བས། །སྟོན་པ་རྫོགས་སངས་རྒྱས་ལ་གུས་ཕྱག་འཚལ། །སིང་ག་གླིང་དུ་པདྨོ་ལས་འཁྲུངས་ཤིང་། །རྒྱལ་བས་ལུང་བསྟན་འཕགས་པའི་གནས་ཐོབ་ནས། །བརྩེ་ལྡན་རང་གི་སྤྱན་ཡང་སྦྱིན་མཛད་པ། །རྒྱལ་སྲས་སྤྱོད་པའི་གཞུང་འདི་ཁོ་བོས་བཤད། །

རྟག་འཛིན་སྤང་ཐབས།

སློབ་དཔོན་འཕགས་པ་ལྷ་ནི་སིང་ག་གླིང་གི་རྒྱལ་པོའི་སྲས་སུ་གྱུར་ཏེ། །རྒྱལ་ཚབ་བོར། དེ་ཉིད་དུ་རབ་ཏུ་བྱུང་སྟེ་ལྷོ་ཕྱོགས་དཔལ་གྱི་རིར་སློབ་དཔོན་ཀླུ་སྒྲུབ་ཀྱི་དྲུང་དུ་བྱོན་ནས་དེའི་ཉེ་གནས་མཛད་དེ་གཞུང་ལུགས་ཐམས་ཅད་ལ་མཁས་པར་གྱུར་ཏོ། །སློབ་དཔོན་འདི་འཇམ་དཔལ་རྩ་བའི་རྒྱུད་ལས། །གཞན་ཡང་རབ་བྱུང་དམ་པ་ནི། །སིང་ག་ལ་ཡི་གྲོང་ན་གནས། །འཕགས་པ་མིན་ལ་འཕགས་པའི་མིང་། །ཕ་རོལ་རྒོལ་བ་བཟློག་ནས་ནི། །མུ་སྟེགས་རྣམས་ཀྱི་སྔགས་སུན་ཕྱུང་། །དེ་དུས་འཇིགས་སུ་རུང་བ་ཡི། །དུས་ཀྱི་མཐའ་ལ་འབྱུང་བར་འགྱུར། །ཞེས་ལུང་བསྟན་ཏོ། །འདི་ལ་མཆོད་བརྗོད་དང་བཤད་པར་དམ་བཅའ་ནི་མ་མཛད་ལ། བསྟན་བཅོས་འདིའི་བརྗོད་བྱ་ནི་བྱང་ཆུབ་སེམས་དཔའི་བླང་དོར་གྱི་གནས་རྣམས་ཡིན་ལ། །དེ་འདིས་རྟོགས་པ་ནི་དགོས་པ་ཡིན་ནོ། །རྟོགས་པ་དེ་གོམས་པ་ལས་སངས་རྒྱས་ཐོབ་པ་ནི་དགོས་པའི་དགོས་པ་ཡིན་ལ། དེ་དགོས་པ་དང་དགོས་པ་བསྟན་བཅོས་ལས་བྱུང་བ་ནི་འབྲེལ་བ་ཡིན་ནོ། །འདིའི་རབ་ཏུ་བྱེད་པ་བཅུ་དྲུག་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་གིས་དང་པོ་བརྒྱད་ཆོས་སྟོན་པ་བརྒྱ་པ་དང་། ཕྱི་མ་བརྒྱད་རྩོད་པ་བརྒྱ་པ་ཞེས་བྱ་བར་བྱས་ནས་ལྟ་བ་སེམས་ཙམ་དུ་བཀྲལ་ལོ། །ཞེས་འགྲེལ་པ་ལས་བཤད་དོ། །དེ་ལ་སློབ་དཔོན་འདིའི་ཀུན་རྫོབ་ཀྱི་ལྟ་བ་སེམས་ཙམ་རྣམ་རྫུན་ཡིན་ཏེ། དབུ་མ་འཁྲུལ་པ་འཇོམས་པ་ལ་སོགས་པ་ནས་ཐམས་ཅད་འཁྲུལ་སྣང་དུ་བཤད་པའི་ཕྱིར་རོ། །དོན་དམ་གྱི་ལྟ་བ་ནི་སློབ་དཔོན་ཀླུ་སྒྲུབ་དང་མཐུན་ནོ། །སློབ་དཔོན་ཆོས་ཀྱི་འབངས་ཀྱིས་རབ་ཏུ་བྱེད་པ་དང་པོ་བརྒྱད་འཇིག་རྟེན་ལ་གྲགས་པའི་དཔེས་བཤད་དེ་འགྲེལ་པར་བལྟའོ། །གཞུང་འདིས་བྱང་ཆུབ་སེམས་དཔའི་ལྟ་བ་དང་སྤྱོད་པ་དང་བསྒོམ་པ་དང་འབྲས་བུ་དང་ཡོན་ཏན་རྣམས་སྟོན་པ་ན་དང་པོ་རྟག་འཛིན་སྤོང་བའི་ཐབས་སྟོན་པ་ནི་མི་རྟག་པ་ལས་སྐྱོ་བ་སྐྱེ་ཞིང་དེས་སྡུག་བསྔལ་ལ་སོགས་པ་འཆད་པར་འགྱུར་བ་རྣམས་རྟོགས་སླ་ལ་དེ་ནས་འཁོར་འདས་ཀྱི་ཆོས་རྣམས་འདི་ནས་བཤད་པ་ཇི་ལྟ་བ་བཞིན་རྟོགས་པར་འགྱུར་བའི་ཕྱིར་འཆི་བ་མི་རྟག་པ་འཆད་པ་ནི་གང་ཟག་གང་ལ་འདོད་པའི་ཁམས་ལ་སོགས་པ་གསུམ་མམ། ས་འོག་དང་ས་སྟེང་དང་ལྷའི་འཇིག་རྟེན་གསུམ་གསོད་པའི་མངའ་བདག་ཡོད་པ་དེས་ཞེས་སྦྱར་ཏེ་གང་དང་དེ་ནི་རྟག་ཏུ་འབྲེལ་བའི་ཕྱིར་རོ། །དེ་ལྟར་འཆི་བདག་གི་རྒྱལ་པོའི་ཆད་པ་ཡོད་པ་དེས་རང་ཉིད་ལ་འཆི་བདག་གི་བྱེད་པ་པོ་མེད་པ་འཕགས་པ་རྣལ་མ་བཞིན་གཉིད་ལོག་སྟེ་དེ་ལ་ཟོན་མི་བྱེད་ན་དེ་ལས་མ་རུངས་ཆེ་བ་གཞན་ཅི་ཡོད་དེ་མི་འཆི་བའི་རྟག་འཛིན་ལས་འཁོར་བའི་ཉེས་པ་གྲངས་མེད་པ་འབྱུང་བའི་ཕྱིར་རོ་ཞེས་བྱ་བ་ནི་ཚིག་རྣམ་པར་སྦྱར་བ་ཡིན་ནོ། །ཡང་ན་ཚིག་རྐང་དང་པོ་གཉིས་སངས་རྒྱས་ཀྱི་ཡོན་ཏན་དུ་བཤད་དེ་གསུམ་པོ་དེ་བདག་གིར་མཛད་ནས་འཁོར་བ་ལས་འདོན་ཅིང་རང་ཉིད་ཅེས་སྦྱར་ཏེ་ཟུར་གཉིས་པའི་རྒྱན་ཡིན་ནོ། །འདིར་ལུང་གནས་མལ་གྱི་གཞི་དང་སངས་རྒྱས་སྨན་གྱི་བླའི་མདོ་ལ་སོགས་པ་ནས་སེམས་ཅན་རྣམས་གསོད་ཅིང་ལས་དང་མཐུན་པའི་ཆད་པ་གཅོད་པའི་འཆི་བདག་གི་གཤིན་རྗེ་བཤད་དེ། དེའི་དོན་སློབ་དཔོན་ཙནྡྲ་གོ་མིའི་སློབ་མ་ལ་སྤྲིངས་པ་ལས། དེ་ནས་དེ་ནི་འཆི་བདག་དགའ་བའི་ལག །གཞིལ་བའི་བཅོས་ཐབས་མེད་པས་བཟུང་ནས་ནི། །སྐྲ་དཀར་བོད་པ་སོ་ཡི་ཚོགས་དག་གིས། །རྒོད་པ་བཞིན་དུ་སྤྱི་ནས་འཛིན་པར་བྱེད། །གཤིན་རྗེའི་ཞགས་པས་དམ་དུ་བཅིངས་པ་དེ། །ཅེ་ཏེ་འབལ་ཞིང་ཆོ་ངེས་འདེབས་བྱེད་ཀྱང་། །དེ་ཡིས་ཀློང་ལ་ཉེ་དུའི་སྐྱེ་བོ་ཡིས། །རང་གི་ངུ་སྒྲས་དིར་བ་བཞིན་མི་ཐོས། །བགྲོད་དཀའི་ཆུ་དང་ཕ་བོང་ཐག་ཐུག་འདོམ་པའི་བར། །ཚེར་མ་རྣོན་པོས་འཛིངས་པས་ཉམ་ངའི་ལམ་དག་ཏུ། །དུས་ཀྱི་ཞགས་པས་སྐེ་ནས་བརྟགས་ཏེ་གཤིན་རྗེའི་མི། །གཏུམ་པོ་རྣམས་ཀྱིས་དབྱུག་པས་བདའ་ཞིང་ཁྲིད་པར་འགྱུར། །བྱ་བ་དང་། སྤྱོད་འཇུག་ལས། གཤིན་རྗེའི་སྐྱེས་བུས་བཟུང་བ་ལ་ཞེས་བཤད་དོ། །ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་ནས་རང་རང་གི་ལས་དང་ཚེ་དང་བསོད་ནམས་ཟད་པའི་འཆི་འཕོ་བ་གསུམ་ཉིད་འཆད་དོ། །དེ་ལ་ཁམས་གོང་མ་གཉིས་ལ་གཤིན་རྗེའི་ཆད་པ་བཤད་པ་མེད་པས་འཇིག་རྟེན་གསུམ་ཁམས་གསུམ་ལ་བྱས་ན་རང་དབང་མེད་པར་འཆི་བ་ཉིད་འཆི་བདག་གི་དོན་ཡིན་ལ། །ས་འོག་ཀླུ་ལ་སོགས་པ་ལ་ནི་གཤིན་རྗེ་ཉིད་ཡིན་ཏེ། །སློབ་དཔོན་བློ་གྲོས་སྣ་ཚོགས་ཀྱི་མི་རྟག་པའི་གཏམ་ལས། གང་གིས་ས་འོག་འཛུལ་ཏེ་ཀླུ་ཡི་དབང་པོའང་པདྨའི་རྩ་བ་ལྟར་འབྱིན་བྱེད། །མཐོ་རིས་འཛེགས་ཏེ་དབང་པོར་བཅས་པའི་ལྷ་ཚོགས་མིད་པར་བྱེད་པ་དང་། །ས་སྟེང་བསྐོར་བསྐོར་ནྲི་ཀ་དང་ནི་ར་གུ་ན་ལ་བཏུས་གྱུར་པ། །འཆི་བདག་དེས་མི་ཚུགས་པ་གང་དུ་གནས་ནས་ཁྱེད་ནི་འཇིགས་མེད་འགྱུར་ཞེས་བྱ་བ་དང་། །ཁྱིམ་དྲུང་གནས་པའི་ནོར་ནི་གཞན་གྱིས་བརྐུས་ཞེས་ཐོས་པར་གྱུར་པ་ན། །རང་གི་ཁྱིམ་དག་སྲུང་བར་བྱ་ཞེས་སེམས་པ་འདི་ནི་རིགས་པ་ཡིན། །མི་ནི་ཁྱིམ་ཁྱིམ་དག་ནས་ཉིན་རེ་དྲངས་ཏེ་ཁྱེར་བར་བྱེད་པ་ཡི། །འཆི་བདག་ལས་ཅི་དགོས་མེད་གྱུར་ཏམ་འགྲོ་བ་མེལ་ཚེ་ཅིས་མི་བྱེད། །ཅེས་བཤད་པ་ཡིན་ནོ། །སངས་རྒྱས་ལ་སོགས་པའི་འཕགས་པ་རྣམས་ལ་ནི་གཤིན་རྗེས་གནོད་པ་མི་ནུས་ལ། སངས་རྒྱས་དང་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་མ་ཡིན་པའི་འཕགས་པ་རྣམས་ལ་འཆི་འཕོ་བ་གསུམ་ཡོད་དོ། །དབང་ཐོབ་པ་དང་དགྲ་བཅོམ་པ་རྣམས་ཀྱི་འཆི་འཕོ་བ་དང་སྐྱེ་བ་ནི་བསམ་གྱིས་མི་ཁྱབ་པའི་དེ་གཉིས་ཡིན་ནོ། །ཡི་གེའི་དོན་ཞིབ་མོར་བཤད་ན་ནི་མང་བར་འགྱུར་རོ། །གལ་ཏེ་རེ་ཞིག་གསོན་པས་དེས་མི་འཇིགས་སོ་སྙམ་ན་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་གསུངས་པས་འཆི་བར་བྱ་ཕྱིར་སྐྱེས་གྱུར་ཅིང་ན་རྒ་ལ་སོགས་པ་གཞན་གྱི་དབང་གིས་འཆི་བར་འབད་པ་མེད་པར་འགྲོ་བའི་ངང་ཅན་ལ་བྱ་བ་ཐམས་ཅད་འཆི་བའི་དོན་དུ་བྱེད་པའི་བྱ་བ་ལྟར་སྣང་ཞིང་མངོན་ཏེ་གསོན་པའི་དོན་དུ་བྱ་བ་བྱེད་པ་ནི་མིན་པ་ལྟར་སྣང་སྟེ་གང་གི་དོན་དུ་ནོར་གསོག་པ་ལ་སོགས་པའི་བྱ་བ་རྣམས་བྱེད་པའི་གསོན་པ་ནི་སྐད་ཅིག་གཅིག་ལས་མེད་པར་འཆད་པའི་ཕྱིར་རོ། །དེས་ན་གསོན་པའི་དོན་དུ་བྱ་བ་ཅི་བྱེད་པ་ཐམས་ཅད་ནི་འཆི་བའི་དོན་དུ་བྱེད་པ་ཡིན་ཏེ། ཇི་སྐད་དུ། མི་ཡི་དཔའ་བོ་ཐོག་མའི་མཚན་མོ་ནི། །གང་ན་འཇིག་རྟེན་མངལ་ན་གནས་གྱུར་པ། །དེ་ནས་བརྩམས་ཏེ་དེ་ནི་ཉིན་རེ་བཞིན། །འགྲོ་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ། །ཞེས་བཤད་པ་ཡིན་ནོ། །ཡང་ཁྱོད་ཀྱིས་འདས་པ་བྱུང་བ་དང་མ་འོངས་པ་གཞན་ཏེ་རིང་པོར་མཐོང་ན་ཁྱོད་དེ་གཉིས་མཉམ་མི་མཉམ་དུ་སེམས་པ་དེ་འཇིགས་པའི་འོ་དོད་འདྲ་སྟེ་འཇིགས་པར་མི་འཇིགས་པའི་སྒྲ་བསྒྲགས་ཀྱང་དེ་འཇིགས་པར་བསྟན་པ་དེ་བཞིན་དུ་མ་འོངས་པ་ཡུན་རིང་དུ་རེ་བ་དེ་ཉིད་ཤི་དགོས་པ་ཡིན་པས་དེ་སེལ་བ་འཕགས་པ་རྣམས་བྱེད་པའི་ཆོས་གྱིས་ཤིག ཡང་འཆི་བ་གཞན་དང་སྤྱི་མཐུན་ཡིན་པས་དེ་འཇིགས་པ་མ་ཡིན་ནོ་སྙམ་ན་དེ་འཇིགས་པ་ནི་ཡིན་ལ་ཁྱོད་ལ་དེ་མེད་ན་གཞན་གཅིག་ལ་གནོད་པའི་འཆི་བ་དེ་དེ་ལ་བྱུང་ན་དགའ་བའི་ཕྲག་དོག་གི་སྒོ་ནས་རང་རྒྱུད་ལ་སྡུག་བསྔལ་བསྐྱེད་པར་འགྱུར་རམ་ཞེས་བྱ་བ་ནི་ཚིག་སྦྱར་བ་ཡིན་ནོ། །དོན་ནི་མེས་སྲེག་པའི་གནོད་པ་དེ་ཐུན་མོང་ཡིན་ཀྱང་སོ་སོས་སྲུང་དགོས་པ་བཞིན་དེ་ཐུན་མོང་ཡིན་ཀྱང་དེ་བཟློག་པའི་ཐབས་བྱ་དགོས་སོ་ཞེས་བྱ་བའི་དོན་ཏོ། །ཡང་ནད་བཅོས་པ་དང་རྒས་པ་གསོས་པས་ཆོག་པས་དེ་གཉིས་ལ་མི་འཇིགས་མོད་ཟེར་ཀྱང་གཉེན་པོ་ཡོད་པ་དེ་གཉིས་ལའང་འཇིགས་ན་གཤིན་རྗེའི་ཆད་པ་ཕྱི་མ་འཆི་ཁར་སྲོག་གཅོད་པ་གང་གིས་ཀྱང་གཅོར་མེད་པ་དེ་ལ་འཇིགས་པར་བྱ་དགོས་ཏེ་འདུལ་བ་ལུང་ལས། གང་དུ་གནས་ན་འཆི་བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ལ་མེད་རྒྱ་མཚོའི་ནང་ནའང་མེད། །རི་རྣམས་ཀྱི་ནི་གསེབ་ཏུ་ཞུགས་ནའང་མེད། །ཅེས་བཤད་དོ། །དེ་ཐུན་མོང་བ་ཡིན་ཀྱང་འོང་ངེས་པས་འཇིགས་དགོས་སོ། །ཞེས་སྟོན་པ་ནི་ས་གཅིག་ཏུ་གསད་པར་བྱ་བའི་ཞེས་པ་དང་། སྒྲ་མི་སྙན་པ་མ་གཏོགས་པ་ལ་དུས་ངེས་པ་མེད་ཀྱང་དེ་འོང་ངེས་པས་འཇིགས་དགོས་སོ་ཞེས་སྟོན་པ་ནི་དུས་ལ་ཞེས་པའོ། །གལ་ཏེ་མ་འོངས་པའི་དོན་རྙེད་གྲགས་ལ་སོགས་པ་ལ་ལྟ་བ་ཡིན་གྱི་གསོན་པ་ཟད་པ་སྟེ་ཚེ་མ་ཕྱིད་ནས་སྡིག་པ་བྱེད་པ་ནི་མ་ཡིན་ནོ་སྙམ་ན་བདག་ཉིད་རྙེད་གྲགས་སུ་འཚོང་ལ་བདག་ལ་ལྡན་པའམ་བྱམས་པ་སྟེ་བདག་ཉིད་རིག་པ་ཞེས་མཁས་པ་སུ་ཞིག་སྨྲ་ཏེ་དེ་ནི་རྨོངས་པ་ཡིན་ནོ། །བདག་ཉིད་གཏའ་མར་བཞག་པ་ནི་གཤིན་རྗེའི་ལག་ཏུ་སྟེ་སངས་རྒྱས་སྨན་གྱི་བླའི་མདོ་ལས། ལྷན་ཅིག་སྐྱེས་པའི་ལྷས་དགེ་སྡིག་བྱས་པ་རྣམས་བྲིས་ནས་དེ་ལ་གཏད་དེ་ཆད་པ་བྱེད་པར་བཤད་པ་བཞིན་ནོ། །མཁས་རྣམས་ནི་འཕགས་པ་རང་ལུས་ལ་འདོད་ཆགས་དང་བྲལ་བ་རྣམས་སོ། །སུ་ལའང་ཞེས་བྱ་བ་ལ་སེམས་སྐད་ཅིག་ཡིན་པ་ནི་ཨ་ལ་སོགས་པའི་ཡི་གེ་མྱུར་པོ་བརྗོད་པ་ལ་འཕོ་བའི་རྟགས་ལས་ཤེས་ལ། དེའི་ཚད་ནི་མི་སྟོབས་ཅན་གྱི་སེ་གོལ་གཅིག་ལ་དྲུག་ཅུ་རྩ་ལྔ་འདའ་བར་འདོད་དོ། །འདི་ནས་སེམས་ལྟར་འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཡིན་ནོ་ཞེས་འགྲེལ་པ་ལས་བཤད་དོ། །དེས་ན་སྐད་ཅིག་ཙམ་གསོན་པའི་དོན་དུ་སྡིག་བྱེད་པ་ནི་རང་གིས་རང་མ་ཤེས་པ་ཡིན་པས་དེ་སྤང་ངོ་ཞེས་སྟོན་པ་ཡིན་ནོ། །ཁྱོད་རིང་ཞེས་བྱ་བས་ནི་འགལ་བ་ལ་སྤྱོད་པ་སྟོན་ཏེ་ཨེ་མ་ནི་དེ་ལ་བརྩེ་བའམ་སྐྱོ་བའི་སྒྲའོ། །ཁྱོད་ཀྱི་སྤྱོད་པ་དེ་འདྲ་བ་ནི་སྐྱེ་བོ་ཁྱོད་དང་འདྲ་བ་ལ་དམ་པར་འགྱུར་གྱི་མཁས་པ་ལ་མ་ཡིན་པའོ། །ཡང་ཁྱོད་རང་འཆི་བ་ལ་མྱ་ངན་ཏེ་ཡིད་སྡུག་བསྔལ་མི་བྱེད་པར་བུ་སོགས་ལ་ཅི་སྟེ་བྱེད་དེ་འདྲ་བ་རང་ཉིད་སྐྱོ་བྱ་སྟེ་སྨད་བྱ་ཡིན་པས་དེ་འདྲ་བའི་སྨྲ་བ་པོ་ནི་ཞེས་སྦྱར་རོ། །དེའི་རྒྱུ་མཚན་སྟོན་པ་ནི་གང་ཚེ་སེམས་ཅན་འགའ་ཞིག་བུ་གྱིས་ཤིག་ཅེས་མ་བཅོལ་བར་རང་ཉིད་བུར་གྱུར་པ་དེའི་ཚེ་ཡང་དེ་ཕྱིར་མར་འགྲོ་བ་འགྲོའོ་ཞེས་དྲི་བ་མ་བྱས་པར་སོང་བ་དེ་རིགས་པར་མི་འགྱུར་མ་ཡིན་པ་རིགས་པར་འགྱུར་བ་སྟེ་དགག་པ་གཉིས་ཀྱིས་རྣལ་མ་སྟོན་པ་སྒྲའི་ལུགས་ཡིན་པའི་ཕྱིར་རོ། །དེས་ན་རིགས་པས་སྤྱོད་པ་ལ་དེ་བྱེད་པ་ནི་གནས་མིན་ཡིན་པ་ལ་བྱེད་པ་ཡིན་ནོ། །དེས་ན་ཁྱོད་གཏི་མུག་ཕྱིར་ན་བུའི་གནས་ལུགས་ཀྱིས་རྣམ་པར་རྟོག་པ་མེད་པར་ཟད་དེ་བུ་འདི་ཕྱི་མར་འགྲོ་བ་སྤྲོ་བ་སྟེ་བརྡ་སྤྲོད་པ་ཉིད་ཚིག་ཏུ་མ་སྨྲས་ཀྱང་རྒས་པས་སྟོན་པར་བྱད་དེ་སྐྱེས་ནས་མ་ཤིའི་བར་རྒས་པ་འབའ་ཞིག་ཡིན་པའི་ཕྱིར་རོ། །རྒས་པ་ནི་འཆི་བ་ལ་དོན་གྱིས་བརྡ་སྤྲོད་པ་ཡིན་པས་དེ་མ་སྤྲད་པར་སོང་བར་མ་གྲུབ་པས་བུ་རིགས་པས་སྤྱོད་པ་ལ་མྱ་ངན་མི་བྱ་བར་རང་གཏི་མུག་པ་ལ་བྱ་སྟེ་བུ་སྐྱེད་པའི་རྒྱུ་ལ་འབད་ནས་དེའི་འབྲས་བུ་ཤི་བ་ལ་མྱ་ངན་བྱེད་པ་ནི་འགལ་བ་འདུས་པ་ཡིན་ནོ། །ཞེས་སྟོན་ཏོ། །ཡང་ཇི་ལྟར་ཕ་ལ་བུ་སྡུག་པ་དེ་ལ་བུ་སྡུག་ཅིང་ཡིད་དུ་འོང་བ་སྐྱེ་མ་ཡིན་གཞོན་པ་རྣམས་ནི་རྒན་པ་ལ་བྱས་ཤེས་དྲིན་གཟོ་འདོར་བའི་ཕྱིར་རོ། །དེས་ན་འཇིག་རྟེན་གྱི་ཆགས་པ་འདི་ནི་ཆུ་ལྟར་འོག་ཏུ་འགྲོའི་གོང་དུ་མི་འགྲོ་ལ་ཆགས་པ་ལྟར་ལ་སོགས་ཏེ་དེ་ཕྱིར་མཐོ་རིས་ཀྱང་རྙེད་དཀའ་ན་ཐར་པ་ལྟ་ཅི་སྨོས་ཏེ་གོང་མ་ལ་སྲེད་པ་མེད་པས་དེའི་རྒྱུ་མི་བྱེད་པའི་ཕྱིར་རོ། །དེས་ན་དྲིལ་བུའི་སྐད་རིམ་གྱིས་གཏན་མེད་པར་འགྱུར་བ་བཞིན་བྱས་ཤེས་དྲིན་གཟོ་མེད་པ་རྣམས་ཀྱི་དཀར་པོའི་ཆོས་རིམ་གྱིས་ཞིག་ནས་མཐོ་རིས་དང་ཐར་པ་གཉིས་ཀ་མེད་པར་འགྱུར་རོ། །ཡང་བུ་དེ་རྗེས་སུ་མི་མཐུན་ན་དེ་ལ་སྡུག་པ་མེད་པས་དེ་ཆགས་པ་དང་མྱ་ངན་མི་འཐད་ལ། མཐུན་ན་དེའི་ཚེ་ཆགས་པ་ཚོང་དང་འདྲ་བ་ཁོ་ནར་ཟད་དེ་མཐུན་ཙ་ན་ཆགས་ལ། མི་མཐུན་ཙ་ན་དེ་མེད་པ་ལག་རྗེས་ལུག་པ་རྗེས་དེས་ཅི་བྱ། ཡང་ཆགས་ཡུལ་དང་བྲལ་བའི་བསྐྱེད་པའི་སྡུག་བསྔལ་ནི་མི་རྣམས་ལ་ཚིག་ཙམ་མ་ཡིན་པར་སྙིང་ནས་མྱུལ་དུ་ལྡོག་སྟེ་དེར་མ་ཟད་ཆགས་ལའང་སྡུག་བསྔལ་དང་བྲལ་བའི་མཚོན་པའི་མི་བརྟན་པ་ཉིད་ལྟོས་ཏེ་ཆགས་པའང་དེ་མ་ཐག་ཏུ་འཇིགས་པར་ལྟོས་པ་དང་དེས་བསྐྱེད་པའི་སྡུག་བསྔལ་ཞི་བར་འགྱུར་རོ། །གལ་ཏེ་འཇིག་རྟེན་གྱི་ལུགས་དང་མཐུན་པས་བྱེད་དོ་ཞེ་ན་དེའི་དོན་དུ་རང་ཉིད་མྱ་ངན་གྱིས་གནོད་པས་གཟིར་བར་བྱས་ཀྱང་དེ་ལ་ཡོན་ཏན་མེད་པར་ཤེས་བཞིན་དུ་ཁྱེད་བདག་ཉིད་ལ་ཕྱི་ཚུལ་ཆོས་པ་དེ་མི་རིགས་ཏེ་གཡོ་ཅན་གྱི་སྤྱོད་པ་དེས་ཅི་བྱ། ཡང་མྱ་ངན་ནི་སྡུག་བསྔལ་གྱི་སྟོན་མོ་འགོད་པ་ཡིན་ན་དེས་འཁྱམ་པ་ལ་དེའི་སྣོན་མི་དགོས་ཞེས་སྟོན་པ་ནི་སྡུག་བསྔལ་ཞེས་པ་སྟེ་རྨ་འབྲས་སུ་བསྒྱུར་བ་བཞིན་མི་འདོད་པ་བྱེད་པ་ཡིན་ནོ། །འདུ་འབྲལ་གཉིས་ནི་འབྲལ་མི་སྲིད་པས་གཅིག་སྒྲུབ་ལ་གཅིག་འདོར་བ་དེ་མི་འཐད་དོ་ཞེས་སྟོན་པ་ནི་གང་གི་ཞེས་པ་སྟེ་བཀྲ་ཤིས་མ་དང་སྣ་ནག་མ་བཞིན་ནོ། །མ་རིག་པ་ཡོད་པའི་འདུ་འབྲལ་གཉིས་ཀ་ལ་ཐོག་མཐའ་མེད་པས་གཅིག་མཐོང་ལ་གཅིག་མ་མཐོང་བ་དེ་མི་འཐད་པས་གཉིས་ཀ་འདོད་པའམ་ཡང་ན་གཉིས་ཀ་མི་འདོད་པར་བྱ་དགོས་སོ་ཞེས་སྟོན་པ་ནི་འདས་ལ་ཞེས་པ་སྟེ་རིང་པོ་ཐོག་མ་མེད་པ་ནས་བྲལ་བ་དེ་མཐོང་བ་མིན་ཏེ་སྔོན་ཆད་མ་མཐོང་བཞིན་མྱ་ངན་བྱེད་པ་དེ་མི་འཐད་པའི་དོན་ཏོ། །གལ་ཏེ་འདུ་བའི་དུས་དེ་ལ་ཆགས་སོ་ཞེ་ན། སྐད་ཅིག་ནས་ལོ་ཟླ་ལ་སོགས་པའི་དུས་དེ་རྣམས་འཆི་སར་འཁྲིད་པས་དགྲ་དང་འདྲ་ཞེས་སྦྱར་རོ། །ཡང་བློ་ངན་ཁྱོད་གཉེན་དང་བྲལ་བའི་འཇིགས་པས་ཁྱིམ་ནས་མི་འབྱུང་ན་མཁས་པ་སུ་ཞིག་ངེས་པར་བྱ་དགོས་པའི་འཆི་བདག་གི་ཆད་པ་དེ་སྒུག་པར་བྱེད་ཅིང་སྡོད་པར་འགྱུར་ཏེ་ཐར་པ་སྒྲུབ་བོ། །གལ་ཏེ་བྱ་བ་རྣམས་བྱས་ནས་ཆོས་བྱའོ་སྙམ་ན། དེ་བྱས་ནས་བཏང་བྱ་ཡིན་ན་དེ་དང་པོ་བྱས་པ་ལ་དགོས་པ་མེད་དོ་ཞེས་སྟོན་པ་ནི་ཁྱོད་འདི་ཞེས་པ་ཡིན་ནོ། །འཆི་བའི་མི་རྟག་པ་གོམས་པའི་འབྲས་བུ་ནི་བདག་ནི་ཞེས་པ་སྟེ་དེ་སྲོག་ལའང་ཆགས་པ་བཏང་ནས་འཆི་བདག་ལའང་མི་འཇིགས་ན་ནགས་སུ་འགྲོ་བ་དང་གཉེན་དང་འབྲལ་བ་ལ་ག་ལ་འཇིགས། དེའི་ཕྱིར་འཆི་བ་རྗེས་སུ་དྲན་པ་བསྒོམས་ནས་འཕགས་པའི་ལམ་བསྒྲུབ་པར་བྱའོ། །སློབ་དཔོན་འཕགས་པ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་རྟག་པར་འཛིན་པ་སྤོང་བའི་ཐབས་བསྟན་པའི་རབ་ཏུ་བྱེད་པ་དང་པོ་བཤད་ཟིན་ཏོ།།  །།

སྡུག་བསྔལ་བདེར་འཛིན་སྤང་ཐབས།

སྡུག་བསྔལ་ལ་བདེར་འཛིན་གྱི་ཕྱིན་ཅི་ལོག་སྤོང་བའི་ཐབས་སྟོན་པ་ན་ལུས་ནི་ཞེས་གསུངས་ཏེ་སྦྲུལ་གདུག་ལྟར་གནོད་པ་སྣ་ཚོགས་འབྱུང་བའི་ཕྱིར་རོ། །དེ་འཆད་པ་ནི་མི་རྣམས་ཞེས་པ་སྟེ་གཞན་ནི་འདོད་ཡོན་ལྔའོ། །གང་ཚེ་ནི་སྡུག་བསྔལ་ཤས་ཆེ་བ་ལ་ཆེ་བར་གྱིས་ཤིག་པའོ། །མངོན་ཕྱོགས་ནི་འདོད་པའོ། །འཇིག་པ་ནི་མི་རྟག་པའོ། །སྙེག་པ་ནི་གྲིབ་མ་བཞིན་རྗེས་སུ་འབྲང་བའོ། །ཅིས་དང་ཅི་སྟེ་ནི་དགག་ཚིག་སྟེ་བདེ་བ་ལ་གུས་པ་དང་སྡུག་བསྔལ་ལ་མི་འཇིགས་པ་དེ་མ་བྱེད་པའོ། །སྣོད་ནི་འབྱུང་ཁུངས་ཏེ་བདེ་བ་སྡུག་བསྔལ་དུ་འགྱུར་འགྲོ་བའི་ཕྱིར་རོ། །སྔར་ནི་ཆོས་ཀྱི་དོན་དུ་བསྲུང་བར་བཤད་ལ་འདིར་ནི་རྒྱགས་པའི་དོན་དུ་གསོ་བ་བཀག་པས་འགལ་བ་མེད་དོ། །འགོར་བ་ནི་ཡུན་རིང་པོ་འདོད་ཡོན་གྱིས་གསོས་པའོ། །ཟིལ་གནོན་ནི་སྡུག་བསྔལ་གྱི་རང་བཞིན་བདེ་བར་མི་འགྱུར་བ་སྟེ་ཆུ་གྱེན་དུ་མི་འགྱུར་བ་དང་ལྕགས་གསེར་དུ་མི་འགྱུར་བ་ལ་སོགས་པ་བཞིན་ནོ། །གྲིབ་མ་བཞིན་འབྲངས་བ་དང་རང་བཞིན་པ་གསལ་བར་སྟོན་པ་ནི་རྒྱལ་པོ་ལ་སོགས་པ་མཆོག་ལ་ཞེས་པ་སྟེ་ཉིན་རེ་ཉིན་རེ་ནི་རྒྱུན་མ་ཆད་པའོ། །ཡང་ཡིད་ཀྱི་བདེ་བ་རྟོགས་པའི་དབང་གྱུར་ནི་རྟོག་པའི་བཟོས་སྦྱར་བ་སྟེ་འཁོར་དང་ལོངས་སྤྱོད་ལ་སོགས་པ་ལ་བདེ་བར་རློམ་པ་ན་ཡིད་བདེ་སྐྱེ་བའི་ཕྱིར་རོ། །རྟོག་པ་སྡུག་བསྔལ་དབང་གྱུར་ནི་ལུས་སེམས་ལ་སྡུག་བསྔལ་བྱུང་བ་ན་བདེར་འཛིན་གྱིས་རྟོག་པ་ཐམས་ཅད་འཇོམས་པས་དེ་ཕྱིར་ཞེས་སྦྱར་ཏེ་ཅི་ཡང་མེད་ནི་སྡུག་བསྔལ་འགོག་ནུས་པའི་རྟོག་པ་མེད་པས་དེ་ལ་རྟོག་པས་དབང་བྱེད་མི་ནུས་སོ། །དུས་འགྲོ་བ་ནི་བུ་ཆུང་ནས་རྒན་པོའི་བར་ཏེ་དེར་ན་ཚོད་འགྱུར་བའི་སྡུག་བསྔལ་འཕེལ་བ་དེ་ཕྱིར་བདེ་བ་ནི་ལུས་ལས་གཞན་དུ་སྣང་ལ། སྡུག་བསྔལ་ནི་ལུས་ཀྱི་རང་བཞིན་དུ་གྲུབ་པ་སྟེ་འགྱུར་བ་རྒྱུན་མི་ཆད་པའི་ཕྱིར་རོ། །གཞན་ནི་ཕྱིའི་ཚེར་མ་ལ་སོགས་པ་སྟེ་རྒྱུ་མང་ཉུང་གིས་ཀྱང་སྡུག་བསྔལ་ཤས་ཆེ་བར་གྲུབ་བོ། །བཟློག་པ་མང་ཉུང་གིས་ཀྱང་དེ་ཤས་ཆེ་བར་སྒྲུབ་པ་ནི་འཕེལ་བཞིན་ཞེས་པ་སྟེ་ངན་སོང་གསུམ་དང་ལྷ་དང་མི་དབུལ་པོ་ལ་སོགས་པའི་སྡུག་བསྔལ་བཞིན་ནོ། །དེ་གསལ་བར་སྟོན་པ་ནི་རྐྱེན་དང་ཞེས་པ་སྟེ་རྐྱེན་དྲོ་བ་དང་བསིལ་བ་ལས་བྱུང་བའི་བདེ་བ་ནི་བསྟེན་དྲགས་ན་བཟློག་པ་སྡུག་བསྔལ་དུ་འགྱུར་ལ། སྡུག་བསྔལ་གྱི་རྒྱུ་བསྟེན་དྲགས་པས་བཟློག་པ་བདེ་བར་འགྱུར་བ་མེད་དེ་དམྱལ་བའི་མེ་དང་སྡུག་བསྔལ་གྱི་དམིགས་རྐྱེན་བཞིན་ནོ། །སྐྱེས་ནས་མ་ཤིའི་བར་ནི་སྐད་ཅིག་དང་རྒྱུན་འགྱུར་བའི་རྒ་ཤི་ཡིན་པས་དེ་ལ་བདེ་བ་མེད་དོ་ཞེས་སྟོན་པ་ནི་ཁྱོད་འཆི་ཞེས་པ་སྟེ་འགྲོ་བ་དང་འགྲོ་འགྱུར་ནི་རྒྱུན་མི་འཆད་པར་འགྱུར་བའོ། །ལུས་ཅན་ནི་གོ་སླའོ། །འབྱུང་བ་རེ་རེ་ལ་ལུས་བསྐྱེད་པའི་ནུས་པ་མེད་པས་འབྱུང་བ་ཀུན་ཚོགས་པ་ལས་སྐྱེ་བ་ནི་ནུར་ནུར་པོ་ལས་མེད་ན་འབྱུང་བ་གསུམ་འཛིན་མི་ནུས་ལ། ཆུ་མེད་ན་གོང་བུར་འགྲིལ་མི་ནུས་ཤིང་། མེ་མེད་ན་འབྲུལ་ལ། རླུང་མེད་ན་འཕེལ་མི་ནུས་ཏེ་དེ་འཆི་ཁའི་བར་དུ་ཅི་རིགས་པར་སྦྱར་རོ། །འབྱུང་བཞི་ངོ་བོ་དང་བྱེད་ལས་འགལ་བ་རྣམས་ནི་ཕན་ཚུན་གནོད་རེས་བྱེད་པས་བདེ་བ་མེད་དེ་སེམས་ཅན་མི་མཐུན་པས་གཅིག་ཏུ་སོགས་པ་བཞིན་ནོ། །ཚ་གྲང་སོགས་ལ་དེ་འཆོས་པའི་རྐྱེན་རྟག་ཏུ་བ་མེད་པས་གྲང་སོགས་ཀྱིས་བརླག་བཞིན་པ་བྱ་བ་དང་འདོད་ཡོན་ལ་སྤྱོད་པ་དང་འབད་རྩོལ་གྱི་ལས་བྱེད་པ་ཞེས་སྦྱར་རོ། །ཡང་ཚེ་འདིར་ནི་སྡིག་སྡུག་ལས་སྲུང་དགོས་ལ་དེ་མ་བསྲུང་ན་ཚེ་གཞན་དུ་ངན་འགྲོ་ཡོད་ན་ཞེས་སྦྱར་ཏེ་གཉིས་ཀར་སྡུག་པའོ། །བཞོན་པ་སོགས་ནི་བཟའ་བཏུང་དང་ཉལ་བ་ལ་སོགས་པའོ། །དང་པོ་དེ་དག་གང་ལ་རྩོམ་པའི་ཚེ་བདེ་བ་མེད་པ་དེ་ལ་མཐར་བདེ་བ་འཕེལ་བ་མེད་པ་ནི་སྒྲ་ཇི་བཞིན་པ་ལྟག་ཆོད་ཡིན་གྱི་ལས་བྱེད་པ་ཉིད་སྦྱར་བའམ་སྡུག་བསྔལ་ལ་སྤྲོ་བ་ཕྲག་ཁུར་སྤོ་བ་དང་འདྲའོ། །དེ་འདྲའི་རིགས་ཐམས་ཅད་གསེར་སྣོད་དུ་སྐྱུག་པ་ལ་བདེ་བར་འཛིན་པ་བཞིན་སྡུག་བསྔལ་ལ་བདེ་བར་བློས་བཅོས་ཏེ་ཞེས་སྦྱར་རོ། །ཕྲག་ཁུར་སྤོ་བའི་རྩོམ་པས་སྔར་སྐྱེས་པའི་སྡུག་བསྔལ་ལྡོག་པར་འགྱུར་བ་ཡིན་ན་དེས་ཕྲག་པ་གཅིག་ལ་སྡུག་བསྔལ་རྩོམ་སྟེ་སྐྱེ་བ་དང་འང་གི་སྒྲས་དེ་འགག་པ་ནའང་བདེ་བ་ཅི་ཡོད་དེ་མེད་པ་དེ་ཕྱིར་ཐུབ་པས་ཀ་ཏ་ཡ་ནའི་བུ་སྐྱེ་བ་ན་ཡང་སྡུག་བསྔལ་ཁོ་ན་སྐྱེའོ། །འགགས་པ་ན་ཡང་སྡུག་བསྔལ་ཁོ་ན་འགག་གོ་ཞེས་གསུངས་པ་སྙམ་སེམས་སོ། །གལ་ཏེ་སོ་སོ་སྐྱེ་བོས་སྡུག་བསྔལ་ཡོད་ཀྱང་བདེ་བས་བཀབ་པ་ལྟར་མི་མཐོང་ངོ་ཞེ་ན། དེ་སྟོབས་ཅན་གང་གིས་ཞེས་གསུངས་ཏེ་དེ་བཀག་ཟིན་ཅིང་འགོག་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་སྡུག་བསྔལ་འབའ་ཞིག་ཡིན་ན་དེ་བསྟན་པ་དོན་མེད་དེ་མེའི་ཚ་བ་བཞིན་ནོ། །བྱིས་པ་ཁྱོད་སྡུག་བསྔལ་གྱི་ཕུང་པོ་ལ་ཆགས་བྲལ་མ་ཡིན་ཞེས་བྱིས་པ་ལ་བསྟན་པར་བྱ་དགོས་ཏེ་དེ་སྡུག་བསྔལ་ལ་གནས་བཞིན་དུའང་དེ་མི་ཤེས་པ་དེས་ན་སངས་རྒྱས་ཀྱིས་གཏི་མུག་སྒྲིབ་པ་ཀུན་གྱི་ཐ་མ་མཐར་ཐུག་ཏུ་གསུངས་ཏེ། ཆེ་ཞེས་འདི་ནི་སྒྲིབ་པ་རྣམས་ཀྱི་མཆོག་སྟེ་གང་འདི་མ་རིག་པའི་སྒྲིབ་པའོ་ཞེས་པས་སོ། །དེ་དག་ཐམས་ཅད་བསྡུས་ནས་མི་རྟག་པ་ལ་སྡུག་བསྔལ་གྱིས་ཁྱབ་པར་སྟོན་པ་ནི་མི་རྟག་པ་ལ་ངེས་པར་གནོད་ནི་དངོས་པོ་དེ་དེས་འཇོམས་པའོ། །དེས་ན་གནོད་པ་ཡོད་པ་ལ་སྡུག་བསྔལ་གྱིས་ཁྱབ་པར་བསྟན་ནོ། །ཆོས་སྐུ་དང་ལོངས་སྐུ་ཡང་དག་གཉིས་ལ་གནོད་པ་མེད་པས་སྡུག་བསྔལ་མ་ཡིན་ལ། སྤྲུལ་སྐུ་ནི་གནོད་བཅས་སུ་སྣང་བས་གནོད་པའི་སྡུག་བསྔལ་ཅན་ཡིན་ཡང་ཚོར་བ་སྡུག་བསྔལ་ནི་མེད་དོ། །སེང་ལྡེང་གི་ཚལ་པ་ཟུག་པ་ལ་སོགས་པ་ནི་དྲང་དོན་ཡིན་ནོ། །མཛོད་འགྲེལ་ལས། མདོ་སྡེ་པའི་བཙུན་པ་དཔལ་ལེན་ཚོར་བ་བདེ་བ་མེད་པར་འདོད་པ་བཀག་པ་དེས་ནི་འདི་ལ་མི་གནོད་དེ་འདིས་སེམས་པ་དང་འདོད་པ་དང་ཕན་པའི་ཚོར་བ་མ་བཀག་པའི་ཕྱིར་རོ། །དེས་ན་སློབ་དཔོན་ཟླ་གྲགས་ཀྱིས་དེས་གཞུང་འདི་བཀག་པ་ཡིན་ནོ། །ཞེས་བཤད་པ་ནི་ནོར་བ་ཡིན་ནོ། །བདེར་འཛིན་གྱི་ཕྱིན་ཅི་ལོག་སྤངས་པའི་ཐབས་བསྟན་པའི་རབ་ཏུ་བྱེད་པ་གཉིས་པའི་བཤད་པའོ།། །།

 

གཙང་འཛིན་ཕྱིན་ཅི་ལོག་སྤང་ཐབས།

གཙང་འཛིན་གྱི་ཕྱིན་ཅི་ལོག་སྤངས་པའི་ཐབས་སྟོན་པ་ན་ཤིན་ཏུ་ཞེས་སྨོས་ཏེ་ཡུན་རིང་པོར་འདོད་པའི་ཡུལ་བསྟེན་ཀྱང་ཡུལ་ཡུལ་ཅན་གཉིས་ཀ་ལ་མུ་ཐུག་ཅིང་ཟད་པ་མེད་དེ་སྨན་པ་ངན་པ་མི་མཁས་པས་སྨན་དཔྱད་ཡུན་རིང་པོ་བྱས་ཀྱང་ངལ་བ་འབྲས་བུ་མེད་པ་བཞིན་འདོད་པ་སྤྱོད་པའི་ལུས་ཀྱང་དེ་བཞིན་ནོ། །ཇི་སྐད་དུ། གཤེར་བ་གཤེར་བས་མི་སྐེམ་ཤིང་། །ཚ་བ་ཚ་བས་ཉམས་མིན་ལྟར། །དེ་བཞིན་འདོད་པ་ཉེར་སྤྱད་པས། །འདོད་པའི་རེ་བ་སྤོང་མི་བྱེད། །ཅེས་བཤད་དོ། །དེ་ཉིད་གསལ་བར་སྟོན་པ་ནི་ཟས་སུ་ས་འདིས་སྟེན་པར་བྱེད་པ་ཞེས་པ་སྟེ་ངན་པ་ལ་སྲེད་པའི་དཔེའོ། །བུད་མེད་ཅེས་པས་ནི་འཁྲིག་པ་འདྲ་ཞིང་ཁ་དོག་ཐུན་མོང་བ་ཡིན་པས་མཆོག་ལ་སྲེད་པ་དགག་པའོ། །གང་ལ་ཞེས་བྱ་བ་ནི་མཆོག་དོན་ལ་མེད་ལ་ཁྱི་དང་ཡང་ཐུན་མོང་བ་ཡིན་པས་སྤང་བར་སྟོན་ནོ། །ཁྱོད་ལ་ཞེས་པས་ནི་ཐུན་མོང་བ་དེ་ལ་ཁྱོད་ངོ་མཚར་དུ་འཛིན་པ་རིགས་པ་མིན་པར་སྟོན་ནོ། །ཡོན་ཏན་ཞེས་པས་ནི་དེ་ལྡན་ལ་ཆགས་པ་དང་དེ་མེད་པའི་བཟློག་པ་ལ་ཞེ་སྡང་ན་ཡུལ་གཅིག་ལ་སྐྱོན་ཡོན་གཉིས་ཀ་འོང་བས་སྔ་ཕྱི་གཉིས་གང་དུ་བདེན་མི་ཤེས་པའོ། བླུན་པོའི་ཞེས་པ་ནི་དེ་རྒྱུ་ཡོན་ཏན་མེད་པ་ལ་འཇུག་པ་ལྡོག་པའང་རྒྱུ་ཡོན་ཏན་ལོག་པས་ག་ལ་ལྡོག་ཅེས་སྟོན་ཏོ། །ཇི་སྲིད་སྐྱེས་པ་གཞན་མ་ཤེས་པར་དེ་ལ་འདུག་ལ་དེ་ཤེས་ནས་ནད་ངན་བཞིན་གཞན་ལ་འགོ་བ་དེ་རྐྱེན་ཏེ་ཐབས་ཀྱིས་བསྲུང་ཞེས་སྦྱར་རོ། །ཡང་དར་མས་བྱས་པ་དེ་ནི་རྒན་པོའི་དུས་ན་མི་འདོད་དེ་འགྱོད་ལ་གྲོལ་བའི་འཕགས་པ་རྣམས་དེ་ལ་གདུང་ཞིང་སྲེད་པར་མི་འགྱུར་བས་དེ་འཁྲུལ་བ་ཡིན་ནོ། །ཡང་མ་ཆགས་པ་ལ་ཆགས་པའི་བདེ་བ་མེད་ལ་ཆགས་པ་དེ་ཡང་བླུན་པོ་མིན་པ་ཤིན་ཏུ་མཁས་པ་ལ་མེད་ཅིང་རྟག་ཏུ་ཡིད་གཡེང་བར་བྱེད་པ་དེའི་བདེ་བ་ཅི་འདྲ་ཞིག་སྟེ་ཕྱིན་ཅི་ལོག་གི་བློ་ཡིན་ནོ། །ཁྱོད་མོ་ལ་གུས་བཞིན་བྱ་བས་ནི་དེ་ལ་བདག་གིར་འཛིན་པ་མི་རིགས་པར་སྟོན་ཏོ། །གལ་ཏེ་བྱ་བས་ནི་བདེ་བ་དེ་ལ་བུད་མེད་མི་དགོས་པར་འགྱུར་ཏེ་དེས་བདེ་བ་དང་དེའི་རྒྱུ་འཇོམས་པའི་ཕྱིར་རོ། །བདེ་བ་དང་དེའི་རྒྱུ་དོར་བྱ་ཞེས་སྦྱར་རོ། །བདེ་བ་གཞན་ལས་སྐྱེ་བ་ནི་ས་བོན་དང་ཚུལ་བཞིན་མ་ཡིན་པ་ལ་སོགས་པའོ། །རྒྱུ་མ་ཡིན་ལ་རྒྱུར་འཛིན་པས་དེ་རྒྱུ་ཞེས་སོ། །མཛེ་དང་གཡན་པ་དང་མེ་དབལ་གྱིས་ཉེན་པ་རྣམས་ཕྲུགས་ན་མི་ཟད་པའི་ན་ཚ་སྐྱེ་བཞིན་དུ་འཕྲུག་པ་ལྟར་ཆགས་པས་ལྡོངས་པ་ཟིལ་གྱིས་ནོན་པས་དེའི་སྐྱོན་མི་མཐོང་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཆགས་བྲལ་ཞེས་སྦྱར་རོ། །བཀྲེས་པས་ཉེན་པ་ལ་མུ་གེ་བྱུང་བའི་ཚེ་ཕྱུག་པོ་བརྩེ་བ་མེད་པ་རྣམས་ཀྱིས་བརྙས་པ་སྣ་ཚོགས་བྱས་ཀྱང་ཕྱིས་ཀྱི་སྟེ་བས་བཟོད་པ་བཞིན་ཆགས་ཅན་བུད་མེད་མ་བཟོད་པའི་ལུས་ངག་གི་གཡོ་བའང་དེ་འདྲའོ། །ངན་པ་ལ་ཆགས་ཤིང་ཕྲག་དོག་བྱེད་པ་སྟོན་པ་ནི་དྲེགས་པ་ཞེས་པ་སྟེ་བཤང་ཁང་དང་བུད་མེད་ལ་ཆགས་པ་འགའ་ཞིག་དེ་གཉིས་མེད་པ་འགའ་ལ་ཕྲག་དོག་དང་དེ་གཉིས་ལྷན་གྱི་དོགས་པའི་ཁྲེན་པ་བྱེད་དོ། །མི་གཙང་བ་ལ་གཏི་མུག་འབྱུང་བ་ནི་དེར་མ་རིག་པའོ། །འདོད་ཆགས་འབྱུང་བར་མི་རིགས་པ་ནི་དེ་འདོད་པར་བྱ་བ་ཡིད་དུ་འོང་བ་ལ་འཇུག་པའི་ཕྱིར་རོ། །འདི་སྐད་དུ། དེ་ནི་ལྟ་བར་ཅི་ནས་ཀྱང་། །རིགས་མིན་རྣམ་པར་ག་ལ་རིགས། །དེ་ལ་ཆགས་པར་འགྱུར་ཞེས་པ། །ཨེ་མ་འཇིག་རྟེན་མུན་ཆེན་ཡིན། །ཞེས་བཤད་དོ། །བྱིས་པའམ་མི་རྣམས་ཞེས་དང་སྨད་པར་འབྱུང་འགྱུར་གྱི་གནས་ཡིན་ན་བྱ་བ་དང་ལུས་གང་ལས་ཞེས་སྦྱར་རོ། །དངོས་པོ་གཙང་བ་མེ་ཏོག་དང་དྲི་དང་གོས་དང་རྒྱན་ལ་སོགས་པ་ལུས་དང་ཕྲད་པས་ངན་པའི་ཐ་མ་མི་གཙང་བ་གང་དུ་དམིགས་ཅེས་སྦྱར་ཏེ་རྒྱ་མཚོས་ཆུ་ཀླུང་གཙང་མ་རྣམས་བ་ཚྭའི་རོར་བསྒྱུར་བ་བཞིན་ནོ། །བཤང་བ་དེ་མེད་པར་བྱ་བ་དང་སྲིན་དང་འདྲ་བ་དེ་ལ་རྨོངས་པ་མ་རིག་པས་གཙང་བར་དྲེགས་ཞེས་སྦྱར་ཏེ་མའི་བཤང་ཁང་དུ་ཡུན་རིང་དུ་བསྡད་པའི་ཕྱིར་རོ། །བསངས་གཏོར་དང་སྔགས་ཆུ་ལ་སོགས་པའི་ཐབས་ཞེས་དང་ནང་ལུས་གཙང་བ་ལ་འབད་ན་ཕྱི་རོལ་གྱི་མི་གཙང་བའི་ཕུང་པོ་ལ་དེ་མ་ཡིན་ཏེ་བྱེད་པར་འགྱུར་ཞེས་སྦྱར་རོ། །མཛེ་ཅན་དང་བཤང་གཅི་ཅན་མི་གཙང་བར་མཉམ་ཡང་གཅིག་འདོར་ལ་གཅིག་ལེན་པ་ནི་ཐམས་ཅད་དེ་ལྟར་སོང་མ་སོང་ལས་ཡིན་ནོ་ཞེས་སྟོན་པ་ནི་མཛེ་ཅན་སྤོང་བ་བཞིན་དེ་ལྟར་བཤང་གཅི་ཅན་མི་ཀུན་ལ་མཚུངས་མིན་ཏེ་ཐུན་མོང་དུ་མེད་ན་དེ་ཀུན་གྱིས་སྤོང་བར་འགྱུར་ན་དྲང་སྲོང་དཀའ་ཐུབ་སྤྱོད་པ་རྣམས་ཀྱིས་ཀྱང་དེ་གཉིས་མཉམ་པ་དེ་མ་རྟོགས་པས་ཆུང་མ་བསྟེན་པ་ཡིན་ནོ། །མི་གཙང་བ་དེ་དྲི་དང་རྒྱན་ལ་སོགས་པས་གཙང་འཆོས་པ་ལ་འདོད་ཆགས་སྐྱེ་བ་དེ་ནི་སྣ་རྡུམ་སྣ་ཚབ་བྱས་པ་ལ་དགའ་བ་དང་འདྲའོ་ཞེས་སྟོན་པ་ནི་སྣའི་ཡན་ལག་ཉམས་པ་ཞེས་བྱ་བ་ཡིན་ནོ། །ཆགས་བྲལ་རྣམས་ཀྱིས་བལྟས་ན་ཆགས་བྲལ་ཏེ་ཡིད་འབྱུང་སྐྱེ་བར་གྱུར་པ་དེ་གཙང་བར་མི་རིགས་ལ་མེ་ཏོག་ལ་སོགས་པ་གཙང་བ་རྣམས་ལའང་ཆགས་བྲལ་རྣམས་འདོད་ཆགས་མི་སྐྱེ་བས་ངེས་པར་ཞེས་དང་གཙང་བའི་དངོས་དེ་ཞེས་སྦྱར་ཏེ་ཡུལ་མེད་པས་གཙང་འཛིན་ཕྱིན་ཅི་ལོག་ཏུ་བསྟན་ཏོ། །མདོར་ན་ཞེས་བྱ་བས་དོན་སྡུད་པར་བྱེད་དེ་གཅིག་ལ་སྲིད་པ་ནི་ནང་ཉེར་ལེན་གྱི་ཕུང་པོ་ལ་གསལ་ལ་གནས་དོན་གཉིས་ལའང་མི་རྟག་པ་སྐད་ཅིག་དང་མི་གཙང་བ་སྐྱོ་བ་སྐྱེ་བ་དང་སྡུག་བསྔལ་གནོད་པ་དང་བདག་མེད་པ་རང་དབང་མེད་པ་སྟེ་ཕྱིན་ཅི་མ་ལོག་པ་བཞི་ཡོད་པས་རྟག་པ་ལ་སོགས་པའི་ཡུལ་དང་ཡུལ་ཅན་བཞི་པོ་ཐམས་ཅད་ཕྱིན་ཅི་ལོག་ཏུ་གྲུབ་བོ། །གཙང་འཛིན་སྤངས་པའི་ཐབས་བསྟན་པའི་རབ་ཏུ་བྱེད་པ་གསུམ་པའི་བཤད་པའོ།། །།

 

བདག་འཛིན་སྤང་ཐབས།

བདག་འཛིན་ཕྱིན་ཅི་ལོག་སྤང་བ་རྒྱལ་པོའི་དབང་དུ་བྱས་ནས་སྟོན་པ་ནི་བདག་དང་ཞེས་པ་སྟེ་དྲེགས་ཤིང་ང་རྒྱལ་བ་དེ་སྲིད་པ་གསུམ་དུ་དམ་པ་མཁས་པ་སུ་ལ་སྐྱེ་བར་འགྱུར་དེའི་གཏན་ཚིགས་གང་ཕྱིར་བྱ་དང་གནས་དོན་གྱི་ཡུལ་མཚུངས་ཏེ་ཐུན་མོང་བ་ཡིན་ཕྱིར་ཞེས་སྦྱར་ཏེ་རྒྱལ་པོ་ལ་སོགས་པས་ཀྱང་ཐུན་མོང་བ་ལ་ང་རྒྱལ་བྱ་བར་མི་རིགས་ཏེ་རང་ཁོ་ནའི་མ་ཡིན་པའི་ཕྱིར་གར་མཁན་ལ་སོགས་པའི་ལྟད་མོ་བཞིན་ནོ། །བསྐལ་པ་འདི་ལ་སྔ་བའི་རྒྱལ་པོ་མང་པོས་བཀུར་བ་ཡིན་ལ་དེ་ནི་ཞིང་སྲུང་བའི་ཕྱིར་སྐྱེས་བུ་སྟོབས་པོ་ཆེ་གཅིག་ལ་འབྲུའི་དྲུག་ཆ་བྱིན་ནས་དེ་གླས་པ་ཡིན་པས་སྐྱེ་བོའི་ཚོགས་ཀྱི་བྲན་ཡིན་ནོ་ཞེས་སྟོན་པ་ནི་ཚོགས་བྲན་ཞེས་པ་སྟེ། བསྟབས་པ་ནི་གླས་པའོ། །བྲན་གྱི་དྲེགས་པ་བྱ་བ་དང་བྱ་བ་གང་ངམ་ཡུལ་དེ་རུ་བྱ་བ་ནི་སྒྲུབ་པ་ལ་དབང་དུ་བྱས་པ་བློན་པོ་དང་འབངས་ལ་སོགས་པ་ལ་རག་ལས་པར་འགྱུར་བས་བྱ་བ་ཐམས་ཅད་ང་ལ་རག་ལས་ཞེས་དྲེགས་པ་དེ་མི་རིགས་སོ། །ཇི་ལྟར་གསོ་བྱ་གླ་པ་དེ་གླ་ཐོབ་ཅིང་ཐོབ་ནས་གླ་སྟེར་བའི་རྗེ་བོ་གཏོང་བ་པོར་སེམས་ཤིང་རང་ང་རྒྱལ་མི་བྱེད་པ་བཞིན་རྒྱལ་པོས་ཀྱང་སྦྱིན་བྱ་བྱིན་ནས་བདག་ནི་གཏོང་བ་པོ་སྙམ་པའི་རློམ་སེམས་མི་བྱ་སྟེ་ཚོང་པས་ནོར་བརྗེ་བ་ལ་དྲེགས་པ་མི་རིགས་པ་བཞིན་ནོ། །གཞན་མཁས་པ་རྣམས་ཀྱིས་ནི་སྡུག་བསྔལ་གྱི་གནས་སུ་མཐོང་བ་དེ་ཁྱོད་ལ་བདེ་བར་ཕྱིན་ཅི་ལོག་ཏུ་དྲན་ཏེ་ཤེས་པར་གྱུར་ལ། རྒྱལ་པོ་རྣམས་ནི་དྲུག་ཆའི་གླས་པ་སྐྱོང་བར་བྱེད་པ་ཡིན་པས་གཞན་སྐྱོང་བའི་ལས་ཞེས་སྦྱར་ཏེ་མེལ་ཚེ་བ་ལ་དགའ་བ་མེད་པ་བཞིན་ནོ། །རྒྱལ་པོ་དང་འབངས་ནི་ཕན་ཚུན་གཉིས་ཀས་གཉིས་ཀ་སྲུང་དགོས་པས་སྲུང་བ་པོའི་དྲེགས་པ་བྱེད་ན་རང་འབངས་ཀྱིས་སྲུང་དགོས་པའི་དྲེགས་བྲལ་དུའང་བྱ་དགོས་སོ་ཞེས་སྟོན་པ་ནི་འཇིག་རྟེན་ཞེས་པ་སྟེ། ཁྱོ་ཤུག་གམ་ནགས་དང་སེང་གེ་བཞིན་ནོ། །རྒྱལ་པོ་རིགས་བཞི་པོ་ཀུན་གྱི་བདག་པོ་ཡིན་ན་རིགས་བཞི་པོ་ནི་རང་རང་གི་ལས་ཀྱིས་མི་འཚོ་བར་ཕལ་ཆེར་སྡིག་པ་སྤྱོད་དེ་དེའི་དྲུག་ཆའང་ཐོབ་པའི་ཕྱིར་ལྷ་མི་གཉིས་མི་ཐོབ་པོ་ཞེས་སྟོན་པ་ནི་རིགས་ཀུན་ཞེས་པའོ། །བྱ་བ་ཐམས་ཅད་གཞན་གྱིས་བསྐུལ་ནས་བྱེད་པ་ནི་བླུན་པོར་གྲགས་ན་རྒྱལ་པོ་ནི་བློན་པོ་ལ་སོགས་པས་ཁྱི་དང་སྤྲེའུ་སྣོད་པ་བཞིན་བྱེད་པས་ཁྱོད་བས་བླུན་པ་མེད་དོ་ཞེས་སྟོན་པ་ནི་གཞན་གྱིས་ཞེས་པ་སྟེ་གཞན་དབང་ཅན་གཞན་ཞེས་སྦྱར་རོ། །ཁྱེད་སྲུང་བ་བྱ་བ་དང་ཁྲིམས་ལས་འདའ་བའི་སྐྱེ་བོ་ཞེས་སྦྱར་རོ། །ཕ་བས་ཀྱང་ཁྲིམས་དམ་པའམ་འདི་རྒྱལ་པོའི་ལུགས་ཡིན་ནོ་ཞེས་པ་ལ་སོགས་པས་བདག་ཉིད་བྱ་དང་ཉ་པ་དང་ཤན་པ་ལ་སོགས་པ་གང་དུ་མེད་མི་འགྱུར་ལ། རྒྱལ་པོ་དེ་ལ་སྡོམ་མིན་དང་སྡིག་པ་ཡོད་པ་ལུང་རྒྱལ་པོ་རྣམས་ལ་ཆོས་མ་ཡིན་པ་འདོན་པ་ལ་སོགས་པ་རྣམས་ནི་སྡོམ་པ་མ་ཡིན་པ་ཅན་ནོ། །བྱ་བའི་ལུང་དང་ལ་སོགས་པ་རྒྱལ་པོ་རྣམས་ནི་སྡོམ་མིན་ཅན་ཡིན་ཏེ་གཞན་ལ་གནོད་པ་བྱེད་པའི་ཕྱིར་གཤེད་མ་བཞིན་བྱ་བའི་རྗེས་དཔག་དང་། འཕགས་པ་ལས་རྒྱུ་འབྲས་མངོན་སུམ་དུ་མཐོང་བའི་རྒྱུ་རྣམས་ཀྱི་དེའི་རྒྱུད་ལ་སྡིག་པའི་ལས་ཟད་ཅིང་འཇིག་པ་ཡོད་མིན་པར་འགྲུབ་པོ། གླ་ཟོས་ནས་སྲུང་བ་ཆོས་ཡིན་པ་འགོག་པ་ནི་གོ་མཚོན་ཆ་ལ་སོགས་པའི་བཟོ་མཁན་བྱ་བ་དང་རག་ལས་པ་སྨད་པའི་དཔེ་སྟོན་པ་ནི་དམ་པ་འཕགས་པས་སྲིད་པ་གསུམ་གྱི་སྲེད་པ་འདོད་ཆགས་རག་ལས་པ་ཡིན་ཀྱང་སྨོད་ཅིང་སྤོང་བ་བཞིན་ནོ། །བླུན་མིན་བྱ་བ་ནི་འཕགས་པ་ལ་སོགས་པའི་མཁས་པ་རྣམས་རྒྱལ་སྲིད་སྤོང་ཞིང་བརྩེ་བ་ནི་མཁས་པའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །རྒྱལ་པོའི་ཁྲིམས་ལུགས་འགའ་ཞིག་དྲང་སྲོང་གི་བསྟན་བཅོས་ལས་བྱུང་བས་ཆོས་ཡིན་པར་སྨྲ་བ་འགོག་པ་ནི་འཚེ་བ་ཆོས་སུ་སྨྲ་བ་དང་དེ་ཆོས་ཡིན་མིན་ཐེ་ཚོམ་ཟ་བ་དང་དེ་ཆོས་མིན་དུ་འདོད་པའི་དྲང་སྲོང་གསུམ་མོ། །སྔར་གྱི་ཞེས་བྱ་བ་ནི་སྟོན་པ་སྔོན་རྒྱལ་པོར་གྱུར་པའི་སྐྱེས་རབས་བཞིན་ཏེ་རྩོད་དུས་ཀྱི་ཆོས་ནི་སྡིག་པ་དང་རི་དྭགས་གནས་པའི་དགོན་པ་ལྟར་སྟོངས་ཞེས་སྦྱར་རོ། །སྐབས་སུ་བབ་པ་ན་དགྲ་ལ་བསྣུན་པ་ནི་ཆོམ་རྐུན་པ་ལ་སོགས་པ་ལའང་མཚུངས་པར་སྟོན་པ་ནི་གླགས་སུ་ཞེས་པའོ། །དྲང་སྲོང་རྒྱས་པ་རྒྱལ་པོའི་ཆོས་ལུགས་ངན་པ་བྱས་པ་ནི་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། ཁྲོས་པས་གཡུལ་ངོར་བསད་ནས་ནི། །བདེ་འགྲོར་འགྱུར་ཞེས་རྒྱས་པ་སྨྲ། །མགོན་པོ་ཁྱོད་ཀྱི་གནས་སྐབས་དེའི། །སེམས་ནི་ངན་འགྲོ་ཡིན་ཞེས་གསུངས། །ཞེས་འབྱུང་སྟེ། དེས་རྒྱལ་པོ་མཉེས་པས་མཐོ་རིས་སུ་འགྲོ་བར་འདོད་དོ། །དེ་འགོག་པ་ནི་ཆང་དང་སོགས་པ་རྒྱན་པོ་དང་བུད་མེད་ལ་སྟེར་བ་ལ་སོགས་པ་ཆགས་པས་ཀུན་ནས་བསླངས་ནས་མཆོད་པ་སྟེ་ཆོས་མ་ཡིན་ན་གཡུལ་ངོར་སྲོག་བཏང་བ་ཆོས་ཇི་ལྟར་ཡིན་ཏེ་ཞེ་སྡང་གིས་བསླངས་པའི་ལས་ཡིན་པའི་ཕྱིར་རོ། །མགོན་དུ་འདོད་པ་ཁྱོད་ལ་རྗེས་སུ་སྟོན་པའི་མགོན་འགའ་བྱ་བ་དང་། བདག་ཉིད་མ་གཏོང་སྟེ་རྗེས་སུ་མ་བཟུང་བ་ཁྱོད་ལ་མཁས་པ་སུ་ཞིག་དགའ་སྟེ་རང་ཉིད་མགོན་མེད་པས་འཇིགས་དང་བཅས་པའི་ཕྱིར་རོ། །རྒྱལ་པོ་ཤི་ཙ་ན་ཆད་པའི་གྲགས་པས་བདེ་སྐྱིད་ཀྱི་ཡོན་ཏན་མི་འབྱུང་ལ་ཡོན་ཏན་མེད་པ་དེ་དང་ཁྱི་ཤ་ཚད་མེད་ཅིང་ཟ་བའི་གྲགས་པ་ལ་ཁྱད་ཅི་ཡོད་དེའང་བྱེད་པར་འགྱུར་རོ། །རྒྱལ་པོ་ནི་བསོད་ནམས་ཀྱིས་བྱས་པས་དེ་ཡོད་ན་སེམས་ཅན་འདི་རྒྱལ་པོར་མི་འགྱུར་བྱ་མེད་དེ་དམངས་རིགས་རྒྱལ་པོར་སོང་བ་བཞིན་ནོ། །བསྐལ་པ་དང་པོ་ཐམས་ཅད་རྫུས་སྐྱེས་ཡིན་པས་རིགས་ཐ་དད་མེད་ལ། ཕྱིས་ནི་གླ་ཟོས་ནས་གཞན་སྲུང་བ་ལ་རྒྱལ་རིགས་དང་དེའི་བཀའ་ཉན་པ་ལ་རྗེ་རིགས་དང་དཀའ་ཐུབ་ལ་ཞུགས་པ་ལ་བྲམ་ཟེ་དང་ངན་ལས་བྱེད་པ་ལ་དམངས་རིགས་ཏེ་འཚོ་ཐབས་ལ་དེར་བཏགས་པས་དེའི་དབྱེ་བ་དོན་ལ་མེད་དོ། །འདས་དུས་ཞེས་བྱ་བས་ནི་རྒྱུ་གཉིས་པོ་འདིས་བཞི་པོ་དེའི་ས་བོན་རིགས་མཐུན་དུ་མ་ཆད་པ་མེད་པས་རིགས་བཞི་ལ་ངེས་པ་མེད་དོ། །བྲམ་ཟེའི་རིགས་མི་འགྱུར་བ་འགོག་པ་ནི་གལ་ཏེ་སྔོན་གྱི་ལས་སམ་བྱ་བའི་ལས་འགྱུར་བ་ལས་ཞེས་པའོ། །ནོར་ལ་བགོ་བཤའ་བྱེད་པ་ལྟར་སྡིག་པ་ལ་དེ་སྦྱར་མི་རུང་བར་སྟོན་པ་ནི་རྒྱལ་པོ་ཞེས་པ་སྟེ་གཞན་ཆེད་དུ་སྡིག་བྱས་ནས་ཕྱིས་རང་མ་འཇོམས་ཤིག་བྱ་བའི་དོན་ནོ། །དེ་དག་ཐམས་ཅད་སྡུད་པ་ནི་དབང་ཕྱུག་ཅེས་པ་སྟེ་རང་དང་མཉམ་པ་དང་ལྷག་པའི་ནུས་པ་ཅན་ལ་བལྟས་ན་ལྟ་ཤེས་པའི་དམ་པའི་སེམས་ལ་ང་རྒྱལ་མེད་དེ་འདི་ནི་རིགས་དང་ཡོན་ཏན་དང་གཟུགས་ལ་སོགས་པའི་རློམ་སེམས་ཀྱང་ཕན་ཚུན་ལྟོས་པས་གཞོམ་པར་བྱའོ། །བདག་འཛིན་སྤངས་པའི་ཐབས་བསྟན་པའི་རབ་ཏུ་བྱེད་པ་བཞི་པའི་བཤད་པའོ།། །།

 

བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ།

བསྟན་བཅོས་འདི་ནས་བཤད་པ་དང་ལེགས་པར་བཤད་པ་གཞན་ཐམས་ཅད་ནི་སངས་རྒྱས་ཁོ་ན་ལས་བྱུང་སྟེ། བློ་གྲོས་སྣ་ཚོགས་བསྟོད་པ་ལས། མ་ལ་ཡ་ལས་ཙན་དན་བཞིན། ཁྱོད་ལས་གཞན་ལ་ལྷར་བཅས་པའི། འཇིག་རྟེན་འདི་ན་ལེགས་བཤད་ཀྱི། རིན་ཆེན་འབྱུང་བ་མ་མཆིས་སོ། །ཞེས་བཤད་དོ། །དེའི་སྐུ་གསུང་ཐུགས་ཀྱི་གཡོ་བ་སྟེ་བྱ་བ་ནི་རྒྱུ་སྟེ་དགོས་པ་མེད་པ་འགའ་སྟེ་གཅིག་ཀྱང་མེད་དེ་འོད་བཀྱེ་བ་དང་ཐེམ་པ་ལ་ཞབས་བཞག་པ་དང་ཆོས་བསྟན་པ་དང་ཏིང་ངེ་འཛིན་ལ་མཉམ་པར་བཞག་པས་སེམས་ཅན་རྣམས་མཐོ་རིས་དང་ཐར་པ་གསུམ་ལ་བཀོད་པ་མདོ་རྣམས་ནས་འབྱུང་བ་བཞིན་ནོ། །དེར་མ་ཟད་ཀུན་སློང་མེད་པ་དབུགས་ཀྱང་བྱ་བ་ནི་སེམས་ཅན་དམྱལ་བ་དང་ཡི་དྭགས་ལུས་མེར་འབར་བ་དང་། ཀླུ་བྱེ་ཚན་གྱི་ཚད་པས་ཉེན་པ་རྣམས་ལ་དེ་སྤྲིན་དུ་གྱུར་ཏེ་ཆར་ཕབ་ནས་ཚ་བའི་སྡུག་བསྔལ་རྣམས་ཞི་བར་བྱས་ཏེ། རང་དང་འཚམས་པའི་སྐུ་བསྟན་ནས་ཐར་པ་ཆ་མཐུན་གྱི་དགེ་བ་སྐྱེད་པར་བྱེད་དོ། །ཀུན་མཁྱེན་སྒྲ་ཞེས་བྱ་བ་ནི་དེའི་མཚན་ཐོས་པས་སྡིག་པ་འཛད་ཅིང་བྱང་ཆུབ་གསུམ་གྱི་རྒྱུར་འགྱུར་བ་དང་སངས་རྒྱས་འཇིག་རྟེན་དུ་བྱོན་པའི་སྒྲས་བདུད་དང་འཆི་བདག་རྣམས་འདིས་སེམས་ཅན་ཐམས་ཅད་ངའི་ར་བ་ལས་འདའ་བར་བྱེད་དོ། །ཞེས་སྐྲག་པའི་ཕྱིར་རོ། །གལ་ཏེ་བདག་དང་འཇིག་རྟེན་རྟག་གམ་བྱ་བ་ལ་སོགས་པ་བཅུ་བཞི་དྲིས་པ་ན་ལུང་མ་བསྟན་པས་དེ་ཀུན་མཁྱེན་མ་ཡིན་ནོ་ཞེ་ན། དེ་སྒྲུབ་པ་བཤད་པ། ཐུབ་པ་སྐུས་མཛད་པར་འོས་པ་ཕན་པ་དང་མཛད་མིན་ཏེ། མི་འོས་པའི་གནོད་པ་དང་། གསུང་གིས་གསུང་བྱ་ཕན་པ་དང་གསུང་བྱ་མིན་པའི་གནོད་པ་བྱེད་པ་སྟེ་བཞི་པོ་དེའི་མཁྱེན་པ་དེ་ལ་མངའ་བ་དེས་ན་དེ་དེ་མིན་དུ་འགྱུར་བའི་རྒྱུ་ཅི་ཡོད་ཅེས་བྱ་བ་ནི་ཚིག་རྣམ་པར་སྦྱར་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ་བཞི་པོ་དེ་སེམས་ཅན་ལ་ཕན་པའི་ཚེ་མཛད་ལ་མི་ཕན་པའི་ཚེ་མི་མཛད་དོ། །ལུང་མ་བསྟན་པ་བཅུ་བཞི་ནི་བདག་ལ་བརྩམས་ནས་དྲིས་པས་ཡོད་པར་བསྟན་ན་ནི་བདག་ལྟ་དམ་དུ་འགྲོ་ལ། མེད་པར་བསྟན་ན་ནི་བསྟན་པ་ལ་འཇུག་ཏུ་མི་འདོད་དོ། །རིན་ཆེན་ཕྲེང་བ་ལས། །འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །དྲིས་ན་རྒྱལ་བ་མི་གསུང་བཞུགས། །གང་ཕྱིར་འདི་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཡི་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་བྱ་བ་དང་། །བློ་གྲོས་སྣ་ཚོགས་ཀྱིས། དུས་དང་བསམ་པ་མཁྱེན་ཁྱོད་ཀྱིས། །ལ་ལར་དྲིས་ཀྱང་མི་གསུང་ལ། །ཉེར་བྱོན་ནས་ཀྱང་གསུང་མཛད་ཅིང་། །གཞན་དུ་སྐོམ་པར་མཛད་ནས་གསུང་། །ཞེས་བཤད་དོ། །དེ་བཞིན་དུ་རྒྱལ་བུ་འཇིགས་མེད་ཀྱིས། དེ་བཞིན་གཤེགས་པ་ལ་གཞན་ལ་གནོད་པར་འགྱུར་པའི་ཚིག་དེ་གསུང་ངམ་ཞེས་ཞུས་པ་ནི། བཀའ་བསྩལ་པ། འདི་ལ་ནི་མགོ་གཅིག་ཏུ་མ་ཡིན་ཏེ་གང་ཕན་པར་བྱེད་པ་དེ་ནི་རེས་འགའ་གསུང་ངོ་ཞེས་རྒྱ་ཆེར་གསུངས་སོ། །སློབ་དཔོན་འདི་སངས་རྒྱས་ལ་ཡེ་ཤེས་གཟུང་འཛིན་གཉིས་དང་བྲལ་བའི་སྣང་མེད་ཉིད་བཞེད་ལ་བློ་སྣང་བཅས་ཐམས་ཅད་འཁྲུལ་པ་ཡིན་ཞིང་སྣང་བཅས་ཀྱི་ཡེ་ཤེས་ནི་སྒྲུབ་པར་མི་ནུས་པས་ཡེ་ཤེས་དེ་ནི་གཞན་སྣང་ཡིན་ནོ། །ཞེས་སྔགས་ཀྱི་གཞུང་རྣམས་ལས་བཤད་དོ། །སློབ་དཔོན་ལེགས་ལྡན་འབྱེད་མུ་སྟེགས་རྣམས་ཀྱི་སངས་རྒྱས་མ་ཐག་ཏུ་ཀུན་ཏུ་རྒྱུ་ལྷག་སྤྱོད་དང་རིང་འཕུར་ཤི་བ་དང་ལྔ་སྡེ་ཡུལ་གང་ན་ཡོད་པ་དང་བྲམ་ཟེའི་བུ་མོས་སྐུར་པ་བཏབ་པ་དང་བུད་མེད་ཀྱི་རོ་མཉན་ཡོད་ཀྱི་ཀུན་དགའ་ར་བར་སྐུར་པ་གདབ་པའི་བློས་བོར་བ་ལ་སོགས་པ་མང་པོ་མ་ཤེས་སོ་ཞེས་རྩོད་པ་བཀོད་ནས་དེ་དག་ནི་སྨོན་གནས་མཁྱེན་པ་སྔོན་དུ་མ་བཏང་བ་ཡིན་གྱི་བཏང་ན་མཁྱེན་ནོ་ཞེས་ཤེས་རབ་སྒྲོན་མ་དང་རྟོག་གེ་འབར་བ་གཉི་ཀ་ནས་བཤད་དེ་དེ་འདྲའི་རིགས་ཅན་ཐམས་ཅད་དགོས་པ་འགའ་ཞིག་ལས་མ་མཁྱེན་པ་ལྟ་བུར་བསྟན་པ་ཡིན་ནོ། །སངས་རྒྱས་ཐབས་སྣ་ཚོགས་ཀྱིས་སེམས་ཅན་ལ་ཕན་པ་མཛད་པ་ནི་རྒྱལ་པོ་གཅིག་གིས་ནོར་གྱི་ཕྱིར་ཁྱོད་ཀྱི་ཁྲོན་པ་ལེགས་པོ་དེ་འདིར་ཐོང་ཅིག་མ་བཏང་ན་ཆད་པ་བྱེད་དོ་བྱས་པ་ན། བྲམ་ཟེ་དེའི་བུ་མོས། ནོར་གྱིས་ནོར་རྣམས་འགུགས་བྱེད་ཅིང་། གླང་པོ་ཆེ་ཀྱང་གླང་ཆེན་ཏེ། །རྒྱལ་དབང་ཁྲོན་པ་མངགས་འཚལ་ལོ། །དེ་ནས་ཁྲོན་པ་འོང་བར་འགྱུར། །ཞེས་བྱས་པས་ཆད་པ་མེད་པར་བྱས་པ་དང་འདྲའོ་ཞེས་སློབ་དཔོན་ཟླ་གྲགས་ཀྱིས་བཤད་དོ། །དེ་སྒྲུབ་པའི་ལམ་ལ་སེམས་གཙོ་ཆེ་བར་སྟོན་པ་ནི་སེམས་ཞེས་པ་སྟེ་འགྲོ་བའི་སོགས་པས་ནི་འོང་བ་དང་ལངས་བ་དང་འཆག་པ་དང་འགྲེང་བ་དང་སྨྲ་བ་དང་སྦྱིན་སྲེག་ལ་སོགས་པ་དང་བསོད་ནམས་ཀྱི་སོགས་པས་སྡིག་པ་དང་ལུང་མ་བསྟན་བཟུང་སྟེ། སེམས་དེ་གསུམ་དུ་གྱུར་པ་ན་ལུས་ངག་གི་ལས་དེ་གསུམ་དུ་འགྱུར་བས་དེ་གསུམ་ཀྱི་ལས་ཀུན་ལ་ཡིན་དོན་པོ་སྟེ་གཙོ་བོར་བརྗོད་པར་བྱའོ། །དེ་ཉིད་ཀྱི་ཕྱིར་གཞན་ལ་འཁོར་བའི་རྒྱུ་བྱེད་པའི་དགེ་མི་དགེ་ཐམས་ཅད་བྱང་ཆུབ་སེམས་དཔའ་ལ་བསམ་པ་བཟང་པོས་ལས་སུ་མི་འགྱུར་བར་དགེ་ལེགས་ལམ་ཉིད་དུ་འགྱུར་ཏེ་ལུས་ངག་བས་ཡིད་མཐུ་ཆེ་བས་ཡིད་ལམ་དུ་སོང་བ་དེའི་དབང་དུ་འགྱུར་པའི་ཕྱིར་སྦྲུལ་གྱིས་བཟུང་བའི་སོར་མོ་གཅོད་མཁན་དང་སྨན་པས་སྨན་དཔྱད་དྲག་པོ་བྱས་པ་བསོད་ནམས་སུ་འགྱུར་བ་བཞིན་ནོ། །དེས་སྟོན་པས་བྲམ་ཟེའི་ཁྱེའུ་གྱུར་པ་ན་བུད་མེད་འདོད་པས་ཉེན་པའི་ཁྱིམ་ཐབ་བྱས་པ་དང་དེད་དཔོན་དུ་གྱུར་པ་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་གསོད་པའི་མི་ནག་པོ་ལ་སྙིང་རྗེ་སྐྱེས་ཏེ་བསད་པས་བསྐལ་པ་སྟོང་ཕྲག་བརྒྱ་ལ་སོགས་པའི་ཚོགས་རྫོགས་པར་གསང་ཆེན་ཐབས་མཁས་ལ་སོགས་པའི་མདོ་ནས་བཤད་པ་དང་། སྟོན་པ་སེང་གེར་སྐྱེས་པས་གླང་པོ་ཆེ་ལ་སྟེགས་བྱས་ཏེ་མི་ཤིན་ཏུ་མང་པོ་ལ་བསྐོར་བའི་སྦྲུལ་ལ་སྡེར་མོ་བརྒྱབ་པས་དེ་གཉིས་ཤི་ནས་མི་རྣམས་ཐར་བ་ལ་སོགས་པ་བཤད་པ་བཞིན་ནོ། །སེམས་དང་པོ་ནི་ཟག་མེད་ཀྱི་སེམས་དང་པོ་མཐོང་ལམ་མམ་སྨོན་པ་སེམས་བསྐྱེད་ལའང་བཤད་དུ་རུང་སྟེ་འགྲེལ་པ་ལས། །རེ་ཤིག་བྱང་ཆུབ་སེམས་དཔའ་ནི། །གཅིག་གི་བསོད་ནམས་གང་ཡིན་པ། །དེ་འདིར་གལ་ཏེ་གཟུགས་ཅན་ན། །འགྲོ་ཡོང་ཁྱབ་ན་གནས་འགྱུར་ཏེ། །སེམས་ཅན་མཐའ་ཡས་ཉིད་ཕྱིར་དང་། །སངས་རྒྱས་མཁྱེན་པ་ཚད་མེད་དང་། །དེར་ནི་ཡོངས་སུ་བསྔོས་པའི་ཕྱིར། །བསོད་ནམས་དེ་ནི་མཐའ་ཡས་འགྱུར། །ཞེས་བཤད་པའི་རིགས་པ་དེ་རྣམས་ས་སྟེང་གི་སྐྱེ་བོ་ཐམས་ཅད་གླིང་བཞི་ལ་དབང་བའི་འཁོར་ལོས་བསྒྱུར་བར་གྱུར་པ་ལ་མེད་པའི་ཕྱིར་ཏེ་དེ་ནི་སེམས་ཅན་མཐའ་མེད་པའི་ཕན་བདེའི་རྒྱུ་ལ་ཞུགས་པའི་ཕྱིར་རོ། །གཞན་སེམས་བསྐྱེད་ལ་བཅུག་པའི་ཕན་ཡོན་སྟོན་པ་ནི་སངས་རྒྱས་ཀྱི་རིང་བསྲེལ་ཅན་གྱི་བཻཌཱུརྻ་ལ་སོགས་པ་རིན་ཆེན་གྱི་མཆོད་རྟེན་སྟོང་གསུམ་སྙེད་ཀྱི་རྒྱ་དང་འོག་མིན་དང་མཉམ་པའི་མཐོ་བ་བྱས་ཏེ་བསྐལ་པའི་བར་དུ་མཆོད་པ་སྣ་ཚོགས་ཀྱིས་མཆོད་པ་བས་སེམས་ཅན་གཅིག་བྱང་ཆུབ་ལ་འདུལ་བ་སྟེ་འཛུད་པ་བཀྲབས་པ་སྟེ་ལྷག་པ་ཡིན་ཏེ། དེས་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པར་བྱས་ལ་སྔ་མ་དེ་ལྟ་མ་ཡིན་པའི་ཕྱིར་ཤི་བའི་རོ་སྲེག་པ་དང་དེའི་རིགས་རྒྱུད་མ་ཆད་པར་བྱས་པའི་ཁྱད་པར་བཞིན་ནོ། །འགྲེལ་པ་ལས། །གང་ཕྱིར་འཇིག་རྟེན་མཐར་ཐུག་པར། །དཀོན་མཆོག་གསུམ་རྒྱུན་མི་ཆད་ཕྱིར། །རྒྱུད་ཀྱི་ས་བོན་བཏབ་གྱུར་པ། །དེ་ཕྱིར་དེ་ཡི་བསོད་ནམས་ཆེ། །ཞེས་བཤད་དོ། །སེམས་ཅན་དེ་ལ་བྱ་བ་དང་སྲི་ཞུ་སྟེ་དེ་དགའ་བར་བྱ་བ་དང་རང་ལ་གང་ཕན་པ་མི་ཤེས་ཏེ་བསླབ་དགོས་པ་ཞེས་སྦྱར་རོ། །ནད་པ་ཁྲོ་བ་སྨན་པས་འབྱུང་པོའི་སྐྱོན་དུ་ལྟ་བ་བཞིན་ཐུབ་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱང་ཉོན་མོངས་པའི་སྐྱོན་དུ་ལྟའི་དེ་དང་འབྲེལ་བ་གང་ཟག་གི་སྐྱོན་དུ་མི་ལྟ་བ་སེང་གེ་མཚོན་འཕེན་པ་པོ་ལ་སྣུན་གྱི་མཚོན་ལ་མི་སྣུན་པ་བཞིན་ནོ། །ཆོས་གང་དང་བྱ་བ་དང་དེ་སྔར་བཤད་པ་དང་དེ་ལ་དད་པ་ཉམས་པ་དང་ལོག་པར་སྒྲུབ་པ་ལ་ཇི་ལྟར་ཞེས་སྦྱར་རོ། །ཁེངས་པ་ལ་ལའི་བྱ་བ་དང་བླང་དོར་མ་རྟོགས་བྱ་བ་ནི། །གྲོང་པའི་དཔོན་དང་ཁ་ལོ་བསྒྱུར་གྱུར་ཅིང་། །མགྲོན་དཔོན་ཁྱིམ་བདག་དང་ནི་རྒྱལ་པོ་དང་། །བློན་པོ་མདུན་ན་འདོན་དང་ཕོ་ཉ་དང་། །བསྟན་བཅོས་ཚུལ་ཤས་སྨན་པ་མཁས་གྱུར་ནས། །ཞེས་འབྱུང་བ་བཞིན་ནོ། །སྒྲུབ་མེད་ནི་གསོར་མི་རུང་བའོ། །དོན་བྱ་བའི་ཡུལ་དེ་མ་བསྐུལ་ཏེ་དོན་མ་བྱས་པ་ངན་སོང་བྱ་བ་དང་བློ་ལྡན་ནི་བྱང་ཆུབ་སེམས་དཔའོ། །སྙིང་རྗེ་མེད་ན་སྦྱིན་པ་ལ་སོགས་པ་མེད་དོ་ཞེས་སྟོན་པ་ནི་སྡུག་བསྔལ་གྱིས་ཉེན་པ་ཞེས་པའོ། །འགྲོ་བ་ལ་ཕན་པའི་ཕྱིར་འཁོར་བ་ཇི་སྲིད་དུ་གནས་པ་དེ་ལ་སོར་གནས་ཏེ་བཏང་སྙོམས་བྱེད་པའང་ཕུང་ན་སྡང་ལ་བསམ་པ་ཐག་པ་ཅི་ཞིག་ཡོད་དེ་སྨོས་ཅི་དགོས། །དེ་ཉིད་འཆད་པ་ནི་བྱང་ཆུབ་སེམས་དཔའ་གང་ལ་བྱ་བ་དང་འགྲོ་བ་དམན་པར་དམན་ལྟའི་ལུས་ཀྱི་དངོས་པོ་ཞེས་སྦྱར་ཏེ་ངན་པ་དངོས་ནི་དེ་ལ་ཡིན་པའི་ཕྱིར་རོ། །དེ་མངོན་ཤེས་ལྔས་འགྲོ་བ་ལ་བལྟས་ནས་སེམས་ཅན་གྱི་དོན་དུ་ཁྱི་དང་བྱི་བ་དང་སྤྲེའུ་དང་སྲེག་པ་དང་ནེ་ཙོ་དང་མ་ཧེ་དང་རི་བོང་དང་སྲིན་བུ་དང་ཕྱེ་མ་ལེབ་ལ་སོགས་པར་སྐྱེས་ནས་བྱ་དཀའ་བ་སྣ་ཚོགས་བྱས་པ་དེ་དག་གི་སྐྱེས་པའི་རབས་བཞིན་དུ་བརྗོད་པར་བྱའོ། །དེ་འདྲ་བའི་ཐབས་མཁས་པས་དུས་ཀུན་གྱི་ཚེ་བྱ་བས་ནི་དེའི་ཡོན་ཏན་མཐའ་མེད་པ་སེམས་ཅན་གྱི་ཁམས་དང་འདྲ་བ་སྟོན་ཏོ། །དེ་ལ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་ཡོན་ཏན་མཐའ་མེད་ཀྱང་སྐྱེས་རབས་ལ་སོགས་པར་སྦྱིན་པའི་བསྔགས་པ་ཁོ་ན་གསུངས་པའི་རྒྱུ་མཚན་སྟོན་པ་ནི་སྐད་བྱིངས་དང་དྭ་ཞེས་པ་སྦྱིན་པའི་སྒྲར་བཤད་ན་སེམས་ཅན་གྱི་དོན་དུ་སྲོག་སྦྱིན་པ་འཆི་བ་ལ་འཇུག་སྟེ་དེས་སེམས་ཅན་རྣམས་སྐྱོ་བ་བསྐྱེད་ནས་འདུལ་ཏེ་རྒྱལ་པོ་ཟླ་འོད་ཀྱིས་བུ་སྟོང་སྦྱིན་པ་བཞིན་ནོ། །ཡང་དཱ་ན་དུ་ཉིད་སྦྱིན་པ་ལ་འཆད་པ་ན་སྟེར་བའི་ཆོས་ལ་འཇུག་སྟེ་དེའང་གསུམ་ལས་ཟང་ཟིང་སྟེར་བ་ནི་སྦྱིན་པ་ཉིད་ཡིན་ལ་མི་འཇིགས་པ་སྟེར་བ་ནི་ཚུལ་ཁྲིམས་དང་བཟོད་པ་ཡིན་ནོ། །ཆོས་ཀྱི་སྦྱིན་པ་ནི་བསམ་གཏན་ཤེར་ཕྱིན་ཡིན་ལ་བརྩོན་འགྲུས་ནི་ཐམས་ཅད་ལ་དགོས་པས་གསུམ་གར་འགྱུར་རོ། །ཡང་དེང་ནི་སྲུང་བ་དང་དེ་ས་སྦྱོང་བ་ལ་བཤད་ནས་སྐད་བྱིངས་གཉིས་པོ་དེ་སྦྱིན་པའི་སྒྲར་བཤད་ན་གཟུགས་ལ་སོགས་པའི་ཡུལ་རྣམས་ལ་སྒོ་གསུམ་སྲུང་ཞིང་གསུམ་པོ་དེ་དག་པ་ལ་སྦྱངས་ནས་ཇི་ལྟར་འདོད་པའི་སྲིད་པ་གཞན་སྒྲུབ་པའི་ཕྱིར་གསུམ་པོ་དེ་སྦྱིན་པའི་སྐད་བྱིངས་ཀྱི་སྒྲ་ལ་རྐྱེན་དེ་འདྲ་བས་བསྒྱུར་ན་གསལ་བར་བྱེད་པའི་ཕྱིར་གསུང་རབ་ལས་རྟག་ཏུ་ཕལ་ཆེ་བར་སྦྱིན་པའི་སྒྲའི་སྙན་པས་བྱང་ཆུབ་སེམས་དཔའ་རྣམས་སངས་རྒྱས་ཀྱིས་བསྔགས་ཤིང་བསྟོད་པ་ཡིན་ནོ། །དོན་ནི་སྦྱིན་པའི་སྐད་བྱིངས་ཀྱིས་མི་རྟག་པ་དང་དཀར་པོ་དགེ་བའི་ཆོས་དང་སྲིད་པ་གཞན་དུ་སྐྱེ་བ་གསལ་བར་བྱེད་ལ་དེ་གསུམ་སེམས་ཅན་གྱི་དོན་བྱེད་པ་ལ་མཁོ་བས་དེས་བསྔགས་པའི་དོན་ཏོ། །འདི་ནི་སྒྲ་པ་རྣམས་ཀྱི་སྙན་ངག་གི་བཤད་པ་ཡིན་གྱི་སངས་རྒྱས་ཀྱི་དགོངས་པ་ནི་སྦྱིན་པས་སྡུག་བསྔལ་གྱུར་པའི་སེམས་ཅན་ཡོངས་སྨིན་བྱེད། ཅེས་བྱ་བ་ལ་སོགས་པའི་སྒོ་ནས་སྦྱིན་པའི་སྒྲའི་སྙན་པ་བརྗོད་པར་བདེའོ། །སྦྱིན་པ་དམན་པ་སྤང་བ་ནི་ཚེ་འདིར་བྱ་བ་དང་ཕྱི་མར་འབྲས་བུ་ཞེས་དང་སྤོགས་ནི་ཁེ་སྟེ་ཟླ་འཛོར་རོ། །སྡིག་པ་ཡོད་ཉིད་ཡོད་པ་མ་ཡིན་པ་ནི་དགེ་བས་ཟིལ་གྱིས་མནན་པས་མེད་པ་དང་འདྲ་བ་དེ་ལ་སེམས་ཅན་གྱི་དོན་སྒྲུབ་པ་མིན་པ་མེད་ཅེས་པ་སྟེ་ལན་ཚའི་སྲང་ལྟ་བུའི་མདོ་ལས་དེ་དང་ཆུའི་དཔེས་བཤད་དོ། །དགེ་བ་རླབས་ཆེན་བྱ་བ་དང་འང་གི་ཕྱི་མ་ཕན་ཆད་དང་གནོད་པ་ནི་སྐྱེ་རྒ་ན་འཆིའི་འོ། །རྟག་ཏུ་སྲིད་པ་ན་བཞུགས་པ་ཐོག་མ་མེད་པའི་བྱང་ཆུབ་སེམས་དཔའ་འཇམ་དཔལ་བཞིན་ནོ། །ས་དང་པོ་ཐོབ་པ་ལ་སོགས་པ་གང་ལ་དུས་ཀུན་གྱི་ཚེ་རང་གི་སེམས་ཀྱི་དབང་གིས་སྐྱེ་བ་ཡོད་པ་དེ་ལ་བྱ་དང་ཕན་འདོགས་པའི་མངའ་བདག་ཅེས་སྦྱར་ཏེ་བྱང་ཆུབ་སེམས་དཔའ་ནི་སེམས་ཅན་ལ་མི་ཕན་པར་མི་སྐྱེ་བའི་ཕྱིར་རོ། །ཕུལ་ནི་ཁྱད་པར་དུ་འགྲོ་བ་སྟེ་སེམས་ཁྱད་པར་དུ་འགྱུར་བ་ནི་རིགས་པ་དང་སྒྱུ་རྩལ་དང་བསམ་གཏན་དང་གཟུགས་མེད་ཀྱི་ཏིང་ངེ་འཛིན་གོམས་པ་ལ་སོགས་པའོ། །ལུས་གོམས་པས་ཁྱད་པར་དུ་འགྱུར་བ་ནི་སློབ་དཔོན་དགེ་བསྲུངས་ཀྱིས། ལུས་ནི་ཁྱད་པར་ཐོབ་ནས་ཀྱང་། །གོམས་པ་འཕེལ་དང་ལྡན་པའང་སྲིད། །ཡལ་ག་ནས་ནི་ཡལ་ག་རུ། །འགྲོ་བར་མི་ནུས་མཁའ་ལྡིང་ཕྲུག །ཤིན་ཏུ་གོམས་པར་གྱུར་ན་ནི། །རྒྱ་མཚོ་ཡི་ཡང་ཕ་རོལ་འགྲོ། །ཞེས་བཤད་པ་བཞིན་ནོ། །འགྲེལ་པས་རིགས་དང་སྐྱེ་གནས་གོང་དུ་འགྲོ་བ་དང་འཁོར་ལོ་བསྒྱུར་བའི་རྒྱལ་པོ་དང་རི་རབ་ལ་དཔེ་བྱས་པ་ནི་ནོར་ཏེ་འདིར་སེམས་གོམས་པས་སངས་རྒྱས་སུ་འགྲོ་བ་སྒྲུབ་པ་ལ་དེ་དག་གིས་ཅི་བྱེད། འདིར་དེ་ལྟར་སྣང་ལ་གཞན་དུ་དེ་ལྟར་མི་འགྱུར་བའི་རྒྱུ་མཚན་མེད་པ་དེས་ན་བསམ་གྱིས་མི་ཁྱབ་པའི་སྐུ་གསུང་ཐུགས་ཀྱི་མཐུ་ཐོབ་པ་སངས་རྒྱས་ལ་སོགས་པ་ངེས་པར་ཡོད་ཅེས་དེ་ལ་སྐུར་པ་འདེབས་པ་མུ་སྟེགས་པ་རྣམས་ཀྱིས་ཀྱང་རྟོགས་པར་གྱིས་ཞེས་སྦྱར་རོ། །སངས་རྒྱས་ལ་སོགས་པ་རྣལ་འབྱོར་པའི་མངོན་སུམ་བྱུང་ཟིན་དང་འབྱུང་རུང་དུ་སྒྲུབ་པ་ནི་སྡེ་བདུན་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །མུ་སྟེགས་པས་ཐམས་ཅད་མཁྱེན་པ་འགོག་པ་སྐྱེས་བུའམ་མི་ཡིན་པའི་ཕྱིར་བྱ་བ་དང་ཡོད་པའི་ཕྱིར་ཞེས་བཀོད་པ་དེ་ལ་སློབ་དཔོན་སྣང་བྲལ་གྱིས། དབུ་མ་སྙིང་པོ་ནས། ཆོས་དང་སྤྲུལ་པའི་སྐུ་དག་ནི། ང་ལ་མི་ཉིད་དུ་མ་གྲུབ། དེ་བཞིན་གཤེགས་པའང་མ་གྲུབ་སྟེ། །དེས་ན་མ་ངེས་པ་ཉིད་ཡིན། །བྱ་བ་དང་། སློབ་དཔོན་དགེ་བསྲུངས་ཀྱིས། །ཐམས་ཅད་མཁྱེན་དང་ཡོད་པ་ནི། །འགལ་བ་འགའ་ཡང་ཡོད་མ་ཡིན། །དེ་ཕྱིར་ཡོད་ཕྱིར་ཀུན་མཁྱེན་མིན། །ཞེས་བྱ་རིག་པ་མངོན་མི་ཤེས། །ཞེས་བཤད་དོ། །དེ་ལྟར་ན་བློ་གྲོས་བླུན་པ་ཟབ་ཆོས་ལ་བྱ་བ་དང་མོས་པ་ཞན་པ་སྟེ་དམན་པ་རྨད་བྱུང་སངས་རྒྱས་ཀྱི་ཆོས་ལ་མི་དད་དེ་སངས་རྒྱས་ལ་དམིགས་པའི་དགེ་བ་མེད་པའི་ཕྱིར་རོ་ཞེས་ཚིག་རྣམ་པར་སྦྱར་རོ། །བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་རབ་ཏུ་བྱེད་པ་ལྔ་པའི་བཤད་པའོ།།  །།

 

ཉོན་མོངས་སྤང་ཐབས།

འཁོར་བའི་རྒྱུ་ཉོན་མོངས་པ་སྤོང་བའི་ཐབས་སྟོན་པ་ན་བདེ་བས་ཞེས་གསུངས་ཏེ་རྒྱུ་མཚན་ཅིས་དེ་གཉིས་དཀའ་ཐུབ་ཅན་ཡིན་མིན་དུ་རྟོག་ཅེས་བྱ་བ་ནི་གཅེར་བུ་པ་དང་ཕྱི་རོལ་པའི་དྲང་སྲོང་རྣམས་སྡུག་བསྔལ་ཁོ་ན་དཀའ་ཐུབ་ཏུ་འདོད་པ་འགོག་པ་ཡིན་ཏེ་དེ་དག་གིས། སྡུག་བསྔལ་གྱིས་གདུངས་མེད་པ་ཡང་། །སྐྱེ་བོ་སྐྱེ་བོ་སྐྱེ་མ་ཡིན། །འཁོར་བ་ལས་ཡིད་མ་བྱུང་བར། །སེམས་ནི་ཐར་པ་དོན་གཉེར་མིན། །ཞེས་གང་སྨྲས་པ་ཡིན་ནོ། །དེ་དག་གི་ལས་སྟོན་པ་ན་འདོད་ཆགས་ཞེས་སྨོས་ཏེ་རླུང་གིས་འབྱུང་བ་གཞན་གསུམ་པོ་གསོས་འདེབས་པ་བཞིན་ཡུལ་ཡུལ་ཅན་གྱི་རང་བཞིན་མི་ཤེས་པའི་གཏི་མུག་གི་བྱེད་ལས་ནི་གཞན་གཉིས་གསོས་འདེབས་ཏེ་དེ་དག་གི་རང་བཞིན་དང་ཉེས་པ་ཤེས་པ་ན་བྲལ་བར་འགྱུར་བའི་ཕྱིར་རོ། །དཔེར་ན་ཆུ་ལ་སྤྱོད་པ་རྣམས་ལ་དབང་བསྒྱུར་བ་ཆུའི་སྲིན་པོ་ཞེས་བྱ་བ་ལུས་གཞོན་ཤ་ཅན་དེ་ནི་མེ་མ་གཏོགས་པ་གང་གིས་ཀྱང་སྐྲོད་མི་ནུས་པ་དེ་བཞིན་དུ་དུག་གསུམ་ཡང་རང་རང་གི་ལས་གསུམ་པོ་དེས་སྤོང་མི་ནུས་ཀྱི་ཡེ་ཤེས་ཁོ་ནས་སྤོང་སྟེ། བསྟོད་པ་ལས། ཐུབ་ཆེན་ཁྱོད་ཀྱིས་གང་གསུངས་པ། །དེ་ཉིད་ལེགས་པར་ཚར་ཕྱིན་ཏེ། །ཉོན་མོངས་ཡེ་ཤེས་ཁོ་ན་ཡིས། །རྟོགས་ཀྱིས་ལས་གཞན་གྱིས་མ་ལགས། །ཞེས་བཤད་དོ། །གསུམ་པོ་དེ་ལས་སྡུག་བསྔལ་འབྱུང་བའི་ཚུལ་ནི་འདོད་པ་དང་མ་ཕྲད་པ་ལས་ཕྲད་འདོད་ཀྱི་འདོད་ཆགས་ཀྱི་སྡུག་བསྔལ་དང་སྤུངས་མེད་པའི་ཁྲོ་བ་ལས་ཞེ་སྡང་གི་སྡུག་བསྔལ་དང་བླང་དོར་མི་ཤེས་པ་ལས་གཏི་མུག་གི་སྡུག་བསྔལ་འབྱུང་སྟེ་གསུམ་པོ་དེ་དག་གིས་སྡུག་བསྔལ་དེ་དག་མི་རྟོགས་པས་སྡུག་བསྔལ་བདེ་བར་འདུ་ཤེས་ཏེ་འཁོར་བར་རྒྱུན་དུ་སྡུག་བསྔལ་ལོ། །འགལ་བ་རྣམས་ལྷན་ཅིག་མི་གནས་པར་སྟོན་པ་ནི་བད་ཀན་ཆུའི་ཁམས་དང་། མཁྲིས་པ་མེའི་ཁམས་ཞེས་དང་ཆགས་པ་དང་རྒྱབ་ཀྱིས་ཕྱོགས་པ་ཡུལ་གཅིག་ལ་འགལ་ཕྱིར་རོ། །གཏི་མུག་ནི་གཉིས་པོ་དང་མི་འགལ་བས་ལྷན་ཅིག་གནས་སོ། །དེ་དག་འཕྲལ་དུ་སྤོང་བའི་ཐབས་སྟོན་པ་ན་འདོད་ཆགས་ལ་རང་གི་ལུས་བྲན་བཞིན་བཀོལ་ཏེ་ལུས་ལ་མི་འཕངས་པ་དེའི་སྨན་ཡིན་ཏེ་དེ་སྐྱེ་ལོ་མེད་པའི་ཕྱིར་རོ། །ཞེ་སྡང་ལ་དེ་རྗེ་བོ་བཞིན་ཚིག་སྙན་དང་ཟས་གོས་ལ་སོགས་པས་མཆོད་དེ་ཕངས་ཤིང་གཅེས་པར་བྱེད་པ་དེའི་སྨན་ཡིན་པའི་ཕྱིར་རོ། །གཏི་མུག་ནི་དེ་གཉིས་གང་དང་ལྷན་ཅིག་པ་དེའི་སྨན་གཉིས་པོ་དེས་བཅོས་པར་བྱའོ། །དེ་གཉིས་དང་བྲལ་བའི་གཏི་མུག་ནི་བློ་གསལ་བས་བཅོས་སོ། །སྔ་དྲོ་དང་པོར་གཏི་མུག་འབྱུང་བ་ནི་གཉིད་རྨུགས་དང་འབྲེལ་ཞིང་བད་ཀན་ཤས་ཆེ་བའི་ཕྱིར་རོ། །ཉིན་དགུང་ཁྲོ་བ་འབྱུང་བ་ནི་བྱ་བ་དུ་མ་བྱེད་ཅིང་མཁྲིས་པ་ཤས་ཆེ་བའི་ཕྱིར་རོ། །དགོང་དྲོ་འདོད་ཆགས་འབྱུང་བ་ནི་བྱ་བ་རྣམས་བཤོལ་ཞིང་ཟས་ཀྱིས་ལུས་རྒྱས་ལ་རླུང་ཤས་ཆེ་བའི་ཕྱིར་རོ། །འགྲེལ་པ་ལས། གང་ཞིག་ཉོན་མོངས་རིམ་ཤེས་ནས། །དེ་གཞོམ་པ་ལ་ཚུལ་སྒོམ་པ། །དེ་ཡིས་དེ་དག་སེལ་བྱེད་དེ། །སྨན་པའི་རྒྱལ་པོས་ནད་རྣམས་བཞིན། །ཞེས་བཤད་དོ། །འདོད་ཆགས་མཛའ་མིན་མཛའ་འདྲ་ནི་དེ་དང་འདྲ་བའི་རྣམ་པར་སྟོན་པ་དེས་དེ་ལ་ཁྱོད་མི་འཇིགས་ལ་མི་ཕན་ཏེ་གནོད་པ་བྱེད་པའི་ཞེས་སྦྱར་ཏེ་དེ་ཤིན་ཏུ་སྤང་དཀའ་བས་དེ་སྐྱེ་བའི་གོ་སྐབས་མེད་པར་བྱས་ལ་སྤངས་ཏེ་རྒྱལ་པོ་སྐྱ་སེང་དྲང་སོང་གི་སྨོད་པ་བསྲུངས་པའི་ཕྱིར་རྒྱལ་སྲིད་སྤངས་ནས་ནགས་སུ་སོང་བ་བཞིན་ནོ། །ཞེ་སྡང་ནི་སྒྲའི་རྣམ་པ་དང་གཏི་མུག་ནི་གཉིས་ཀ་མ་ཡིན་པ་བར་མའི་ཚུལ་གྱི་འོང་བས་དེ་གཉིས་སྤང་སླའོ། །འདོད་ཆགས་ནི་ཐོག་མ་མེད་པ་ནས་གོམས་པའི་རྒྱུ་བག་ཆགས་དང་རྐྱེན་ཡུལ་ཡིད་དུ་འོང་བ་ལས་ཀྱང་སྐྱེ་སྟེ་དེ་ནི་མདུང་ཁྱིམ་དང་བྱའི་གཤོགས་པ་བཞིན་ཡ་བྲལ་བས་ལྡོག་པས་སྤང་སླ་ལ། གཅིག་ཤོས་སྔ་མ་ནི་བག་ཆགས་རྟག་ཏུ་སེམས་ལ་གནས་པས་སྤང་དཀའ་སྟེ་ཡེ་ཤེས་དགོས་སོ། །ཞེ་སྡང་བརྟན་པ་ནི་འཁོན་འཛིན་ཡུན་རིང་བ་དང་ཉེས་ཆེན་མཚམས་མེད་པ་ལ་སོགས་པ་སྟེ་མཐར་བྱེད་པ་ནི་ཟད་པར་རོ། །ཤ་ཁྲག་གི་ལུས་ལ་ལུས་ཀྱི་དབང་པོ་ལ་སོགས་པ་ལྔ་བསྟེན་པ་བཞིན་གཏི་མུག་ལ་ནི་ཀུན་གནས་ཏེ་ཞེས་སྦྱར་ཏེ་དེ་མི་ཤེས་པའམ་བདེན་པར་སྒྲོ་འདོགས་པ་ལ་བྱས་ཀྱང་རུང་ཏེ་མེད་ན་ལུས་མེད་པའི་དབང་པོ་བཞིན་ནོ། །དེ་སྤོང་བ་ནི་རྟེན་ཅིང་ཞེས་པའོ། །དུག་གསུམ་ལ་སྤྱོད་པའི་མཚན་ཉིད་སྟོན་པ་ནི་རྟག་ཏུ་འཛིན་པའི་གར་དང་སོགས་པ་བཞད་གད་དང་འཇོ་སྒེག་དང་ཕྲེང་བ་དང་རྒྱན་ཁ་དོག་དྲི་མེ་ཏོག་ལ་སོགས་པ་ལ་དགའ་ལ་གཏོང་བ་པོ་དང་ཟ་བ་པོ་དང་གཙང་སྦྲ་དང་སྙན་སྨྲ་དང་འཇམ་དེས་ཅན་དུ་འགྱུར་བ་དེ་འདྲ་དང་སོགས་པ་བདེ་བ་དང་བཟོ་བ་ཞེས་སྦྱར་རོ། །དེ་ལས་བཟློག་པ་ནི་ཞེ་སྡང་ལ་སྤྱོད་པའི་འོ། །དེ་གཉིས་འདྲེས་པ་ལ་སྤྱོད་པ་ནི་གཏི་མུག་ལ་སྤྱོད་པ་སྟེ་དེ་དག་གིས་དེ་ལྡན་དུ་རྗེས་སུ་དཔག་གོ །དེ་འདུལ་བའི་ཐབས་སྟོན་པ་ནི་སངས་རྒྱས་ཞེས་པ་སྟེ་དགེ་ལེགས་ཏེ་བདེ་སྐྱིད་ཐམས་ཅད་སྤངས་པ་ཟས་སྟན་གཅིག་པ་དང་ཕྱིས་མི་ལེན་དང་གོས་ཆོས་གོས་གསུམ་པ་དང་ཕྱིང་པ་པ་དང་ཕྱག་དར་ཁྲོད་པ་དང་གནས་མལ་གཙུག་ལག་ཁང་སྤངས་ནས་དུར་ཁྲོད་པ་དང་ཤིང་དྲུང་པ་དང་བླ་གབ་མེད་པ་དང་གཞི་ཇི་བཞིན་པ་དང་ཡང་སྒོ་ཐར་ཆགས་སུ་རྒྱུ་བ་དང་ཅི་ཐོབ་པ་ལེན་པ་དང་རྐང་པ་སྐུད་པ་དང་བྲལ་བ་དང་ཙོག་པུ་པ་ལ་སོགས་པ་དང་བླ་མའི་དྲུང་གནས་ནི་དེས་ཁྲིམས་གྲོགས་བྱེད་པའི་ཕྱིར་རོ། །ཞེ་སྡང་ནི་དེ་ལས་བཟློགས་པ་དང་གནས་དབེན་པ་ལ་སོགས་པའོ། །གཏི་མུག་ནི་དེ་གཉིས་འདྲེས་པ་སྟེ་དེ་གཉིས་གང་དང་འདྲེས་བལྟས་པས་སོ། །དཔེར་ན་བྲམ་ཟེ་འདྲེར་སྐྱེས་པ་མི་གཙང་བའི་རྫས་ཀྱིས་འདུལ་བ་བཞིན་ནོ། །ཞེ་སྡང་འདུལ་བ་ནི་གནོད་པའི་ནུས་པ་མེད་པ་སྟོབས་ཅན་ལ་ཁྲོ་བས་བདག་ཉིད་ཅེས་དང་གནོད་ནུས་པ་ཅན་ལ་ཁྲོ་ན་རང་བརྩེ་མེད་དུ་སྟོན་པས་ཁྲོ་བ་དེ་ནི་ཐ་ཆད་ཅེས་སྦྱར་རོ། །ཡང་ཡིད་དུ་མི་འོང་བའི་སྒྲས་སྔོན་བྱས་པའི་སྡིག་པ་ཟད་པར་བྱེད་དེ་རྨོངས་ཤིང་དམ་པ་མ་ཡིན་པ་ཁྱོད་རང་ཉིད་ཀྱི་སྡིག་སྒྲིབ་དག་པར་མི་འདོད། སྒྲ་ཡིད་དུ་མི་འོང་བ་མེའི་ཚ་བ་བཞིན་ངོ་བོ་ཉིད་ཀྱིས་གནོད་མི་བྱེད་དེ་སྨྲ་མཁན་ལ་མི་གནོད་པ་བཞིན་ནོ། །དེ་ཕྱིར་རང་གི་རྣམ་རྟོག་གཞན་དེ་ལ་གནོད་བྱེད་ཡིན་ནོ་སྙམ་དུ་རློམ་པ་རང་སྐྱོན་ཡིན་ནོ། །ལུགས་ཀྱི་བསྟན་བཅོས་ལས་གཤེ་བ་པོ་ལ་ཆད་པ་བྱ་བར་བཤད་པ་དེ་ནི་ནོར་བ་ཡིན་ཏེ་སྙན་པར་སྨྲ་བ་ལ་མཆོད་པ་བྱེད་པར་ཡང་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་མཚན་མཉམ་པ་ལ་རྒྱུ་མཚན་ཅན་མི་མཉམ་པས་དེ་ནི་ཚད་མ་མ་ཡིན་ནོ། །སྨད་བྱའི་སྐྱོན་དེ་དོན་ལ་ཡོད་ན་དེ་ཤེས་ནས་བདེན་པ་སྨྲ་བ་པོ་ལ་བྱ་བ་དང་མི་བདེན་པ་སྨྲ་བ་པོ་ལ་ཅི་སྨོས་ནི་མི་བདེན་པ་སྨྲས་པས་ཁོ་རང་སྐྱོན་ཅན་དུ་བསྟན་པའི་ཕྱིར་རོ། །དེས་ན་མཁས་པས་བདེན་མི་བདེན་གཉིས་ཀའི་སྨྲ་བ་པོ་ལ་བཟོད་པར་བྱའོ། །གང་ཟག་དམན་པ་ལས་མི་སྙན་པ་སྨྲ་བ་ཙམ་ངེས་འབྱུང་ཡིད་འབྱུང་གི་གནས་མ་ཡིན་ཏེ་དེ་ནི་གནོད་པ་སྣ་ཚོགས་བྱེད་པ་ཅན་མིན་པ་དེ་ཕྱིར་དེ་ཡི་མི་སྙན་པ་དེ་ནི་གནོད་པའི་ཡན་གར་ཅུང་ཟད་དུ་ཡིད་ལ་བྱ་སྟེ། འཕགས་པ་གང་པོས་ཀླུང་ཤོ་ན་ཕ་མཐའི་ཡུལ་གྱི་མི་རྣམས་འདུལ་བ་བཅོམ་ལྡན་འདས་ཀྱིས་མི་དེ་དག་ནི་ཤིན་ཏུ་མ་རུངས་པ་ཡིན་ནོ་ཞེས་བཀག་པ་ན། བཅོམ་ལྡན་འདས་གལ་ཏེ་བདག་ལ་དེ་དག་གཤེ་ན་ནི་ཨེ་མ་བདག་ལ་རྡེག་པར་མི་བྱེད་པ་འདི་དག་ནི་དེས་པ་ཞིག་གོ་སྙམ་དུ་སེམས་པར་བགྱིད་ལ། གལ་ཏེ་སྲོག་དང་བྲལ་བའི་བར་དུ་བགྱིད་ན་ཨེ་མ་བདག་གི་ལུས་རུལ་པ་འདི་ལས་ཐར་བར་བྱེད་པ་འདི་ནི་བདག་ལ་ཕན་འདོགས་པ་ཞིག་གོ་ཞེས་སེམས་པར་བགྱིད་དོ་ཞེས་གསོལ་བས་བཅོམ་ལྡན་འདས་ཀྱིས་གནང་བ་བཞིན་ནོ། །གཞན་ལ་གནོད་ལན་བྱས་པས་བྱ་བ་དང་། ཡོན་ཏན་མེད་པ་ལ་གུས་ཤིང་ཞེན་པ་ཞེས་སྦྱར་རོ། །ཁྲོ་བས་བསོད་ནམས་དེ་ལ་གེགས་བྱེད་པ་ཞེས་སྦྱར་ཏེ། འདི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། །ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི། །ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །ཐོབ་པར་འགྱུར་བ་སངས་རྒྱས་ཞལ་གྱིས་བཞེས། །ཞེས་བཤད་དོ། །ཁྲོ་བ་བྱ་བས་ནི་དམན་པ་འཇོམས་པའི་དཔའ་བོ་དེ་ལ་བྱ་བ་དང་། གྱུར་ཏ་རེས་དེ་སྤང་བར་སྟོན་ཏོ། །དེ་ཁྲོ་བའི་གནས་ལ་བཟོད་པ་དེ་ལ་བྱམས་པའི་ཏིང་ངེ་འཛིན་གྱི་སྒོམ་པ་སྐྱེ་ཞེས་སྦྱར་རོ། །ཁྱད་དུ་གསོད་པ་དེ་མཐར་ཏེ་ཕུང་བར་བྱས་ནས་འཆི་བ་ཡོད་སེམས་ནི་དེ་ལྟར་བསམ་པར་བྱའོ། །གནས་ཀྱི་སོགས་པས་ནི་སྐྱེ་འཇིག་གཉིས་བཟུང་ངོ་། །ཡང་དག་ནི་སྒྱུ་མ་ལྟ་བུར་ཤེས་པ་སྟེ་བློ་གྲོས་ནི་སེམས་རྒྱུད་དོ། །ཉོན་མོངས་པ་སྤངས་པའི་ཐབས་བསྟན་པའི་རབ་ཏུ་བྱེད་པ་དྲུག་པའི་བཤད་པའོ།།  །།

ཞེན་པ་སྤང་ཐབས།

དེས་བསྐྱེད་པའི་ལས་སྤང་བའི་ཐབས་སྟོན་པ་ན་སྡུག་བསྔལ་ཞེས་སྨོས་ཏེ་དྲང་སྲོང་མངོན་ཤེས་ཅན་རོ་ཧི་ཏའི་དྷ་ཞེས་བྱ་བས་རི་རབ་ནས་རི་རབ་ཀྱི་སྟེང་དུ་རྐང་པ་བཞག་ཅིང་མཐའ་བཙལ་ཀྱང་མ་རྙེད་པར་ཤི་བ་བཞིན་ནོ། །རྒྱུན་དུ་ལང་ཚོ་ལ་གནས་པས་མི་འཇིགས་པའང་མ་ཡིན་ཏེ་དེ་རྒས་པའི་རྒྱབ་ཏུ་དང་སླར་ཡང་ཤི་ནས་འབྱུང་བས་མདུན་དུ་འབྱུང་བས་བདག་ཉིད་གནས་པར་རློམ་ཀྱང་ལང་ཚོ་དང་རྒས་པ་དང་འཆི་བ་གསུམ་འཁོར་བའི་ཚེ་གང་མགྱོགས་འགྲན་པ་རྟ་བང་འགྲན་པ་བཞིན་ནོ། །རང་གར་འདོད་པར་འགྲོ་བ་ནམ་ཡང་མེད་ན་གཤེད་མས་ཁྲིད་པ་བཞིན་ལས་དང་ཉོན་མོངས་པའི་གཞན་དབང་གིས་འགྲོ་བ་ལ་ཞེས་སྦྱར་ཏེ་ཆུ་ཀླུང་གིས་ཁྱེར་བའི་རྫས་བཞིན་ནོ། །མ་འོངས་པ་དེ་ཡང་ཞེས་སྦྱར་ཏེ་འཁོར་བ་ཐོག་མ་མེད་པ་ནས་སོ་སོ་སྐྱེ་བོར་ལས་པ་བཞིན་ཐ་མ་མེད་པར་ཡང་ལས་པར་མི་འགྱུར་བར་གྱིས་ཤིག་པའི་དོན་ཏོ། །ཉན་པོ་དལ་འབྱོར་དང་མཉན་བྱ་བདེན་བཞི་སྟོན་པའི་གསུང་རབ་དང་འཆད་པོ་སངས་རྒྱས་ཏེ་དེ་ཚོགས་གསུམ་ཚང་བ་ལ་མཐའ་ཡོད་ལ་མ་ཚང་བ་ལ་མཐའ་མེད་པས་མཐའ་ཡོད་མེད་དྲིས་པ་ལ་ལུང་མི་སྟོན་པའི་རྒྱུ་གཅིག་དེ་ཡིན་ནོ། །དེས་ན་གསུམ་པོ་ཚང་བ་ལ་འཁོར་བ་ཟད་པར་གྱིས་ཤིག་པའོ། །དམ་པ་མ་ཡིན་པ་ནི་མུ་སྟེགས་བྱེད་དང་སྡིག་པའི་གྲོགས་པོ་ལ་སོགས་པ་སྟེ་ཕྱོགས་ནི་མི་དགེ་བའོ། །ཅོ་འདྲི་བ་ནི་རྣམ་སྨིན་གྱིས་འཚེ་བ་སྟེ་བསྲེགས་པ་གསོད་པའི་གནས་དང་དམ་པ་ནི་འཕགས་པའོ། །རང་ལ་གནོད་པའི་ལས་སྣ་ཚོགས་བྱེད་པས་སྨྱོན་པ་ཡིན་ནོ། །ཞེས་སྟོན་པ་ནི་རྣམ་ཤེས་ཞེས་པའོ། །ཐག་རིང་པོར་འགྲོ་བ་དང་སོགས་པ་འགྲེང་བ་དང་འདུག་པ་དང་སྨྲ་བ་ལ་སོགས་པའི་སྡུག་བསྔལ་ནི་རྒྱུ་དེ་དག་བཟློག་ན་ཉམས་ཏེ་མེད་པར་མཐོང་བས་འཁོར་བའི་སྡུག་བསྔལ་གྱི་རྒྱུ་ལས་ཐམས་ཅད་ཟད་པའི་ཐབས་ལ་ཞེས་སྦྱར་ཏེ་འདི་ནི་མུ་སྟེགས་ཟད་བྱེད་པ་ལའང་ཡོད་དེ་ཉོན་མོངས་པ་ཟད་ན་ལས་ཀྱིས་འཁོར་མི་ནུས་ལ་ལས་ཟད་པར་བྱ་བར་ཡང་མི་ནུས་པས་སྡིག་པའི་ལས་སྤང་བ་ལ་དགོངས་སོ། །འབྱུང་བ་ལས་གྱུར་པའམ་སེམས་ལས་གྱུར་པའི་འབྲས་བུ་གཅིག་བྱ་བ་དང་དེ་ལྟར་གཅིག་ལའང་རྒྱུ་འབྲས་ཐུག་མེད་རྒྱས་པར་མཐོང་ནས་སྐྱེས་བུ་གང་ལ་འཇིགས་མི་འབྱུང་ཞེས་སྦྱར་རོ། །བྱིས་པས་བརྩམས་པའི་འབྲས་བུ་བྱ་བ་དང་མཐར་འགྱུར་ཏེ་འཇིག་བྱ་བ་སྡུག་བསྔལ་གྱི་འཇོམས་ཞེས་སྦྱར་རོ། །ཀོ་ནི་མི་བཟོད་པའི་སྒྲའོ། །འདས་པའི་སེམས་ལ་བྱ་བ་དང་ད་ལྟར་ནི་འགྲོ་ཉིད་དེ་སྡོད་པ་མེད་ལ་བདེ་བའི་ཕྱིར་ང་ལ་འདི་ཞེས་སྦྱར་རོ། །མཁས་རྣམས་བྱ་བ་ནི་བློ་གྲོས་སྣ་ཚོགས་ཀྱི་བསྟོད་པ་ལས། །ཁྱོད་ཀྱི་ཆོས་ལ་མི་ཕྱོགས་པའི། །སྐྱེ་བོ་གཏི་མུག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོན་ནས་ཀྱང་། །སྡུག་བསྔལ་རབ་འབྱུང་སྲིད་པ་སྒྲུབ། །ཅེས་བཤད་དོ། །འཕགས་པར་མ་ཟད་བྱིས་པས་རིག་ནའང་ལུས་སེམས་གཉིས་དུས་གཅིག་ལ་འཇིག་གོ །ཞེས་སྟོན་པ་ནི་གལ་ཏེ་བྱིས་པའང་ཞེས་པའོ། །རློམ་པ་དང་ང་རྒྱལ་ཅན་ནི་སྙིང་རྗེ་མེད་པར་སྡིག་པ་སྤྱོད་པས་ཐུབ་པས་སྣང་བ་ནས་སྣང་བར་འགྲོ་བའི་གང་ཟག་ནི་དཀོན་ནོ་ཞེས་གསུངས་སོ། །འདོད་པའི་ཡུལ་རྣམས་ལས་ལོག་པའི་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་ཅན་ལ་རྣམ་སྨིན་གྱི་འབྲས་བུ་ཡུལ་ལྔ་དམིགས་པའི་མཐོ་རིས་ཐོབ་པར་ལུང་ལས་གྲགས་ཏེ་ཕྱིན་ཅི་ལོག་འཁོར་བའི་ཆོས་ཀྱི་རྒྱུ་དགེ་བའང་མཁས་པ་སུ་ཞིག་འདོད། དེའི་འབྲས་བུ་མཐོ་རིས་ཀྱང་ཡེ་རྟག་ཏུ་འཚེ་བ་ལས་སྲུང་དགོས་པས་དེའང་ཐོབ་བྱར་བདག་གིར་མི་བྱེད་དེ་འཁོར་བ་རྒྱུ་འབྲས་གཉིས་ཀ་སྤོང་བ་ཡིན་ནོ། །འཇིག་རྟེན་གྱི་ལུགས་ལ་དེའི་ཆོས་ཞེས་བྱ་ན་འཇིག་རྟེན་འགྱུར་བས་དེའི་ཆོས་འགྱུར་ནས་འགྲོ་བའི་ཕྱིར་འཇིག་རྟེན་གྱི་ལུགས་མི་བརྟན་པ་དེ་དོར་ལ་འཕགས་པའི་ཆོས་ལ་གུས་པར་བྱའོ། །ཡུལ་ཡིད་འོང་ལྔ་ནི་དགེ་བས་འཐོབ་ན་དེའང་སྔར་ངན་པར་བརྩིས་པས་ལྔ་པོ་དེ་བཏང་བས་ཤིས་ཤིང་བདེ་བར་འགྱུར་བ་དེ་གྲུབ་པས་འདོད་པས་དོན་མེད་དོ། །འཇིག་རྟེན་ན་རྒྱལ་པོ་ལྷག་པ་ཡིན་ན་བཀའ་ལུང་སྟེ་རྒྱལ་པོ་དོན་མེད་པ་དེ་ལ་དེ་ཐོབ་པར་བྱེད་པའི་ཆོས་ཀྱིས་ཀྱང་དོན་མེད་ལ་དེའི་ཆོས་དོན་དུ་གཉེར་བ་ནི་སྐྱེ་དགུའི་ནང་ན་བླུན་པ་ཡིན་ནོ། །འབྲས་བུ་བདེ་འགྲོ་མཐོང་ནས་དེའི་རྒྱུ་ལ་ཆགས་ན་དེའི་མཐའ་ངན་འགྲོ་མཐོང་ནས་དེ་ལ་འཇིགས་པ་མེད་པར་དེའི་ལས་ཀྱིས་ཅི་བྱེད། བདེ་འགྲོའི་ཕྱིར་དགེ་བ་བྱེད་པ་ནི་གླ་རྔན་གྱི་ཕྱིར་ལས་བྱེད་པ་དང་འདྲ་བས་མཁས་པ་གང་དག་ཅེས་སྦྱར་རོ། །འཁྲུལ་འཁོར་ནི་སྲད་བུ་དང་ཤིང་དུམ་ལ་སོགས་པ་ལས་གྲུབ་པའི་འགྲོ་བའི་གཟུགས་ཏེ་དེ་དང་སྒྱུ་མའི་གཟུགས་དེའི་རང་བཞིན་མི་ཤེས་པ་རྣམས་ཆགས་ཀྱང་དེ་གཉིས་ཤེས་པ་མི་ཆགས་པ་བཞིན་འགྲོ་བ་དེ་གཉིས་ལྟར་མཐོང་བ་རྣམས་སངས་རྒྱས་སུ་འགྱུར་རོ། །རྒྱལ་སྲས་གང་དག་ལ་ནི་བྱ་བ་དང་སྐྱོ་བ་དང་མཐུན་པ་སྐྱེ་རྒ་ན་འཆི་ལ་སོགས་པ་འཁོར་བའི་ཆོས་ཀྱིས་དགའ་བ་དེ་མི་འཐད་དེ་འཁོར་བའི་ཆོས་ཐམས་ཅད་སྤོང་ངོ་ཞེས་ཚིག་རྣམ་པར་སྦྱར་རོ། །ལོངས་སྤྱོད་ལ་ཞེན་པ་སྤངས་པའི་ཐབས་བསྟན་པའི་རབ་ཏུ་བྱེད་པ་བདུན་པའི་བཤད་པའོ།།  །།

སློབ་མ་ཡོངས་སུ་སྦྱོང་བ་བཤད་པ།

སློབ་མ་ལ་གདམས་པ་སྟོན་པ་ན་ཇི་ལྟར་ཞེས་གསུངས་ཏེ་འཁོར་བ་ཀུན་གྱི་སྐྱོན་ཞེས་སྦྱར་རོ། །ཆགས་པའི་ཡུལ་དོན་ལ་མེད་པར་སྟོན་པ་ནི་ལ་ལ་ཞེས་པ་སྟེ་རྨོངས་པ་ནི་སྐྱོན་ཡོན་ལ་མི་རྟོག་པར་བར་མར་གནས་པ་སྟེ་དོན་ནི་ཡུལ་ལོ། །དོན་ལ་གྲུབ་ན་མཐུན་པར་སྣང་དགོས་ན་ཡུལ་གཅིག་ལ་དེ་མེད་པའི་ཕྱིར་བློས་བརྟགས་པ་ཡིན་ནོ། །ཚུལ་བཞིན་མ་ཡིན་པའི་རྟོག་པ་མེད་པར་བྱ་བ་དང་ཉོན་མོངས་པའི་ཡོད་པ་དེ་རང་བཞིན་གྱི་ཡོད་མིན་ན་ཡང་དག་དོན་རང་བཞིན་གྱི་ཡོད་པ་དེ་རྟོག་པས་བསྐྱེད་པར་སུ་ཞིག་འཛིན་ཏེ་ལྟོས་ན་རྟེན་འབྲེལ་ཡིན་པས་རང་བཞིན་ཞིག་པའི་ཕྱིར་རོ། །རྟོག་པ་ལ་ལྟོས་པ་ཡང་དག་མ་ཡིན་པའི་དཔེ་ནི་བསམ་གཏན་པ་གཅིག་གི་མགོ་ལ་ཐོད་པ་གཅིག་འབྱར་རོ་སྙམ་དུ་འཁྲུལ་བ་ན་གཞན་གཅིག་གིས་ཐོད་པ་གཅིག་བོར་ཏེ་ཁྱོད་ཀྱི་མགོ་ལ་མེད་དོ་ཞེས་བརྗོད་པས་དེའི་རྟོག་པ་ལོག་པ་བཞིན་ནོ། །གང་ཟག་འགའ་ལའང་ཆགས་ཡུལ་འགའ་དང་བྱ་བ་དང་བཅིངས་པ་རང་བཞིན་པར་གྲུབ་ན་བྲལ་བ་མི་རིགས་ཏེ་དེ་གཉིས་ཀ་རྟེན་འབྲེལ་ཡིན་པས་རང་གི་ངོ་བོ་མེད་པའི་ཕྱིར་རོ། །གཞན་དུ་རང་བཞིན་གྱི་བཅིངས་བྲལ་མཐོང་བའང་མེད་དེ་དེའང་རྟེན་འབྲེལ་ཡིན་པའི་ཕྱིར་རོ། །རང་བཞིན་མེད་པའི་ཆོས་འདི་ལ་བསོད་ནམས་ཆུང་ངུས་ཞེས་སྦྱར་ཏེ་ཐེ་ཚོམ་ཟ་བ་ལ་ཞུགས་པས་རྒུད་པ་བསལ་བ་རྣམས་དཔེར་བྱའོ། །འཁོར་བའི་ཆོས་རྣམས་ལ་འཕེལ་འགྲིབ་གཉིས་ཀ་ཡོད་ལ་མྱང་འདས་ལ་འཕེལ་བ་ཁོ་ན་ལས་འགྲིབ་པ་མེད་དོ་ཞེས་སྟོན་པ་ནི་རང་བཞིན་སྟོང་པར་མཐོང་བའི་རྟོགས་པའི་ཆོས་གང་ཞིག་ལ་ཞེས་པ་སྟེ་ཐར་པ་ནི་སངས་རྒྱས་ཀྱི་ས་དང་བློ་ལྡན་ནི་བྱང་ཆུབ་སེམས་དཔའོ། །དམུས་ལོང་དམིགས་བུ་མེད་པ་ཞེས་བཤད་པ་ཡིན་ནོ། །མྱང་འདས་ཐོབ་པའི་དོན་དུ་མི་སྟོང་པ་སྟོང་པར་སྒོམ་པ་མ་ཡིན་ཏེ་ལོག་ཤེས་ཀྱིས་དེ་མི་ཐོབ་པའི་ཕྱིར་རོ། །ཞེས་སྟོན་པ་ནི་བདག་ནི་ཞེས་པ་སྟེ་མཐོང་བ་ནི་སྒོམ་པའོ། །མྱང་འདས་ནི་ཡང་དག་པའི་ལྟ་བས་འཐོབ་པར་གསུངས་པའི་ཕྱིར་རོ། །འོ་ན་དོན་དམ་པ་གཅིག་པུ་བསྟན་པས་ཆོག་མོད་འཁོར་བ་བསྟན་པས་ཅི་བྱ་ཞེ་ན། མདོ་གང་ལས་མ་རིག་པ་དང་འདུ་བྱེད་ལ་སོགས་པས་འཇིག་རྟེན་བསྟན་པ་འབྱུང་བ་དེ་ལས་འཁོར་བར་འཇུག་པ་གསུངས་ནས་རྒྱུ་མེད་དང་རྒྱུ་གཅིག་པུ་དང་མི་མཐུན་པའི་རྒྱུ་མུ་སྟེགས་རྣམས་ཀྱིས་བརྟགས་པ་དེ་མེད་པར་སྟོན་པ་ཡིན་ནོ། །མདོ་གང་ལས་དོན་དམ་བསྙད་པ་འབྱུང་བ་དེ་ལས་རྟེན་འབྲེལ་རང་བཞིན་གྱིས་མ་སྐྱེས་པ་དང་རང་བཞིན་སྟོང་པ་ཉིད་བསྟན་ནས་དེ་རྟོགས་པས་མ་རིག་པ་ཟད་ནས་འཁོར་བ་ལྡོག་པ་གསུངས་པ་ཡིན་ནོ། །སྟོང་ཉིད་ཡིན་ན་འཁོར་འདས་ཀུན་མེད་པས་ཅི་བྱ་སྟེ་འཇུག་ལྡོག་གི་བྱ་བ་ཐམས་ཅད་ཁྱོད་ལ་མེད་པའི་འཇིག་པར་འགྱུར་རོ་ཞེ་ན། གལ་ཏེ་རང་བཞིན་པའི་བྱ་བྱེད་ཡོད་ན་སྟོང་ཉིད་ཀྱི་ཆོས་འདི་འཁོར་བ་ལྡོག་བྱེད་དུ་མི་འགྱུར་ཏེ་རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་རོ། །ཁོ་བོ་ཅག་ནི་ཕྱི་ནང་གཉིས་ཀྱི་རང་ཕྱོགས་དང་གཞན་ཕྱོགས་ཐམས་ཅད་རང་བཞིན་མེད་པར་འདོད་ལ་རྒོལ་བ་ཁྱོད་ལ་རང་ཕྱོགས་ལ་ཆགས་ཤིང་གཞན་ཕྱོགས་ལ་སྡང་ན་མྱང་འདས་མི་འཐོབ་སྟེ་དེ་གཉིས་སྤྱོད་ཞི་བ་ཡིན་པ་ལ་མ་ཞི་བའི་ཕྱིར་རོ། །མ་རིག་པ་ལས་མངོན་པར་འདུ་བྱེད་པ་མེད་པ་མྱང་འདས་སུ་འགྱུར་ཞིང་ལས་འདུ་བྱེད་པ་ཡང་སྲིད་པར་སྐྱེ་བར་འགྱུར་ཏེ་དེས་ལས་བྱེད་པའི་སེམས་ཁྲལ་མེད་པས་དེ་འཐོབ་ལ་གཅིག་ཤོས་ལས་འདུ་བྱེད་པས་ཐོབ་པ་མིན་ནོ། །ཐོབ་སླའང་འཁོར་བ་ལ་ཆགས་པ་རྣམས་དེར་མི་འགྲོ་བའི་རྒྱུ་ནི་གང་ལ་འཁོར་བ་འདིར་སྐྱོ་བ་མེད་པ་དེ་ལ་ཞི་བ་མྱང་འདས་ལ་གུས་ཤིང་འདོད་པ་མེད་པས་རང་ཁྱིམ་ལ་ཆགས་པ་བཞིན་མི་འབྱུང་ལ། ངན་སོང་བ་ལ་སོགས་པ་ལ་སྡུག་བསྔལ་ཟིལ་གྱིས་མནན་ནས་འཆི་བ་ལ་དགའ་ཐབས་མི་ཤེས་པས་འཁོར་འདས་ཀྱི་གོ་འཕང་བཟང་པོ་མི་འཐོབ་བོ། །སྡུག་བསྔལ་ཞི་བའི་ཐབས་ཀྱང་སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་ངན་འགྲོའི་སྡུག་བསྔལ་ཞི་ལ་སྤྲོས་པ་ཞི་བའི་སྟོང་ཉིད་ཀྱི་འཁོར་བའི་སྡུག་བསྔལ་མ་ལུས་པ་ཞི་ནུས་པས་དེ་སྒོམས་པར་གྱིས་ཤིག གཞན་རྗེས་སུ་འཛིན་པ་ན་སྡུག་བསྔལ་གྱི་རྒྱུ་སྡིག་པ་དང་པོ་དང་བར་དུ་ཉོན་མོངས་ཀྱི་རྒྱུ་བདག་ཏུ་ལྟ་བ་ཉི་ཤུ་དང་། ཕྱི་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་རགས་པ་དང་རྡུལ་དང་ཤེས་པའི་སྐད་ཅིག་མ་སོགས་པར་ལྟ་བ་བཟློག་པ་ཤེས་པ་དེ་ཆོས་སྟོན་པ་མཁས་པ་ཡིན་ནོ། །ལྟ་བ་ཀུན་ལྡོག་པ་དེ་ཡང་གཟུགས་ལྟ་བུ་གཅིག་གི་སྟོང་པར་ལྟ་བུ་དེ་ནི་ཕུང་པོ་ལ་སོགས་པ་ཆོས་གསུམ་པོ་ཀུན་གྱི་ལྟ་པོར་ཏིང་ངེ་འཛིན་རྒྱལ་པོ་ལས། །གཅིག་གིས་ཐམས་ཅད་ཤེས་འགྱུར་ཞིང་། །གཅིག་གིས་ཐམས་ཅད་མཐོང་བར་འགྱུར། །ཞེས་བཤད་ལ། ཐམས་ཅད་ཀྱི་སྟོང་ཉིད་གཅིག་ཡིན་པ་ནི་སྣོད་དུ་མའི་ནམ་མཁའ་ཐ་མི་དད་པ་དང་རྒྱ་མཚོའི་ཆུ་བ་ཚྭའི་རོར་མཚུངས་པ་བཞིན་ནོ། །འཁོར་བའི་ཆོས་ལ་ཆགས་ཤིང་མཐོ་རིས་འདོད་པ་རྣམས་ལ་ཐུབ་པས་བསོད་ནམས་བྱ་བར་གསུངས་ལ། འཁོར་བ་ལས་ཐར་པ་འདོད་པ་རྣམས་ལ་བསོད་ནམས་ཀྱང་སྨད་ན་སྡིག་པ་སྨོས་ཅི་དགོས། ཝ་ར་ཎ་སིར་བྱམས་པ་ལུང་བསྟན་པ་ན། དགེ་སློང་མ་ཕམ་པས་དེའི་ཚེ་འཁོར་ལོ་བསྒྱུར་བ་དུང་དུ་སྨོན་ལམ་བཏབ་པས་སྡུག་བསྔལ་སྤངས་པའི་ཕྱིར་རབ་ཏུ་བྱུང་ནས་སྡུག་བསྔལ་འདོད་པ་ཁྱོད་བླུན་པོ་ཞིག་གོ་བྱ་བ་དང་། ང་ནི་སྐད་ཅིག་ཙམ་གྱིས་ཀྱང་སྲིད་པ་མངོན་པར་གྲུབ་པར་བསྔགས་པ་མི་མཛད་དེ་དེ་ནི་སྡུག་བསྔལ་བ་སྟེ་ཞེས་བཤད་དོ། །འོ་ན་སྟོང་ཉིད་གཅིག་པུས་ཆོག་གམ་ཞེ་ན། རང་བཞིན་ལ་བསོད་ནམས་བྱ་དང་ཀུན་ལ་དུས་ཀུན་གྱི་ཚེ་བྱ་དང་གནས་མ་ཡིན་པ་ནད་དེ་ལ་མི་ཕན་ཞིང་ཉེས་པ་གཞན་བསྐྱེད་པའི་སྨན་བཞིན་མེད་པར་ལྟ་བ་དང་ཆོས་སྤོང་བར་འགྱུར་བའི་ཕྱིར་རོ། །དང་པོར་གང་སྟོན་པ་ནི་ཇི་ལྟར་ཏེ་དཔེར་ན་ཞེས་གསུངས་ཏེ་བླུན་པས་སྐད་གཞན་ནི་དེས་མི་ཤེས་པའི་ཕྱིར་རོ། །འཇིག་རྟེན་པའི་ལུགས་ལ་གང་དགེ་བར་གྲགས་པ་དེ་སྔོན་ལ་བཤད་ནས་བདག་མེད་གཉིས་ལ་རིམ་གྱིས་འཛུད་པའོ། །ཐུབ་པས་རྒྱང་འཕེན་པ་ལ་སོགས་པའི་མེད་ལྟ་སྤངས་པའི་ཕྱིར་ཡོད་པ་དང་དངོས་པོ་འཛིནཔ་དགག་པའི་ཕྱིར་མེད་པ་དང་གཉིས་ཀར་ལྟ་བ་སྤངས་པའི་ཕྱིར་ཡོད་མེད་གཉིས་ཀ་དང་སྤྲོས་པ་ཐམས་ཅད་སྤངས་པའི་ཕྱིར་ཡོད་མེད་གཉིས་ཀ་མིན་པ་ཡང་བསྟན་ཏེ་ནད་རིགས་བཞི་ལ་སྨན་རིགས་བཞི་གཏོང་བ་དང་འདྲའོ། །བསྟན་པ་བཞི་པོ་དེ་ལ་ཡོད་མེད་གཉིས་ཀ་མ་ཡིན་པའི་ཡང་དག་མཐོང་ན་གནས་མཆོག་ཐར་པ་འཐོབ་ལ། ལས་རྒྱུ་འབྲས་ལ་སོགས་པ་ཅུང་ཟད་མཐོང་སྟེ་བླང་དོར་མ་ནོར་བར་བྱས་ན་བདེ་འགྲོ་ཐོབ་སྟེ་དེ་ཕྱིར་ནང་བདག་སྟོང་ཉིད་བསམ་མོ། །འགྲེལ་པས་ཡེ་ཤེས་ཀྱི་སྣང་བ་རྫོགས་མ་རྫོགས་དང་སྦྱར་རོ། །ཅི་སྟེ་དེ་ཉིད་ཤེས་ཀྱང་རྐྱེན་འགའ་ཞིག་མ་ཚང་བས་ཚེ་འདིར་བྱ་དང་མཚམས་མེད་ལ་སོགས་པ་མྱོང་ངེས་ཀྱི་ལས་བཞིན་ནོ། །བྱ་བ་ནི་འབྲས་བུ་སྟེ་འཇིག་རྟེན་དང་དེ་ལས་འདས་པ་ཀུན་ལ་དཀོན་ལ། དེ་ཉིད་ཤེས་ན་ཚེ་འདི་ནའང་མེད་མིན་ནི་ཡོད་པ་སྟེ་དེ་ལ་སྦྱོར་བ་དང་སྦྱར་ནས་གྲོལ་བ་རྙེད་དཀའོ། །ལུས་ལ་མི་གཙང་བའི་རྫས་དང་གསོ་དཀའ་བ་ལ་སོགས་པའི་ཡོན་ཏན་མེད་ཐོས་ན་འདོད་ཆགས་སྤོང་ནུས་པ་ལྟར་སྟོང་ཉིད་སྒོམ་པའི་ལམ་དེ་ཉིད་ཀྱིས་ཉོན་མོངས་ཐམས་ཅད་སྤོང་སྟེ་རྣམ་པ་ཐམས་ཅད་པའི་གཉེན་པོ་ཡིན་པའི་ཕྱིར་རོ། །གལ་ཏེ་འཁོར་བ་ལ་ཐོག་མཐའ་གཉིས་ཀ་མེད་པས་ལམ་བསྒོམས་ཀྱང་མི་འཛད་དོ་ཞེ་ན། འཁོར་བ་སྤྱི་མི་འཛད་ཀྱང་བྱེ་བྲག་འཛད་དོ་ཞེས་སྟོན་པ་ནི་ཇི་ལྟར་ས་བོན་ལ་ཐོག་མ་མེད་ཀྱང་མེས་ཚིག་པ་ལ་མཐའ་མཐོང་བ་བཞིན་སྐྱེ་བའི་རྒྱུ་ཉོན་མོངས་པ་ཡེ་ཤེས་ཀྱི་མེས་བསྲེགས་པས་མི་སྐྱེ་སྟེ་རྒྱུ་མ་ཚང་བའི་ཕྱིར་རོ། །རྣམ་འགྲེལ་ལས། །སྲིད་པའི་སྲེད་པས་རྣམ་བརྒལ་བའི། །ལས་གཞན་འཕེན་ནུས་མ་ཡིན་ཏེ། །ལྷན་ཅིག་བྱེད་པ་ཟད་ཕྱིར་རོ། །བྱ་བ་དང་། སློབ་དཔོན་གང་འཕེལ་གྱིས། །སྐྱེ་བའི་ཤིང་རྟ་སྐྱེ་བོ་བྱིས་པ་ཡིས། །ཞོན་ཞིང་ཉོན་མོངས་ལས་ཀྱི་འཕང་ལོ་ཅན། །དེ་ནི་ཉོན་མོངས་འཕང་ལོ་གཅིག་ཉམས་ན། །ལས་ཀྱི་འཕང་ལོ་གཅིག་པུ་འཁོར་མ་ཡིན། །ཞེས་བཤད་དོ། །ཐེག་པ་གཅིག་ཏུ་འདོད་པས་དགྲ་བཅོམ་རྣམས་སྐྱེ་བ་ལེན་ཚུལ་རྒྱས་པར་ནི་དབུ་མ་རྒྱན་གྱི་མེ་ཏོག་དང་མངོན་པར་རྟོགས་པ་རྒྱན་གྱི་མེ་ཏོག་ཏུ་ལྟའོ། །བྱང་ཆུབ་སེམས་དཔའ་རྣམས་ནི་མདོ་སྡེ་རྒྱན་ནས། བློ་ལྡན་རྣམས་ནི་ལས་དང་ནི། །དེ་བཞིན་སྨོན་ལམ་དག་དང་ནི། །ཏིང་ངེ་འཛིན་དང་དབང་འབྱོར་བའི། །དབང་གིས་སྐྱེ་བར་འདོད་པ་ཡིན། །ཞེས་བཤད་དོ། །སློབ་མ་ཡོངས་སུ་སྦྱོང་བའི་རབ་ཏུ་བྱེད་པ་བརྒྱད་པའི་བཤད་པའོ།།  །།

དངོས་པོ་དགག་པའི་རབ་བྱེད།

རབ་ཏུ་བྱེད་པ་སྔ་མ་བརྒྱད་ཀྱིས་མཐོ་རིས་དང་ཐར་པ་འཐོབ་བྱེད་ཀྱི་ཆོས་བཤད་ནས་ཕྱི་མ་བརྒྱད་ཀྱིས་རང་གཞན་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ལུགས་འགོག་པའི་ཕྱིར་རྩོད་པ་བརྒྱ་པ་ཞེས་སློབ་དཔོན་དཔལ་ལྡན་ཆོས་སྐྱོང་འཆད་མོད་ཀྱི། སློབ་དཔོན་ཟླ་གྲགས་སྔར་གྱི་བརྒྱད་ཀྱིས་སྟོང་ཉིད་ཀྱི་བདུད་རྩི་བསྟན་པའི་སྣོད་དུ་རུང་བར་བྱས་ནས་ཕྱི་མ་བརྒྱད་ཀྱིས་དེ་ཁོ་ན་ཉིད་ཀྱི་བདུན་རྩི་སྟོན་པར་འཆད་དོ། །དེ་ལ་དང་པོ་རྟག་པ་འགོག་པ་དང་ཕྱི་ནང་གི་སྟོན་པ་ཐམས་ཅད་མཁྱེན་པ་ཡིན་མིན་དུ་སྒྲུབ་པ་སྟོན་པ་ན་ཐམས་ཅད་ཅེས་གསུངས་ཏེ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འབྲས་བུའི་དོན་དུ་སྐྱེ་བ་ཡིན་ཏེ་འབྲས་བུ་མི་བྱེད་པའི་དངོས་པོ་ནི་མ་མཐོང་བའི་ཕྱིར་རོ། །འབྲས་བུ་ཡང་འགྱུར་ནས་སྐྱེད་དེ་སྔར་མི་བྱེད་པ་ལས་བྱེད་པར་འགྱུར་བའི་ཕྱིར་དང་བྱས་ནས་རང་ཉིད་འགག་པའི་ཕྱིར་རོ། །དེ་ལྟ་ཡིན་པ་དེས་ན་དངོས་པོ་རྟག་པ་ཡོད་པ་མིན་པ་དེའི་ཕྱིར་ཐུབ་པ་མ་གཏོགས་པ་དངོས་པོ་ཇི་ལྟ་བ་དེ་བཞིན་དུ་གཤེགས་པ་སྟེ་རྟོགས་པ་ཡོད་པ་མ་ཡིན་ཞེས་བྱ་བ་ནི་ཚིག་རྣམ་པར་སྦྱར་བ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ། མདོ་ལས། གང་ཅུང་ཟད་སྐྱེ་བ་དེ་ཐམས་ཅད་འཇིག་པའི་ཆོས་ཅན་ཡིན་ནོ་བྱ་དང་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་སྐྱེ་ཚད་ལ་འཇིག་པས་ཁྱབ་པར་གསུངས་སོ། །མུ་སྟེགས་ཀྱི་སྟོན་པ་སེར་སྐྱ་དང་གཟེགས་གཟན་དང་རྐང་མིག་དང་ཟད་བྱེད་པའི་སྟོན་པ་ཉི་ཤུ་རྩ་བཞི་ལ་སོགས་པ་ནི་སྐྱེ་བའི་དངོས་པོ་རྟག་པ་འདོད་དེ་དེ་ནི་ཚད་མ་དང་འགལ་བས་དངོས་པོའི་གནས་ལུགས་མ་ཡིན་ནོ། །ཏ་ཐཱ་ནི་དེ་བཞིན་དང་ག་ཏ་ནི་སྤངས་རྟོགས་གཉིས་ལ་འཇུག་སྟེ་ཡོངས་སུ་བཤད་པ་ལས་བྱུང་བའི་སྒྲ་ཡིན་ནོ། །གཤེགས་པ་ནི་དེ་གཉིས་ཕྱོགས་སུ་མ་ལྷུང་བར་བསྒྱུར་བ་སྟེ་དཔེས་མཚོན་པའི་དོན་གསུམ་དང་ལྡན་པ་ཡིན་ནོ། །འདི་ལྟར་དེ་བཞིན་གཤེགས་པ་དེ་རབ་ཏུ་མཛེས་པའི་དོན་ནི་སྐྱེས་བུ་གཟུགས་ལེགས་པ་དང་འདྲའོ། །ཕྱིར་མི་ལྡོག་པའི་དོན་ནི་རིམས་ནད་ལེགས་པར་བྱང་བ་དང་འདྲའོ། །ཡོངས་སུ་རྫོགས་པའི་མཐར་ཐུག་པའི་དོན་ནི་བུམ་པ་ལེགས་པར་གང་བ་དང་འདྲ་སྟེ་དོན་གསུམ་པོ་དེས་ནི་རིམ་པ་བཞིན་ཕྱི་རོལ་པའི་འདོད་ཆགས་དང་བྲལ་བ་དང་། ཉན་རང་སློབ་པ་དང་མི་སློབ་པ་རྣམས་ལས་རང་དོན་ཕུན་སུམ་ཚོགས་པ་ཁྱད་པར་དུ་འཕགས་པ་ཡིན་ནོ་ཞེས་སློབ་དཔོན་ཕྱོགས་ཀྱི་གླང་པོས་བཤད་དོ། །དོན་དེ་ཉིད་རྣམ་འགྲེལ་ལས། རྒྱུ་སྤངས་ཡོན་ཏན་གསུམ་བདེ་གཤེགས། །བྱ་བ་དང་། གཤེགས་པ་རྟོགས་པའི་དོན་ཕྱིར་ཏེ། །དེ་ཕྱིར་ཕྱི་རོལ་པ་དང་སློབ། །མི་སློབ་ལས་ལྷག་དེ་ཡི་ཕྱིར། །གཞན་དོན་མཁྱེན་སྦྱོར་དེ་སྟོན་པ། །ཞེས་བཤད་པ་ཡིན་ནོ། །ཡང་ན་ག་ཏ་སྨྲ་བ་ལ་འཇུག་སྟེ། སྐུ་གསུང་ཐུགས་ཐུབ་པ་ལས་གཞན་པའི་སྟོན་པ་དེ་དག་དངོས་ཇི་ལྟ་བ་བཞིན་སྨྲ་བ་མ་ཡིན་ནོ། །གཟེགས་གཟན་གྱི་རྗེས་སུ་འབྲངས་པའི་བྱེ་བྲག་པ་རྟག་པའི་རྫས་དྲུག་འདོད་པ་དེ་བདག་དང་དུས་དང་ཕྱོགས་དང་ནམ་མཁའ་བཞི་ནི་ཐམས་ཅད་དུ་ཁྱབ་པ་དང་རྟག་པ་དང་བྱ་བ་མེད་པའི་རྫས་ཡིན་ལ། ཡིད་ནི་རྟག་ཅིང་བྱ་བ་ཡོད་པ་ཡོངས་སུ་ཆད་པའི་རྫས་ཡིན་ནོ། །འབྱུང་བཞིའི་རྡུལ་ནི་རྟག་པར་འདོད་ལ་རགས་པ་རྣམས་ནི་མི་རྟག་པར་འདོད་དོ། །དེ་ལྟ་བུའི་ཡོད་ཅིང་རྟག་པ་མ་ཤེས་པས་སངས་རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་ནོ། །ཞེས་ཟེར་བ་འགོག་པ་ནི་དངོས་པོ་གང་ཞིག་ཡུལ་གང་ན་དུས་ནམ་གྱི་ཚེའང་རྒྱུ་ལ་མ་བརྟེན་པའི་ཡོད་པ་སྟེ་དངོས་པོ་མི་སྲིད་པ་དེས་ན་དུས་ནམ་ཡང་ཡུལ་གང་ཞིག་ཏུ་དངོས་པོ་རྟག་པ་མེད་དོ། །དངོས་པོ་ཆོས་ཅན་རྟག་པ་མི་སྲིད་དེ་རྒྱུ་ལ་བརྟེན་པས་ཁྱབ་པའི་ཕྱིར་བུམ་པ་བཞིན་ནོ། །དེས་ན་རྟག་པ་དེ་དག་རྒྱུ་མེད་ན་ནི་དངོས་མེད་དུ་འགྱུར་ཏེ་རི་བོང་གི་རྭ་བཞིན་ནོ། །རྒྱུ་དང་ལྡན་ན་ནི་མི་རྟག་པར་འགྱུར་ཏེ་སྒྲ་བཞིན་ནོ། །རྒྱུ་མཚན་དེས་ན་རྒྱུ་མེད་པ་ལས་གྲུབ་པ་ནི་ཤེས་བྱའི་དེ་ཉིད་མཁྱེན་པ་སངས་རྒྱས་ཀྱིས་གྲུབ་ཅིང་ཡོད་པ་མིན་པར་གསུངས་ཏེ། མདོ་ལས། མཁས་པ་རྟེན་འབྱུང་ཆོས་ལ་ལྷག་མོས་ཤིང་། །མཐར་ལྟ་བ་ལ་བརྟེན་པར་བྱེད་པའང་མིན། །རྒྱུ་བཅས་རྐྱེན་བཅས་ཆོས་ནི་ཤེས་འགྱུར་ཏེ། །རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན། །ཞེས་གསུངས་སོ། །ཅི་སྟེ་འདིར་མི་རྟག་པ་བྱས་པར་མཐོང་བས་བདག་ལ་སོགས་པ་མ་བྱས་པ་དེ་དག་རྟག་པར་འདོད་ན་འདིར་བྱས་པ་ཡོད་པར་མཐོང་བས་བདག་ལ་སོགས་པ་མ་བྱས་པའི་རྟག་པ་དེ་དག་མེད་པར་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་བཞིན་དུ་གྲངས་ཅན་བདག་དང་གཙོ་བོ་རྟག་ཅིང་མ་བྱས་པའི་དངོས་པོ་འདོད་པ་དང་དཔྱོད་པ་བ་དང་དབང་ཕྱུག་པ་ལ་སོགས་པ་རྟག་ཅིང་མ་བྱས་པའི་དངོས་པོ་འདོད་པ་དེ་དག་ལའང་སུན་འབྱིན་པ་ནི་དེ་ཉིད་ཡིན་ནོ། །ཁ་ཆེ་བྱེ་བྲག་ཏུ་སྨྲ་བ། འདུས་མ་བྱས་རྟག་གསུམ་ཉིད་དེ། །ནམ་མཁའ་དང་ནི་འགོག་རྣམ་གཉིས། །ཞེས་འདོད་པ་འགོག་པ་ནི་ནམ་མཁའ་ཞེས་པ་སྟེ་སོ་སོ་སྐྱེ་བོ་ནི་ཉན་ཐོས་པའོ། །གསུམ་པོ་དེ་དག་ལ་རྟག་པའི་རྫས་མ་མཐོང་བ་ནི་མཁས་པ་དང་འཇིག་རྟེན་པ་གཉིས་ཀ་དང་སྦྱར་རོ། །དེ་གཉིས་ཀས་གཟུགས་མེད་པ་ལ་ནམ་མཁའ་ཞེས་ཐ་སྙད་བྱེད་པར་ཟད་ཀྱི་འབྱུང་བ་བཞི་ལྟར་སྲ་བ་ལ་སོགས་པའི་མཚན་ཉིད་ནི་མེད་དོ། །དེ་བཞིན་དུ་དགག་བྱ་མེད་པ་ཙམ་ལ་འགོག་པ་གཉིས་ཀྱི་ཐ་སྙད་བྱེད་ཀྱི་དངོས་པོའི་མཚན་ཉིད་ནི་ཅི་ཡང་མེད་དོ། །གལ་ཏེ་ནམ་མཁའ་ནི་རྟག་པ་ཡིན་ཏེ་ཕྱོགས་བཅུ་ཀར་ཁྱབ་པའི་ཕྱིར་རོ། །མི་རྟག་ན་ནི་རྟག་པ་དེ་མི་རུང་སྟེ་བུམ་པ་བཞིན་ནོ། །ཞེ་ན། རྟགས་སུ་བཀོད་པའི་ཁྱབ་པ་ཉིད། འགོག་པ་ནི་ཤར་ལ་སོགས་པའི་ཕྱོགས་ནི་ཕྱོགས་དེ་ལ་ཁྱབ་པའི་ཕྱོགས་ཅན་ནམ་མཁའ་ཀུན་ལ་གནས་པ་མ་ཡིན་ཏེ་ཤར་ཕྱོགས་ཏེ་ནུབ་ལ་སོགས་པའི་ནམ་མཁའ་ལའང་གནས་པར་ཐལ་བའི་ཕྱིར་རོ། །དེ་འདོད་ན་ནུབ་ཤར་དུ་འགྱུར་རོ། །དེ་ལྟར་ཐལ་བ་དེ་ཕྱིར་ཕྱོགས་ཅན་ནམ་མཁའ་ལ་ཤར་ལ་སོགས་པའི་ཕྱོགས་གཞན་ཡང་ཤིན་ཏུ་གསལ་བར་ཡོད་དེ་ཕྱོགས་བཅུ་དང་འབྲེལ་བའི་ཕྱིར་རོ། །འདི་སྐད་སྟོན་པ་ཡིན་ཏེ་ནམ་མཁའ་དེ་ཆ་ཤས་མེད་ན་ཤར་གྱི་ནམ་མཁའ་དེ་ཉིད་ནུབ་ཀྱིའང་ཡིན་པས་ཤར་ནུབ་གཅིག་པ་དང་བུམ་པའི་ནམ་མཁའ་དེ་ཉིད་སྣམ་བུའི་ཡིན་པས་དེ་གཉིས་གཅིག་ཏུ་འགྱུར་ཏེ། ཆོས་ཅན་ཐ་དད་པའི་ཆོས་གཅིག་པ་ནི་མི་སྲིད་དོ། །དེ་གཅིག་མ་ཡིན་ཏེ་ཆ་ཤས་ཅན་ཡིན་ན་ཀུན་ལ་ཁྱབ་པ་མ་ཡིན་པར་འགྱུར་ཏེ་བུམ་པ་བཞིན་ནོ། །ཕྱོགས་བཅུ་ལས་ཐ་དད་པའི་ཕྱོགས་ཅན་ནམ་མཁའ་ནི་དམིགས་པའང་མེད་པས་འདི་མིང་ཙམ་ཡིན་གྱི་དོན་ལ་རྟག་མི་རྟག་གཉིས་ཀར་མ་གྲུབ་སྟེ་རི་བོང་གི་རྭ་བཞིན་ནོ། །དབུ་མ་རྒྱན་ལས། ནམ་མཁའ་ལ་སོགས་འདུས་མ་བྱས། །མིང་ཙམ་དུ་ནི་རབ་སྣང་བ། །ཞེས་བྱ་བ་དང་། གསང་བ་བསམ་གྱི་མི་ཁྱབ་པའི་མདོ་ལས། ཞི་བའི་བློ་གྲོས། ནམ་མཁའ་ནི་སུས་ཀྱང་རྟག་པའམ་མི་རྟག་པར་བརྗོད་པར་བྱ་བ་མ་ཡིན་ཏེ་དེ་བཞིན་དུ་དེ་བཞིན་གཤེགས་པའི་སྐུ་ཡང་སུས་ཀྱང་རྟག་པའམ་མི་རྟག་པར་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་གསུངས་སོ། །མུ་སྟེགས་དུས་རྒྱུར་འདོད་པ་ན་རེ། །འབྱུང་བ་རྣམས་ནི་དུས་ཀྱིས་འབྱིན། །སྐྱེ་དགུ་རྣམས་ནི་དུས་ཀྱིས་སྡུད། །དུས་ཀྱིས་གཉིད་ལོག་སད་བྱེད་པས། དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་ཐམས་ཅད་དུས་ཀྱིས་བྱེད་པར་འདོད་པས་སྨྲས་པ་དུས་གང་ཞིག་ཡོད་ན་དབྱར་དགུན་ལ་སོགས་པའི་དངོས་པོའི་འཇུག་ལྡོག་དམིགས་པའི་ཕྱིར་དུས་ཡོད་ལ་དེ་ལ་རྒྱུ་མ་དམིགས་པའི་ཕྱིར་རྟག་པ་ཡིན་ནོ་ཞེས་འདོད་དོ། །དེ་རྟག་ན་དེ་ལས་འབྲས་བུ་རྟག་ཏུ་སྐྱེ་བར་འགྱུར་ཏེ་ལྟོས་པ་མེད་པའི་ཕྱིར་རོ། །དེ་ས་བོན་ལ་སོགས་པའི་རྐྱེན་གཞན་ལ་ལྟོས་ན་དེ་རྐྱེན་གཞན་གྱི་དབང་དུ་འགྱུར་ལ། དེས་ན་དེ་འབྲས་བུར་འགྱུར་ཏེ་དེའི་ཕྱིར་དུ་བ་ལ་སོགས་པ་བཞིན་དུ་མི་རྟག་པར་འགྱུར་རོ། །འབྲས་བུ་མེད་ན་རྒྱུ་དེ་རྒྱུར་གཞག་ཏུ་མི་རུང་སྟེ་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་རྒྱུ་ཡིན་པ་འབྲས་བུས་བྱས་པ་དེའི་ཕྱིར་རྒྱུའོ་ཅོག་ཐམས་ཅད་འབྲས་བུར་ཐལ་བར་འགྱུར་རོ། །སྟོང་ཉིད་བདུན་བཅུ་པ་ལས། །འབྲས་ཡོད་འབྲས་དང་ལྡན་པ་རྒྱུ། །དེ་མེད་ན་ནི་རྒྱུ་མིན་མཚུངས། །ཡོད་ཡིན་མེད་པ་ཡིན་ན་འགལ། དུས་གསུམ་རྣམས་སུ་འཐད་མ་ཡིན། །ཞེས་བཤད་དོ། །རྒྱུ་ནི་རྣམ་པར་འགྱུར་བ་ན་གཞན་སྐྱེད་པའི་རྒྱུར་འགྱུར་ཏེ་དུས་འགྲོ་བ་སྣ་ཚོགས་ཀྱི་རྒྱུ་ཡིན་ནའང་དེ་འགྱུར་དགོས་པས་རྟག་པར་མི་འཐད་དོ། །སྤྱིར་རྟག་པ་འབྲས་བུ་གང་གི་རྒྱུ་ཡིན་པའི་འབྲས་བུའི་དངོས་པོ་དེ་རྒྱུ་མ་བྱུང་བའམ་རྒྱུ་མི་འགྱུར་བ་ལས་སྐྱེ་བ་ཡིན་ལ་དེ་གཉིས་རྒྱུར་མི་རུང་བའི་ཕྱིར་དང་མི་འགྱུར་བར་སྡོད་པའི་འབྲས་བུ་དང་དུས་མཉམ་པ་དེའང་མི་རུང་བས་རྒྱུ་མེད་པར་རང་ཉིད་འབྱུང་བར་འགྱུར་བ་དེ་ལ་རྟག་པའི་རྒྱུ་ནི་ལོག་པའི་རྣམ་རྟོག་ཏུ་འགྱུར་རོ། །དངོས་པོ་ཞེས་བྱ་བས་ནི་དེ་གཉིས་རྟག་མི་རྟག་གི་མཚན་ཉིད་མི་མཐུན་པ་འགོག་གི་རྣམ་པ་མི་མཐུན་པ་མི་འགོག་གོ །དེ་དག་གིས་དུས་རྟག་པ་རྒྱུར་འདོད་པ་བཀག་གི །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་ལས་བརྒྱ་པ་ལས་གསུངས་པས་ལས་དེ་རྐྱེན་དུ་འདོད་དོ། །ཞེས་འགྲེལ་པ་ལས་བཤད་དོ། །མེ་ཤེལ་དང་ཆུ་ཤེལ་ལས་མེ་ཆུ་གཉིས་འབྱུང་བའང་ཉི་ཟླ་གཉིས་ཀྱི་འོད་ཀྱི་འགྱུར་བ་ལས་འབྱུང་བས་ཐམས་ཅད་དུ་རྒྱུ་རྟག་པ་ལས་སྐྱེ་བ་ནི་མེད་དོ། །མུ་སྟེགས་བྱེ་བྲག་པ་སེམས་ཅན་གྱི་ལས་ཀྱིས་བསྐུལ་བའི་རྡུལ་ཕྲ་རབ་ཆ་མེད་བེམ་པོ་རྟག་པ་ལས་སྣོད་བཅུད་ཀྱི་འགྲོ་བ་སྣ་ཚོགས་སྐྱེ་བར་འདོད་པ་འགོག་པ་ནི་རྡུལ་རྣམས་ཕན་ཚུན་འདུ་བ་ལས་ཕྲད་ཅིང་འབྱར་ནས་རགས་པ་རྩོམ་པར་འདོད་པ་དེ་རྡུལ་གང་གིས་ཕྲད་པའི་ཕྱོགས་འགའ་རྒྱུ་ཡིན་ལ་མ་ཕྲད་པའི་ཕྱོགས་འགའ་རྒྱུ་མ་ཡིན་པ་དེས་ན་དེ་རྟག་པར་མི་རིགས་པར་འགྱུར་ཏེ་སྣ་ཚོགས་ཡིན་པའི་ཕྱིར་རི་མོ་སྣ་ཚོགས་བཞིན་ནོ། །མ་ཕྲད་པའི་ཕྱོགས་ཀྱིས་རགས་པ་རྩོམ་པའང་མི་འཐད་དེ་བར་ཆོད་པའི་རྡུལ་གྱིས་ཀྱང་རགས་པ་རྩོམ་པར་ཐལ་བའི་ཕྱིར་རོ། །རྡུལ་དེ་ཕྱོགས་གཅིག་གིས་མི་སྦྱོར་གྱི་རིལ་པོས་སྦྱོར་བས་སྐྱོན་དེར་མི་འགྱུར་རོ་སྙམ་ན། འདི་རྒྱུ་དང་ཟླུམ་པོ་དང་ཕྱོགས་མེད་པ་ནི་རྡུལ་གྱི་མཚན་ཉིད་དུ་འདོད་ན་རྒྱུ་རྡུལ་ཕྲ་རབ་ཀྱི་ཟླུམ་པོ་དེ་ནི་འབྲས་བུ་རྡུལ་དུ་མ་འདུས་པ་ལ་བདག་ཉིད་ཀུན་གྱིས་ཡོད་པས་རགས་པ་རྣམས་ཀྱང་ཟླུམ་པོ་འབའ་ཞིག་ཏུ་འགྱུར་ཏེ་ཟུར་བྱུང་ན་ཀུན་གྱིས་ཕྲད་པ་འཇིག་པའི་ཕྱིར་རོ། །ཡང་རྡུལ་ཕྲ་རབ་ལ་ཕྲ་རབ་དེ་ཐིམ་པས་རགས་པ་ཐམས་ཅད་རྡུལ་ཕྲ་རབ་ཙམ་དུ་འགྱུར་བས་དབང་པོས་མི་སོད་པར་འགྱུར་རོ། །ཕྱོགས་གཅིག་གི་སྦྱོར་བ་ལ་རྡུལ་ཕྲན་གཅིག་གི་གནས་ན་གཅིག་མེད་པའི་ཕྱིར་རྒྱུ་རྡུལ་དང་འབྲས་བུ་རགས་པ་གཉིས་བོང་ཚད་མཉམ་པར་མི་འདོད་པས་རགས་པ་དབང་པོ་ལས་འདས་པར་མི་འགྱུར་མོད། །རྡུལ་འདུ་བ་ན་གཡོ་བས་མི་རྟག་པ་དང་ཕྱོགས་ཆ་ཡོད་པས་གཅིག་མ་ཡིན་པར་ཐལ་བ་ནི་སོ་ན་གནས་སོ། །གལ་ཏེ་རྩོམ་ཙ་ན་ཉེས་པ་དེར་འགྱུར་ཡང་མི་རྩོམ་པའི་ཚེ་ཆ་མེད་པས་སྐྱོན་དེ་མེད་དོ་སྙམ་ན། དེའི་ཚེའང་རྡུལ་ཕན་ཚུན་ངོས་ལ་ལྟ་བས་ཤར་ལ་སོགས་པའི་ཕྱོགས་ཡོད་པས་དེ་དག་གི་ཆ་ཡོད་ལ་ཕྱོགས་ཀྱི་ཆ་ཡོད་པ་དེས་རྡུལ་དེ་རྡུལ་ཕྲན་མིན་པ་རགས་པར་བསྙད་ཅིང་བསྟན་ཏེ་དེ་རགས་པར་ཐལ་ཕྱོགས་ཡོད་པའི་ཕྱིར་བུམ་པ་བཞིན་ནོ། །རྡུལ་དེ་སེམས་ཅན་གྱི་ལས་ཀྱིས་བསྐུལ་ཏེ་འདུས་ནས་རགས་པ་རྩོམ་པ་ན་འདུ་ན་རྡུལ་དེ་མདུན་གྱིས་མདུན་ཕྱོགས་ལེན་ཅིང་གནོན་ལ་རྒྱབ་ཀྱིས་རྒྱབ་ཕྱོགས་གཏོང་བས་གཏོང་ལེན་གཉིས་སུ་འགྱུར་ན་རྡུལ་དེ་ནི་འགྲོ་པོར་མི་འགྱུར་ཏེ་གཏོང་ལེན་གཉིས་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ། །འདུ་ན་ཆ་བཅས་སུ་འགྱུར་ལ་མི་འདུ་ན་མི་རྩོམ་པའི་ཕྱིར་ཆ་མེད་དང་རྩོམ་པ་འགལ་ལོ། །དེ་རྣལ་འབྱོར་པའི་ལྷའི་མིག་གིས་མཐོང་བར་བཤད་དོ་ཞེ་ན། རྡུལ་གང་ལ་ཞེས་གསུངས་ཏེ་དང་པོ་དང་དཀྱིལ་དང་མཐའ་མ་ནི་མདུན་དང་བར་དང་རྒྱབ་ཀྱི་ཆ་སྟེ་གསུམ་པོ་དེ་མངོན་པ་མེད་པ་དེ་སུས་མཐོང་དེ་བལྟ་བྱ་མ་ཡིན་པའི་ཕྱིར་མཐོང་བར་བཤད་པའི་ལུང་ཚད་མ་མ་ཡིན་ནོ། །གལ་ཏེ་རྡུལ་མེད་ན་འཇིག་རྟེན་ཆགས་པའི་རགས་པ་རྣམས་རྒྱུ་ས་བོན་མེད་པར་འགྱུར་རོ་ཞེ་ན། འབྲས་བུས་སྐྱེས་ཙ་ན་རྒྱུ་འཇིག་པས་འབྲས་བུ་རགས་པས་རྡུལ་བཤིག་པས་རྒྱུ་རྡུལ་དེ་རྟག་པ་མ་ཡིན་ནོ། །མེ་སྐྱེས་ཀྱང་མེ་ཤེལ་མི་འཇིག་པ་བཞིན་རྒྱུ་རྡུལ་གནས་སོ་ཞེ་ན། ཡང་ན་ཏེ་དེ་ལྟ་ན་རྒྱུ་ཡོད་པ་ན་འབྲས་བུ་མེད་པས་རྒྱུ་འབྲས་མ་ཡིན་པར་འགྱུར་ཏེ། ཡུལ་བྱེ་བའི་ཕྱིར་བུམ་སྣམ་ལ་སོགས་པ་བཞིན་ནོ་ཞེས་འཆད་མོད་ཀྱི་ལྟག་ཆོད་ཡིན་ཏེ་བྲལ་བའི་རྒྱུ་རྣམས་ནི་རྒྱུ་འགགས་པའི་ས་དེར་འབྲས་བུ་སྐྱེ་ལ། ལྡན་པའི་རྒྱུ་རྣམས་ནི་གོ་ས་ཐ་དད་དུ་རྒྱུའི་རྒྱུན་མ་འགགས་པར་འབྲས་བུ་སྐྱེ་བའི་ཕྱིར་རོ། །ཐོགས་ལྡན་ཞེས་བྱ་བས་ནི་འདུས་མ་བྱས་ནམ་མཁའ་ལ་སོགས་པ་ཐོགས་མེད་ཀྱི་རྟག་པ་ཡོད་པར་སྟོན་ཏོ། །སངས་རྒྱས་ལའང་སྣང་བ་མ་ཡིན་པས་མེད་པ་སྟེ་མ་གསུངས་སོ། །ཁོ་བོ་ཅག་རྫས་ཀྱི་རྡུལ་བརྒྱད་ཀྱང་འབྱུང་བ་བཞི་དང་གཟུགས་ལ་སོགས་པ་འདུས་པ་ལས་གྲུབ་པའི་བུམ་པ་ལ་སོགས་པ་ལ་རྡུལ་བརྒྱད་དུ་བཏགས་པ་ཡིན་གྱི་ཉན་ཐོས་སྡེ་པ་དང་བྱེ་བྲག་པས་བཏགས་པའི་ཆ་མེད་ནི་མི་འདོད་དོ། །སེམས་ཙམ་པ་རྡུལ་དང་རགས་པ་གཉིས་ཀ་རིགས་པས་བཀག་ནས་སེམས་སུ་འདོད་པ་དེ་ནི་རགས་པ་བཀག་པས་འཇིག་རྟེན་མཁས་པ་རྣམས་དང་འགལ་ཞིང་། སེམས་ཀྱི་རྡུལ་ཕྲ་རབ་སྒྲུབ་པར་མི་ནུས་ལ་སེམས་རྐྱང་པ་ལ་འདུས་བྱས་ཀྱི་མཚན་ཉིད་བཞི་རིམ་དང་ཅིག་ཅར་བརྩིར་མི་བཏུབ་ལ། མཚན་ཉིད་མེད་པའི་བྱས་པར་ཡང་བྱར་མི་རུང་བས་ཀུན་རྫོབ་ནི་འཇིག་རྟེན་ལ་ཇི་ལྟར་གྲགས་པ་བཞིན་ཁས་བླངས་ནས་རིགས་པ་ནི་འཕགས་པ་རྣམས་ཀྱིས་གཟིགས་པའི་དོན་ལ་བསྟེན་པར་བྱའོ། །འགྲེལ་པས་རྡུལ་ཕྲ་རབ་རྣམས་སེམས་དང་ཀུན་རྫོབ་ཏུ་ཁྱད་མེད་དུ་བཤད་པ་ནི་ནོར་བ་ཡིན་ཏེ་དེ་ནི་ཉི་ཟེར་གྱི་རྡུལ་གྱི་བཞི་བཅུ་ཞེ་དགུའི་ཆ་གཅིག་ལ་གདགས་པ་ལས་བཤད་དོ། །དེ་ནི་ཚད་མས་མ་གྲུབ་པས་ལོག་པའི་ཀུན་རྫོབ་ཡིན་ཏེ་ཆོས་མངོན་པ་ཀུན་ལས་བཏུས་ནས་རྡུལ་ཕྲ་རབ་ལུས་མེད་པར་རིག་པར་བྱའོ་ཞེས་བཤད་དོ། །ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་མྱ་ངན་ལས་འདས་པ་སོ་སོར་བརྟགས་པའི་འགོག་པ་རྟག་པ་དགེ་བའི་རྫས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ཡུལ་ན་ཡོད་པ་རང་ལ་དམིགས་པའི་ཡེ་ཤེས་སྐྱེད་པའི་བྱ་བའང་མི་བྱེད་པའི་འདུས་མ་བྱས་ཡོད་པར་འདོད་པ་འགོག་པ་ནི་འཁོར་བར་འཆིང་བྱེད་ལས་དང་ཉོན་མོངས་པ་ཀུན་འབྱུང་གི་བདེན་པ་དེས་འཁོར་བར་བཅིངས་པ་སྡུག་བསྔལ་གསུམ་གྱིས་ཅི་རིགས་པར་སྡུག་བསྔལ་བ་སྡུག་བསྔལ་གྱི་བདེན་པ་དང་། གཉིས་པོ་དེ་ལྡོག་པར་བྱེད་པའི་ཐབས་བདག་མེད་གཉིས་སྒོམ་པར་བྱེད་པའི་སེམས་ལམ་གྱི་བདེན་པ་དང་། དེ་གསུམ་ལས་གཞན་པའི་ཐར་པ་འགོག་པའི་བདེན་པའི་མྱང་འདས་རྫས་སུ་ཡོད་ན་དེ་འདུས་མ་བྱས་བྱེད་པ་ཐམས་ཅད་ཀྱིས་སྟོང་པར་འདོད་པས་དེ་ལས་ཅིའང་མི་འབྱུང་བ་དེས་ན་དེ་ཐར་པ་རྫས་སུ་གྲུབ་པ་ཞེས་མི་བརྗོད་དེ་དེ་ལ་མི་འཁྲུལ་བའི་རྟགས་མེད་པའི་ཕྱིར་རོ། །དེ་ནི་ཉོན་མོངས་པ་དང་སྐྱེ་བ་འགོག་ལ་ཆུའི་རགས་ལྟ་བུ་ཡིན་པས་དེ་གཉིས་མི་འབྱུང་བའི་རྟགས་ཀྱིས་ཤེས་སོ་ཞེ་ན། དེ་ནི་དངོས་མེད་དང་བེམ་པོ་འགའ་ཞིག་ལ་འཇུག་པས་མ་ངེས་སོ། །སློབ་དཔོན་ཁ་ཅིག་ནི་ཐར་པ་ཞེས་བྱ་བ་ནི་ཅུང་ཟད་ཀྱང་མི་སྐྱེ་སྟེ་བདེན་པ་གཞན་གསུམ་ལས་རྣམ་པར་གྲོལ་བའི་ཕྱིར་བརྗོད་དུ་མེད་པའི་ཆོས་ཉིད་བཞིན་ནོ། །ཞེས་འཆད་དོ། །དབུ་མ་རྒྱན་ལས། །བསྒོམས་ལས་བྱུང་བའི་ཤེས་པ་ཡིས། །ཤེས་བྱ་འདུས་མ་བྱས་སྨྲ་བའི། །ལུགས་ལའང་གཅིག་མིན་དེ་དག་ནི། །རིམ་ཅན་ཤེས་དང་འབྲེལ་ཕྱིར་རོ། །ཞེས་གཅིག་དང་དུ་བྲལ་གྱིས་བཀག་གོ །དེས་ན་དེ་ནི་ཉོན་མོངས་པ་དང་སྐྱེ་བ་རྒྱུན་ཆད་ནས་སྔར་མི་འབྱུང་བ་ཙམ་ལ་འགོག་པ་ཞེས་བཏགས་པ་ཡིན་ནོ། །དེས་ན་དེ་ལྟ་བུའི་མྱང་འདས་ལ་ཕུང་པོ་རྣམས་དང་དེ་ལེན་པའི་གང་ཟག་མི་སྲིད་པས་དེ་གཉིས་གང་དུ་མྱ་ངན་འདས་པར་གྱུར་པ་ཚད་མ་གསུམ་གྱིས་མ་མཐོང་བ་དེར་མྱ་ངན་འདས་པ་གང་ཞིག་ཡིན་ཏེ་བདག་དང་ཕུང་པོ་ལས་གཞན་པའི་དངོས་པོ་མེད་པའི་ཕྱིར་རོ། །དེས་ན་དེ་རྟག་པའི་རྫས་སུ་མི་རིགས་ལ་ཕུང་པོ་དང་ཕན་ཚུན་རྟེན་དང་བརྟེན་པར་ཡང་མེད་དོ། །གྲངས་ཅན་རྣམས་ཀྱིས་འཁོར་འདས་ཀྱི་ཚུལ་ནི་ཤེས་བྱ་ཐམས་ཅད་བདག་དང་གཙོ་བོ་གཉིས་སུ་བྱས་ནས་གཙོ་བོ་ལའང་རང་བཞིན་ནི་དུག་གསུམ་ཆ་མཉམ་པ་དང་དེ་ལས་རྣམ་འགྱུར་བློ་དང་ང་རྒྱལ་དང་ང་རྒྱལ་ལས་མིག་ལ་སོགས་པ་བློའི་དབང་པོ་ལྔ་དང་ལག་པ་དང་རྐང་པ་དང་བཤང་གཅི་གཉིས་དང་ངག་སྟེ་ལས་ཀྱི་དབང་པོ་ལྔ་དང་གཉིས་ཀའི་དབང་པོ་ཡིད་དང་སྒྲ་ལ་སོགས་ལྔ་དང་དོན་ལྔ་ལས་འབྱུང་བ་ལྔ་སྟེ་ཉི་ཤུ་རྩ་གསུམ་སྐྱེའོ། །བདག་ནི་ཤེས་རིག་གི་སྐྱེས་བུ་རྟག་པ་རྟག་ཏུ་རང་བཞིན་གྱིས་ཁུག་མ་ན་གནས་སོ། །དེ་ལ་གཙོ་བོས་ནི་འཁོར་འདས་ཐམས་ཅད་བྱེད་ལ་བདག་ལ་ནི་བྱེད་པ་མེད་དེ། རང་བཞིན་འཇུག་པ་ལས་ནི་ཡོན་ཏན་རྣམས། །མུན་པས་བསྒྲིབས་ཕྱིར་ཕྱིན་ཅི་ལོག་སེམས་ཀྱི། །བདག་གིས་ཞེས་ཤེས་མི་མཁས་སེམས་པ་ཡིན། །རྩ་འགྲུགས་བྱེད་པའི་ནུས་པའང་ཡོད་མ་ཡིན། །ཞེའོ། །དེ་ལ་ལོང་བ་ནི་རང་གིས་མི་མཐོང་ཡང་མིག་ཅན་གྱིས་ཞའོ་ཁུར་བས་ལམ་བགྲོད་པ་བཞིན་རང་བཞིན་གྱིས་ལས་བྱས་པས་བདག་འཁོར་བར་འཁྲིད་པར་བྱེད་དེ། ཞ་ལོང་བཞིན་དུ་གཉིས་ཀ་ཡི། །འབྲེལ་བ་དེ་ཡིས་འཁོར་བར་བྱས། །ཞེས་སོ། །ཇི་སྲིད་དུ་བདག་དང་གཙོ་བོ་ཐ་མི་དད་དུ་འཁྲུལ་བ་དེ་སྲིད་དུ་འཁོར་བར་འཁྱམ་ལ་དེ་གཉིས་ཐ་དད་དུ་ཤེས་པ་དེ་གོམས་པས་བློ་ལ་སོགས་པའི་རྣམ་འགྱུར་རྣམས་རིམ་གྱིས་ལོག་སྟེ་མ་ལུས་པ་ཞ་བ་ན་ཤེས་རིག་སྒྲ་ལ་སོགས་པའི་དོན་ལྔ་ལ་སྲེད་པ་དང་བྲལ་བར་འགྱུར་ཏེ་དེའི་ཚེ་ཤེས་རིག་རྟག་པར་གནས་པ་དེ་ཐར་པར་འདོད་དོ། །དེ་འགོག་པ་ནི་སྲེད་པ་དང་བྲལ་བའི་བདག་དེ་ལ་ཐར་པ་ཐོབ་པའི་ཚེ་ཤེས་པ་ཡོད་པའི་ཡོན་ཏན་ཅི་ཞིག་ཡོད། དེའི་ཚེ་ཤེས་པ་དེ་མེད་པར་ཐལ་ཏེ་དེའི་ཡུལ་རྣམ་འགྱུར་ཐམས་ཅད་ལོག་ནས་མེད་པའི་ཕྱིར་རོ། །ཡང་ན་ཐར་ཚེ་སྲེད་དང་བྲལ་བ་ལ་ཞེས་སྦྱར་ཏེ་དེ་ལ་ཤེས་པ་ཡོད་པར་མི་འཐད་དེ་དེའི་ཡུལ་ཡོན་ཏན་ལྔ་ཅི་ཞིག་ཡོད་དེ་ལོག་ནས་མེད་པའི་ཕྱིར་རོ། །འདི་བློས་ཞེན་པའི་དོན་ལ་སྐྱེས་བུས་ཤེས་པར་བྱེད་དོ་ཞེས་འདོད་ཅིང་རང་བཞིན་གྱིས་ནི་སྐྱེས་བུའི་འདོད་པ་རིག་ནས་དེ་ལོངས་སྤྱད་པའི་དོན་དུ་རྣམ་འགྱུར་རྣམས་སྤྲུལ་བར་བྱེད་དོ། །སྐྱེས་བུའི་ཉེ་བར་སྤྱོད་པ་ནི། །སྒྲུབ་ཕྱིར་གཙོ་བོ་རབ་འཇུག་སྟེ། །ལྟད་མོ་བ་དག་གྲུབ་བྱའི་ཕྱིར། །གར་གྱི་ལྟད་མོ་བྱེད་པ་བཞིན། །བྱ་བ་དང་། ཇི་ལྟར་འོ་མ་སེམས་པ་མེད་ན་ཡང་། །བེའུ་འཕེལ་བའི་རྒྱུ་མཚན་ཡིན་པ་ལྟར། །དེ་བཞིན་གཙོ་བོ་སྐྱེས་བུ་རྣམས་འཕེལ་བའི། །རྒྱུ་མཚན་ཉིད་དུ་འཇུག་པར་འགྱུར་བ་ཡིན། །ཞེས་འདོད་དོ། །དེའི་ཕྱིར་འདི་ལ་དེའི་ཚེ་སྐྱེས་བུའི་འདོད་པ་དང་རྒྱུ་འབྲས་ཀྱི་གཙོ་བོ་ཐམས་ཅད་མེད་པས་རྒྱུ་མེད་པའི་ཤེས་པ་དེ་མི་འཐད་དོ། །འོ་ན་ནི་དེའི་ཚེ་ཤེས་པ་མེད་དོ་ཞེ་ན། དེ་ལ་ཤེས་པ་མེད་ན་ཡང་ཡོད་པར་འདོད་ཀྱང་ཡོད་པ་མིན་པ་ནམ་མཁའ་ལ་སོགས་པ་དང་འདྲ་སྟེ་དེ་བེམ་རིག་གཉིས་ཀ་མ་ཡིན་པའི་ཕྱིར་རོ། །ཤེས་པ་དེ་མེའི་ཚ་བ་ལྟར་རང་བཞིན་པར་འདོད་པའང་ཞིག་པ་ཡིན་ཏེ་བསྟོད་པ་ལས། ཤེས་པ་མེད་པར་ཡུལ་མེད་ཅིང་། །ཡུལ་མེད་རྣམ་པར་ཤེས་པ་མེད། །དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་བཞིན་མེད་པར་ཁྱོད་ཀྱིས་གསུངས། །ཞེས་བཤད་དོ། །དེའི་ཚེ་ཤེས་པ་དངོས་པོ་མེད་ཀྱང་དེ་བསྐྱེད་པའི་ནུས་པ་ཡོད་དོ། །ཞེ་ན། ཐར་པར་ཤེས་པ་ཡོད་པའི་བདག་ཡོད་ན་དེ་ལ་བརྟེན་པའི་ས་བོན་ཡོད་པ་སྲིད་ན་རྟེན་མེད་པའི་ཕྱིར་བརྟེན་པ་མེད་དོ། །གལ་ཏེ་ཐར་པའི་བདག་མེད་ན་སྲིད་པ་ཡེ་མི་འཛད་པར་འགྱུར་རོ་ཞེ་ན། བདག་དེ་མེད་པས་སྲིད་པ་མི་འཛད་པའི་བསམ་པ་དེ་མེད་དེ་ངེད་བདག་མེད་པའི་ལམ་བསྒོམས་པས་རྒྱུ་ལས་དང་ཉོན་མོངས་པ་དང་འབྲས་བུ་ཕུང་པོ་ཟད་པས་ཕྱི་ནང་གི་བདག་ཏུ་བཏགས་པ་ཐམས་ཅད་རྒྱུན་ཆད་པ་ཐར་པར་འདོད་པའི་ཕྱིར་རོ། །དེ་ལྟར་འདོད་པ་དེའི་ཕྱིར་འཁོར་བའི་སྡུག་བསྔལ་ལས་ཐར་བའི་མི་སྟེ་གང་ཟག་རྣམས་ལ་གཞན་བདག་རྟག་པ་ལ་ཐར་པ་ཡོད་པར་མིན་པར་ངེས་ཏེ་བཅིངས་ཐར་གྱི་འགྱུར་བ་དེ་མི་རུང་བ་དེ་ཕྱིར་ཐར་པའི་རྣམ་པ་ཀུན་ཏུ་བདག་ཏུ་བཏགས་པའི་ཉེར་ལེན་གྱི་ཕུང་པོ་ཟད་པ་དེ་ངེས་ལེགས་ཐར་པར་བརྗོད་དེ། གང་པོའི་རྟོགས་བརྗོད་ལས། །ལུས་ཞིག་ཚོར་བ་བསིལ་བར་གྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཞི། །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་དག་ཡང་དག་མཐའ། །བྱ་བ་དང་། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། །སེར་སྐྱ་ལ་སོགས་ཐར་པ་ཡི། །བདག་ནི་སྲིད་པའི་རྒྱུ་ཞེས་ཟེར། །ཁྱོད་ནི་ཞི་བར་ཞུགས་གྱུར་ནས། །ཞུགས་གུམ་ལྟ་བུར་བགྲང་དུ་མེད། །ཅེས་བཤད་དོ། །གོང་དུ་བསྟན་པའི་ཚུལ་དེ་ལྟར་ན་དབུ་མ་པས་བདེན་གཉིས་ཀྱི་རྣམ་པར་གཞག་པ་ལ་འཇིག་རྟེན་པ་སྤྱོད་པ་ཀུན་རྫོབ་འདི་ཉིད་བླ་སྟེ་རིགས་ཀྱི་ཕྱི་ནང་གི་གྲུབ་མཐའ་སྨྲ་བས་རིགས་པས་དཔྱད་པའི་དོན་དམ་རྣམ་པ་ཀུན་ཏུ་རྟོགས་པ་མ་ཡིན་ཏེ་འཇིག་རྟེན་པའི་ཚུལ་ལ་འཐད་པ་ཅུང་ཟད་ཡོད་ལ་གྲུབ་མཐའ་སྨྲ་བ་རྣམས་ཀྱི་དམ་པའི་དོན་གྱི་རྣམ་གཞག་ལ་རིགས་ངོ་ན་འཐད་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །འདི་རབ་ཏུ་བྱེད་པ་གཅིག་པོ་འདིའི་དོན་སྡུད་མ་ཡིན་གྱི་རིགས་པའི་ཚུལ་ལ་རྣམ་པ་ཀུན་ཏུ་དེ་ལྟར་ཡིན་ནོ། །ཞེས་སྟོན་པ་ཡིན་ནོ། །འདི་ལ་འགྲེལ་པས་མ་འབྲེལ་བའི་བཤད་པ་མང་པོ་བྱས་པ་དེ་དག་ལ་ནི་སྙིང་པོ་མེད་དོ། །དངོས་པོ་རྟག་པ་དགག་པའི་རབ་ཏུ་བྱེད་པ་དགུ་པའི་བཤད་པའོ།།  །།

 

བདག་དགག་པའི་རབ་བྱེད།

བདག་དགག་པར་སྟོན་པ་ན་མུ་སྟེགས་ཅན་རྣམས་ནང་དང་ཕྱིའི་བདག་གཉིས་འདོད་དེ་དང་པོ་ནི། ལུས་དང་དབང་པོ་ལ་གནས་པ་ལས་ཀྱི་འབྲས་བུ་ཟ་བ་པོར་འདོད་ལ་དེ་འགོག་པ་ནི་གང་ཚེ་ཞེས་པ་སྟེ་ནང་ནི་བདག་དེ་གསུམ་པོ་ཡིན་ན་སྐྱེ་བ་རྟག་ཏུ་གསུམ་པོ་དེར་འགྱུར་དགོས་ཏེ་ཕན་ཚུན་འགྱུར་ན་བདག་རྟག་པ་འཇིག་པའི་ཕྱིར་རོ། །དེ་ཚེ་སྟེ་དེ་ཕྱིར་བདག་མེད་མི་ཤེས་པ་ལས་བདག་ཕོའོ་མོའོ་མ་ནིང་ངོ་སྙམ་དུ་སེམས་ཤིང་འཁོར་ཏེ་དཔེར་ན། དོགས་པའི་འདུ་ཤེས་ཀྱིས་ནི་དུག་ལངས་པ། དུག་དེ་ཁོང་དུ་སོང་བ་མེད་ཀྱང་བརྒྱལ་བར་འགྱུར། །དེ་བཞིན་བྱིས་པ་བདག་དང་བདག་གིར་ཁས་ལེན་པ། །བདག་དེར་འདུ་ཤེས་ཡང་དག་མིན་རྟག་སྐྱེ་ཞིང་འཆི། །ཞེས་གསུངས་སོ། །ཕྱིའི་བདག་དགག་པ་ནི། ནང་གི་བདག་ལ་ཕན་གནོད་བྱེད་པའི་འབྱུང་བ་ཆེན་པོ་བཞིའམ་ལྔ་ལ་ཕོ་མོ་མ་ནིང་ཡོད་པས་དེ་བསྐྱེད་པའི་ནང་ལ་གསུམ་པོ་དེའི་བདག་ཡོད་དོ་ཞེ་ན་གང་ཚེ་ཞེས་གསུངས་ཏེ་འབྱུང་བཞི་ལ་གསུམ་པོ་དེའི་རྟགས་མེད་པས་གསུམ་པོ་དེ་མེད་ལ་དེ་ལ་བརྟེན་ནས་སྐྱེས་པའི་ལུས་ཕོ་མོ་མ་ནིང་དུ་འཇོག་པ་ཡིན། རང་བཞིན་མེད་པར་སྨྲ་བ་ལ་རྐྱེན་གྱིས་སྣ་ཚོགས་སུ་འགྱུར་བ་ཡིན་ལ་རང་བཞིན་པ་ལ་ནི་གང་གིས་ཀྱང་འགྱུར་བ་མི་འཐད་དོ། །ཕོ་ལ་སོགས་པའི་རྟགས་མེད་ཀྱང་དེ་དག་གི་བདག་ཡིན་ན་ནམ་མཁའ་ལ་སོགས་པའང་བདག་ཏུ་འགྱུར་རོ། །དེ་དོན་ལ་གྲུབ་ན་མེའི་ཚ་བ་ལྟར་བདག་འཛིན་གྱི་ཡུལ་ངེས་པར་འགྱུར་ན་དེ་མེད་དོ་ཞེས་སྟོན་པ་ནི་ཁྱོད་ཀྱི་བདག་གང་ཡིན་པ་དེ་ནི་ང་ལ་སོགས་པ་གཞན་གྱི་བདག་མིན་པ་དེས་ན་དེ་བདག་རང་བཞིན་པ་མིན་ཏེ་མཐུན་པར་མ་ངེས་པའི་ཕྱིར་རྨི་ལམ་བཞིན་ནོ། །དེས་ན་དངོས་པོ་མི་རྟག་པ་དུ་མ་གཞན་དབང་ཅན་རྣམས་ལ་དེ་ལས་བཟློག་པ་གསུམ་དུ་འཁྲུལ་ནས་བདག་དུ་རྟོག་པ་སྐྱེ་བར་འགྱུར་རོ། །ཡང་སྐྱེ་དང་སྐྱེ་བར་ལུས་སྣ་ཚོགས་སུ་འགྱུར་བ་བཞིན་ནང་གི་སྐྱེས་བུ་བདག་དེའང་སྣ་ཚོགས་སུ་འགྱུར་བར་ཐལ་ལ་དེ་འདོད་ན་ལུས་ལས་གཞན་དང་རྟག་པ་མི་རིགས་ཏེ་ལུས་འགྱུར་བའི་རྗེས་སུ་བྱེད་པའི་ཕྱིར་ལུས་ཀྱི་ཆ་ཤས་བཞིན་ནོ། །ལུས་ངག་གི་རྣམ་རིག་པས་དེ་བསྐུལ་བའི་བདག་ཡོད་དོ་ཞེ་ན། སྤྱིར་རེག་པ་མེད་པ་ལ་བསྐུལ་བ་མེད་དེ་སྲོག་སྟེ་བདག་ཀྱང་དེ་གཉིས་ཀྱི་སྐུལ་བྱེད་དུ་མི་འགྱུར་ཏེ་དེ་རེག་པ་མེད་པའི་ཕྱིར་རོ། །བདག་ནི་དུས་ལྟར་ལུས་དང་ཕྱོགས་མེད་པའི་ཕྱིར་རྟག་པ་མེད་དོ། སེམས་ལའང་ལུས་དང་རེག་པ་མེད་པས་ལུས་ངག་གི་སྐུལ་བྱེད་དུ་མི་འགྱུར་ཞེ་ན། དེ་ལ་གསུམ་འདུས་པའི་རེག་པ་ཡོད་པས་སེམས་ཅན་ཐམས་ཅད་རེག་པའི་ལུས་ཅན་ཡིན་ལ་བདག་ནི་རེག་པ་ཅན་དུ་ཁྱོད་མི་འདོད་དོ། །ཡང་ན་ངེད་སེམས་དངོས་པོ་ཐམས་ཅད་ཀྱི་རྒྱུར་འདོད་ལ་དེས་བསྐྱེད་པའི་རླུང་གི་རེག་པས་ལུས་ངག་གཡོ་བ་ཡིན་ཏེ་ཇི་སྐད་དུ། འདུན་པའི་རྩོལ་བའི་འདུ་བྱེད་ལས། །སྐྱེད་པའི་རླུང་ཅན་ཡུལ་གཞན་དུ། །རྣམ་ཆད་མེད་པར་སྐྱེ་བ་ནི། །འགྲོ་བ་པོ་ཡི་མར་མེ་བཞིན། །ཞེས་བཤད་པ་ཡིན་ནོ། །བདག་གིས་ཀྱང་རླུང་བསྐྱེད་ནས་གཡོ་ན་ནི་བདག་ཏུ་གཡོ་བའམ་མི་གཡོ་བར་འགྱུར་ཏེ་རེས་གཡོ་ན་གཡོ་བྱེད་མི་རྟག་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་སེམས་ལས་གཞན་པའི་བདག་མེད་དོ། །ཁོ་བོ་ནི་མི་འཚེ་བའི་ཐབས་འཚོལ་བ་དང་བདག་རྟག་པ་འདི་ལ་རྒྱུ་ཅི་ཡོད་སྙམ་པ་ནི་འགལ་བས་ན་བཞད་གད་དུ་བྱེད་པའོ། །དོན་ནི་ཁྱེད་མི་འཚེ་བའི་ཐབས་མི་འཚོལ་བར་ཐལ་ཏེ་རྟག་པ་ལ་མེ་དང་མཚོན་དང་དུག་དང་ཐོག་ལ་སོགས་པ་གང་གིའང་གནོད་པ་མེད་པའི་ཕྱིར་རྡོ་རྗེ་ཕ་ལམ་ལ་ཤིང་སྲིན་བསྲུང་མི་དགོས་པ་བཞིན་ནོ་ཞེས་བྱ་བ་ཡིན་ནོ། །ཡང་ཁྱེད་འཁོར་བའི་སྡུག་བསྔལ་ལས་སྲུང་བའི་ཆོས་ཀྱང་མི་འཚོལ་བར་འགྱུར་ཏེ་རྟག་པ་ལ་འཚེ་བ་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ། །སྐྱེ་བ་དྲན་པས་བདག་རྟག་པ་ཡོད་དེ་མི་རྟག་ན་སྔོན་ཞིག་པ་དེ་ད་ལྟ་དྲན་པར་མི་རིགས་པའི་ཕྱིར་རོ་ཞེ་ན། མ་ངེས་པར་སྟོན་པ་ནི་ཚེ་སྔ་མ་ལ་ལུས་རྨ་ཅན་དུ་མཐོང་ཞིང་དྲན་པས་ད་ལྟར་གྱི་ལུས་ཡང་རྨ་ཅན་དུ་རྟག་པའི་ཕྱིར་ཁྱོད་ཀྱི་ལུས་ཀོ་རྒྱུ་མཚན་ཅིས་མི་རྟག་པར་འདོད་དེ་ལུས་ཀྱང་རྟག་པ་ཉིད་དུ་ཟུངས་ཤིག སྔོན་གྱི་བདག་དེ་ད་ལྟ་མེད་ན་དེ་གཉིས་གཅིག་ཏུ་སྣང་ཞིང་དྲན་པ་དེ་ཅི་ཡིན་ཞེ་ན། འདུས་བྱས་རང་བཞིན་མེད་པའི་མིག་འཕྲུལ་དང་འདྲ་བ་རྒྱུད་གཅིག་པ་དང་རྒྱུད་ཐ་དད་པ་ལས་དང་ཏིང་ངེ་འཛིན་ལ་སོགས་པའི་རྒྱུའི་ཁྱད་པར་གྱིས་དུས་གསུམ་གྱི་ཆོས་སྣ་ཚོགས་སུ་སྣང་བ་ནི་བསམ་གྱིས་མི་ཁྱབ་སྟེ་ཞོའི་སྣོད་འོག་ཁང་ན་གནས་པ་ལ་རྩྭའི་ཐོག་གི་སྟེང་དུ་ཕུག་རོན་ཕྱིན་པའི་རྐང་རྗེས་སྣང་ཡང་དེར་མ་ཕྱིན་པ་བཞིན་འདས་པ་དང་ད་ལྟར་བ་གཉིས་གཅིག་ཏུ་གཅིག་མ་ཕྱིན་ཡང་དེ་ལྟར་དེར་ཕྱིན་པར་སྣང་བ་ཡིན་ནོ། །དེ་བཞིན་དུ་འཁྱུད་སྤྱད་ཀྱི་ལས་བསམ་གྱིས་མི་ཁྱབ་པ་རྣམས་ཀྱང་ཡིན་ནོ། །དེ་ལྟར་བདག་ཕྱི་ནང་དུ་རྣམ་པར་ཆེ་བ་མུ་སྟེགས་པའི་འདོད་པ་ཕྱིར་བཀག་ནས་བེམ་པོ་དང་སེམས་པ་ཅན་གྱི་འདོད་པ་བྱེ་བྲག་ཏུ་ཕྱེ་ནས་འགོག་པ་ན་གཟེགས་གཟན་པ་ནི་བདག་བེམ་པོར་འདོད་དེ་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། གཟེགས་གཟན་གྱིས་ནི་ཤེས་ལས་བདག །གཞན་དང་ཁྱབ་པར་ཡོངས་སུ་བརྗོད། །ཁྱོད་ཀྱིས་དེ་ནི་ཤེས་མེད་ན། །ཤིང་དང་འདྲ་བར་ཐལ་འགྱུར་གསུངས། །བྱ་བ་དང་། དེ་ཁོ་ན་ཉིད་བསྡུས་པ་ལས། གཞན་གྱི་བདག་གི་མཚན་ཉིད་ནི། །འདོད་དང་སྲང་སོགས་ཡོན་ཏན་ཅན། །རྟེན་དང་ཀུན་འཇུག་ཟ་བ་པོ། །སེམས་མིན་སེམས་དང་ལྡན་པར་འདོད། །ཅེས་སོ། །དེ་ལ་དེ་རང་གི་ངོ་བོས་སྐྱེ་བར་དྲན་པར་ནི་མི་རིགས་ཏེ་བེམ་པོ་ཡིན་པའི་ཕྱིར་དང་། དྲན་ན་སེམས་སུ་འགྱུར་བའི་ཕྱིར་རོ། །སེམས་དང་ལྡན་པས་བདག་བེམ་པོ་ཡིན་ཡང་དྲན་ཅིང་ཤེས་པ་པོ་ཡིན་ན་སེམས་དང་ལྡན་པ་དེ་ཡི་སེམས་པ་ཅན་དེ་རང་ཉིད་སེམས་པ་མིན་པ་དང་སྐྱེས་བུ་དེ་མི་རྟག་པར་ཡང་འགྱུར་ཏེ་དེ་སེམས་ཀྱི་ངོ་བོ་མ་ཡིན་པའི་ཕྱིར་དང་། སེམས་ཀྱི་ཡུལ་ཤེས་མ་ཤེས་ཀྱིས་ཁོ་ཤེས་པ་པོ་ཡིན་མིན་དུ་འགྱུར་འགྲོ་བའི་ཕྱིར་རོ། །དེ་རང་ཉིད་སེམས་མ་ཡིན་ཡང་སེམས་དང་ལྡན་པས་སེམས་སུ་འདོད་ན་བདག་སེམས་མ་ཡིན་པ་དང་ལྡན་པས་སེམས་ཀྱང་སེམས་མ་ཡིན་པར་འགྱུར་ཏེ། རྒྱུ་མཚན་མཚུངས་པའི་ཕྱིར་རོ། །འདི་བདག་གིས་ཡོན་ཏན་མིག་སོགས་བློ་ལྔ་བདེ་སྡུག་དང་། འདོད་སྡང་ཆོས་དང་ཆོས་མིན་འདུ་ཤུགས་འབད་ཅེས་བྱ་བ་བཅུ་གསུམ་འདོད་དེ་དེ་འདྲའི་བདེ་སོགས་དང་ལྡན་པའི་སྲོག་སྟེ་བདག་བདེ་སྡུག་ལ་སོགས་པ་འགལ་བ་རྣམས་དུས་གཅིག་ལ་བདེན་པ་མི་རུང་བས་བདེ་སོགས་བཞིན་དུ་སྣ་ཚོགས་མཐོང་སྟེ་དེ་དང་ལྡན་པའི་ཚེ་གཞན་དང་མི་ལྡན་པར་མཐོང་བ་དེ་ཕྱིར་བདག་དེ་ཞེས་སྦྱར་ཏེ་ཡོན་ཏན་དུ་མར་འགྱུར་བའི་ཚེ་ཡོན་ཏན་ཅན་ཡང་དུ་མར་འགྱུར་འགྲོ་བར་ཐལ་བའོ། །གྲངས་ཅན་གྱི་བདག་འགོག་པ་ན་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། སེར་སྐྱས་བདག་གི་མཚན་ཉིད་ནི། །ཤེས་དང་ལྡན་པར་ཡོངས་སུ་བརྟགས། །ཁྱོད་ཀྱིས་དེ་ལྟར་མིན་ན་བདག །མི་རྟག་ཉིད་དང་ལྡན་ཞེས་བསྟན། །ཞེས་འབྱུང་ངོ་། །དེ་ལ་གལ་ཏེ་བདག་ཤེས་པའི་ཡོད་པར་རྟག་ན་བྱེད་པ་ཅན་གྱི་རྒྱུ་འབྲས་ཀྱི་གཙོ་བོ་རྣམས་ལོག་སྟེ་དོན་མེད་པར་འགྱུར་ཏེ་མེ་རྟག་ན་བུད་ཤིང་དོན་མེད་པ་བཞིན་ནོ། །མེ་བུད་ཤིང་ལས་འབར་བ་བཞིན་ཤེས་རིག་ཡུལ་ལྔ་ལ་གཙོ་བོ་ལས་འཁོར་བའི་ཚུལ་ནི་བཤད་ཟིན་ལ་རྟག་པ་ནི་རྐྱེན་ལ་མི་ལྟོས་པས་གཙོ་བོ་ལ་ཡེ་མི་ལྟོས་པར་འགྱུར་ན་ལྟོས་པར་ཡང་བཤད་ཟིན་པའི་ཕྱིར་ལྟོས་པ་ནི་རྟེན་འབྲེལ་རང་བཞིན་མེད་པ་དང་མི་རྟག་པ་ཡིན་ནོ། །གལ་ཏེ་ཤིང་གི་རྫས་ནི་གཡོ་བའི་བྱ་བ་བཞིན་མ་ཞིག་གི་བར་དུ་གཡོ་བ་མེད་པར་སྡོད་པས་ཤིང་རྟག་ལ་གཡོ་བ་མི་རྟག་པ་བཞིན་དང་སྡོད་པ་རླུང་ལ་མི་ལྟོས་ལ་གཡོ་བ་ལྟོས་པ་བཞིན་འདི་ཡང་དེ་ལྟར་ཡིན་པ་དེས་ན་ཤིང་གི་རྫས་དེ་འདྲ་བའི་སྐྱེས་བུའི་ཡོད་པ་ནི་གཙོ་བོ་ལ་མི་ལྟོས་པས་རྟག་པའི་རང་བཞིན་ཡིན་ལ་གཡོ་བ་དང་འདྲ་བ་ཡུལ་ལྔ་ཤེས་པའི་ཡོད་པ་ནི་གཙོ་བོ་མེད་པར་མི་འབྱུང་ངོ་། །ཞེས་བྱ་བར་ནི་མི་རིགས་ཏེ་ཤེས་པ་མ་ཡིན་པའི་སྐྱེས་བུ་བེམ་པོར་འགྱུར་བའི་ཕྱིར་དང་། སེམས་དང་ལྡན་པས་སེམས་ཡིན་པ་སྔར་བཀག་པའི་ཕྱིར་དང་། ཤེས་བྱའི་གྲངས་ཉི་ཤུ་རྩ་དྲུག་ཏུ་ཐལ་བའི་ཕྱིར་རོ། །ཅི་སྟེ་ཉེས་པ་དེ་དག་གིས་འཇིགས་ནས་སྐྱེས་བུ་དེ་གནས་སྐབས་གཞན་དུ་ཤེས་པ་ཡོད་པའི་ཁམས་ཏེ་ཤེས་པའི་རྒྱུའམ་ས་བོན་དུ་མཐོང་ཞིང་གནས་སྐབས་གཞན་དུ་ཤེས་པའི་གསལ་བར་ཡོད་དེ་ལྕགས་མེ་དང་ལྡན་བྲལ་ཞུ་འཁྱགས་སུ་འགྱུར་བ་བཞིན་ནོ། །ཞེ་ན། དེ་ལྟར་ཡིན་པ་དེའི་ཕྱིར་སྐྱེས་བུ་རྣམ་པར་འགྱུར་བ་མི་རྟག་པར་འགྱུར་ཏེ་གཙོ་བོ་ཡོད་མེད་ལས་ཤེས་པའི་གསལ་བ་ཡོད་མེད་དུ་འགྱུར་བའི་ཕྱིར་རོ། །གྲངས་ཅན་གྱི་བྱེ་བྲག་ཁ་ཅིག་ན་རེ་ངེད་ཤེས་པའི་ཡོད་པ་ནི་གཉིས་ཀའི་དབང་པོ་ཡོད་ཙམ་འབའ་ཞིག་ལ་ལྡན་ཏེ་སྲོག་ཆགས་ཐམས་ཅད་ལ་ཁྱབ་པའི་བདག་གམ་སྐྱེས་བུ་ནི་ནམ་མཁའ་བཞིན་ཏུ་ཆེ་ལ་དེ་ལ་ཡིད་རྡུལ་ཕྲ་རབ་ཙམ་ཞིག་ལྡན་ཏེ་དེ་ཙམ་གྱིས་བདག་ཤེས་པ་ཅན་ཡིན་པས་སྔར་བཤད་པའི་སྐྱོན་རྣམས་མེད་དོ་ཞེ་ན། དེ་ལྟར་ཡིན་པ་དེའི་ཕྱིར་བདག་དེའི་ངོ་བོ་ནི་ཤེས་པ་ཡོད་མིན་དུ་མཐོང་སྟེ་བདག་རྫས་དང་ཡིད་དེའི་ཡོན་ཏན་ཡིན་པས་བདག་གི་ངོ་བོ་ནི་ཤེས་པ་མ་ཡིན་ལ་དེ་རྡུལ་ཕྲ་མོ་ཙམ་ལྡན་པས་ཀྱང་དེར་མི་འགྱུར་ཏེ་རྡུལ་ཕྲ་རབ་ཙམ་གྱི་ལན་ཚྭ་ཡོད་པས་གངྒའི་ཆུ་ཀླུང་ལན་ཚྭ་ཅན་དུ་བཞག་པར་མི་ནུས་པ་བཞིན་ནོ། །འདི་ནི་བྱེ་བྲག་པའི་འདོད་པར་ཡང་བཤད་རུང་ངོ་། །གལ་ཏེ་ཡང་བདག་གཅིག་གིས་ཀུན་ལ་ཁྱབ་པར་ཡོད་ན་གཞན་གྱི་བདག་དེ་རྒྱུ་མཚན་ཅིས་ངར་མི་རྟོགས་ཏེ་གཞན་གྱིས་གཞན་གྱི་བདག་ལ་ངར་འཛིན་པར་འགྱུར་ཏེ་ཐུན་མོང་གི་གཅིག་ཡིན་པའི་ཕྱིར་རྫས་ཐུན་མོང་བ་ལ་ངར་འཛིན་མཐུན་པར་འཇུག་པ་བཞིན་ནོ། །གཞན་གྱིས་བདག་དེ་བསྒྲིབས་པས་གཞན་གྱིས་ངར་མི་འཛིན་ནོ་ཞེ་ན། བདག་དེ་ཉིད་ཀྱིས་དེ་ཉིད་ལ་བསྒྲིབས་པར་མི་འཐད་དེ་བདག་ཐམས་ཅད་གཅིག་ཡིན་པས་དེས་དེ་ཉིད་ལ་བསྒྲིབས་ན་རང་གིས་བདག་ལའང་ངར་མི་འཛིན་པར་འགྱུར་རོ། །གྲངས་ཅན་གང་གི་ཡོན་ཏན་གསུམ་ཆ་མཉམ་པའི་རྒྱུའི་གཙོ་བོས་སྐྱེས་བུ་ཡུལ་ལ་སྤྱོད་པར་འདོད་པའི་འདོད་པ་རིག་ནས་རྣམ་འགྱུར་རྣམས་བྱེད་པ་པོར་འདོད་པ་དང་གཙོ་བོ་དེ་ལ་རྣམ་པ་ཀུན་ཏུ་ཤེས་པ་མེད་པར་སྨྲ་བ་དེ་དག་དང་སྨྱོན་པར་ཁྱད་པར་མེད་པ་ནི་ཤེས་པ་ཕྱིན་ཅི་ལོག་སྣ་ཚོགས་སུ་གྱུར་བར་འདྲ་བའི་ཕྱིར་རོ། །ཡོན་ཏན་གསུམ་གྱིས་རྣམ་འགྱུར་ཐམས་ཅད་བྱེད་ཤེས་ལ་ཟ་བ་སླ་བ་དེ་མི་ཤེས་པ་ནི་ཟ་པོ་ནི་བདག་ཏུ་འདོད་པའི་ཕྱིར་རོ། །མི་རིགས་པ་ནི་རིགས་པ་དང་འཇིག་རྟེན་པ་གཉིས་ཀ་དང་འགལ་བའི་ཕྱིར་རོ། །བྱེ་བྲག་པ་བདག་དགེ་སྡིག་གཉིས་ཀའི་བྱེད་པ་པོ་དང་དེའི་འབྲས་བུ་ཟ་བ་པོ་གཉིས་ཀར་འདོད་པ་འགོག་པ་ནི་བྱ་བ་དང་ལྡན་པ་ཐམས་ཅད་ལ་རྟག་པ་མེད་དེ་བྱ་བ་བྱེད་པ་ཐམས་ཅད་ལ་འགྱུར་བས་ཁྱབ་པའི་ཕྱིར་རོ། །ཁྱེད་བདག་ཐམས་ཅད་ལ་ཁྱབ་པར་འདོད་དེ་ཀུན་ཏུ་སོང་བ་ལ་བྱ་བ་མེད་དེ་ཡུལ་དུས་གསར་དུ་འགྲོ་བ་མེད་པའི་ཕྱིར་འདུས་མ་བྱས་ནམ་མཁའ་བཞིན་ནོ། །བདག་ལ་བྱ་བ་མེད་པ་ནི་མེད་པ་རི་བོང་གི་རྭ་དང་མཚུངས་ཏེ་བྱ་བ་མེད་པའི་དངོས་པོ་མི་སྲིད་པའི་ཕྱིར་རོ། །རང་གི་སྡེ་པ་བྱ་བྱེད་མེད་པའི་དངོས་པོ་ཙམ་འདོད་པ་དེའང་མ་ཡིན་ཏེ། མདོ་ལས། འདུས་བྱས་ཐམས་ཅད་སྐད་ཅིག་མ། །མི་གནས་བྱ་བ་ག་ལ་ཡོད། །ཅེས་གསུངས་པའི་དོན་ནི་བདག་གི་བྱ་བྱེད་བཀག་པ་ཡིན་གྱི་ཆོས་རྟེན་ཅིང་འབྲེལ་བར་འབྱུང་བའི་བྱ་བྱེད་བཀག་པ་ནི་མ་ཡིན་ཏེ་དེ་ཁས་མི་ལེན་ན་སངས་རྒྱས་པ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །བདག་རིགས་པ་དེ་དག་གིས་ཁེགས་པས་བདག་མེད་ལ་ཁྱོད་ཅིས་མི་དགའ་སྟེ་རྟེན་འབྲེལ་ཆོས་ཙམ་དུ་ལྟ་བ་ལས་ལྟ་བའི་དྲ་བ་ཐམས་ཅད་ལོག་ནས་མཐོ་རིས་དང་ཐར་པ་འཐོབ་པའི་ཕྱིར་རོ། །ཡང་བདག་རང་བཞིན་པ་ཡོད་ན་ཐམས་ཅད་རྟོགས་པ་མཐུན་པར་འགྱུར་ན་དེ་མེད་དོ། །ཞེས་སྟོན་པ་ནི་གྲངས་ཅན་པ་དང་བྱེ་བྲག་པ་ལ་སོགས་པ་ལ་ལས་ཞེས་བྱ་བ་སྟེ་ཁ་ཅིག་ལུས་རེ་རེ་ཞིང་ཐ་མི་དད་དུ་གནས་པའི་བདག་ནམ་མཁའ་བཞིན་དུ་ཐམས་ཅད་དུ་སོང་བར་འདོད་དོ། །ཁ་ཅིག་ནི་ཟླ་བ་གཅིག་གིས་ཆུ་ཐམས་ཅད་ལ་གཟུགས་བརྙན་གྱིས་ཁྱབ་པ་བཞིན་བདག་གཅིག་གིས་ཐམས་ཅད་ལ་ཁྱབ་པར་འདོད་དེ་བདག་ནི་ཐམས་ཅད་ན་ཁྱབ་པ་ཡིན་ཏེ་བདག་གི་ཡོན་ཏན་བདེ་སྡུག་ཐམས་ཅད་ན་ཁྱབ་པའི་ཕྱིར་ཞེས་འགོད་དོ། །གཅེར་བུ་པ་ལ་ལས་ལུས་ཙམ་སྟེ། །གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཁྱོད་ཀྱིས་དེ་ནི་ཕྱོགས་གཅིག་ཕྱིར། །རྣམ་པར་འཇིག་པར་འགྱུར་ཞེས་གསུངས། །ཞེས་བཤད་དོ། །རིགས་པ་ཅན་པ་ལ་སོགས་པ་ལ་ལས་རྡུལ་ཙམ་དང་སྐྲ་རྩེ་འབུམ་གྱི་ཆ་ཙམ་དང་ཡུངས་འབྲུ་ཙམ་དང་ཤེལ་གོང་དག་པ་ལྟ་བུའི་མཐེ་བོང་ཙམ་དང་རི་རབ་ཙམ་བསྟན་པར་མི་ནུས་པ་འདོད་ལ་བྱ་བ་དམིགས་པའི་རྟགས་ཀྱིས་ཡོད་པར་སྒྲུབ་བོ། །སངས་རྒྱས་ཀྱི་ལུགས་འཛིན་པ་ཤེས་རབ་ཅན་གྱིས་བདག་མེད་ཅེས་མཐོང་ངོ་། །ཡང་བདག་རྟག་པ་ལ་ཉོན་མོངས་དང་སྡུག་བསྔལ་ལ་སོགས་པའི་གནོད་པ་མེད་ལ་གནོད་མེད་ལའང་གནོད་པ་ལས་ཐར་པ་མེད་པ་དེས་ན་མུ་སྟེགས་པ་གང་གི་བདག་རྟག་པ་དེ་ལ་ཐར་པ་མི་རིགས་ཏེ་སྔ་ཕྱི་ལ་ཁྱད་པར་མེད་པའི་ཕྱིར་དང་རྩོལ་བས་སྐྱོན་རྙིང་པ་བསལ་བ་དང་ཡོན་ཏན་གསར་པ་བསྐྱེད་དུ་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ། །གཞན་ཡང་བདག་ཡོད་ན་བདག་མེད་སྙམ་པ་དེ་མི་རིགས་ཤིང་འཁྲུལ་པས་དེ་ཉིད་རིག་པ་ངེས་ཤིང་མཐར་ཐུག་པ་ལས་མྱ་ངན་ལས་འདས་པར་འགྱུར་བའང་བརྫུན་དུ་འགྱུར་ཏེ་སངས་རྒྱས་པའི་ལུགས་ལ་མྱང་འདས་དེ་ཡོད་པ་ལ་མེད་པར་འཛིན་པའི་བློ་འཁྲུལ་པར་འདུག་པའི་ཕྱིར་དང་། ཁྱེད་ཀྱི་ལུགས་ཀྱི་བདག་གི་དེ་ཉིད་རིག་པ་ངེས་པ་མྱང་འདས་སུ་འདོད་ན་བདག་འཛིན་ལས་ཉོན་མོངས་པའི་ཚོགས་བྱུང་ནས་ཡང་འཁོར་བའམ་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ། དེ་ཉིད་ཉི་ཤུ་ལྔ་ཤེས་ན། །རལ་པའམ་བྱི་བོའམ་གཙུག་ཕུད་དམ། །ཆ་ལུགས་གང་གིས་གནས་ཀྱང་རུང་། །གྲོལ་འགྱུར་འདི་ལ་ཐེ་ཚོམ་མེད། །བྱ་བ་དང་། རྟོག་གེ་འབར་བ་ལས། །བློ་སོགས་བདག་གི་ཡོན་ཏན་བཅད། །དྲུངས་ནས་ཕྱུང་བའི་རྣལ་འབྱོར་པ། །ཡིད་ལ་བདག་ཅེས་གནས་པ་ནི། །བྱེ་བྲག་པ་ཡི་ཐར་པར་ཤེས། །ཞེས་བཤད་དོ། །དེའི་ཕྱིར་བདག་ཡོད་ན་ཕྱི་ནང་གཉིས་ཀ་ལ་ཐར་པ་མི་རུང་ངོ་། །གལ་ཏེ་གྲོལ་བའི་ཚེ་ན་བདག་མེད་ན་བདག་མེད་དེ་ནི་སྔར་མ་གྲོལ་བ་ན་ཡང་མེད་པ་ཡིན་ཏེ་ཡིད་ལ་བདག་ཡེ་ནས་མི་ལྡན་པ་ལ་གང་དེ་མཐོང་བ་དེ་ནི་རང་བཞིན་ཏེ་གཉུག་མའི་ཆོས་ཉིད་མཐོང་བར་མདོ་ལས་བཤད་དེ་ཅི་ཡང་མཐོང་བ་མེད་པ་ནི་མཐོང་བ་དམ་པ་མ་ཡིན་ནོ་ཞེས་སོ། །འདི་ལ་གྲོལ་བ་ཡོད་ཉིད་ན་ཞེས་འདོན་པ་དེ་ནི་བཤད་དཀའོ། །ཁ་ཅིག་ནི་གློ་བུར་གྱི་དྲི་མ་དང་མི་ལྡན་པ་ལ་མཐོང་བ་དེ་གཉུག་མའི་རང་བཞིན་དུ་བཤད་ཅེས་འཆད་དོ། །གལ་ཏེ་བདག་རྟག་པ་མེད་ན་མི་རྟག་པ་ལ་རྒྱུན་མི་རུང་བས་ཆད་པའི་ལྟ་བར་འགྱུར་རོ་ཞེ་ན། དེ་ལྟ་ན་བསྐལ་པ་དང་པོ་ནས་ད་དུང་རྩྭ་སོགས་རྣམས་ཀྱི་རྒྱུན་ཅི་སྟེ་ཡོད་མི་རྟག་པ་ལ་རྒྱུན་མེད་པ་དེ་བདེན་ན་སུ་ལའང་གཏི་མུག་དང་ཆགས་སྡང་ལ་སོགས་པ་མི་འབྱུང་བར་འགྱུར་བས་ཆད་པའི་སྐྱོན་མེད་དོ། །བདག་ནི་ཡོད་དུ་ཆུག་ཀྱང་གཟུགས་ལ་སོགས་པ་ཕྱི་ནང་གི་འཁོར་འདས་ཀྱི་ཕུང་པོ་ལྔ་ནི་རང་རང་གི་རྒྱུ་གཞན་ལས་སྐྱེ་འཇིག་གནས་གསུམ་བྱེད་པར་མཐོང་གི་བདག་གིས་ནི་བྱེད་པར་མ་མཐོང་བས་དེ་རྒྱུ་མ་ཡིན་ནོ། །འདི་རྒྱས་པར་ནི་ཚད་མ་རྣམ་པར་ངེས་པ་ན་ཡོད་དོ། །གང་ཞིག་ཡོད་ན་གང་འགྱུར་ཉིད། །དེ་ལས་གཞན་པ་དེ་ཡི་རྒྱུར། །རྟོག་པ་ཡིན་ན་ཐམས་ཅད་ལ། །རྒྱུ་རྣམས་ཐུག་པ་མེད་པར་འགྱུར། །ཞེས་བཤད་དོ། །དེ་ཉིད་བྱེ་བྲག་ལ་མཚོན་ནས་སྟོན་པ་ནི་ཇི་ལྟར་ཏེ་དཔེར་ན་ས་བོན་ཏེ་རྒྱུ་སྔ་མས་བྱས་པ་ལ་འབྲས་བུ་མྱུ་གུ་ཡང་རྒྱུས་བྱས་པ་ཞེས་དང་། མི་རྟག་པ་གཉིས་ཀྱིས་ནི་རྟག་པའི་རྒྱུ་འབྲས་མེད་པར་སྟོན་ཏོ། །རྟེན་འབྲེལ་གྱིས་རྟག་ཆད་ཀྱི་མཐའ་སྤོང་བའི་ཚུལ་སྟོན་པ་ནི་གང་ཕྱིར་ཞེས་པ་སྟེ་དངོས་པོ་འཇུག་འགྱུར་བ་ནི་རྒྱུ་ཚང་ན་འབྲས་བུ་རྒྱུན་མ་ཆད་དུ་འབྱུང་བས་འཁོར་འདས་ཀྱི་རྟེན་འབྲེལ་ཆད་པར་མི་འགྱུར་ཏེ་འདིས་ནི་འཇིག་རྟེན་རྒྱང་འཕེན་པ་སྐྱེ་བ་སྔ་ཕྱི་མེད་པས་འཁོར་འདས་རྒྱུན་ཆགས་མེད་པ་དང་། དཔྱོད་པ་བ་དྲི་མ་སེམས་ཀྱི་རང་བཞིན་ཡིན་པས་མྱང་འདས་ཡེ་མེད་པར་འདོད་པའི་ལོག་རྟོག་སེལ་ལོ། །དངོས་པོ་ལྡོག་འགྱུར་ཞེས་བྱ་བས་ནི་རྒྱུ་ལོག་ན་འབྲས་བུ་ལྡོག་པས་རྟེན་འབྲེལ་ལ་རྟག་པའི་མཐའ་སེལ་ཏེ་འདིས་གྲངས་ཅན་དང་དཔྱོད་པ་པ་དང་དབང་ཕྱུག་པ་ལ་སོགས་པ་རྒྱུ་རྟག་པ་མ་ལོག་པར་འབྲས་བུ་རྟག་པ་སྐྱེ་བར་འདོད་པ་སེལ་ཏེ་དེ་དག་གི་ཚུལ་རྒྱས་པ་ནི་གྲུབ་མཐའ་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །བདེན་གཉིས་ལས། གང་ཕྱིར་རྒྱུ་ལས་བྱུང་དེའི་ཕྱིར། །འདི་ནི་ཅི་ཕྱིར་ཆད་པར་འགྱུར། །དེ་ལོག་ན་ནི་རྟོག་པ་ལ། །ཇི་ལྟར་རྟག་པ་ཉིད་ཡིན་སྨྲོས། །ཞེས་བཤད་དོ། །འགྲེལ་པས་དངོས་པོའི་སྒྲ་རྒྱུ་འབྲས་སོ་སོ་ལ་སྦྱར་བ་དེ་ནི་མ་ཡིན་ནོ། །འདིས་ཀྱང་ཆོས་ཐམས་ཅད་རང་གི་ངོ་བོ་ལས་མ་གྲུབ་པར་བསྟན་ཏོ། །བདག་དགག་པའི་རབ་ཏུ་བྱེད་པ་བཅུ་པའི་བཤད་པའོ།།  །།

 

དུས་དགག་པའི་རབ་བྱེད།

དུས་དགག་པ་སྟོན་པ་ན་འབྱུང་བ་བཞི་དང་ནམ་མཁའ་དང་ས་བོན་ལ་སོགས་པ་ཡོད་ཀྱང་མྱུ་གུ་དང་མེ་ཏོག་དང་རྩི་ཤིང་ལ་སོགས་པ་མི་སྐྱེ་བས་དུས་ཀྱི་རྒྱུ་ལ་ལྟོས་ལ་དེའང་རྟག་པ་ཡིན་ནོ། །ཞེས་མུ་སྟེགས་དུས་རྒྱུར་སྨྲ་བ་དག་འདོད་པ་དེ་འགོག་པ་ནི་དེ་དངོས་པོ་ལས་ཐ་དད་དུ་གྲུབ་པ་ནི་མེད་དེ། མ་དམིགས་པའི་ཕྱིར་དང་ཚོར་བ་ལ་སོགས་པ་ལྟར་ཉམས་སུ་མྱོང་བ་དང་། གཟུགས་སྒྲ་ལ་སོགས་པ་ལྟར་དབང་ཤེས་ཀྱིས་མི་རྟོགས་པའི་ཕྱིར་དང་། རྗེས་དཔག་གིས་ཀྱང་མ་ཡིན་ཏེ་གང་དུའང་མངོན་སུམ་གྱིས་མ་གྲུབ་པ་ལ་ཁྱབ་པ་ངེས་བྱེད་མེད་པའི་ཕྱིར་དང་། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ལ་སོགས་པའང་ཉི་མའི་འགྲོས་ལ་བརྟགས་པ་ཡིན་པས་དུས་དང་འབྲེལ་བ་མེད་པས་རྟགས་མ་ཡིན་པའི་ཕྱིར་དང་། མི་འཁྲུལ་བའི་རྟགས་གཞན་ཡང་མེད་པའི་ཕྱིར་རོ། །དེས་ན་བུམ་པའི་སྒོ་ནས་དུས་གསུམ་གྱི་ཁྱད་པར་འཇོག་པས་དེའི་སྒོ་ནས་འགོག་པ་ནི་མ་འོངས་པའི་བུམ་པ་ལ་ད་ལྟར་བ་དང་འདས་པའི་བུམ་པ་མེད་དེ་རྒྱུ་མཚན་གང་ཕྱིར་འདས་ད་ལྟར་གྱི་བུམ་པ་དེ་གཉིས་མ་འོངས་པ་དེར་ཕྱི་ནུར་བྱས་ནས་སྡོད་པ་མེད་པའི་ཕྱིར་ཏེ་སྡོད་ན་རྟག་པར་འགྱུར་བའི་ཕྱིར་རོ། །དུས་དང་པོ་གཉིས་མེད་པ་དེ་ཕྱིར་དེ་ལ་ལྟོས་པའི་མ་འོངས་པ་མེད་དེ་གསུམ་པོ་ཕན་ཚུན་ལྟོས་པས་གཅིག་མེད་ན་གསུམ་ག་མེད་པར་འགྱུར་བའི་ཕྱིར་རོ། །འདིར་དུས་གསུམ་གཞན་ལ་མ་ལྟོས་པ་རང་གི་ངོ་བོས་བསྟན་པར་མི་ནུས་པས་དེ་དང་དེའི་བུམ་པ་ཞེས་དེས་མཚོན་ནས་སྟོན་པ་ཡིན་ནོ། །དེ་ལ་ད་ལྟར་བྱུང་བ་ནི་བུམ་པ་དེ་སྐྱེས་ལ་མ་འགག་པའོ། །འདས་པ་ནི་དེ་ཞིག་པའོ། །མ་འོངས་པ་ནི་ད་ལྟར་དུ་མ་གྲུབ་པ་སྟེ་དངོས་པོ་ལས་གཞན་དུ་གྱུར་པའི་དུས་རྟག་མི་རྟག་གང་ཡང་མེད་པས་དུས་གཞན་དང་གཞན་གྱི་དངོས་པོ་དེ་དུས་དེ་དང་དེ་ན་ཡོད་པར་འགྱུར་རོ་ཞེས་གསུམ་ག་ཕན་ཚུན་བསྣོལ་ལ་དགག་སྟེ་དེ་ལྟར་ཡོད་ན་ནི་དངོས་པོ་མི་འགྱུར་བ་རྟག་པའི་དོན་དུ་འགྱུར་བས་རྟག་པའི་སྐྱོན་བརྗོད་པས་དགག་གོ །གལ་ཏེ་ཞིག་པ་འདས་པའི་བུམ་པ་དེ་མ་འོངས་པའི་ངོ་བོར་མ་འོངས་པ་ལ་ཡོད་པས་འདས་པ་མ་འོངས་པ་ལ་མེད་པར་མ་གྲུབ་ཅེ་ན། དེ་ཇི་ལྟར་འདས་པར་འགྱུར་ནས་འདས་པ་མ་ཡིན་པར་ཐལ་ཏེ་མ་འོངས་པའི་བདག་ཉིད་དུ་ཡོད་པའི་ཕྱིར་མ་འོངས་པ་ཉིད་བཞིན་ནོ། །ཡང་མ་འོངས་པ་ད་ལྟར་གྱི་ཚེ་མེད་ན་དེ་སྟོང་པ་ཉིད་དུ་གྲུབ་ལ་ཅི་སྟེ་མ་འོངས་པའི་དངོས་པོ་དེ་ད་ལྟར་གྱི་ཚེ་མ་འོངས་པའི་བདག་ཏུ་གནས་པར་འགྱུར་ན་དེ་ད་ལྟར་བར་འགྱུར་ཏེ་ད་ལྟ་གྲུབ་ནས་གནས་པའི་ཕྱིར་ད་ལྟར་གྱི་བུམ་པ་བཞིན་ནོ། །དེ་ལྟ་ན་མ་འོངས་པ་མི་སྲིད་པས་འདས་ད་ལྟར་ཡང་མེད་དེ་ལྟོས་ས་མེད་ན་ལྟོས་ཆོས་མེད་ཅིང་གཅིག་མེད་པས་ཀུན་མེད་པའི་ཕྱིར་རོ། །དེ་ལྟར་ཕྱི་རོལ་པའི་དུས་བཀག་ནས་ནང་པའི་འགོག་པ་ན་བྱེ་བྲག་ཏུ་སྨྲ་བ་ན་རེ་བུམ་པ་ལ་སོགས་པའི་འདུས་བྱས་རྣམས་དུས་གསུམ་ག་ད་ལྟར་གྱི་ཚེ་རྫས་སུ་གྲུབ་ལ་དེ་ལ་ལུགས་བཞི་ལས་དངོས་པོ་གཞན་དུ་འགྱུར་བ་ནི་བཙུན་པ་ཆོས་སྐྱོབ་སྟེ་དུས་ཀྱི་དངོས་པོ་ཐ་དད་ཀྱང་བུམ་པའི་རྫས་ལ་འགྱུར་བ་མེད་པའི་ཕྱིར་རོ། །མཚན་ཉིད་གཞན་དུ་འགྱུར་བ་ནི་བཙུན་པ་དབྱངས་སྒྲོགས་ཏེ་བུམ་པ་གཅིག་ལ་དུས་གསུམ་གའི་མཚན་ཉིད་ཚང་བའི་ཕྱིར་རོ། །གནས་སྐབས་འགྱུར་བ་ནི་བཙུན་པ་དབྱིག་བཤེས་ཏེ་དེ་འགྱུར་ཡང་རྫས་གཅིག་ཡིན་པའི་ཕྱིར་རོ། །གཞན་གཞན་དུ་འགྱུར་བ་ནི་བཙུན་པ་སངས་རྒྱས་ལྷ་སྟེ་སྔ་ཕྱི་ཐ་དད་ཙམ་ཡིན་པའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ལ་མ་འོངས་ཞེས་གསུངས་ཏེ་ད་ཅི་ཞིག་མེད་དེ་མེད་པ་མི་སྲིད་པར་འགྱུར་རོ། །དུས་ཀུན་ཡོད་པ་དེའི་མི་རྟག་པ་གང་ལས་ཏེ་དངོས་པོ་ཐམས་ཅད་རྟག་པར་འགྱུར་ཏེ་དུས་གསུམ་གྱི་རྫས་ལ་འགྱུར་བ་མེད་པའི་ཕྱིར་དང་། འགྱུར་ན་ཞིག་ནས་མེད་པར་འགྲོ་བའི་ཕྱིར་རོ། །འདུ་བྱེད་རྟག་ནའང་མི་རྟག་པའི་ལུང་དང་འགལ་བར་འགྱུར་རོ། །འདས་པ་དེ་ལས་འདས་ཏེ་དེ་ལས་བརྒལ་ན་ཅིའི་ཕྱིར་འདས་པར་འགྱུར་ཏེ་འོ་མ་ལས་འདས་པའི་ཞོ་འོ་མར་མི་རུང་བ་བཞིན་ནོ། །འདས་པ་ལས་མ་འདས་པ་ཇི་ལྟར་འདས་པར་འགྱུར་ཏེ་ཁྱེད་དུས་གསུམ་གའི་བྱེད་པ་ད་ལྟར་ཡོད་པར་འདོད་པས་འདས་པ་ལ་འབྲས་བུ་འཛིན་པའི་བྱེད་པ་ཞིག་ཀྱང་དེ་འབྱིན་པའི་བྱེད་པ་ཡོད་པའི་ཕྱིར་རོ། །དེ་ལ་འཛིན་པ་ནི་ད་ལྟར་བའི་རྒྱུས་ད་ལྟར་བའི་འབྲས་བུ་བསྐྱེད་པ་ཡིན་ལ། འབྱིན་པ་ནི་འདས་པའི་ལས་ཀྱིས་ད་ལྟར་གྱི་རྣམ་སྨིན་ཕྱུང་བ་ལྟ་བུ་ཡིན་ནོ། །བྱེད་པའང་རྒྱུ་རྐྱེན་ལ་ཡོད་ཅིང་དེ་ལས་དོན་གཞན་པའོ། །དེས་ན་འདས་པ་ལས་མ་འདས་པ་དེ་བྱེད་པ་དང་བཅས་པར་ད་ལྟར་གནས་ན་ཅིའི་ཕྱིར་འདས་པར་འགྱུར་ད་ལྟར་བ་ཐམས་ཅད་ཀྱང་འདས་པར་ཐལ་བའི་ཕྱིར་རོ། །ཡང་ན་འདས་པའི་མཚན་ཉིད་ལས་འདས་ན་འདས་པར་མི་རུང་ལ་དེ་ལས་ད་ལྟར་བ་མ་འདས་ན་འདས་པ་མི་རུང་སྟེ་མཚན་ཉིད་ད་ལྟར་བ་ལ་འདས་པར་མི་རུང་བའི་ཕྱིར་རོ། །མ་འོངས་པ་དགག་པ་ནི་མ་འོངས་པ་དེ་སྐྱེས་ནས་ཡོད་ན་ད་ལྟར་བར་འགྱུར་ལ། དེ་ལ་སྐྱེ་བ་མེད་ན་ནམ་མཁའ་ལྟར་རྟག་པར་འགྱུར་ལ། དེ་སྐྱེ་བ་མེད་ཀྱང་འཇིག་པས་མི་རྟག་པ་ཡིན་ཏེ་རྒྱུ་རྐྱེན་གྱིས་མ་འོངས་པ་ཞིག་ནས་ད་ལྟར་བར་འགྱུར་བའི་ཕྱིར་རོ་ཞེ་ན། འོ་ན་འདས་ལ་འཇིག་པ་མེད་དེ་རྐྱེན་གང་གིས་ཀྱང་འདས་པའམ་ད་ལྟར་དུ་བསྐྱེད་དུ་མེད་པའི་ཕྱིར་ཏེ། རྟག་པར་རྟོག་པར་འགྱུར་རོ། །འདས་པ་དང་ད་ལྟར་བ་མི་རྟག་པར་འགྱུར་བ་ནི་འདས་པ་ཞིག་ཟིན་པ་དང་ད་ལྟར་བ་རང་བཞིན་ཡིན་པས་དེ་ལས་མི་ཉམས་ཤིང་དེ་གཉིས་ལས་གསུམ་པ་མ་འོངས་པ་མ་སྐྱེས་པའི་དངོས་མེད་ཡིན་པའི་ཕྱིར་མི་རྟག་པ་མེད་པར་མི་འགྱུར་བ་དང་དུས་གསུམ་མི་རུང་ངོ་། །མ་འོངས་པ་ད་ལྟར་གྱི་ཚེ་ཡོད་དེ་རྐྱེན་ཚང་ན་སྐྱེ་བའི་ཕྱིར་རོ་ཞེ་ན། དངོས་པོ་ཕྱིས་སྐྱེ་བ་སྔར་ནས་ཡོད་ན་ཕྱ་སྨྲ་བ་རྒྱུ་མེད་དམ་གནམ་གྱིས་བསྐོས་པར་སྨྲ་བ་ལོག་མི་འགྱུར་ནས་དེ་དང་མཚུངས་ཞེས་འགྲེལ་པས་བཤད་མོད་ཀྱི་འདི་ནི་གྲངས་ཅན་རྒྱུ་ལ་འབྲས་གནས་པ་དང་འདྲ་བར་བཤད་ན་བདེའོ། །འབྲས་བུ་གང་ཞིག་རྒྱུ་ལས་འབྱུང་བར་བྱེད་པ་དེ་རྒྱུ་ལ་སྔར་ནས་ཡོད་ན་འཁོར་བའི་བར་དུ་གཅིག་ཁོ་ན་བསྐྱར་ནས་སྐྱེ་བར་འགྱུར་རོ། །སངས་རྒྱས་ལ་སོགས་པས་སྨོན་གནས་ཤེས་པས་མ་འོངས་པ་མཁྱེན་ནས་ལུང་བསྟན་པས་ཡོད་དོ་ཞེ་ན། དེ་མོ་གཤམ་གྱི་བུ་ལ་སོགས་དངོས་མེད་ཀྱང་མཐོང་བར་འགྱུར་ཏེ་རང་བཞིན་མེད་པར་ཁྱད་པར་མེད་པའི་ཕྱིར་རོ། །མ་འོངས་པ་ཤེས་པའི་ཚུལ་ནི་སྔོན་གྱི་སྨོན་ལམ་གྱི་མཐུ་དང་ད་ལྟའི་སྨོན་གནས་ཤེས་པའི་མཐུས་ཡེ་ཤེས་དེ་བསྟན་བྱ་དོན་གྱི་རྣམ་པ་ཅན་དུ་སྐྱེས་ནས་གདུལ་བྱ་ལ་བསྟན་པས་དེའི་སྒྲོ་འདོགས་གཅོད་པར་བྱེད་ཀྱི་ད་ལྟར་གྱི་ཤེས་པས་གཟུགས་སྒྲ་ལྟར་ཤེས་པ་ནི་མ་ཡིན་ཏེ་འདས་མ་འོངས་ད་ལྟར་གྱི་དོན་དུ་ཐལ་བའི་ཕྱིར་རོ། །གསང་བའི་མདོ་ལས། །འཁྲུལ་འཁོར་ལས་བྱུང་སིལ་སྙན་ནི། །ཞེས་བཤད་དོ། །དུས་གསུམ་ད་ལྟར་ཡོད་ན་དུས་གསུམ་གྱི་ཆོས་ལ་ཉེ་རིང་མེད་པར་འགྱུར་རོ། །ཞེས་སྟོན་པ་ནི་གང་ལ་ཞེས་པ་སྟེ་དེ་གཉིས་ད་ལྟ་བ་བཞིན་ཡོད་པའི་ཕྱིར་རོ་ཞེས་དགོངས་པ་ཡིན་ནོ། །གལ་ཏེ་སྦྱིན་ཚུལ་ལ་སོགས་པ་བྱས་པ་མེད་ཀྱང་མཐོ་རིས་དང་ཐར་པའི་ཆོས་བྱང་ཆུབ་གསུམ་ད་ལྟར་ཡོད་ན། སྒོ་གསུམ་ངེས་པར་སྡོམ་པའི་ངལ་བ་དོན་མེད་དུ་འགྱུར་རོ། །ཅི་སྟེ་ངེས་སྡོམ་དེས་མཐོ་རིས་དང་ཐར་པ་ཅུང་ཟད་གསར་དུ་སྐྱེད་པར་བྱེད་ན་འབྲས་བུ་དེ་གཉིས་སྔར་ནས་ཡོད་པ་མི་སྲིད་དེ་གསར་སྐྱེས་ནི་སྔར་མེད་པའི་ཕྱིར་རོ། །ཁྱོད་དངོས་པོ་ཐམས་ཅད་མི་རྟག་པ་ཡིན་ལ་འབྲས་བུ་རྣམས་ནི་མ་སྐྱེས་པའི་སྔོན་ནས་ཡོད་དོ་ཞེས་བྱ་བ་ནི་འགལ་ཏེ་ཐོག་མ་སྐྱེ་བ་དང་མཐའ་མ་འཇིག་པ་ཡོད་པ་དེ་མི་རྟག་པ་ཡིན་པ་ལ་འབྲས་བུ་ཡེ་ནས་ཡོད་པའི་ཐོག་མ་མེད་པ་དེ་མ་ཞིག་གི་བར་དུ་རྟག་པའི་ཕྱིར་དང་། འབྲས་བུ་མ་ཡིན་པའི་དངོས་པོ་ནི་ཡེ་མེད་པའི་ཕྱིར་རོ། །མདོ་སྡེ་པ་དང་སེམས་ཙམ་པ་མ་འོངས་པ་མེད་པར་འདོད་པ་འགོག་པ་ནི་ལམ་སྒོམ་པའི་བསྒྲིམ་པ་མེད་པར་ཐར་པ་འཐོབ་པར་འགྱུར་ཏེ་མ་འོངས་པ་མེད་པས་དེ་ན་སྐྱེ་བ་དང་ཉོན་མོངས་པ་འབྱུང་བ་མེད་པའི་ཕྱིར་གྲོལ་བའི་དགྲ་བཅོམ་རྣམས་ལ་མ་འོངས་པ་ན་དེ་གཉིས་འབྱུང་བ་མེད་པས་དེ་གཉིས་མི་འབྱུང་བར་བྱ་བའི་ཕྱིར་ལམ་སྒོམ་པ་ལ་མི་འབད་པ་བཞིན་ནོ། །ད་ལྟར་བའི་རྐྱེན་གསུམ་ལས་རྣམ་ཤེས་འབྱུང་བ་ནི་མ་འོངས་པ་སྟེ་ཆགས་པའི་མིང་ཅན་གྱི་སེམས་དེ་མེད་པར་ཡང་དེ་ལ་བརྟེན་པའི་འདོད་ཆགས་འབྱུང་བར་འགྱུར་ལ། དེ་འདོད་ན་འདོད་ཆགས་རྒྱུ་མེད་དུ་འགྱུར་བས་དགྲ་བཅོམ་ལའང་འབྱུང་བར་འགྱུར་རོ། །འང་གི་སྒྲ་ནི་སྔ་མར་མ་ཟད་འདིར་ཡང་འགྱུར་བའོ། །དེ་ལྟར་འགྱུར་བ་དེའི་ཕྱིར་མ་འོངས་པ་མེད་པར་མི་རིགས་སོ། །རྒྱུ་ལ་འབྲས་བུ་ཡོད་མེད་གཉིས་ཀ་འགོག་པ་ན་རྒྱུ་ལ་འབྲས་བུ་ཡོད་པར་འདོད་པ་ནི་གྲངས་ཅན་དང་བྱེ་བྲག་ཏུ་སྨྲ་བ་སྟེ་གྲངས་ཅན་པ་ནི་མེད་པ་སྐྱེ་བར་མི་འགྱུར་ཞིང་། ཡོད་པ་འཇིག་པར་མི་འགྱུར་ཞེས་འདོད་དེ་མེད་ཀྱང་སྐྱེ་ན་ཐམས་ཅད་ཐམས་ཅད་ལས་སྐྱེ་བར་ཐལ་བའི་ཕྱིར་ཏེ། གལ་ཏེ་རྒྱུ་ཡི་བདག་ཉིད་ལ། །ནུས་པའི་ངོ་བོ་འབྲས་མེད་ན། །དེ་ཉིད་བྱེད་པར་ནུས་མིན་ཏེ། །མེད་ཕྱིར་ནམ་མཁའི་པདྨ་བཞིན། །ཞེས་བྱ་བ་དང་། རྒྱུ་ལ་འབྲས་བུ་ཡོད་པ་ཡིན་ཏེ་དེ་ལས་དེ་འབྱུང་བའི་ཕྱིར་ཁྱིམ་ན་རྟ་བཞིན་ཞེའོ། །བྱེ་བྲག་ཏུ་སྨྲ་བ་ཡང་དུས་གསུམ་ག་ཡོད་པས་རྒྱུ་ལས་འབྲས་བུ་འབྱུང་བ་ནི་རྫས་ཀྱི་དངོས་པོ་འབྱུང་བ་མ་ཡིན་གྱི་གནས་སྐབས་དུས་གཞན་དུ་འབྱུང་བ་སྟེ་སྔར་བཤད་ཟིན་ཏོ། །བྱེ་བྲག་པ་དང་མདོ་སྡེ་པ་དང་སེམས་ཙམ་པ་གསུམ་ནི་རྒྱུ་ལ་འབྲས་བུ་མེད་པར་འདོད་དེ་ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དེ་ལ་བྱེ་བྲག་པ་རྣམས་ནི་རྡུལ་ཕྲ་རབ་ལས་རགས་པ་སྐྱེ་བ་དེ་དེ་ལ་མེད་པར་འདོད་ལ། མདོ་སྡེ་པ་རྣམས་ཀྱང་དགེ་སློང་དག་མིག་ནི་མ་བྱུང་བ་ལས་འབྱུང་ཞིང་བྱུང་ནས་ཀྱང་རྣམ་པར་འཇིག་པར་འགྱུར་རོ་ཞེས་བྱ་བའི་ལུང་སྔ་མ་ལས་འབྲས་བུ་མེད་པར་སྐྱེ་བར་འདོད་དོ། །སེམས་ཙམ་པ་རྣམས་ཀྱང་བག་ཆགས་སྣ་ཚོགས་ཅན་གྱི་ཀུན་གཞི་ཡུལ་ལ་སོགས་པའི་རྐྱེན་ཉེ་བ་ན་འཇུག་པའི་ཤེས་པ་ལ་སོགས་པ་ནི་མེད་པ་སྐྱེ་བར་འདོད་དོ། །དེ་ལ་དང་པོ་འབྲས་བུ་ཡོད་པར་སྨྲ་བ་ལ་ཁྱིམ་གྱི་དོན་དུ་ཀ་བ་དང་ལ་སོགས་པ་པ་ཏྲ་དང་རི་མོ་ལ་སོགས་པའི་རྒྱན་དོན་མེད་པར་འགྱུར་ཏེ་ཁྱིམ་གྱི་རྒྱུ་རྣམས་ལ་ཁྱིམ་རྒྱན་དང་བཅས་པ་ཡོངས་རྫོགས་སུ་གྲུབ་པའི་ཕྱིར་དང་། སྔར་མེད་སྒྲུབ་ན་མེད་སྨྲར་ཐལ་བའི་ཕྱིར་རོ། །འབྲས་བུ་མེད་པར་སྨྲ་བ་ལའང་དེ་ཁོ་ན་བཞིན་ཐལ་བར་འགྱུར་ཏེ་མེད་པ་ནི་རི་བོང་གི་རྭ་ལྟར་སུས་ཀྱང་སྒྲུབ་མི་ནུས་པའི་ཕྱིར་རོ། །དེ་ཁོ་ན་བཞིན་ཕྱི་ནང་གི་རྒྱུ་འབྲས་རྣམས་ལ་སྦྱར་ཏེ་བཤད་དོ། །ངེད་དབུ་མ་པ་ནི་མཐའ་ལ་མི་བརྟེན་པས་རྒྱུ་ལ་འབྲས་བུ་ཡོད་མེད་གཉིས་ཀར་མ་གྲུབ་པ་བརྟེན་ནས་འབྱུང་བའི་ཕྱིར་སྐྱོན་གང་ཡང་མེད་དོ། །འདས་མ་འོངས་བཀག་ནས་ད་ལྟར་བ་འགོག་པ་ན་མ་འོངས་པ་ཡོངས་སུ་འགྱུར་ནས་བྱུང་བའི་ད་ལྟར་བ་ཡོད་དོ་ཞེ་ན། དངོས་པོ་རྣམས་ཀྱི་འགྱུར་བ་ནི་རགས་པ་མཐོང་བའི་སྒོ་ལྔར་མ་ཟད་ཆོད་པ་དང་ཕྲ་བ་དང་རིང་པོ་དང་གཟུགས་ཅན་མ་ཡིན་པ་ཤེས་པའི་ཡིད་ཀྱིས་ཀྱང་མི་འཛིན་ཏེ་འགྱུར་རྒྱུའི་མ་འོངས་པ་མེད་པའི་ཕྱིར་རོ། །དེ་ལྟ་ན་སྟེ་དེའི་ཕྱིར་མ་འོངས་པ་འགྱུར་བའི་ད་ལྟ་བ་ཡོད་པར་རྟེན་འབྲེལ་ལ་མི་མཁས་པ་གྲངས་ཅན་དང་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་རྟོག་གོ །བྱེ་བྲག་ཏུ་སྨྲ་བ་དུས་གསུམ་གྱི་རྫས་མི་འགྱུར་ཡང་གནས་སྐབས་འགྱུར་བ་ལ་སོགས་པ་དང་། གྲངས་ཅན་རང་བཞིན་གྱི་གཙོ་བོ་མི་འགྱུར་ཡང་རྣམ་འགྱུར་འགྱུར་བར་འདོད་པའི་ཕྱིར་རོ། །འོ་མ་དང་ཞོ་ཡང་མིག་ཤེས་ཀྱིས་དེ་གཉིས་སོ་སོར་བཟུང་གི་འོ་མའི་འགྱུར་བ་ཉིད་ཞོར་བཟུང་བ་ནི་མ་ཡིན་ཏེ་འོ་མའི་ཚེ་ཞོ་མེད་པའི་ཕྱིར་དང་། འབྲས་བུ་ཐམས་ཅད་རྒྱུའི་འགྱུར་བ་ཡིན་ན་དུ་བ་ལ་སོགས་པའང་མེ་ལ་སོགས་པའི་འགྱུར་བར་ཐལ་བའི་ཕྱིར་དང་། དེ་ནི་གྲངས་ཅན་གྱི་ལུགས་ཡིན་པའི་ཕྱིར་རོ། །དངོས་པོ་གནས་པ་ཡོད་པས་ད་ལྟར་བའི་དུས་ཡོད་དོ་ཞེ་ན། སྐད་ཅིག་རེ་རེར་སྐྱེ་འཇིག་བྱེད་པས་ཅུང་ཟད་ཀྱང་གནས་པ་མེད་པ་རྣམས་ལ་གནས་པའི་དངོས་པོ་ག་ལ་ཡོད། དེ་ཉིད་བཤད་པ་ནི་མི་རྟག་པས་ཟོས་པས་གནས་པ་མེད་དོ། །གལ་ཏེ་དང་པོ་གསར་པ་སོ་ན་གནས་ན་རྙིང་པ་ཐ་མ་རྙིང་པར་མི་འགྱུར་བར་ཐལ་བའི་ཕྱིར་སོ་ན་གནས་པ་མེད་དོ། །རང་གི་སྡེ་པ་རྣམས་སྒོ་ལྔའི་རྣམ་པར་ཤེས་པ་རྣམས་རྟག་པར་སོང་གི་དོགས་ནས་མིག་གིས་རྣམ་ཤེས་ལྟ་བུ་གཅིག་གིས་སྔ་ཕྱིའི་དོན་གཉིས་མི་ཤེས་པར་འདོད་པ་དེ་བཞིན་དུ་སྔ་ཕྱིར་འབྱུང་བའི་མིག་ཤེས་གཉིས་ཀྱིས་ཀྱང་དོན་གཟུགས་གཅིག་མི་ཤེས་ཏེ་ཕྱིས་འབྱུང་གི་ཤེས་པས་སྔར་མཐོང་བའི་དོན་བཟུང་བ་མེད་དེ་སྐད་ཅིག་ཡིན་པས་ཞིག་ནས་མེད་པའི་ཕྱིར་དང་། ཕྱིས་ཀྱི་དེ་ནི་འདྲ་བ་གཞན་བྱུང་ཡིན་པའི་ཕྱིར་རོ། །དེས་ན་དེ་དང་འདྲ་བ་མཐོང་བ་ལ་དངོས་པོ་ལ་མི་མཁས་པ་རྣམས་དེ་ཉིད་མཐོང་བར་འཁྲུལ་བ་ཡིན་ནོ། །ཆོས་མངོན་པ་ལས། དོན་ལྔ་ལས་སྒོ་ལྔའི་ཤེས་པ་རེ་དང་ཡིད་ཤེས་རེ་སྟེ་གཉིས་གཉིས་སུ་འཇུག་པར་བཤད་པ་དེ་ནི་སྒོ་ལྔའི་རྗེས་སུ་རྒྱུ་བའི་ཡིད་ཀྱི་དོན་དེའི་སྔ་ཕྱི་ཐམས་ཅད་གཅིག་ཏུ་རློམ་པ་ལ་སྒོ་ལྔའི་ཤེས་པའི་ཡུལ་དེ་བཟུང་བར་འཇིག་རྟེན་པའི་ཐ་སྙད་དང་མཐུན་པར་བཤད་དེ་སྔར་སྒོ་ལྔའི་ཤེས་པས་བཟུང་བ་དེ་ཉིད་ཕྱིས་འབྱུང་བའི་ཡིད་ཀྱི་འཛིན་ན་ཆོས་མངོན་པ་བ་སྐད་ཅིག་ཁས་མི་ལེན་པས་སངས་རྒྱས་པ་མ་ཡིན་པར་འགྱུར་རོ། །ཞེས་འགྲེལ་པར་སྐད་ཅིག་བསྒྲུབས་སོ། །སློབ་དཔོན་ཆོས་ཀྱི་བཤེས་གཉེན་གྱིས་འགྲེལ་ཆུང་གི་ཊཱི་ཀར་སློབ་དཔོན་ཟླ་གྲགས་རགས་པའི་མི་རྟག་པ་ལས་ཕྲ་བའི་མི་རྟག་པ་སྐད་ཅིག་ཁས་མི་ལེན་ཏེ་དེ་ནི་འདུས་བྱས་ལ་ཡིད་སྐྱོ་བར་བྱ་བའི་དོན་དུ་སངས་རྒྱས་ཀྱིས་གསུངས་པར་འདོད་དེ་ཞེས་བཤད་དོ། །རིན་ཆེན་ཕྲེང་བར། སྐད་ཅིག་ཡིན་ན་རིལ་མེད་ཕྱིར། །རྙིང་པ་འགའ་ལྟ་ག་ལ་ཞིག །ཅེས་སྐད་ཅིག་བཀག་ལ་སྐད་ཅིག་མ་ཡིན་པའང་བཀག་གོ །སློབ་དཔོན་འདིས་ནི་གཞུང་འདིར་དོན་དང་ཤེས་པ་གཉིས་ཀ་སྐད་ཅིག་གཅིག་གྲངས་མཉམ་དུ་བཤད་པའི་ཕྱིར་སྐད་ཅིག་ཉིད་བཞེད་ལ། རི་མོ་སྣ་ཚོགས་ལ་ལྟ་བའི་ཤེས་པའང་རིམ་ཅན་མྱུར་པོར་སྐྱེ་བར་བཞེད་དེ། དཀར་པོ་དག་ལ་སོགས་པ་ལ། །ཤེས་པ་དེ་ནི་རིམ་འབྱུང་སྟེ། །མགྱོགས་པར་འབྱུང་ཕྱིར་བླུན་པོ་དག །ཅིག་ཅར་སྙམ་དུ་ཤེས་པ་ཡིན། །ཞེས་ཉན་ཐོས་སྡེ་པ་འདོད་པ་དེ་ཉིད་བཞེད་དོ། །དེས་ན་དོན་དང་ཤེས་པ་གཉིས་ཀ་རང་དུས་ཀྱི་སྐད་ཅིག་མ་ཡིན་ལ་ཡིད་ཤེས་ཀྱིས་ནི་རང་མཚན་དེ་དངོས་སུ་མི་ཤེས་ཀྱི་དབང་ཤེས་ཀྱིས་དངོས་སུ་བཅད་པ་ལ་ཡེ་ཤེས་ཀྱིས་རྟོགས་ལ་དེས་ཤེས་སོ་ཞེས་ཐ་སྙད་འདོགས་སོ། །ཞེས་འགྲེལ་པས་བཤད་དོ། །གལ་ཏེ་དངོས་པོ་གནས་པ་ཉིད་ད་ལྟར་བའི་དུས་ཡིན་པས་དུས་དེ་ཡོད་དོ་ཞེ་ན། གལ་ཏེ་དངོས་པོ་དེ་དུས་ལ་གནས་ནས་ཡོད་ན་རྟེན་དུས་དེ་ལ་གནས་པ་དེ་དུས་སུ་མི་འགྱུར་ཏེ་རྟེན་དང་བརྟེན་པ་ཐ་དད་པའི་ཕྱིར་ཁྲི་ལ་གནས་པའི་མི་ཁྲི་མ་ཡིན་པ་བཞིན་ལས་གཞན་གཞན་གྱི་མཚན་ཉིད་དུ་མི་རིགས་སོ། །ཅི་སྟེ་དུས་ལ་གནས་པ་མེད་ན་གནས་པ་མེད་པ་དེ་ལ་མཐའ་འཇིག་པའང་མེད་པས་དུས་དེ་རྟག་པའི་ཕྱིར་ད་ལྟར་བའི་རྫས་ཀྱང་རྟག་པར་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དུས་གསུམ་རྫས་སུ་གྲུབ་པའང་མི་རྟག་པ་ཁས་ལེན་པས་མི་རྟག་པ་དེ་དངོས་པོ་ལས་གཞན་ཡིན་ན་དངོས་པོ་མི་རྟག་པར་མི་འགྱུར་ཏེ་རིགས་པ་ཐ་དད་དུ་ལྡན་པས་བེམ་པོ་མི་ཁེགས་པ་བཞིན་ནོ། །དེ་གཉིས་གཅིག་ཡིན་ན་དངོས་པོ་དེ་ག་ལ་གནས་ཏེ་མི་རྟག་པ་དེ་ཉིད་དངོས་པོ་ཡིན་པས་དེས་ཟོས་པའི་ཕྱིར་རོ། །མི་རྟག་པས་གནས་པ་ནི་མི་ཟ་སྟེ་རྒྱུན་ཆགས་སུ་གནས་པའི་ཚེ་མི་རྟག་པ་སྟོབས་ཆུང་བའི་ཕྱིར་སྟོབས་ཆུང་གིས་སྟོབས་ཆེན་འཇོམས་པ་ནི་འཇོམས་པ་མེད་དོ་ཞེ་ན། མི་རྟག་པ་རང་བཞིན་གྱིས་སྟོབས་ཆུང་ལ་གནས་པ་སྟོབས་ཆུང་མ་ཡིན་ཏེ་རང་བཞིན་གྱིས་སྟོབས་ཆེན་ཕྱི་ནས་དེ་དག་སྟོབས་གོ་བཟློག་པར་མཐོང་བ་མི་འཐད་དེ་རང་བཞིན་གཞན་དུ་མི་འགྱུར་བའི་ཕྱིར་རོ། །ཕྱི་ནང་གི་གནས་པར་སྣང་བ་རྣམས་ནི་རྒྱུན་དུ་མི་རྟག་པས་འཇོམས་པར་མཐོང་བས་རྒྱུན་དུ་དེ་སྟོབས་ཆེ་ནས་སྟོབས་ཆུང་མིན་ཏེ་དངོས་པོ་ཀུན་ལ་ཡོད་ན་དངོས་པོ་ཀུན་ལ་གནས་པ་མེད་པར་འགྱུར་བའམ། ཡང་ན་དངོས་པོ་ཐམས་ཅད་མི་རྟག་མིན་པས་རྟག་པར་ཐལ་ཏེ་མི་རྟག་པས་མི་གནོད་པའི་གནས་པ་སྟོབས་ཆེན་ཡོད་པའི་ཕྱིར་རོ། །གལ་ཏེ་རྟག་ཏུ་མཚན་ཉིད་མི་རྟག་པ་མཚན་གཞི་འདུས་བྱས་ལ་ཡོད་ན་འདུས་བྱས་རྟག་ཏུ་མི་རྟག་པར་ཐལ་ཏེ་མཚན་ཉིད་མཚན་གཞི་ལ་རྟག་ཏུ་གནས་པའི་ཕྱིར་རོ། །གནས་མ་བུ་པ་མི་རྟག་པ་དེའི་རྐྱེན་གྱིས་ཕྱིས་འབྱུང་དུ་འདོད་དེ་དེ་ལ་སྔར་རྟག་ནས་ཕྱིས་མི་རྟག་པར་འགྱུར་ན་དངོས་པོ་གཅིག་གཉིས་ཀ་ཡིན་པ་ནི་མེད་དོ། །འདུས་བྱས་ཀྱི་མཚན་ཉིད་རྣམས་གཅིག་ལ་ཡོད་དགོས་པ་ལ་ནི་མི་རྟག་པ་དང་གནས་པ་གཞི་གཅིག་ལ་མེད་པར་ཐལ་བ་ནི་གལ་ཏེ་ཞེས་པ་སྟེ་ལོག་པ་ནི་རྫུན་པ་སྟེ་མི་རྟག་པ་དོན་ལ་ཡོད་ན་གནས་པ་དོན་ལ་མེད་པས་གནས་པའི་དུས་དངོས་པོར་མེད་དོ། །གལ་ཏེ་འདས་པའི་དུས་ནི་ཡོད་དེ་དེ་དྲན་པ་ཡོད་པའི་ཕྱིར་རོ་ཞེ་ན། སྔོན་གྱི་ཚེ་མཐོང་ཟིན་པའི་དངོས་པོ་དེ་ད་ལྟ་མི་སྣང་ཏེ་དེ་ནི་འགགས་ནས་མེད་པའི་ཕྱིར་རོ། །སླར་ཡང་དེ་ལ་དངོས་སུ་དམིགས་པའི་རྟོག་བཅས་རྟོག་མེད་ཀྱི་སེམས་ཀྱང་ད་ལྟར་སྐྱེ་བ་མིན་ཏེ་དེ་སྣང་བ་ཉིད་མེད་པའི་ཕྱིར་རོ། །དེས་ན་དྲན་པ་དེ་བློས་སྒྲོ་བཏགས་ཤིང་བརྫུན་པ་ལོག་པའི་དོན་ལ་བློའང་ལོག་པ་རང་བཞིན་མེད་པ་རྟེན་འབྲེལ་གྱི་སྣང་བ་ཙམ་ཞིག་འབྱུང་སྟེ་གཉིད་སད་པས་རྨི་ལམ་གྱི་སྣང་བ་དྲན་པ་དང་འདྲའོ་ཞེས་སྟོན་པ་ཡིན་ནོ། །འདི་ལྟར་དྲན་པས་ཡུལ་བདེན་པར་འགྲུབ་ན་རྨི་ལམ་གྱི་སྣང་བ་ཡང་བདེན་པར་འགྱུར་ན་དེ་ཡང་མ་ཡིན་པས་འདས་པའི་དུས་དང་དུས་ཅན་དེས་དངོས་པོར་མི་འགྲུབ་བོ། །ཞེས་སྟོན་པ་ཡིན་ནོ། །དུས་དགག་པ་རབ་ཏུ་བྱེད་པ་བཅུ་གཅིག་པའི་བཤད་པའོ།།  །།

 

ལྟ་བ་དགག་པའི་རབ་བྱེད།

ལྟ་བ་དགག་པ་སྟོན་པ་ན་དེ་བཞིན་གཤེགས་པའི་ཆོས་ལུགས་ཟབ་མོ་འདི་ཉན་པའི་སྣོད་སྟོན་པ་ནི་གཟུར་གནས་ནི་ཆགས་སྡང་གི་ཕྱོགས་སུ་མ་ལྷུང་བ་སྟེ་ལྷུང་ན་ལེགས་བཤད་མི་རྙེད་པའི་ཕྱིར་རོ། །རྣམ་འགྲེལ་གྱི་རྒྱན་ལས། ཀྭ་ཡེ་སྒྲ་རྣམས་རྟག་ཏུ་ཕྱོགས་ལྷུང་བས། །སྡང་ཞིང་རང་ཡིད་ཕྱོགས་ལྷུང་མུན་པ་ནི། །དེ་ཉིད་རྟོག་པ་སྒྲུབ་མིན་མཛངས་པའི་ཚུལ། །དབུ་མར་གནས་པ་ཡིན་པས་དེར་བློ་སྒྲུབ། །ཅེས་བཤད་པ་ཡིན་ནོ། །དེར་གནས་ཀྱང་ཤེས་རབ་མེད་ན་སྐྱོན་ཡོན་མི་ཤེས་པས་བློ་ཤེས་རབ་དང་ལྡན་པ་དང་དེ་ཡོད་ཀྱང་དོན་དུ་གཉེར་བའི་འདུན་པ་མེད་ན་དེ་ལ་མི་འཇུག་པས་དོན་གཉེར་དགོས་སོ། །བཤད་པ་ནི་སློབ་མ་བཟང་པོ་བླ་མར་གུས་ལྡན་དེ་དག་གིས། །བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །དེ་ལས་བྱང་ཆུབ་འཐོབ་ཅིང་ཡོན་ཏན་རྫོགས་པར་འགྱུར། །ཞེས་པ་ལ་སོགས་པའོ། །ཉན་པ་པོ་མཚན་ཉིད་དེ་དང་ལྡན་ན་ཆོས་སྨྲ་བ་པོ་ཡོན་ཏན་གཞན་དུ་མི་འགྱུར་བ་ནི་ཕྱིན་ཅི་མ་ལོག་པ་དང་ཟུར་དོད་པ་དང་། གསལ་བ་དང་མ་འཁྲུགས་པ་དང་ཉན་པ་པོའི་ཡོན་ཏན་ཤེས་པ་དང་ཟང་ཟིང་དོན་དུ་མི་གཉེར་བ་ལ་སོགས་པ་དང་ལྡན་པའོ། །ཉན་པ་པོ་ལའང་ཡོན་ཏན་གཞན་དུ་འགྱུར་བ་མིན་པ་ནི་ཆོས་དང་དེ་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་དང་། རྩ་བར་བསྟན་པ་གསུམ་ལ་སོགས་པ་དང་ལྡན་པའོ། །དེ་ལྟ་བུའི་སློབ་དཔོན་དང་སློབ་མའི་མཚན་ཉིད་ནི་ལྷག་པའི་བསམ་པ་བསྐུལ་བའི་མདོ་ལས་བཤད་དོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སྲིད་པ་འབྲས་བུར་གྱུར་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་སྡུག་བསྔལ་གྱི་བདེན་པ་དང་སྲིད་པའི་ཐབས་ཏེ་སྡུག་བསྔལ་གྱི་རྒྱུར་གྱུར་པ་ལས་དང་ཉོན་མོངས་པ་ཀུན་འབྱུང་གི་བདེན་པ་དང་གཉིས་པོ་དེ་ཞི་བའི་ཐབས་འཕགས་པའི་ལམ་ཡན་ལག་བརྒྱད་ལ་སོགས་པ་ལམ་གྱི་བདེན་པ་དང་། དེ་བཞིན་དུ་སྡུག་བསྔལ་དང་ཀུན་འབྱུང་ཐམས་ཅད་ཞི་བ་མྱ་ངན་ལས་འདས་པ་འགོག་པའི་བདེན་པ་སྟེ་བདེན་པ་བཞི་ཐར་པ་འདོད་པ་རྣམས་ལ་གསུངས་ཏེ་དེའང་སྔོན་བདག་མེད་པའི་དོན་ལ་ཡོངས་སུ་སྦྱངས་པ་བྱས་པ་རྣམས་ལ་ནི་མཐོ་རིས་དང་ཐར་པའི་དོན་ཆེན་པོ་བྱེད་ལ། སྔོན་ཡོངས་སུ་སྦྱངས་པ་མ་བྱས་པ་འཇིག་རྟེན་བདེན་བཞིའི་དོན་ཡོངས་སུ་མི་ཤེས་པ་གང་ཡིན་པ་དེ་ནི་ཐུབ་པའི་སྐྱོན་ལྟ་བུར་མངོན་པར་བྱེད་དེ་དགེ་སློང་ནམ་སོ་དང་འགྲོ་མགྱོགས་སངས་རྒྱས་ཀྱིས་ཆོས་གསུངས་པ་མངོན་པར་མི་ཤེས་པས་རང་ཉིད་ཡུལ་དགའ་འཕེལ་གྱི་མཚོ་ལ་ཀླུར་སྐྱེས་ནས་སངས་རྒྱས་ཀྱིས་ཆོས་མ་བསྟན་པས་བདག་ཉིད་ཀླུར་སྐྱེས་སོ་ཞེས་གཏི་མུག་གིས་བསྟན་པ་བསྣུབ་པར་བརྩམས་པ་བཞིན་ནོ། །དེ་ཙམ་གྱིས་སངས་རྒྱས་བཅོམ་ལྡན་འདས་བླང་དོར་གྱི་རྒྱུ་འབྲས་མ་ལུས་པ་སྟོན་པ་སྐྱོན་དང་བཅས་པར་མི་འགྱུར་ཏེ་དམུས་ལོང་གིས་མ་མཐོང་བ་ཉི་མའི་སྐྱོན་མ་ཡིན་པ་བཞིན་ནོ། །དེའི་ཕྱིར་སྣོད་མི་ལྡན་པ་ལ་སངས་རྒྱས་ཀྱིས་ཆོས་བསྟན་ཡང་སྟོན་པ་པོའི་སྐྱོན་དུ་མངོན་པར་བྱེད་ཅིང་ཆོས་དང་ཆོས་སྨྲ་བ་སྤོང་པས་རང་ཉིད་ལོག་པར་ལྷུང་བར་བྱེད་པའི་ཕྱིར་དང་པོར་སློབ་མའི་སྣོད་གསུངས་པ་ཡིན་ནོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་མཐོ་རིས་ཀྱི་ཆོས་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་ནི་ལེགས་ན་ཐར་པའི་ཆོས་ཐམས་ཅད་མེད་པར་སྟོན་པ་ནི་སུན་འབྱིན་པར་ཆད་པར་ལྟ་བར་འགྱུར་བས་ཡིད་མི་ཆེས་སོ་ཞེ་ན། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ཀུན་ནས་ཉོན་མོངས་པ་ཐམས་ཅད་བཏང་ཞིང་སྤངས་པས་མྱ་ངན་འཁོར་བའི་སྡུག་བསྔལ་ལས་འདའ་བར་སྟོན་པ་ཡ་མཚན་ཅན་སེར་སྐྱ་དང་གཟེག་གཟན་ལ་སོགས་པ་ཀུན་འདོད་དེ་དེ་དག་ཀྱང་དྲང་སྲོང་གི་བརྟུལ་ཞུགས་དཀའ་ཐུབ་དྲག་པོས་ཉོན་མོངས་པ་སྤོང་བར་ཞུགས་པའི་ཕྱིར་རོ། །དངོས་པོ་ཀུན་སུན་འབྱིན་པའི་སྟོང་ཉིད་ལ་དེ་དག་གི་རྗེས་སུ་འབྲང་པ་ཁྱེད་མི་དགར་འགྱུར་བའི་རྒྱུ་ཅི་ཞིག་ཡོད་དེ་སྟོང་ཉིད་ཁོ་ནས་སྡུག་བསྔལ་སྤོང་བའི་ཕྱིར་རོ། །འདི་ཉན་ཐོས་སྡེ་པ་དང་རྒོལ་ལན་དུ་སྦྱོར་ནའང་འདི་ཆོས་ཀྱི་བདག་མེད་ལ་སྐྲག་པས་དེ་ལྟར་རྒོལ་ན་ཉོན་མོངས་པའི་རྒྱུ་འབྲས་ཐམས་ཅད་སྤངས་པས་མྱང་འདས་འཐོབ་པར་ཡ་མཚན་ཅན་དགྲ་བཅོམ་རྣམས་དང་སྡེ་པའི་གྲུབ་མཐའ་བྱེད་པའི་བཙུན་པ་ཆོས་སྐྱོབ་དང་གནས་བརྟན་བཙུན་པ་ལ་སོགས་པ་རྣམས་འདོད་ན་ཞེས་སྦྱར་ཏེ་ཡ་མཚན་ཅན་ནི་མུ་སྟེགས་ལ་བསྟིང་ཚིག་ཡིན་ལ་ཉན་ཐོས་པ་ལ་ངོ་མཚར་བ་ཡིན་ནོ། །མུ་སྟེགས་པ་གང་ཞིག་གཏོང་ཐབས་ཏེ་སྤོང་ཐབས་བདག་མེད་མི་ཤེས་པ་དེ་དག་ཉོན་མོངས་པ་ཅི་ཞིག་སྤོང་བར་བྱེད་དེ་སྤོང་མི་ནུས་པ་དེས་ན་ཐུབ་པས་གཞན་མུ་སྟེགས་བྱེད་ལ་འཁོར་བའི་སྡུག་བསྔལ་ཞི་བའི་མྱང་འདས་མེད་ཅེས་གསུངས་ཏེ་ཏིང་ངེ་འཛིན་རྒྱལ་པོ་ལས། །གང་ཞིག་བདག་མེད་ཆོས་ལ་རབ་རྟོག་ཅིང་། །དེ་དག་བརྟགས་ནས་གལ་ཏེ་སྒོམ་བྱེད་ན། །འབྲས་བུ་མྱ་ངན་འདས་ཐོབ་རྒྱུ་དེ་ཡིན། །རྒྱུ་གཞན་དག་གིས་ཞི་བར་འགྱུར་མི་སྲིད། །བྱ་བ་དང་། གང་པོའི་རྟོགས་བརྗོད་ནས། རིགས་པའི་ཆོས་ཀྱི་ཕྱོགས་ཙམ་སྨྲ་བ་ཡང་། །འདི་ནས་ཕྱི་རོལ་གཞན་ལ་དགེ་སྦྱོང་མེད། །ཅེས་བྱ་བ་དང་། ཡུམ་ལས། ཀུན་ཏུ་རྒྱུ་བརྒྱ་ཀླན་ཀཱ་ཚོལ་བས་འོངས་པ་དེ་དག་ལ་ནི་དཀར་པོའི་ཆོས་གཅིག་ཙམ་ཡང་ངས་མ་མཐོང་ངོ་ཞེས་གསུངས་པ་ཡིན་ནོ། །སྟོང་པ་ལ་ཉོན་མོངས་པ་མི་སྐྱེ་བར་མངོན་སུམ་གྱིས་གྲུབ་པ་དེ་བཞིན་དུ་སངས་རྒྱས་ཀྱིས་གསུངས་པའི་ལྐོག་གྱུར་བདེན་བཞི་དང་བཞི་པོ་དེའི་རྒྱུ་འབྲས་ཀྱི་འབྲེལ་བ་མཐའ་མེད་པ་སོ་སོ་སྐྱེ་བོའི་མངོན་སུམ་གྱིས་མི་ཤེས་པར་ཐེ་ཚོམ་སྐྱེ་བ་དེ་ཡི་སྟོང་པ་ཉིད་ཀྱི་དཔེ་ལ་བསྟེན་ཏེ་གསུང་རབ་ལས་གསུངས་པ་འདི་ཉིད་ཁོ་ན་ཡིན་པར་ཡིད་ཆེས་བྱ་སྟེ་ཤིན་ཏུ་ལྐོག་གྱུར་གྱི་དོན་སྟོན་པར་བྱེད་པའི་གསུང་རབ་ཆོས་ཅན་དོན་ཇི་ལྟ་བ་བཞིན་ཡིན་ཏེ་སངས་རྒྱས་ཀྱི་གསུང་རབ་ཡིན་པའི་ཕྱིར་སྟོང་ཉིད་སྟོན་པའི་མདོ་བཞིན་ནོ་ཞེས་བྱའོ། །རྣམ་འགྲེལ་ལས། བླང་དང་དོར་བྱའི་དེ་ཉིད་ནི། །ཐབས་བཅས་རབ་ཏུ་ངེས་པ་ཡིས། །གཙོ་བོའི་དོན་ལ་མི་བསླུའི་ཕྱིར། །གཞན་ལ་རྗེས་སུ་དཔག་པ་ཡིན། །ཞེས་བདེན་བཞི་ལ་མི་བསླུ་བས་གཞན་ལའང་དཔོག་པར་བཤད་དོ། །མུ་སྟེགས་ལ་ནི་དེ་ལྟར་མི་རུང་སྟེ། སེར་སྐྱ་དང་གཟེགས་གཟན་ལ་སོགས་པ་གང་གིས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་འདིའི་རགས་པ་མཐོང་དཀའ་སྟེ་ཤེས་བྱའི་གྲངས་ཉི་ཤུ་རྩ་ལྔ་དང་ཚིག་གི་དོན་དྲུག་ལ་སོགས་པ་མངོན་སུམ་དང་འགལ་བ་འབའ་ཞིག་སྟོན་པ་དེ་ནི་གཞན་ཤིན་ཏུ་ལྐོག་གྱུར་ལ་བླུན་པ་ཉིད་ཡིན་ཏེ་ཟླ་བ་ཉ་མི་མཐོང་བ་བཞིན་ནོ། །དེས་ན་ཕྱིས་འབྱུང་གང་དག་ལམ་ལོག་སྟོན་པའི་རྗེས་སུ་འགྲོ་བ་དེ་དག་ཡུན་རིང་པོར་སློབ་དཔོན་དང་དེས་བསྟན་པའི་ཁམས་ཀྱིས་བསླུ་བར་འགྱུར་ཏེ་སྡུག་བསྔལ་གྱི་རྒྱ་མཚོ་གཏིང་མཐའ་མེད་པར་འཁྱམ་པའི་ཕྱིར་རོ། །དེ་འདྲ་བའི་ལམ་ལོག་སྤངས་ཏེ་མྱང་འདས་སུ་རང་ཉིད་འགྲོ་བ་གང་ཡིན་པ་དེ་དག་ནི་ཤིན་ཏུ་བྱ་དཀའ་བྱེད་ཅིང་སངས་རྒྱས་སུ་འགྱུར་ལ། འདྲེན་པ་སངས་རྒྱས་ཀྱི་སླད་ཏེ་ཕྱི་བཞིན་དུ་དམ་པ་མ་ཡིན་པ་རྣམས་ཀྱི་ཡིད་འགྲོ་བར་སྤྲོ་བ་མ་ཡིན་ཏེ་འཁོར་བ་ཐོག་མ་མེད་པ་ནས་ལོག་ལ་གོམས་པས་དེས་བསྟན་པའི་ལམ་ལ་སྐྲག་པའི་ཕྱིར་རོ། །དེ་ལ་སྟོང་ཉིད་ཡེ་མ་མཐོང་ཞིང་མ་རྟོགས་པའི་འཇིག་རྟེན་ཕལ་པ་ནི་མི་སྐྲག་ལ་སྟོང་ཉིད་ལེགས་པར་མཐོང་ཞིང་ཤེས་ནའང་སྐྲག་པ་དེ་ལྡོག་པར་འགྱུར་བ་དེས་ན་ཅུང་ཟད་གཅིག་ཤེས་ནས་ངེས་པ་མ་རྙེད་པ་དེ་སྐྲག་པ་ཡིན་ཏེ་སྟོང་ཉིད་ལས་གཞན་ལའང་སྐྲག་པའི་ཚུལ་ནི་དེ་ཁོ་ན་བཞིན་ཡིན་ལ་གང་ལ་བློ་ཁ་མ་ཕྱོགས་པ་དང་ལེགས་པར་ཤེས་པ་ལ་ནི་སྐྲག་པ་མེད་པའི་ཕྱིར་ཏེ། ཁྲ་བོ་ཙམ་དུ་ཤེས་ལ་གང་གི་ཁྲ་བོ་ཡིན་མི་ཤེས་པ་སྦྲུལ་དུ་སྐྲག་པ་བཞིན་ནོ། །སྐྲག་པའི་རྒྱུ་མི་མཐུན་ཕྱོགས་ལ་གོམས་པར་སྟོན་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁོར་བར་འཇུག་བྱེད་ཀྱི་ཆོས་དངོས་པོར་ཞེན་པ་ལ་ཐོག་མ་མེད་པ་ནས་གོམས་ཏེ་བྱིས་པ་དེ་དག་སྟོང་པ་ལ་གོམས་པ་མེད་པ་ཡིས་འཁོར་བ་ལྡོག་བྱེད་ཀྱི་ཆོས་སྟོང་ཉིད་ལ་འཇིགས་ཏེ་བློ་མི་འཇུག་པས་འཁོར་བ་ན་འཁྱམ་མོ། །མི་གང་ཞིག་གཏི་མུག་ནི་མཚོན་པ་སྟེ་ཞེ་སྡང་དང་ཕྲག་དོག་དང་སེར་སྣ་དང་ལེ་ལོ་དང་འཇིགས་པ་ལ་སོགས་པས་བསྒྲིབས་ཤིང་ནོན་ནས་གཞན་སྟོང་པའི་དེ་ཉིད་ལ་གེགས་བྱེད་པ་དེ་ལ་དགེ་ལེགས་མཐོ་རིས་ཞེས་སྦྱར་ཏེ་དེའི་རྒྱུ་མཚན་དེས་རང་གཞན་གྱི་རྒྱུད་ལ་གནོད་པ་ཅི་མ་བྱས་ཏེ་ཤེས་རབ་ཀྱི་སྣང་བས་འཁོར་བའི་མུན་པ་བཟློག་ནས་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འགྲོ་བ་བཀག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཚུལ་ཁྲིམས་ཞེས་གསུངས་ཏེ་དེའི་འཐད་པ་སློབ་དཔོན་གྱིས་སྟོན་པ་ནི་ཚུལ་ཁྲིམས་ཀྱིས་ནི་ཞེས་པ་སྟེ་གོ་འཕང་མཆོག་བྱང་ཆུབ་གསུམ་སྟེ་དེ་གཉིས་ཀྱིས་ཐོབ་པའི་འབྲས་བུའི་ཁྱད་དེ་ཙམ་ཞིག་ཉམས་པའི་ཉེས་པ་ལའང་འབྱུང་བའི་ཕྱིར་ཏེ་ཚུལ་ཁྲིམས་གྲངས་མེད་པ་ཉམས་པ་བས་ལྟ་བ་ལན་གཅིག་ཉམས་པ་ཉེས་པ་ཆེ་བའི་ཕྱིར་རོ། །བདག་མེད་ལ་སྐྲག་པའི་དམ་པ་མིན་ལ་བདག་འཛིན་གྱི་ཆོས་བསྟན་པ་མཆོག་ཡིན་གྱི་བདག་མེད་བསྟན་བྱ་མ་ཡིན་ཏེ་གཅིག་དམ་མིན་ཏེ་དེས་ངན་འགྲོར་འགྲོ་ལ་ཐ་མལ་མ་ཡིན་པའི་དམ་པ་རྣམས་ནི་སྟོང་པས་ཞི་བ་མྱང་འདས་སུ་འགྲོའོ། །ཤེས་རབ་བརྒྱ་པ་ལས། བླུན་ལ་ཉེ་བར་བསྟན་པ་ནི། །འཁྲུག་པར་འགྱུར་གྱི་ཞི་ཕྱིར་མིན། །ལག་འགྲོ་འོ་མ་འཐུང་བ་ནི། །དུག་འཕེལ་འགྱུར་བ་འབའ་ཞིག་གོ །ཞེས་བཤད་དོ། །བདག་མེད་དེ་ཅི་འདྲ་བ་ཡིན་ཞེ་ན། ཞི་བའི་སྒོ་གཉིས་པ་མེད་དེ་མཚན་མ་མེད་པ་དང་སྨོན་པ་མེད་པའི་སྒོ་གཉིས་ཀྱང་འདི་མེད་ན་མྱང་འདས་སུ་ཕྱིན་པར་མི་ནུས་པའི་ཕྱིར་རོ། །བདག་དང་ཆོས་སུ་ལྟ་བའི་ལྟ་བ་ངན་པ་རྣམས་འཇིག་བྱེད་པ་ལྟ་བ་ཐམས་ཅད་ནི་གཉིས་པོ་དེས་བསྡུས་པའི་ཕྱིར་རོ། །སངས་རྒྱས་ཀུན་ནི་ཆོས་སྐུ་ལ་བཞུགས་པ་ཐམས་ཅད་དམ་ཡང་ན་འཕགས་པའི་གང་ཟག་བཞི་ཀ་དེའི་སྒྲས་དངོས་དང་བཏགས་པས་བརྗོད་དོ། །བདག་ནི་དངོས་པོ་རྣམས་གཞན་ལ་མ་ལྟོས་པའི་རང་གི་ངོ་བོའོ། །དེ་མེད་པ་ནི་བདག་མེད་དེ་དེ་ནི་གང་ཟག་དང་ཆོས་ཀྱི་དབྱེ་བས་གཉིས་ཏེ་དང་པོ་ནི་མེད་དགག་ལ་རྟག་གཅིག་རང་དབང་ཅན་མེད་པའམ་མ་ཡིན་དགག་ལ་མི་རྟག་པ་དུ་མ་གཞན་དབང་ཅན་ནོ། །གཉིས་པ་ནི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་མེད་དགག་ལ་སྤྲོས་བྲལ་ལམ་མ་ཡིན་དགག་ལ་སྒྱུ་མའི་དཔེ་བརྒྱད་ལྟར་སྣང་ལ་རང་བཞིན་མེད་པའོ། །དེ་ལྟར་ཆོས་གསུམ་ལྡན་དེ་ནི་བདག་མེད་ཀྱི་དེ་ཁོ་ན་ཉིད་དེ་སྟོང་པ་ཉིད་ཡང་དག་པའི་མཐའ་དང་དོན་དམ་པ་དང་ཆོས་ཀྱི་དབྱིངས་དང་། མ་སྐྱེས་པ་དང་མ་འགགས་པ་དང་རང་བཞིན་གྱིས་མྱ་ངན་ལས་འདས་པ་ལ་སོགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མཚན་བརྒྱ་རྩ་བརྒྱད་ནི་འདིའི་ཡང་མིང་གི་རྣམ་གྲངས་ཡིན་ནོ། །འདི་དམན་པ་ལ་བསྟན་བྱ་མ་ཡིན་པ་ནི་ཆོས་འདིའི་མིང་དེ་རྣམས་ལས་ཀྱང་དམ་པ་སྟེ་སྣོད་མིན་པ་སྐྲག་པ་སྐྱེ་སྟེ་བློ་ཞན་ཏེ་ཤེས་རབ་ཆུང་བ་ཆོས་ཟབ་མོས་འཇིགས་པ་མི་སྐྱེད་པའི་ཤེས་རབ་སྟོབས་ལྡན་བདག་མེད་གཉིས་རྟོགས་པ་གང་ཞིག་མཐོང་སྟེ་མཐོང་ན་ནི་བློ་གྲོས་བཟང་པོ་ཅན་ཡིན་ནོ། །སྐྲག་པའི་མུ་སྟེགས་པ་རྣམས་ཀྱིས་འདི་སྐད་དུ། །ཕུང་པོ་སྐད་ཅིག་སྨྲ་བ་ཡི། །ཤཱཀྱ་པ་རྣམས་བདག་མེད་ན། །མཐོ་རིས་ཐར་ལ་དགོས་པ་ཡི། །འབད་པ་དོན་མེད་ཉིད་དུ་འགྱུར། །ཞེས་བྱ་བ་དང་། ཉན་ཐོས་སྡེ་པས། །དེ་ལྟར་རྒྱུ་དང་འབྲས་བུར་སྐུར་འདེབས་པ། །ལོག་ལྟས་དཀར་ཕྱོགས་དྲུངས་འབྱིན་དམ་ཆོས་ཀྱི། །ལོ་ཏོག་སེར་བ་ནམ་མཁའི་མེ་ཏོག་འདི། །ལེགས་འདོད་རྣམས་ཀྱིས་རྒྱང་སྲིང་སྤང་བར་བྱ། །ཞེས་སྨྲས་པ་བཞིན་ནོ། །སྐྲག་པ་དེ་དག་གི་ལྟ་ངན་ཕམ་ཞིང་བསལ་བའི་དོན་དུ་སངས་རྒྱས་ཀྱིས་དེ་དག་ལ་བསྟན་པ་མ་ཡིན་ནམ་ཞེ་ན། བདག་མེད་ཀྱི་ཆོས་འདི་བྱ་བ་དང་རྩད་ནས་ཕམ་པའི་ཆེད་དུ་བྱ་བ་དང་དེ་ལྟར་ནའང་བདག་མེད་འདིས་གཞན་བདག་ཏུ་སྨྲ་བ་རྣམས་སྲེག་པ་ཞེས་སྦྱར་ཏེ་མེ་བཙོ་བ་ལ་སོགས་པའི་དོན་དུ་སྦྱར་གྱི་ཤིང་སྲེག་པའི་དོན་དུ་སྦྱར་ཡང་དེ་ཞར་ལ་སྲེག་པ་བཞིན་བདག་མེད་འདི་ཐར་པའི་དོན་དུ་གསུངས་ཀྱང་ཞར་ལ་ལྟ་ངན་རྣམས་སྲེག་ཅིང་འཇོམས་པ་ཡིན་ནོ། །སྦྱར་བའམ་ཟུར་གཉིས་པའི་རྒྱན་གྱིས་དེ་ཉིད་གསལ་བར་སྟོན་པ་ན་ལུང་གི་ཆོས་ལ་སྦྱར་བ་ནི་བདག་མེད་སྟོན་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ཆོས་འདི་གང་གིས་ཤེས་གྱུར་པ་དེ་ནི་གཞན་མུ་སྟེགས་ཀྱི་གཞུང་ལ་མི་དགའ་སྟེ་དེས་ན་འཕགས་པ་ལྷ་བདག་ལ་གསུང་རབ་ཀྱི་ཆོས་འདི་ལྟ་བ་དང་ཉོན་མོངས་པ་ཐམས་ཅད་འཇིགས་པའི་སྒོ་དང་འདྲ་བར་སྣང་སྟེ་གསུང་རབ་ཀྱི་སྒོ་ལས་བདག་མེད་ཀྱི་ལྟ་བ་འདི་ཐོན་བྱུང་བའི་ཕྱིར་རོ། །རྟོགས་པའི་ཆོས་ལ་སྦྱར་བ་ནི་བདག་མེད་པའི་ཆོས་འདི་གང་གིས་ཤེས་ཤིང་རྟོགས་པར་གྱུར་པ་དེ་ནི་གཞན་བདག་གཉིས་སུ་ལྟ་བ་ལ་མི་དགའ་སྟེ་དེས་ན་བདག་ལ་བདག་མེད་རྟོགས་པའི་ཆོས་འདི་ལྟ་ངན་ཐམས་ཅད་འཇིག་པའི་སྒོ་སྟེ་རྒྱུ་དང་འདྲ་བར་སྣང་སྟེ་འཇིག་པའི་རྒྱུ་འདིས་ལྟ་ངན་ཐམས་ཅད་འཇིག་པའི་ཕྱིར་རོ། །འདྲ་བ་དང་ལྟ་བུའི་སྒྲ་ནི་དངོས་དང་འདྲ་བ་གཉིས་ཀ་བརྗོད་པ་ཡིན་ནོ། །མཛོད་ལས། །སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་དང་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཞེས་བཤད་དོ། །མཁས་པ་མི་སྐྲག་པའི་རྒྱུ་སྟོན་པ་ནི་ལུང་དང་རིགས་པས་དཔྱད་ན་དེ་ཁོ་ན་ཉིད་དུ་སྟེ་དོན་དམ་དུ་བདག་མེད་དོ་སྙམ་དུ་མཁས་པ་གང་ལ་དེ་ལྟ་བུའི་དགོངས་པ་སྟེ་བསམ་པ་གནས་པ་དེ་ནི་བདག་ཡོད་པས་དགའ་བ་དང་བདག་མེད་པས་འཇིགས་ཤིང་སྐྲག་པར་མི་འགྱུར་ཏེ་དེ་ཡོད་པར་ལྟ་བ་ལ་ཆགས་པ་དང་བདག་མེད་པར་ལྟ་བ་ལ་ཁོང་ཁྲོ་མེད་པའི་ཕྱིར་དེ་གཉིས་ཀ་མེད་པ་ཤིང་དུམ་ལ་དགའ་འཇིགས་གཉིས་མེད་པ་བཞིན་ནོ། །འདོད་པའི་དོན་མིན་པ་འཁོར་བ་དང་ངན་སོང་གི་ས་བོན་ཏེ་རྒྱུར་གྱུར་པའི་མུ་སྟེགས་ཅན་མང་པོ་མཐོང་ནས་བདག་མེད་པའི་ཆོས་འདོད་པའི་སྐྱེ་བོ་རྣམས་ལ་མཁས་པ་སུ་ཞིག་སྙིང་སྟེ་སེམས་མི་བརྩེ་བར་འགྱུར་ཏེ་བརྩེ་བ་དང་གུས་པར་རིགས་སོ། །ཡང་ན་མུ་སྟེགས་ཀྱི་ཆོས་འདོད་པའི་སྐྱེ་བོ་ལ་བྱང་ཆུབ་སེམས་དཔའ་སུ་ཞིག་སྙིང་མི་བརྩེ་བར་འགྱུར་ཏེ་བརྩེ་བས་ཆོས་ལུགས་དེ་ལས་བཟློག་པར་བྱ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། །འཇིག་རྟེན་འདི་ན་མུ་སྟེགས་ཅན་གཞན་གང་། །འཁོད་པ་དེ་དག་རྣམས་ལ་ཡིན་མིན་དང་། །དེ་དག་རྣམས་ལ་སྙིང་རྗེ་ཉེར་འཇོག་པ། །དེ་ནི་བཟོད་པ་དང་པོའི་བྱེ་བྲག་ཡིན། །ཞེས་བཤད་པ་ཡིན་ནོ། །མི་རྣམས་ཕྱི་ནང་གི་བསྟན་པ་ལ་འཇུག་པ་མང་ཉུང་གི་རྒྱུ་མཚན་སྟོན་པ་ན་ཤཱཀྱ་པ་རྣམས་ཀྱི་ཆོས་ནི་ཡིད་ཀྱིས་འཛིན་པ་ཡིན་ཏེ་བདག་མེད་ལ་ཡིད་མཉམ་པར་བཞག་ནས་སྒྲིབ་པ་གཉིས་ཟད་པར་བྱེད་པའི་ཕྱིར་རོ། །གོས་མེད་གཅེར་བུ་པ་རྣམས་ཀྱི་ཆོས་ནི་མིག་གིས་འཛིན་པ་ཡིན་ཏེ་གོས་མེད་པར་ཐལ་བས་བྱུགས་ཤིང་རླུང་དང་ཉི་མ་དང་སྐྲ་འབལ་བ་ལ་སོགས་པའི་ལུས་ཅན་ཡིན་པའི་ཕྱིར་རོ། །བྲམ་ཟེ་རྣམས་ཀྱི་ཆོས་ནི་རྣ་བས་འཛིན་པ་ཡིན་ཏེ་རིག་བྱེད་འདོན་པ་ཆོས་སུ་འདོད་པའི་ཕྱིར་ཏེ། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། །ཆོས་འདོན་པ་དག་དམངས་རིགས་ལས། །བློ་གྲོས་སྦྱིན་པར་བྱ་མིན་ཟེར། །ཁྱོད་ནི་གདོལ་པ་རྣམས་ལ་ཡང་། །ཐུགས་རྗེས་དམ་ཆོས་སྟོན་པར་མཛད། །ཅེས་བྱ་བ་དང་། །དེ་ཉིད་ཀྱི་གཞུང་ལས། འདོན་པ་ལས་ནི་བརྒྱད་འགྱུར་ཏེ། །རིག་བྱེད་ཕ་རོལ་ཕྱིན་མཐའ་ཡས། །ཞེས་འབྱུང་བ་ཡིན་ནོ། །འང་གི་སྒྲས་ནི་མུ་སྟེགས་བྱེད་མེ་ལྔའི་དཀའ་ཐུབ་ཅན་དང་ཆུ་བོ་བཞིར་ཁྲུས་བྱེད་པ་དང་མདུང་རྩེ་གསུམ་གྱི་སྟེང་དུ་མཆོང་བ་དང་དབང་ཕྱུག་དང་ཁྱབ་འཇུག་གི་རིག་སྔགས་སྤྱོད་པ་ལ་སོགས་པ་བཟུང་ངོ་། །དེ་ལྟ་ཡིན་པ་དེ་ཕྱིར་ཐུབ་པ་སངས་རྒྱས་ཀྱི་གཞུང་ཆོས་ལུགས་ཕྲ་སྟེ་མཁས་ཤིང་གསལ་ལ་ཡིད་གཞུངས་པ་རྣམས་ཀྱིས་སེམས་མཉམ་པར་བཞག་པས་ཤེས་པར་བྱ་བ་ཡིན་པའི་ཕྱིར་རོ། །དེས་ན་དེ་ལྟར་རྟོགས་དཀའ་བ་དང་སྔོན་བསོད་ནམས་བསགས་པ་ཉུང་བའི་ཕྱིར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པ་ཉུང་ངོ་། །གཉིས་པོ་དེའི་ཆོས་གསལ་བར་སྟོན་པ་ནི་ཇི་ལྟར་ཞེས་པ་སྟེ་ཕྱི་ཆོས་པའི་ཆོས་ནི་བཟླས་བརྗོད་དང་སྦྱིན་སྲེག་དང་ཁྲུས་དང་གཙང་སྦྲ་བཀྲ་ཤིས་དང་འགྱོད་ཚངས་དང་དབྱིག་པ་དང་རིལ་བ་སྤྱི་བླུགས་དང་ཚངས་སྐུད་ལ་སོགས་པ་ལུས་ངག་གི་རྣམ་རིག་སྣ་ཚོགས་ཀྱིས། རྙེད་པ་དང་བཀུར་སྟི་ལ་སོགས་པ་འདོད་པས་ཕྱི་འཆོས་པ་ཡིན་ནོ། །གཅེར་བུ་པའི་ཆོས་ལུགས་ཕལ་ཆེར་ནི་རང་ཉིད་ཀྱི་བསམ་པ་བླུན་པར་བརྗོད་ཅིང་སྟོན་པ་ཡིན་ཏེ་ལུས་ཐལ་བས་བྱུགས་པ་ལ་སོགས་པ་མཐོ་རིས་པའི་ཐབས་མ་ཡིན་པ་མང་པོ་བྱེད་པའི་ཕྱིར་རོ། །ཕལ་ཆེར་གྱི་སྒྲས་ནི་སྲོག་ཆགས་རྨ་བྱའི་སྒྲོས་འཕྱག་པ་ལ་སོགས་པ་མཐོ་རིས་ཀྱི་རྒྱུ་རྣམས་ནི་བླུན་པར་སྟོན་ཏོ། དེ་འདྲ་བའི་ཆོས་རྣམས་ནི་ཕལ་ཆེར་འཁོར་བ་དང་མཐུན་པའི་ཕྱིར་དང་བྲམ་ཟེ་རྣམས་ཀྱི་ཚུལ་འཆོས་དང་ཁ་གསག་དང་གཞོགས་སློང་དང་ལྡན་པའི་བྱ་བ་སྣ་ཚོགས་རྣམས་ནི་ཉེ་བའི་ཉོན་མོངས་པ་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་དང་། ཐར་པའི་བར་དུ་གཅོད་པའི་ཕྱིར་དེ་གཉིས་ཀ་སངས་རྒྱས་ཀྱིས་ཤཱཀྱ་པ་རྣམས་ལ་མ་བསྟན་ཏོ། །དེ་གཉིས་ཀྱི་གནས་སྐབས་ཀྱི་འབྲས་བུ་སྟོན་པ་ནི་ཇི་ལྟར་བྲམ་ཟེའི་རིག་པ་སྟེ་ཆོས་ལུགས་བླངས་པ་ལས་འཇིག་རྟེན་བླུན་པོ་རྣམས་འདི་རིག་བྱེད་འདོན་པའི་བྲམ་ཟེ་ཡིན་ནོ་ཞེས་གུས་པ་སྐྱེ་བ་ལྟར་གཅེར་བུ་དང་སྤུ་འབྱིད་པ་ལ་སོགས་པའི་ཉོན་མོངས་ཤིང་སྡུག་བསྔལ་བླངས་པ་གཅེར་བུ་པ་ལ་འཇིག་རྟེན་པ་རྣམས་འདི་དཀའ་ཐུབ་ཅན་ཡིན་ནོ་ཞེས་བརྩེ་བར་འགྱུར་རོ། །དེ་ཆོས་ཡིན་པ་དགག་པ་ནི་གཅེར་བུ་པའི་སྡུག་བསྔལ་དེ་སྔོན་ལས་ངན་པའི་རྣམ་སྨིན་ཡིན་པའི་ཕྱིར་ཆོས་སུ་མི་འགྱུར་བ་དེ་བཞིན་དུ་བྲམ་ཟེའི་རིགས་སུ་སྐྱེ་བ་ཡང་ཞེས་སྦྱར་རོ། །ཆོས་ནི་མཐོ་རིས་དང་ཐར་པའི་ཐབས་ཏེ་དཔེར་ན་ལུས་དང་དབང་པོ་རྣམ་སྨིན་ཡིན་པས་ཆོས་མ་ཡིན་པ་བཞིན་ནོ། །འོ་ན་ཆོས་གང་ཡིན་ཞེ་ན། ཆོས་ནི་ཞེས་གསུངས་ཏེ་འཚེ་བ་ནི་མི་དགེ་བ་བཅུ་སྟེ་མི་འཚེ་བ་ནི་དེ་ལས་བཟློག་པའི་དགེ་བ་བཅུའོ། །བསྡུ་བ་བཞི་ལ་སོགས་པས་གཞན་ལ་ཕན་འདོགས་པ་ཐམས་ཅད་ཀྱི་མི་འཚེ་བའི་ཁོངས་སུ་འདུ་བ་ཡིན་ནོ། །སངས་རྒྱས་ཀྱི་མཐོ་རིས་ཐོབ་པའི་ཆོས་མདོར་བསྡུས་པ་ནི་དེ་ཡིན་ལ། རང་བཞིན་གྱིས་སྟོང་པ་བདག་མེད་གཉིས་ནི་མྱ་ངན་ལས་འདས་པ་ཐར་པ་ཐོབ་པའི་ཆོས་ཏེ་སངས་རྒྱས་ཀྱིས་བསྟན་པ་འདིར་ནི་མཐོ་རིས་དང་ཐར་པ་ཐོབ་པའི་ཆོས་ནི་དེ་གཉིས་འབའ་ཞིག་སྟེ་གཉིས་ཁོ་ན་ཡིན་ནོ། །དེས་ནི་ཆོས་ངན་པ་དེ་བོར་ནས་འདི་ལ་མི་འཇུག་པ་ནི་མུ་སྟེགས་རང་གི་ཕྱོགས་ཏེ་འཇིག་རྟེན་ཐམས་ཅད་ལ་སྐྱེ་བ་ངན་ཀྱང་དེ་ལ་ཆགས་ཤིང་སྡུག་པར་འགྱུར་བ་བཞིན་དུ་ཆོས་ངན་པ་དེ་ལྡོག་པར་བྱེད་པའི་རྒྱུ་སངས་རྒྱས་ཀྱི་ཆོས་དེ་མུ་སྟེགས་པ་ཁྱོད་ལ་རྒྱུ་གང་གིས་སྡུག་པར་འགྱུར་ཏེ་བག་ཆགས་ཀྱི་སྟོབས་ཀྱིས་རང་ཕྱོགས་ངན་པ་ལ་ཆགས་པས་ཉེས་པ་ཡིན་ནོ། །དེས་ན་མཁས་པ་རང་གི་སྐྱེ་བ་ངན་པ་བོར་ནས་ཡུལ་བཟང་པོ་ལེན་པ་བཞིན་དུ་ཁྱོད་ཀྱང་ཕྱོགས་ལྷུང་མེད་པར་རིགས་པས་འཐད་པའི་དོན་གྱི་ཆོས་འདི་ནི་གཞན་ལས་ཀྱང་བློ་ཤེས་རབ་དང་ལྡན་པ་མཐོ་རིས་དང་ཐར་པའི་ལེགས་པ་འདོད་པས་བླང་བར་རིགས་ཏེ། ཉི་མའི་དཔེས་ནི་དེ་བཞིན་གཤེགས་པའི་ཆོས་འདི་དོན་དུ་གཉེར་བ་ཐམས་ཅད་ལ་ཉི་མ་ལྟར་མཉམ་པར་ཕན་པ་མཛད་པ་ཆགས་སྡང་ལ་སོགས་པའི་སྐྱོན་གང་ཡང་མེད་པར་སྟོན་ཏོ། །སློབ་དཔོན་ཀ་མ་ཤཱི་ལའི་སྒོམ་པའི་རིམ་པ་ལས་ཀྱང་། དམ་པ་ཕྲག་དོག་ལ་སོགས་དྲི་མ་ཐག་བསྲིངས་པ། །ཡོན་ཏན་རྣམས་ཀྱིས་མི་ངོམས་ཆུ་ཡི་མཚོ་འདྲ་དག །རྣམ་པར་ཕྱེ་ནས་ལེགས་པར་བཤད་རྣམས་འཛིན་བྱེད་དེ། །ངང་པ་རབ་དགའ་ཆུ་ལས་འོ་མ་ལེན་པ་བཞིན། །ཞེས་བཤད་དོ། །ལྟ་བ་དགག་པའི་རབ་ཏུ་བྱེད་པ་བཅུ་གཉིས་པའི་བཤད་པའོ།།  །།

 

དབང་པོ་དང་དོན་དགག་པ།

དབང་པོ་དང་དོན་དགག་པ་སྟོན་པ་ན་གཟུགས་མཐོང་ཞེས་གསུངས་ཏེ་དེ་གྲངས་ཅན་གྱིས་གཙོ་བོ་རྟག་པའི་རྣམ་འགྱུར་དུ་འདོད་པ་དང་རིགས་པ་ཅན་དང་བྱེ་བྲག་པ་ཡན་ལག་ཅན་གྱི་རྫས་སུ་འདོད་པ་ནི་རྒྱུ་རྟག་པ་ལས་འབྲས་བུ་མི་རུང་ངོ་ཞེས་བཀག་ཟིན་ཏོ། །བདེ་བར་གཤེགས་པ་པ་རྣམས་ནི་འབྱུང་བ་བཞི་དང་གཟུགས་དྲི་རོ་རེག་གི་རྡུལ་བརྒྱད་ཚོགས་པ་ལ་བུམ་པར་འདོགས་ཏེ་དེ་ལ་བུམ་པའི་མཚན་ཉིད་རྣམས་ཚང་བའི་ཕྱིར་རོ། །དེའི་ཕྱིར་དེའི་གཟུགས་མཐོང་བས་བུམ་པའི་རྡུལ་ཐམས་ཅད་མི་མཐོང་བས་བུམ་པ་མངོན་སུམ་གྱིས་མཐོང་བར་བུམ་པའི་དེ་ཉིད་རིགས་སུ་ཞིག་སྨྲ། འདི་ལ་རྟོག་གེ་པ་རྣམས་ནི་ཤེས་པ་རྟོག་པ་མེད་པ་མངོན་སུམ་དུ་འདོད་ལ། སློབ་དཔོན་ཟླ་གྲགས་ལ་སོགས་པའི་དབུ་མ་པ་རྣམས་ནི་འཇིག་རྟེན་གྱི་དོན་སྤྱོད་པ་ལ་དེ་དང་འགལ་བར་སྨྲ་བ་ནི་མི་རིགས་ཏེ་དེ་ནི་ཡུལ་མངོན་སུམ་དུ་འདོད་ཀྱི་ཤེས་པ་ནི་མ་ཡིན་ནོ། །དེས་ན་ཤེས་པ་ནི་དེར་བརྟགས་ནས་ཡིན་ནོ། །ཤེས་པ་ལ་ཚད་མ་ཉིད་ཀྱང་མི་རུང་སྟེ་མི་བསླུ་བའི་ཤེས་པ་ནི་འཇིག་རྟེན་ལ་ཚད་མར་གྲགས་ན་བཅོམ་ལྡན་འདས་ཀྱིས་འདུས་བྱས་ཐམས་ཅད་བརྫུན་པ་བསླུ་བའི་ཆོས་ཅན་དུ་གསུངས་པའི་ཕྱིར་དང་། རྣམ་པ་གཞན་དུ་གནས་པའི་དོན་རྣམ་པ་གཞན་དུ་སྣང་བའི་ཕྱིར་དང་། དེ་འདྲ་བའང་ཚད་མ་ཡིན་ན་ཤེས་པ་ཐམས་ཅད་ཚད་མར་ཐལ་བའི་ཕྱིར་རོ། །དེས་ན་འཇིག་རྟེན་པ་ལ་བུམ་པ་མངོན་དུ་རིགས་ཀྱི་དངོས་པོའི་རང་བཞིན་སེམས་པས་དེ་སྐད་སྨྲ་བར་མི་རིགས་ཏེ་བུམ་པ་ནི་རྣམ་པ་ཀུན་ཏུ་མ་མཐོང་བའི་ཕྱིར་ཞེས་ཟེར་རོ། །རིག་པ་འདིས་མུན་ཁུང་དུ་དྲི་ཞིམ་པ་དང་རོ་མངར་བ་དང་རེག་བྱ་འཇམ་པ་མཐོང་བ་ཙམ་གྱིས་དེ་དང་ལྡན་པའི་རྫས་ཙནྡན་དང་བུ་རམ་དང་ཤིང་བལ་ལ་སོགས་པ་མངོན་སུམ་གྱིས་མཐོང་བར་འདོད་པ་ཐམས་ཅད་དག་རིགས་པ་དེས་སོ་སོར་དག་པར་བྱ་བ་ཡིན་ཏེ། དེ་དག་ཀྱང་རྫས་ཀྱི་རྡུལ་བརྒྱད་འདུས་པ་ལ་བརྗོད་པ་ན་གཅིག་ལས་མ་མཐོང་བའི་ཕྱིར་རོ། །དེ་ལ་གལ་ཏེ་གཟུགས་མཐོང་བས་རྫས་དེ་ཐམས་ཅད་མཐོང་བར་འགྱུར་ན་བདུན་པོ་དེ་མ་མཐོང་བས་གཟུགས་མ་མཐོང་བར་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །ཡང་ན་བུམ་པ་མ་མཐོང་བས་ཞེས་སྦྱར་རོ། །ཚོགས་པ་བཀག་ནས་ཡ་གྱལ་ལ་འགོག་པ་ནི་གཟུགས་འབའ་ཞིག་རྐྱང་པ་ལའང་ཚུ་རོལ་མཐོང་བ་ན་གཞན་གཉིས་མ་མཐོང་བའི་ཕྱིར་ཏེ། དྲི་རོ་རེག་བྱའང་དེ་བཞིན་ནོ། །ཆ་གསུམ་པོ་དེའང་གསུམ་པོ་དེའི་ཆས་ཕྱེ་ན་མཐར་རྡུལ་དུ་འགྱུར་ལ་རྡུལ་ལ་ཆ་ཤས་ཡོད་ན་ཐུག་མེད་དང་མེད་ན་འདུས་པ་མི་རུང་ངོ་། །ཡང་ན་ཡོད་ན་རྡུལ་ཕྲ་རབ་ཉམས་ཤིང་དེས་མངོན་སུམ་མི་རུང་ལ་མེད་ན་གཟུགས་ཅན་དུ་མི་རུང་ངོ་། །དྲི་རོ་རེག་བྱའང་དེ་ཁོ་ན་བཞིན་དགག་སྟེ་དྲི་མཐོང་བས་ཙན་དན་ཐམས་ཅད་མཐོང་ན་བྱ་བ་དང་། དྲི་རྐྱང་པ་ལ་མངོན་སུམ་མེད་པ་ལ་སོགས་པས་སོ། །མཐོང་བྱེད་ཀྱི་མངོན་སུམ་མ་གྲུབ་པ་དེ་ཕྱིར་མ་གྲུབ་པའི་བསྒྲུབ་བྱ་མངོན་སུམ་གྱི་བསྒྲུབ་བྱ་གཟུགས་ལ་སོགས་པ་དངོས་པོའི་རང་བཞིན་སྒྲུབ་པ་མི་འཐད་དེ་གྲུབ་པ་གཉིས་སྒྲུབ་བྱེད་དུ་འགྱུར་བའི་ཕྱིར་མ་གྲུབ་པས་མ་གྲུབ་པ་སྒྲུབ་པ་ནི་རིགས་པའི་ལུགས་ལ་མི་རུང་ངོ་། །དངོས་པོ་ཀུན་ཀྱང་ཕྲ་བ་ཡན་ལག་ཏུ་གྱུར་ནས་སླར་ཡང་དེས་བརྩམས་པ་ཡན་ལག་ཅན་དུ་འགྱུར་ཏེ་རྡུལ་ཕྲ་རབ་ནས་རགས་པའི་བར་ཕྱོགས་ཀྱི་ཆ་བསིལ་བས་ཡན་ལག་དང་ཡན་ལག་ཅན་གྲངས་མེད་པར་འགྱུར་རོ། དེའི་ཕྱིར་དེ་གཉིས་ནི་ལྟོས་པས་རང་བཞིན་མེད་པ་ཡིན་ནོ། །དོན་ལ་མེད་པ་དེ་ཕྱིར་ཡི་གེ་ལ་ཡང་སྔ་ཕྱིའི་ཆ་ཕྱེ་བས་དངོས་པོ་མེད་དེ། རྣམ་འགྲེལ་ལས། ཡི་གེའི་བདག་ཉིད་ཀུན་མཐའ་ཡང་། །མི་འཛུམ་ཚད་དུ་གནས་པ་ཡིན། །ཞེས་བྱ་བ་དེ་ལ་སྐད་ཅིག་ཏུ་བསིལ་ན་དངོས་མེད་དང་སྔ་ཕྱི་ལྟོས་པས་རང་བཞིན་མེད་པར་འགྱུར་བའི་ཕྱིར་རོ། །དེ་མེད་ན་དེས་བརྩམས་པའི་མིང་དང་ཚིག་དང་ངག་དང་ལེའུ་འམ་རབ་ཏུ་བྱེད་པ་དང་བསྟན་བཅོས་ཀྱི་བར་གྱི་རྗོད་པར་བྱེད་པ་སྒྲའི་ཚོགས་ཀྱང་མེད་དེ་དེ་དག་ཐམས་ཅད་སྔ་ཕྱིའི་ཆར་བསིལ་བས་དངོས་མེད་དང་སྔ་ཕྱི་ལྟོས་པས་རང་བཞིན་མེད་པར་འགྱུར་བའི་ཕྱིར་རོ། །ཡང་ན་ཡི་གེ་ལ་སོགས་པའི་རྗོད་བྱེད་མེད་དེ་བརྗོད་བྱའི་དོན་མེད་ན་དེའི་ཡུལ་ཅན་གྱིས་ཤེས་བརྗོད་གཉིས་ཀ་མེད་པའི་ཕྱིར་ཡུལ་ཡུལ་ཅན་ཐམས་ཅད་རིགས་ངོ་ན་མེད་དོ། །གལ་ཏེ་མདོག་དང་དབྱིབས་ཐ་དད་ན་མིག་གིས་དབྱིབས་མི་འཛིན་པར་འགྱུར་ཏེ་སྒྲ་བཞིན་ནོ། །འོན་ཏེ་དེ་གཉིས་གཞན་མིན་གཅིག་ཡིན་ན་ལུས་ཀྱི་མུན་ཁུང་དུ་དབྱིབས་བཟུང་བས་མདོག་ཀྱང་འཛིན་པར་འགྱུར་ཞེས་བྱ་བ་ནི་བྱེ་བྲག་ཏུ་སྨྲ་བ་དབྱིབས་དང་ཁ་དོག་རྫས་གཞན་དུ་འདོད་པ་ལ་ཅུང་ཟད་སྐྱོན་དུ་འགྱུར་གྱི་མདོ་སྡེ་པ་ཁ་དོག་བཀོད་པའི་དབྱིབས་ནི་དེ་དང་གཅིག་ཡིན་ལ། རེག་བྱ་བཀོད་པའི་དབྱིབས་ནི་རེག་བྱ་དང་གཅིག་ཏུ་འདོད་པ་ལ་མ་རེག་པས་ལྟག་ཆོད་ཡིན་ནོ། །ཡང་གཟུགས་ཀྱི་སྐྱེ་མཆེད་མ་གཏོགས་པའི་གཟུགས་ཀྱི་རྒྱུ་འབྱུང་བཞི་མི་སྣང་ངོ་། །ཞེས་པའང་མི་འཐད་དེ་བུམ་པ་ལྟ་བུ་གཅིག་ལ་གཟུགས་མིག་དང་སྲ་གཤེར་དྲོད་དང་གཡོ་བའི་འབྱུང་བཞི་ལུས་ལ་སྣང་བའི་ཕྱིར་དང་། ཡུལ་ཐ་དད་ན་གཟུགས་དང་འབྱུང་བཞི་དབང་པོ་ཐ་དད་ཀྱི་ཡུལ་ཐ་དད་དུ་སྣང་བའི་ཕྱིར་འཕགས་པ་ཡབ་སྲས་ཆོས་མངོན་པ་ནས་བཤད་པའི་སྐྱེ་མཆེད་ཀྱི་དོན་ལ་ཅུང་ཟད་མི་མཁས་པར་མངོན་ནོ། །དེ་ཉིད་ཀྱི་ཕྱིར་གཟུགས་དང་འབྱུང་བཞི་གཉིས་ཀ་གཅིག་ཡིན་ན་གཉིས་ཀ་མིག་གིས་འཛིན་པར་འགྱུར་ཞེས་པའང་བྱེ་བྲག་ཏུ་སྨྲ་བའི་བཙུན་པ་སངས་རྒྱས་ལྷ་ཁོ་ན་ལ་འགྱུར་གྱིས་གཞན་ལ་ནི་མི་འགྱུར་ཏེ་སངས་རྒྱས་པ་དོན་ཁས་ལེན་པ་ཐམས་ཅད་དེ་གཉིས་ཐ་དད་དུ་འདོད་པའི་ཕྱིར་རོ། །ས་ནི་ཞེས་བྱ་བས་དེ་ལུས་ཀྱིས་འཛིན་གྱི་མིག་གིས་མི་འཛིན་པར་སྟོན་ཏེ་འབའ་ཞིག་ནི་ཁོ་ནའོ། །བརྗོད་པ་ནི་ཆོས་མངོན་པ་ལས་ཏེ་འཇིག་རྟེན་པ་ནི་ཁ་དོག་དང་དབྱིབས་ལའང་ས་ཞེས་ཟེར་བའི་ཕྱིར་རོ། །ཁ་ཅིག་ན་རེ་བལྟ་བྱ་ཞེས་བྱ་བ་སྐྱེས་པས་བུམ་པ་བལྟ་བྱར་འགྱུར་བས་དེ་མངོན་སུམ་ཡིན་ནོ་ཞེས་ཟེར་རོ། །དེས་འདི་ལ་ཡོན་ཏན་དུ་མི་འགྱུར་བ་ནི་དེ་བལྟ་བྱ་ཡིན་པ་ལ་ནི་དོན་མེད་དེ་ཐུག་མེད་དུ་དགོས་པར་ཐལ་བའི་ཕྱིར་རོ། །དེ་མ་ཡིན་པ་ལའང་དེ་མི་སྐྱེ་སྟེ་ལུས་ཅན་མ་ཡིན་པ་ལའང་དེ་སྐྱེས་པས་བལྟ་བྱར་འགྱུར་བའི་ཕྱིར་རོ། །དེས་ན་བལྟ་བྱའི་སྐྱེ་བ་དེ་ལྟར་མི་འཐད་ཅིང་མ་མཐོང་བ་ལྟར་བུམ་པ་ལ་བལྟ་བྱ་མ་ཡིན་པའི་ཡོད་པའི་ངོ་བོའང་མེད་དེ་ཐ་སྙད་དུ་བལྟ་བྱ་མ་ཡིན་པའི་བུམ་པའི་ཡོད་པ་མི་སྲིད་པའི་ཕྱིར་རོ། །ཡང་ན་བལྟ་བྱ་སྐྱེས་པ་དང་བལྟ་བྱ་མ་ཡིན་པའི་བུམ་ཡོད་གཉིས་ཀ་མ་མཐོང་བའི་ཕྱིར་མེད་དོ། །གལ་ཏེ་ཁྱེད་ལ་ཡུལ་ཡུལ་ཅན་སོ་སོར་ངེས་པ་དེའི་རྒྱུ་མཚན་གང་ཡིན་རྒྱུ་མཚན་མེད་པར་ཡང་ངེས་ན་དེ་ལས་བཟློག་པར་ཡང་འགྱུར་རོ་ཞེ་ན། ངེད་ལ་མིག་གང་དང་རྣ་བ་གཉིས་ཀ་འབྱུང་བ་ལས་གྱུར་པ་འབྲས་བུའི་གཟུགས་སུ་མཚུངས་བཞིན་དུ་གཟུགས་མིག་གིས་མཐོང་གི་གཞན་རྣ་བས་ཐོས་པ་མིན་པ་ནི་ལས་ཀྱིས་དེ་ལྟར་ངེས་པར་བྱས་པ་དེས་ན་ཐུབ་པས་ལས་ཀྱི་རྣམ་སྨིན་བསམ་གྱིས་མི་ཁྱབ་པར་གསུངས་པ་ནི་དེ་ལྟ་བུ་ལ་སོགས་པ་ཡིན་ནོ། །ཞེས་ཁོ་བོ་ནི་དེ་ལྟར་འཆད་དོ། །འདི་ལ་སློབ་དཔོན་ཟླ་གྲགས་དབང་པོ་ཡོད་པས་དོན་མངོན་སུམ་པ་ཡོད་དོ་ཞེ་ན། མིག་དང་རྣ་བ་འབྱུང་འགྱུར་དུ་མཚུངས་པས་མིག་གིས་མཐོང་བ་བཞིན་གཟུགས་རྣ་བས་ཀྱང་མཐོང་བར་ཐལ་བ་དང་འབྱུང་བཞིས་བསྐྱེད་པས་རང་བཞིན་མེད་བྱ་བས་དབང་པོ་བཀག་ནས་དེ་མེད་ན་ལས་ཀྱི་རྣམ་སྨིན་མེད་པར་འགྱུར་རོ་ཞེ་ན། ལས་ཀྱི་རྣམ་སྨིན་གྱི་དབང་པོ་ནི་ཡོད་དེ་བཀག་པ་ནི་རང་བཞིན་པ་ཡིན་ནོ། །རྩ་བར་བཀོད་པ་དེ་རང་ལའང་འོང་ངོ་ཞེ་ན། ལས་ཀྱི་རྣམ་སྨིན་ནི་རིགས་པ་བཅུག་ཀྱང་བསམ་པར་མི་ནུས་ཏེ་ལས་རང་གི་ངོ་བོས་མ་གྲུབ་པའི་ཕྱིར་དང་། གྲུབ་ན་ཡང་བསྐྱར་ནས་སྨིན་པ་དང་ཡེ་མི་སྨིན་པ་ལ་སོགས་པའི་སྐྱོན་བརྗོད་ནས་རྣམ་སྨིན་བསམ་གྱིས་མི་ཁྱབ་པ་སྤྲུལ་པ་ལས་སྤྲུལ་པ་འབྱུང་བ་ལྟ་བུ་རང་བཞིན་མེད་པ་རྣམས་ཀྱང་རྒྱུ་འབྲས་ངེས་པ་མིག་གིས་མཐོང་བ་དང་རྣ་བས་ཐོས་པ་ལ་སོགས་པ་ནི་མཐོང་བས་བསྙོན་པར་མི་ནུས་ཏེ་མདོ་ལས། སེམས་ཅན་ལས་ཀྱི་རྣམ་སྨིན་བསམ་ཡས་པ། །རླུང་ལས་འཇིག་རྟེན་འདི་ཀུན་འབྱུང་འགྱུར་ཏེ། །མཚོ་དང་རི་དང་ལྷ་ཡི་གཞལ་མེད་ཁང་། །རིན་པོ་ཆེས་ཕྱེ་ས་བོན་བཀྲམ་རྣམས་སོ། །རླུང་ལས་བྱུང་བའི་སྤྲིན་གྱིས་ཆར་འབེབས་ཤིང་། །སླར་ཡང་རླུང་གིས་སྤྲིན་ནི་རབ་ཏུ་འཇིལ། །རླུང་ལས་འཇིག་རྟེན་ལོ་ཏོག་རྒྱས་འགྱུར་ཏེ། །རླུང་གིས་འགྲོ་བ་ཀུན་ལ་བདེ་བ་འདྲེན། །ཞེས་ལས་འབྲས་བསམ་གྱིས་མི་ཁྱབ་པར་གསུངས་སོ། །ཞེས་འཆད་དེ་རྩ་བའི་ཐལ་འགྱུར་ནི་ལྟག་ཆོད་དུ་བཀྲལ་ལོ། །ཤེས་པ་དགག་པ་ནི་རྐྱེན་མ་ཚང་བའི་ཕྱིར་ན་སྒོ་ལྔའི་ཤེས་པ་ནི་དབང་པོས་ལྟ་བ་དང་ཉན་པ་ལ་སོགས་པའི་སྔ་རོལ་ན་མེད་ལ་ལྟ་དང་ཉན་པ་ལ་སོགས་པའི་ཕྱི་ནས་ཤེས་པ་འབྱུང་ན་དོན་མེད་པར་འགྱུར་ཏེ་དབང་པོས་བཟུང་ཟིན་ལ་འཇུག་པའི་ཕྱིར་རོ། །ཕྱོགས་གསུམ་པ་དབང་ཤེས་གཉིས་དུས་མཉམ་ན་རྒྱུ་ལྟ་བྱེད་ཀྱི་དབང་པོ་དོན་མེད་དུ་འགྱུར་ཏེ་དུས་མཉམ་པ་ཕན་ཚུན་རག་མ་ལས་པས་རྒྱུ་འབྲས་སུ་མི་རུང་བའི་ཕྱིར་དང་། ཤེས་པ་ཉིད་ཀྱིས་ཡུལ་རིག་པའི་ཕྱིར་རོ། །སྒྲོན་མེ་དང་འོད་དུས་མཉམ་པའི་རྒྱུ་འབྲས་མཐོང་བས་གནོད་པའང་མ་ཡིན་ཏེ་དེའང་བ་ལང་གི་རྭ་ལྟར་དེ་ཉིད་ཀྱིས་འགོག་པའི་ཕྱིར་དང་། འཇིག་རྟེན་འཁྲུལ་པས་མཐོང་བ་བརྫུན་པ་དེས་དོན་དམ་དཔྱོད་པ་ལ་མི་གནོད་པའི་ཕྱིར་རོ། །དེ་གཟུགས་ལ་ལྟ་བ་ན་དེར་སོང་བའམ་མ་སོང་བར་ལྟ་གྲང་ན། མིག་དེ་ཡུལ་དེར་འགྲོ་དང་ལྡན་གྱུར་ན་ཐག་རིང་པོའི་ཡུལ་དེར་ཡུན་རིང་པོས་མཐོང་བར་འགྱུར་ན་ཉི་ཟླ་དང་སྐར་མ་ལ་སོགས་པ་མིག་ཕྱེ་མ་ཐག་ཏུ་འཛིན་པའི་ཕྱིར་ཕྱི་ནས་མི་ལྟའོ། །ལྟ་བ་དེ་སོང་ནས་འཕྲད་པ་ལ་ལྟོས་སོ་ཞེ་ན། ཧ་ཅང་ཉེ་བའི་མིག་སྨན་དང་ཐུར་མ་དང་ལིང་ཐོག་དང་ཆེས་རིང་བ་རི་རྩེའི་མཐོ་ལ་སོགས་པའི་གཟུགས་དེ་གསལ་བ་ཅི་སྟེ་མིན་ནས་དེ་གཉིས་གསལ་བར་མཐོང་བར་ཐལ་ཏེ་དང་པོ་འཕྲད་པ་ཡོད་པའི་ཕྱིར་དང་། གཉིས་པ་ལ་དེར་སོང་ནས་འཕྲད་པ་ཡོད་པའི་ཕྱིར་རོ། །དེ་ལྟར་ནི་མ་ཡིན་པའི་ཕྱིར་སོང་ཏེ་ཕྲད་ནས་འཛིན་པ་མེད་དོ། །ཡང་དེ་མཐོང་ནས་འགྲོའམ་མ་མཐོང་བར་འགྲོ་གྲང་ན་མཐོང་ནས་འགྲོ་ན་སོང་བ་ལ་ཡོད་དེ་དགོས་པ་འགའ་སྟེ་གཅིག་ཀྱང་མེད་དེ་འགྲོ་བ་ནི་ལྟ་བའི་དོན་དུ་ཡིན་ན་མཐོང་ཟིན་པའི་ཕྱིར་ད་འགྲོ་བས་ཅི་བྱ། ཡང་སྟེ་ཅི་སྟེ་མ་མཐོང་བར་འགྲོ་ན་བལྟ་བྱ་དེ་ངེས་པར་འདོད་པ་བརྫུན་པར་འགྱུར་ཏེ་ལོང་བས་མ་མཐོང་བས་གཟུགས་ངེས་འདོད་མེད་པ་བཞིན་ནོ། །བརྟག་པ་གཉིས་པ་མིག་དེར་མ་སོང་བར་འཛིན་ན་འགྲོ་བ་ཀུན་གྱིས་གཟུགས་མཐོང་བར་འགྱུར་ཏེ་ཡུལ་ཅན་གང་ལ་འགྲོ་བ་མེད་པ་དེ་ལ་རིང་བ་དང་བསྒྲིབས་པ་གཉིས་ཀ་མེད་པའི་ཕྱིར་ཡིད་བཞིན་ནོ། །འདིའང་མཐུན་ཕྱོགས་ལ་མཐོང་ཙམ་གྱིས་ལྟག་ཆོད་དུ་འགྱུར་ཉེན་ཡོད་དོ། །རང་ལ་མི་ལྟ་བས་གཞན་ལའང་མི་ལྟའོ་ཞེས་སྟོན་པ་ནི་དངོས་པོ་ཞེས་པ་སྟེ་སྒྲོན་མ་བཞིན་རང་སྣང་ནས་གཞན་སྣང་བར་བྱེད་ན་དེས་དེ་ཉིད་འཛིན་པར་རྒྱུ་གང་གིས་ཀྱང་འགྱུར་བ་མ་ཡིན་ནས་འཛིན་པར་འགྱུར་ན་རང་ཉིད་ལ་བྱེད་པ་འགལ་བ་དང་དེ་ལྟར་སུས་ཀྱང་མ་མཐོང་ངོ་། །ཚོགས་པས་མཐོང་བ་འགོག་པ་ནི་མིག་ལ་ཞེས་པ་སྟེ་ལྟ་བ་ནི་མིག་གོ་འདིའང་གསུམ་པོ་དེ་ངོ་བོ་གཅིག་ཏུ་ཚོགས་པ་ནི་ཁེགས་མོད་ཀྱི་ཐ་དད་ལྡན་པར་རུང་ཡུལ་གཅིག་ཏུ་ཚོགས་པ་དེས་མཐོང་བར་འདོད་པ་ནི་མ་བཀག་པས་ལྟག་ཆོད་དུ་མངོན་ནོ། །དེ་ལྟ་བུའི་དེ་ཉིད་རིགས་པས་གཟུགས་མཐོང་བ་བཀག་ནས་སྔར་སྒྲ་ཐོས་པ་མ་བཀག་པས་དེ་འགོག་པ་ན་སྒྲ་རྣ་བའི་ནང་དུ་འགྲོ་བ་འགོག་པ་ན་གལ་ཏེ་སྒྲ་སྨྲ་ཞིང་འགྲོ་ན་རྒྱུ་གང་གིས་སྨྲ་བ་པོར་མི་འགྱུར་ནས་སྨྲ་བ་པོ་ཡིན་པའི་ཕྱིར་སྒྲ་མ་ཡིན་པར་འགྱུར་རོ། །འོན་ཏེ་སྒྲ་དེ་མི་སྨྲ་བར་འགྲོ་ན་རྒྱུ་གང་གིས་རྣ་བ་དེ་ལ་སྒྲ་འཛིན་པའི་ཤེས་པ་བསྐྱེད་དེ་མི་བསྐྱེད་པར་ཐལ། སྒྲ་མི་སྨྲ་བར་གསང་ནས་འགྲོ་བའི་ཕྱིར་རོ། །མ་ཐོས་པར་ནི་ཡོད་པར་བརྟག་མི་ནུས་སོ། །ཡང་སྒྲ་དེ་རྣ་བ་དང་ཕྲད་ནས་འཛིན་ན་སྒྲའི་དང་པོ་མ་ཕྲད་པ་དེ་དབང་པོ་གང་གིས་འཛིན་ཏེ་འཛིན་བྱེད་མེད་པ་སྒྲར་མི་རུང་ངོ་། །སྒྲ་ནི་རྡུལ་བརྒྱད་དང་བྲལ་བའི་རྐྱང་པ་མི་འོངས་ན་རེང་བུ་སྟེ་སྒྲ་རྐྱང་པ་ཇི་ལྟར་འཛིན་ཐམས་ཅད་དེར་འོངས་པ་ལ་གཅིག་ཁོ་ན་འཛིན་པ་མི་འཐད་དེ་ཐམས་ཅད་འཛིན་པའི་སྒྲའང་མི་འཛིན་པར་ཟུངས་ཤིག དེ་ལྟར་མཐོང་ངོ་ཞེ་ན་མཐོང་བ་འཁྲུལ་པས་ནི་དོན་དམ་ལ་མི་གནོད་དོ། །ཇི་སྲིད་མ་ཐོས་པའི་བར་དུ་དེ་སྒྲར་མི་འགྱུར་ཏེ་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ཐོས་པའི་སྔར་སྒྲ་མེད་པའང་མཐར་ཐོས་ཙ་ན་སྒྲར་འགྱུར་བ་མི་རིགས་ཏེ་ཐམས་ཅད་སྒྲར་འགྱུར་བར་ཐལ་བའི་ཕྱིར་རོ། །དེ་དག་ནི་དང་པོ་མ་བཟུང་བའི་ཉེས་པ་ཡིན་ནོ། །མདོ་ལས། །ཡིད་དུ་འོང་བའི་སྒྲ་གང་ཐོས་གྱུར་པ། །དེ་ནི་ནམ་ཡང་ནང་དུ་ཞུགས་པ་མེད། །དེ་ཡི་འཕོ་བ་རྙེད་པར་མི་འགྱུར་མོད། །རྟོག་པའི་དབང་གིས་སྒྲ་ནི་འབྱུང་བར་འགྱུར། །བྱ་བ་དང་། །དཔེར་ན་ཤིང་དང་རྒྱུད་ལ་བརྟེན་བྱས་ལ། །ལག་པས་རྩོལ་བ་བྱས་པ་གསུམ་ཚོགས་ན། །སྒྲོག་བྱེད་པི་ཝང་གླིང་བུ་ལ་སོགས་པ། །དེ་དག་ལ་ནི་སྒྲ་དག་འབྱུང་བར་འགྱུར། །དེ་ནས་མཁས་པ་ལ་ལས་བརྟགས་བྱས་ཏེ། །དེ་ནི་གང་ནས་འོངས་ལ་གར་སོང་ཞེས། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བརྟགས་བྱས་ན། །སྒྲ་ཡི་འགྲོ་བའམ་འོང་བ་མི་དམིགས་སོ། །ཞེས་གསུངས་སོ། །དེ་ལྟར་དབང་པོ་ལ་ཡུལ་འཛིན་པ་དགག་པ་བཤད་ནས་ཡིད་ལ་དེ་དགག་པ་སྟོན་པ་ནི་ཡིད་དབང་པོ་དང་བཅས་ནས་ཡུལ་ལ་འགྲོ་ན་ལུས་དབང་པོ་དང་བྲལ་བར་འགྱུར་རོ། །དབང་པོ་རྣམས་དང་བྲལ་བའི་སེམས་ཡིད་ཀྱིས་སོང་སྟེའང་ཡུལ་ལ་ཅི་ཞིག་བྱེད་པར་འགྱུར་འོན་ལོང་ལ་སོགས་པས་ཀྱང་ཡུལ་ལ་ཡིད་ཀྱིས་ལྟ་བ་དང་ཉན་པ་ལ་སོགས་པ་ཡོད་པར་འགྱུར་བའི་ཕྱིར་རོ། །འང་གི་སྒྲས་ནི་ཡིད་མ་སོང་བར་ཡོད་པར་མི་བྱེད་པ་སྡུད་པ་ཡིན་ནོ། །ཡིད་དབང་པོ་དང་བྲལ་ནས་ཡུལ་ལ་འབྱམས་པ་དེ་ལྟར་ཡིན་དང་སྟེ་ཡིན་པའི་ཕྱིར་སྲོག་ཅན་གྱི་གང་ཟག་འདི་ནི་རྟག་ཏུ་ཡིད་མེད་ཅི་སྟེ་མིན་ན་སྟེ་ཡིད་མེད་དུ་ཐལ་ལ་དེ་འདོད་ན་བདག་མེད་པར་འགྱུར་ཏེ་བུམ་པ་བཞིན་ནོ། །དབང་དོན་ཤེས་པ་གསུམ་ག་མེད་ན་མཚན་མར་འཛིན་པའི་འདུ་ཤེས་མེད་པར་འགྱུར་རོ། །ཞེ་ན་དོན་དམ་དུ་མེད་པར་འདོད་ལ་ཐ་སྙད་དུ་སྔར་མཐོང་ཞིང་འགགས་པའི་དོན་གང་ཞིག་ལ་ད་ལྟར་གྱི་ཡིད་ཀྱིས་སྨིག་རྒྱུ་ལ་ཆུ་མེད་ཀྱང་འཛིན་པ་ལྟར་འདས་པའི་ཡུལ་མེད་ཀྱང་འཛིན་པ་དེ་ནི་ཆོས་ཏེ་ཤེས་བྱ་ཀུན་གྱི་ཐ་སྙད་རྣམ་གཞག་ལ་འདུ་ཤེས་ཕུང་པོ་ཞེས་བྱ་སྟེ་འཇིག་རྟེན་པ་དང་བསྟན་བཅོས་པ་ཐམས་ཅད་དེས་ཇི་ལྟར་རྣམ་པར་བཞག་པ་ལྟར་ཡོད་ཅིང་ཡིན་པར་རློམ་མོ། །དེའང་སེམས་དང་གདུང་ཁྱིམ་བཞིན་ཕན་ཚུན་བརྟེན་ནས་གནས་པས་རང་བཞིན་མེད་དོ། །འདིས་ཀྱང་རྟོག་མེད་ཀྱི་སེམས་ལ་འདུ་ཤེས་མེད་པར་བསྟན་ཏེ། ཆོས་མངོན་པ་ལས་འདུ་ཤེས་ཀུན་འགྲོར་བཤད་པ་དང་འགལ་སྣང་ངོ་། །རྒྱུ་མཚན་གཞན་ཡང་མིག་དང་གཟུགས་ལ་བརྟེན་ནས་ཡིད་རྣམ་པར་ཤེས་པ་རྣམས་སྒྱུ་མའི་སྣང་བ་བཞིན་སྐྱེ་བར་མདོ་ལས་གསུངས་ན་རྣམ་ཤེས་གང་ལ་རང་བཞིན་གྱི་ཡོད་པ་ཉིད་ཡོད་པ་དེ་ལ་སྒྱུ་མ་ཞེས་བྱར་མི་རིགས་ཏེ་ཕྱི་ནང་གི་ཡོད་པ་གཞན་ལ་སྒྱུ་མར་མི་བརྗོད་པ་བཞིན་ནོ། རྣམ་ཤེས་སྒྱུ་མ་ལྟ་བུར་ནི་སངས་རྒྱས་ཀྱིས་གསུངས་པས་དེ་དང་མཚུངས་ལྡན་གྱི་འདུ་ཤེས་ཀྱང་རང་བཞིན་མེད་པར་གྲུབ་བོ། །མདོ་ལས། །རབ་རྫོགས་ཤེས་པའི་དོན་ཅན་གྱི། །འཛིན་ལ་འདུ་ཤེས་ངེས་པར་བསྟན། །གང་ལ་འདུ་ཤེས་འབྱུང་འགྱུར་བའི། །ཆོས་ནི་སངས་རྒྱས་ཀྱིས་མ་རྙེད། །ཞེས་བཤད་དོ། །གལ་ཏེ་དཔྱད་ན་དབང་ཤེས་ཀྱིས་ཡུལ་འཛིན་པ་མེད་བཞིན་དུ་འཛིན་པར་སྣང་བ་སྐྱེ་བ་འདི་ངོ་མཚར་རོ་སྙམ་ན་གང་ཚེ་རང་བཞིན་མེད་པར་དཔྱོད་པ་ལ་མཁས་པ་རྣམས་ལ་སྟོང་ན་ངོ་མཚར་ཅན་མིན་ཅིང་མེད་པ་དེ་ཚེ་དབང་པོ་དང་རྟོག་པ་སྟེ་ཤེས་པ་དེ་འདྲ་བ་ཞེས་སྦྱར་ཏེ་ཁོ་བོ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་རིགས་པས་དཔྱད་ན་མེད་བཞིན་དུ་སྣ་ཚོགས་སུ་སྣང་བར་འདོད་པའི་ཕྱིར་རོ། །དོན་ལ་མེད་བཞིན་དུ་སྣང་ལ་རང་བཞིན་མེད་པའི་དཔེ་སྟོན་པ་ནི་འགལ་མེ་ཞེས་པ་སྟེ་དེ་འཁོར་ལོའི་མུ་ཁྱུད་བཞིན་དོན་ལ་མེད་ཀྱང་སྣང་བ་དང་ཁུག་སྣ་ལ་དུ་བ་དང་རི་ནང་གི་བྲག་ཆ་ལ་སྒྲ་དངོས་དང་སྤྲིན་ལ་རིར་སྣང་བ་ལ་སོགས་པར་སྦྱར་ཏེ་སྲིད་པ་གསུམ་ཀྱང་རྒྱུ་ལས་དང་ཉོན་མོངས་པ་སྣ་ཚོགས་ལས་ལུས་སྣ་ཚོགས་སུ་སྣང་བ་ཡིན་ནོ། །མྱ་ངན་ལས་འདས་པ་འཕགས་པའི་གང་ཟག་རྣམས་ཀྱང་རྒྱུ་ཐོས་བསམ་དང་ལམ་སྒོམ་པ་དང་སྨོན་ལམ་ལ་སོགས་པ་སྣ་ཚོགས་ལས་ཡོན་ཏན་ཆེ་ཆུང་ལ་སོགས་པ་སྣ་ཚོགས་སུ་འགྱུར་ཏེ་མདོ་སྡེ་རྒྱན་ལས། ཇི་ལྟར་མདུད་པའི་དབང་གིས་ནི། །གོས་ལ་ཚོན་བཀྲ་མི་བཀྲ་བ། །དེ་བཞིན་འཕེན་པའི་དབང་གིས་ཀྱང་། །གྲོལ་བའི་ཡེ་ཤེས་བཀྲ་མི་བཀྲ། །ཞེས་བྱ་བ་དང་། སྤེལ་མར་བསྟོད་པ་ལས། །བསེ་རུའི་རྭ་དང་འདྲ་གང་དང་། །གང་ཡང་ཁྱོད་ཀྱི་རྗེས་འགྲོ་སློབ། །ཞི་བ་ཙམ་གྱིས་ཁྱོད་དང་མཚུངས། །བསམ་ཡས་ཡོན་ཏན་ཚོགས་ཀྱིས་མིན། །ཞེས་བཤད་པ་བཞིན་ནོ། །དེའི་ཕྱིའི་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱུ་རྟེན་འབྲེལ་རང་བཞིན་མེད་པ་གྱི་ན་ཙམ་ལས་འབྲས་བུ་ཡང་དེ་ལྟ་བུ་འབྱུང་བ་ཡིན་ཏེ། རྒྱལ་བའི་ཡུམ་ལས། མྱ་ངན་ལས་འདས་པ་དང་དེ་ལས་ལྷག་པའི་ཆོས་ཤིག་ཡོད་ནའང་དེ་གཉིས་རྨི་ལམ་དང་སྒྱུ་མ་ལྟ་བུ་ཡིན་ནོ་ཞེས་གསུངས་སོ། །དབང་པོ་དང་དོན་དགག་པའི་རབ་ཏུ་བྱེད་པ་བཅུ་གསུམ་པའི་བཤད་པའོ།།  །།

མཐར་འཛིན་དགག་པ།

མཐར་འཛིན་དགག་པ་སྟོན་པ་ན་དངོས་པོ་ཞེས་གསུངས་ཏེ་དེ་རྟེན་འབྲེལ་མ་ཡིན་ན་རང་གི་བདག་ཉིད་དུ་འགྲུབ་པར་འགྱུར་ན་དེ་གཞན་ལ་རག་ལས་པའི་རྟེན་འབྲེལ་ཡིན་པས་རང་གི་ངོ་བོ་འམ་རང་བཞིན་མེད་དོ་ཞེས་སྟོན་པ་ཡིན་ནོ། །གཟེག་གཟན་པ་དང་དབང་ཕྱུག་གི་སྤྲུལ་པ་འུག་པས་བསྟན་པའི། རྫས་དང་ཡོན་ཏན་ལས་དང་སྤྱི། །བྱེ་བྲག་འདུ་བ་རྣམ་པ་དྲུག །ཅེས་བྱ་བ་ཚིག་གི་དོན་དྲུག་ཤེས་བྱའི་དེ་ཁོ་ནར་རྟོག་པ་འགོག་པ་ན། གཟུགས་དྲི་རོ་རེག་གྲངས་དང་བོང་ཚོད་དང་། །སོ་སོ་བ་དང་ཕྲད་པ་བྱེ་བ་གཞན། །གཞན་མིན་བཅུ་གཅིག་རྫས་ཀྱི་ཡོན་ཏན་འདོད། །ཅེས་བྱ་བའི་ཡོན་ཏན་གཟུགས་ཁ་དོག་དབྱིབས་དང་བུམ་པ་གཅིག་མ་ཡིན་ཏེ་གཟུགས་ཡོད་པར་བུམ་པ་ཡོད་པས་ཁྱབ་པར་ཐལ་བའི་ཕྱིར་དང་། སོ་བཏང་ཙ་ན་ཁ་དོག་ཞིག་པས་བུམ་པའང་ཞིག་པར་འགྱུར་བའི་ཕྱིར་རོ། །གཟུགས་དང་བུམ་པ་གཞན་ཐ་དད་དུའང་མེད་དེ། དེ་ལྟར་སུས་ཀྱང་མ་མཐོང་བའི་ཕྱིར་རོ། །བུམ་པ་ལ་གཟུགས་དང་གཟུགས་ལ་བུམ་པ་ནི་སྔར་བཤད་པའི་རིགས་པས་ངོ་བོ་གཅིག་དང་ཐ་དད་གཉིས་ཀར་མེད་དེ་རང་བཞིན་མེད་ལ་གཟུགས་སུ་སྣང་བས་དཔེ་དགུ་དང་འདྲའོ། །ཡང་དངོས་པོའི་ཡོད་པའི་སྤྱི་ནི་ཐམས་ཅད་ལ་ཡོད་ལ་བུམ་པ་ནི་གཞན་ལ་མེད་པས་དེ་གཉིས་མཚན་ཉིད་མི་མཐུན་པར་མཐོང་བས་དངོས་པོ་དང་བུམ་པ་གཞན་དུ་འདོད་ན་དེ་ནི་མ་ཡིན་ཏེ་དེ་ལྟར་ན་དངོས་པོ་ཡང་བུམ་པ་ལས་གཞན་དུ་འགྱུར་ལ་བུམ་པ་ལ་སྒྲ་བློ་འཇུག་པའི་རྒྱུ་གཞན་ཉིད་ཡིན་པ་བཞིན་དེ་ལ་སྒྲ་བློ་འཇུག་པའི་གཞན་ཉིད་གཉིས་པ་ལ་སོགས་ཐུག་མེད་ཀྱི་སྐྱོན་དུ་འགྱུར་རོ། །ཡང་གཅིག་ཉིད་ལ་སོགས་པའི་གྲངས་བུམ་པར་མི་འདོད་ན་བུམ་པའང་གཅིག་ཏུ་མི་འགྱུར་བས་ཡན་ལག་ཅན་གཅིག་ཡིན་པ་ཉམས་སོ། །རྫས་གཅིག་ལ་གཅིག་གི་གྲངས་དོན་མེད་ལ་རྫས་དུ་མ་ལ་གཅིག་གི་གྲངས་འགལ་བའི་ཕྱིར་རོ། །འཇིག་རྟེན་ན་ནི་ཟླ་མེད་པ་ལ་གཅིག་ཏུ་གྲགས་སོ། །འདིས་ནི་ཡོན་ཏན་དང་རྫས་ཀྱི་ལྡན་པ་ཁས་བླངས་ནས་སུན་འབྱིན་མཛད་དོ། །ཡང་དེ་གཉིས་ཀྱི་ལྡན་པ་སྟེ་འབྲེལ་བ་འདི་ཁྱོད་ཀྱི་ལུགས་ལ་མཚུངས་པར་ཡོད་པ་མ་ཡིན་ཏེ་ཡོན་ཏན་རྣམས་རྫས་ལ་ལྡན་ཏེ་རྟེན་ཡང་རྫས་ཡོན་ཏན་ལ་ཚུར་བརྟེན་ཅིང་ལྡན་པར་མི་འདོད་པའི་ཕྱིར་རོ། །ཁྱོད་ཀྱི་གཞུང་ལས། ཡོན་ཏན་རྣམས་ནི་རྫས་ལ་བརྟེན་པའོ། །ཞེས་བཤད་དོ། །གཅིག་བུམ་པར་མི་འདོད་ན་བུམ་པ་གཅིག་ཏུ་མི་འགྱུར་བར་མ་ཟད་ལྡན་པ་མི་མཚུངས་པ་དེས་ཀྱང་བུམ་པ་གཅིག་ཏུ་མི་འགྱུར་ཏེ་རྫས་གཅིག་ཏུ་འཇོག་པའི་རྒྱུ་མཚན་གྲངས་གཅིག་དང་མི་ལྡན་པའི་ཕྱིར་རོ། །འདིས་ནི་ལྡན་པ་དེ་མི་སྲིད་པའི་སྒོ་ནས་སུན་འབྱིན་མཛད་དོ། །འདི་སྐད་སྟོན་པ་ཡིན་ཏེ་ལྡན་པ་ནི་གཉིས་ཀ་ལ་གནས་པ་ཡིན་ཏེ་ཕན་ཚུན་སྤུན་དུ་ལྡན་ཞིང་འབྲེལ་བ་དང་བུམ་པ་སྣམ་བུ་དང་ལྡན་པ་དེ་གཉིས་ཀ་ལ་གནས་པ་བཞིན་ནོ། །རྫས་དང་ཡོན་ཏན་གྱི་ལྡན་པ་ཡང་ཕན་ཚུན་གཉིས་ཀ་ལ་གནས་དགོས་ན་ཁྱེད་ཀྱི་ཡོན་ཏན་རྫས་ལ་བརྟེན་གྱི་རྫས་ཡོན་ཏན་ལ་མི་བརྟེན་པར་འདོད་དེ་འདྲ་བའི་ལྡན་པའང་མི་སྲིད་དེ་རྟེན་དང་བརྟེན་པ་ནི་གདུང་ཁྱིམ་ལྟར་གཅིག་མེད་ན་གཉིས་ཀ་མེད་པའི་ཕྱིར་རོ། །དེས་ན་བུམ་པ་གཅིག་ལ་མི་བརྟེན་ན་གཅིག་ཀྱང་བུམ་པ་ལ་མི་བརྟེན་པས་བུམ་པ་གཅིག་ཏུ་མི་རུང་ངོ་། །རྒྱ་ཤུགས་མེད་ཀྱང་མཁར་གཞོང་དང་ཞྭ་མེད་ཀྱང་མགོ་བོ་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ལ་ཡང་རྟེན་དང་བརྟེན་པའི་གཉིས་པོ་དེ་ནི་མེད་ལ་དེ་གཉིས་མེད་པའི་གཉིས་པོ་དེ་ནི་སྔ་མ་ལས་གཞན་ཡིན་ནོ། །ཡང་དེ་དང་ལྡན་པས་དེར་འགྱུར་ན་གང་གི་ཚེ་ཡན་ལག་ཅན་གྱི་རྫས་ཚད་ཇི་ཙམ་ཡོད་པའི་ཡོན་ཏན་གཟུགས་ཀྱང་དེ་ཙམ་དུ་འགྱུར་ན་དེའི་ཚེ་གཟུགས་ཀྱི་ཡོན་ཏན་ཀྱང་ཆེ་ཆུང་ཅི་སྟ་མིན་དེས་ན་རྫས་ལ་ཆེ་ཆུང་འདོད་ཀྱི་གཟུགས་ལ་ཆེ་ཆུང་མི་འདོད་པ་དེ་མི་འཐད་དོ། །གཟུགས་ལ་ཆེ་ཆུང་ཡོད་ན་ཡང་དེས་རྫས་ཀྱི་ཚད་འཛིན་པས་བོང་ཚད་ཀྱི་ཡོན་ཏན་དོན་མེད་པར་འགྱུར་རོ། །གལ་ཏེ་རྫས་དང་གཟུགས་ཚད་མཉམ་ཡང་ཡོན་ཏན་ཡོན་ཏན་གྱི་དབྱིབས་སུ་མི་འགྱུར་བ་ཞེས་བྱ། འདི་ངེད་ཀྱིས་གྲུབ་མཐའ་ཡིན་པས་གཟུགས་ལ་བོང་ཚད་མེད་པའི་ཕྱིར་རྫས་ཀྱི་ཚད་བོང་ཚད་ཀྱིས་འཛིན་ནོ་ཞེ་ན། གལ་ཏེ་ཕྱིར་རྒོལ་དབུ་མ་པ་ཁྱོད་ལས་གཞན་མིན་ཏེ་ཁྱོད་ཀྱི་གྲུབ་མཐའ་ཁས་ལེན་ན་ཁྱོད་ཀྱི་གཞུང་ལུགས་ཡོན་ཏན་ཡོན་ཏན་གྱི་དབྱིབས་སུ་མི་འགྱུར་བའི་ལུང་འགལ་བསྙད་པ་སྟེ་བརྗོད་པར་བྱ་བར་འགྱུར་ན། ངེད་ལུགས་དེ་འགོག་པ་ལ་དེ་དང་འགལ་བ་སྐྱོན་མ་ཡིན་པས་ཉེས་པ་སོ་ན་ཡོད་དོ། །རིགས་པ་དང་འཇིག་རྟེན་དང་འགལ་བ་བརྗོད་ན་ནི་རིགས་ཏེ་དེས་དེ་བཟློག་ནུས་པའི་ཕྱིར་རོ། །དེ་ལྟར་ན་ཡོད་པའི་སྤྱི་བཀག་པ་དེས་བུམ་པ་ཉིད་ལ་སོགས་པའི་སྤྱི་དང་བྱེ་བྲག་ལ་སོགས་པ་དགག་པ་ཡང་ཤེས་པར་བྱ་སྟེ་སྤྱི་རྣམས་ནི་གྲངས་དང་འདྲ་ལ་བྱེ་བྲག་ལ་སོགས་པ་རྣམས་ནི་ཆེ་ཆུང་གི་གཟུགས་སམ་བོང་ཚད་དང་འདྲའོ། །སྔར་བཀག་པ་དེ་དག་མེད་ཀྱང་བུམ་པའི་རྫས་མཚན་གཞི་ཡོད་དོ་ཞེ་ན། མཚན་ཉིད་གྲངས་དང་གཟུགས་ལ་སོགས་པས་ཀྱང་མཚན་གཞི་བུམ་པ་གཞན་གྱི་ཕྱོགས་གང་དུ་མ་གྲུབ་པ་དེར་ནི་གྲངས་སོགས་ལས་ཐ་དད་པའི་བུམ་པའི་དངོས་པོ་མེད་དེ་མ་དམིགས་པའི་ཕྱིར་རོ། །འདི་སྐད་དུ་གཟེགས་གཟན་པས་བརྟགས་པའི་མཚན་ཉིད་ཡོན་ཏན་ལ་སོགས་པ་དང་མཚན་གཞི་བུམ་པ་ཡན་ལག་ཅན་གྱི་རྫས་ཐ་དད་ནི་མ་མཐོང་བའི་ཕྱིར་མེད་དོ། །ཞེས་སྟོན་པ་ཡིན་ནོ། །མཚན་མཚོན་ཐ་དད་དུ་འདོད་པ་བཀག་ནས་གཅིག་ཏུ་འདོད་པ་འགོག་པ་ནི་མཚན་ཉིད་རྫས་ཀྱི་རྡུལ་བརྒྱད་པོ་རྣམས་དང་བུམ་པ་སོ་སོ་མ་ཡིན་པའི་ཕྱིར་བུམ་པ་གཅིག་མ་ཡིན་ཏེ་མང་པོ་དང་གཅིག་ཡིན་ཕྱིར་རོ། །རྫས་ཀྱི་རྡུལ་རེ་རེ་ལ་བུམ་པ་མེད་པའི་ཕྱིར་བུམ་པ་མང་པོར་མི་འཐད་དོ། །རེ་རེ་ལ་མེད་ཀྱང་རྡུལ་བརྒྱད་ཚོགས་ཤིང་སྦྱར་བ་ལས་བུམ་པ་གཅིག་ཡིན་ནོ་ཞེ་ན། ལུས་ཀྱིས་རེག་ལྡན་ཏེ་རེག་བྱ་དང་རེག་དང་མི་ལྡན་པ་གཟུགས་དང་དྲི་རོ་དང་ལྷན་ཅིག་སྦྱོར་བ་སྟེ་ཕྲད་ཅིང་རེག་པ་མེད་དོ་ནམ་མཁའ་དང་བུམ་པ་ཕྲད་ཅིང་རེག་པ་མེད་པ་བཞིན་ནོ། །དེ་དག་ཕན་ཚུན་སྦྱར་བ་མེད་པ་དེ་ཕྱིར་དེ་དག་སྦྱར་བའི་བུམ་པ་མེད་དོ་དེ་དག་རེག་པ་མེད་ཀྱང་ཚོགས་པ་ཙམ་བུམ་པ་ཡིན་ནོ་ཞེ་ན། གཟུགས་ལ་སོགས་པ་རྡུལ་བརྒྱད་སོ་སོ་ནི་བུམ་པའི་ཡན་ལག་ཡིན་པས་བུམ་པ་ཡན་ལག་ཅན་མིན་ལ་དེ་རྣམས་ལས་ཐ་དད་ནའང་ཡན་ལག་ཅན་མ་མཐོང་བས་མེད་པ་དེས་ན་ཡན་ལག་ཅན་མེད་པས་གཟུགས་ལ་སོགས་པ་ཡན་ལག་ཏུའང་མེད་པའི་ཕྱིར་དེ་གཉིས་ཀ་མེད་དོ། །འདིའང་ཡ་གྱལ་ལ་མེད་ཀྱང་ཚོགས་པ་ལ་ཐ་སྙད་དུ་ཡོད་པས་ལྟག་ཆོད་དུ་མངོན་ནོ། །གཟུགས་ཐམས་ཅད་ལ་རྫས་ཀྱི་རྡུལ་བརྒྱད་མཚན་ཉིད་ཁྱད་མེད་དུ་ཡོད་པས་ཐམས་ཅད་བུམ་པར་ཐལ་བའམ་ཡང་ན་བུམ་པའང་བུམ་མིན་དུ་འགྱུར་རོ་ཞེས་སྟོན་པ་ནི་གཟུགས་རྣམས་ཞེས་པ་སྟེ་ཉིད་ནི་སོགས་པའི་དོན་ནོ། །རགས་པ་གཅིག་ཡིན་ན་དེ་རྩོམ་པའི་རྡུལ་རྣམས་ཀྱང་གཅིག་ཏུ་འགྱུར་རོ། །གལ་ཏེ་ཐམས་ཅད་བུམ་པར་མི་འགྱུར་བའི་རྒྱུ་ཡོད་དེ་རོ་སོགས་བདུན་པོ་དག་ལས་གཟུགས་གཞན་ཡིན་ཞིང་བུམ་པ་ལས་གཟུགས་གཞན་མིན་པས་གཟུགས་མི་འདྲ་བ་ལས་ཐ་དད་དུ་འདོད་ན་རོ་སོགས་བདུན་པོ་དེ་རྣམས་མ་གཏོགས་ཏེ་མེད་པར་རང་མེད་པའི་བུམ་པ་དེ་གཟུགས་ལས་གཞན་ཇི་ལྟར་མིན་ནས་ཏེ་གཟུགས་ལས་གཞན་དུ་ཐལ་ཏེ་དེ་ལས་གཞན་པའི་རོ་སོགས་བདུན་དང་གཅིག་ཡིན་པའི་ཕྱིར་རོ། །ཇི་ལྟར་དེ་རྣམས་མེད་པར་རང་། །མེད་གང་དེ་གཟུགས་ལས་གཞན་མིན། ཞེས་འདོན་པ་དེར་ཡང་དེ་ཇི་ལྟར་གཟུགས་ལས་གཞན་མིན་ཞེས་བཤད་པར་བྱའོ། །དེ་ལྟར་རྫས་རེ་རེ་བ་དང་འདུས་པ་བུམ་པའི་རྒྱུ་མ་ཡིན་པས་བུམ་པ་ལ་རྒྱུ་མེད་ལ་དེ་རང་ཉིད་འབྲས་བུར་ཡང་མི་འགྱུར་བ་དེ་ཕྱིར་ཞེས་བྱ་བས་ནི་གཟེགས་གཟན་པ་དགག་པ་སྡུད་པ་ཡིན་ནོ། །བུམ་པ་ཞེས་བྱ་བའི་རྒྱུ་ཐམས་ཅད་ནི་མཐོང་བ་རྣམས་རྒྱུར་བཟུང་གི་བདག་དང་གཙོ་བོ་དང་རྡུལ་ཕྲ་རབ་དང་སྒྲའི་ཚངས་པ་དང་དབང་ཕྱུག་ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་ནི་གང་ལའང་རྒྱུར་མི་བཟུང་ངོ་། །དངོས་པོ་ཐམས་ཅད་རང་གིས་རང་མི་བསྐྱེད་ལ་གཞན་གྱིས་གཞན་བསྐྱེད་པ་ནི་རྟེན་འབྲེལ་ཡིན་པས་རང་བཞིན་མེད་པར་སྟོན་ཏོ། །རྡུལ་མང་པོ་ཡིན་ཡང་བུམ་པ་མང་པོར་མི་འགྱུར་ཏེ་རྡུལ་ཚོགས་པ་བུམ་པར་འདོད་པའི་ཕྱིར་རོ་ཞེ་ན། རྡུལ་རྣམས་ཕན་ཚུན་དུ་འཕྲོད་པ་འདུས་པར་གྱུར་ཀྱང་གཟུགས་དང་དྲི་ལ་སོགས་པ་གཅིག་ཏུ་མི་འཐད་དེ་ཚོགས་ནས་གནས་པ་རྣམས་ཀྱང་རང་རང་གི་མཚན་ཉིད་སོ་སོར་གནས་པས་རྡུལ་ཚོགས་པ་རྣམས་གཅིག་ཏུ་མི་རིགས་ཏེ་བུམ་པ་གཅིག་མ་ཡིན་པ་བཞིན་ནོ། །ཇི་ལྟར་བྱ་བ་ལ་མ་གཏོགས་པ་གཉིས་ནི་མ་བསྐྱེད་པར་བཟུང་སྟེ་འབྱུང་བ་དང་འབྱུང་གྱུར་གཅིག་པ་བཙུན་པ་སངས་རྒྱས་ལྷའི་ལུགས་ཡིན་པའི་ཕྱིར་རོ། །འདི་དགག་པ་ནི་ཁོ་བོས་བྱས་པ་ཆོས་མངོན་པའི་ཊཱི་ཀར་བལྟ་བར་བྱའོ། །འབྱུང་བ་མེད་ན་འབྱུང་འགྱུར་མེད་པ་བཞིན་འབྱུང་བ་རྣམས་ཀྱང་ནང་ཕན་ཚུན་མེད་ན་རང་གི་ངོ་བོས་མ་གྲུབ་པར་སྟོན་པ་ནི་ཚ་བ་མེ་ཡིན་ལ་ཚ་བ་མིན་པའི་བུད་ཤིང་ཇི་ལྟར་བསྲེག་སྟེ་རིང་པོར་གནས་པའི་བུད་ཤིང་ཡང་བསྲེག་པར་ཐལ་བའི་ཕྱིར་རོ། །དེས་ན་ཚ་བས་ཚ་བ་སྲེག་པ་མེས་བསྲེག་པ་ཡིན་པས་མེ་ལས་གཞན་པའི་བུད་ཤིང་མེད་ལ་བུད་ཤིང་དེ་མེད་པའི་མེ་མེད་པས་མེ་བསྲེག་བྱེད་དང་འབྱུང་བ་གཞན་གསུམ་བསྲེག་བྱར་མི་འཐད་དོ། །བུད་ཤིང་ནི་སྲ་གཤེར་གཡོ་བའི་འབྱུང་བ་གསུམ་ཡིན་ལ་དེ་མེས་ཟིལ་གྱིས་གནན་པས་ཚ་བས་རང་ཉིད་ནི་མི་ཚ་བར་གནས་སོ་ཞེ་ན། དེ་ཅི་སྟེ་མེར་མི་འགྱུར་ཏེ་ཚ་བ་ཡིན་པའི་ཕྱིར་རོ། །འོན་ཏེ་སྲེག་པའི་ཚེ་འབྱུང་བ་གསུམ་པོ་དེ་མི་ཚ་ན་དངོས་པོས་གཞན་མི་ཚ་བ་མེ་ལ་ཡོད་པར་འགྱུར་ན་དེ་ནི་མི་རུང་ངོ་། །དེའི་ཕྱིར་འབྱུང་བ་གསུམ་དང་བྲལ་བའི་མེ་གཅིག་པུར་གྱུར་པས་འབྱུང་བ་བཞི་མི་འབྲལ་བར་ཡོད་པ་བྱེ་བྲག་ཏུ་སྨྲ་བའི་གྲུབ་མཐའ་ཞིག་པ་ཡིན་ལ་མེ་བུད་ཤིང་མེད་པར་འབྱུང་བས་མེ་རྒྱུ་མེད་པར་ཡང་འགྱུར་རོ། །ཅི་སྟེ་མེའི་རྫས་ཀྱི་རྡུལ་ཕྲ་རབ་ལ་འབྱུང་བ་གཞན་གསུམ་མེད་པས་བུད་ཤིང་མེད་པའི་མེ་ཡོད་མོད་སྙམ་ན་མེའི་རྡུལ་ལ་ཤིང་མེད་ན་ཤིང་མེད་པའི་མེ་ཡོད་པས་རྒྱུ་མེད་དུ་འགྱུར་བའི་ཕྱིར་གཟེགས་གཟན་པ་ལྟར་རང་གི་སྡེ་པས་རྫས་ཀྱི་རྡུལ་ཕྲ་རབ་འདོད་པར་མི་རིགས་སོ། །བྱེ་བྲག་པའི་རྡུལ་ནི་རབ་ཏུ་བྱེད་པ་དགུ་པར་བཀག་ཟིན་ཏོ། །རྒྱུ་མེད་ཀྱི་འཇིགས་ནས་མེའི་རྡུལ་ཕྲ་རབ་དེ་ལའང་ཤིང་ཡོད་ན་མེའི་རྡུལ་ཕྲ་རབ་གཅིག་གི་བདག་ཅག་སྟེ་ངོ་བོར་ཁས་བླང་བར་མི་བྱའོ། །དེས་ན་འབྱུང་བ་དང་འབྱུང་གྱུར་དང་སེམས་ཅན་དང་སེམས་བྱུང་དང་མཚན་ཉིད་མཚན་གཞི་ལ་སོགས་པ་དངོས་པོ་ཞེས་བྱ་བ་ལ་འདི་ལྟར་བེམ་རིག་གཉིས་ཀ་ཆ་དུ་མར་སྣང་བའི་གཏན་ཚིགས་ཀྱིས་གཅིག་མ་ཡིན་ལ་གཅིག་མེད་པའི་ཕྱིར་ན་དུ་མ་མེད་དེ་དུ་མ་ནི་གཅིག་བསགས་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་བེམ་རིག་རྣམས་ལྷན་ཅིག་འབྱུང་བ་རང་གི་སྡེ་པ་ལ་སྐྱོན་དེ་འབྱུང་གི་དེ་དག་སོ་སོར་རྟག་པར་གནས་པར་འདོད་པ་མུ་སྟེགས་པ་ལ་མི་འབྱུང་ངོ་ཞེས་སྨྲས་པ་ནི་གལ་ཏེ་ཡུལ་གང་ན་རྫས་ཀྱི་རྡུལ་བརྒྱད་ཀྱི་དངོས་པོ་དེ་རྣམས་ཚོགས་པར་མེད་དེ་སི་ལུ་སོ་སོ་བ་ཡོད་པ་གཟེགས་གཟན་པ་ལ་སོགས་པའི་ལུགས་དེར་གཅིག་ཡོད་ཅེས་འདོད་ན་དེ་ཡང་མ་ཡིན་ཏེ་མུ་སྟེགས་པ་གང་གི་ཀུན་ལ་གསུམ་ཡོད་ནི་བྱེ་བྲག་པས་རྡུལ་ཕྲ་རབ་ལ་རྫས་ཉིད་དང་གཅིག་ཉིད་དང་ཡོད་པ་ཉིད་ཅེས་བྱ་བ་གསུམ་འདོད་ལ་བདག་དང་རྫས་ལ་བརྟེན་པའི་ཡོན་ཏན་ལའང་ཡོན་ཏན་ཉིད་དང་ཡོད་པ་ཉིད་དང་གཅིག་ཉིད་ཅེས་བྱ་བ་གསུམ་འདོད་དོ། །གྲངས་ཅན་ཡང་ཕྱི་ནང་གི་དངོས་པོ་ཐམས་ཅད་ཡོན་ཏན་གསུམ་གྱི་བདག་ཉིད་ཅན་དུ་འདོད་ལ། གཅེར་བུ་པ་རྣམས་ཀྱང་ཚིག་གི་དོན་དགུ་དང་། དེ་ལས་གཞན་པ་རྣམས་ཀྱང་དུ་མར་འདོད་པ་གྲུབ་མཐའ་རྒྱན་གྱི་མེ་ཏོག་ཏུ་བཤད་པ་བཞིན་ཏེ་དེས་ན་མུ་སྟེགས་པའི་ལུགས་ལ་གཅིག་མེད་པས་དེ་བསགས་པའི་དུ་མའང་མེད་དོ། །རང་གཞན་གྱི་གྲུབ་མཐའི་འདོད་པ་རྣམས་གཅིག་དང་དུ་བྲལ་གྱིས་སྟོང་པར་སྒྲུབ་པའི་ཚུལ་རྒྱས་པ་ནི་སློབ་དཔོན་ཞི་བ་འཚོའི་དབུ་མ་རྒྱན་ན་ཡོད་དོ། །འགོག་ཚུལ་གཞན་ཡང་སྟོན་པ་ནི་རྒྱུ་ལ་འབྲས་བུ་ཡོད་པ་ནི་རྒྱུ་འབྲས་གཅིག་ཉིད་ཡིན་ལ་དེ་ལ་དེ་མེད་པ་ནི་སོགས་པས་བསྡུས་པ་རྒྱུ་འབྲས་གཞན་དུ་འདོད་པ་སྟེ་དེ་གཉིས་ནི་བཀག་ཟིན་ཏོ། །ཡོད་མེད་གཉིས་ཀ་ཡིན་པ་ནི་གཅེར་བུ་པ་བདག་ཡེ་ནས་ཡོད་ཅིང་ལུས་གསར་དུ་སྐྱེ་བ་དང་། གསེར་ཡེ་ནས་ཡོད་པ་ལ་རྒྱན་ཆ་གསར་དུ་སྐྱེ་བ་སྟེ་དེ་ནི་སོགས་པས་བསྡུས་པ་གཉིས་ཀ་ཡིན་པ་སྟེ་དེའང་སྔར་ཡོད་མེད་དགག་པ་སྦྱར་ནས་དགག་གོ །རྒྱུ་ལ་འབྲས་བུ་ཡོད་མེད་མིན་ནི་དེ་ལ་དེ་ཡོད་མེད་གཉིས་ཀར་བརྗོད་དུ་མེད་པ་སྟེ་དེའང་སོགས་པས་བསྡུས་པ་དགག་བྱ་གཉིས་ཀ་མེད་པས་དེ་བཀག་པའི་གཉིས་ཀ་མ་ཡིན་པ་མེད་ཅེས་སྦྱར་བས་དགག་སྟེ་དེའང་དོན་གྱིས་བཤད་ཟིན་ཏོ་ཞེས་སློབ་དཔོན་ཟླ་གྲགས་ནི་དེ་སྐད་དུ་འཆད་དོ། །ཊཱི་ཀ་བྱེད་གཞན་དག་ནི་གཞན་དུ་འཆད་དེ་སྤྱིར་དངོས་པོ་ཡོད་པ་དང་མེད་པ་དང་དེ་གཉིས་ཀ་དང་དེ་གཉིས་ཀ་མིན་པ་ཞེས་བྱ་བའི་འདོད་ཚུལ་ལ་གཅིག་ཉིད་དང་གཞན་ཉིད་དང་གཉིས་ཀ་དང་གཉིས་ཀ་མིན་པ་ཞེས་བྱ་བའི་འགོག་ཚུལ་རྒྱས་པ་འགྲེལ་པ་ན་ཡོད་དེ་བློ་འཁྲུག་པར་འགྱུར་བས་མི་བྲིའོ། །དེ་ལྟར་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་ན་རྒོལ་བ་དེ་དག་རྟག་པ་དང་བདེན་པར་ལྟ་བའི་རྒྱུ་ཅི་ཡིན་ཞེ་ན་ཇི་ལྟར་ཞེས་གསུངས་ཏེ་རྒྱུན་ལ་མཐོང་ཉེས་ནི་རྒྱུན་སྐད་ཅིག་གི་འགྱུར་བ་མ་རིག་པར་ཕྱི་རོལ་པའི་དྲང་སྲོང་རྣམས་སྐྱེ་བ་དྲན་པའི་མངོན་ཤེས་ཀྱིས་སྔ་ཕྱི་གཅིག་ཏུ་འཁྲུལ་ནས་རྒྱུན་རྟག་པར་ལྟ་བ་བཞིན་ཚོགས་ལ་མཐོང་ཉེས་ནི་དེ་དུ་མར་ཡོད་པ་མ་འཕྲིགས་པར་ཚོགས་པ་དུ་མ་དེ་གཅིག་གིས་དངོས་པོར་མཐོང་ཞིང་ལྟ་བར་འགྱུར་རོ། །དབུ་མ་པ་མཁས་པ་རྣམས་ནི་རྟག་པ་དང་བདེན་པ་ལ་སོགས་པའི་དངོས་པོའམ་དངོས་མེད་དུ་མི་ལྟའི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཙམ་དུ་ལྟ་ཞིང་རྟེན་འབྲེལ་ཉིད་སྨྲ་བས་རྟག་ཆད་ལས་གྲོལ་ལོ། །གང་ལ་ཞེས་བྱ་བ་ནི་རྟེན་འབྲེལ་དང་བདག་གི་རང་བཞིན་འགལ་བར་བསྟན་པ་དེ་ལ་དེ་གཉིས་མེད་པར་སྟོན་ཏེ་འདི་ཀུན་ནི་དངོས་པོའོ། །དངོས་པོ་རྣམས་རྒྱུ་རྐྱེན་ལས་བྱུང་བའི་རྟེན་འབྲེལ་དུ་ཐམས་ཅད་ཀྱིས་ཤེས་མོད་ཀྱི་དེ་ལ་རང་གི་ངོ་བོ་མེད་པར་མི་ཤེས་ཏེ་བྱིས་པ་རྣམས་གཟུགས་བརྙན་ལ་བདེན་པར་འཛིན་པ་བཞིན་ནོ། །དེས་ན་རྟེན་འབྲེལ་གྱི་རང་བཞིན་ཤེས་མི་ཤེས་ནི་དབུ་མ་པ་དང་གཞན་གྱི་ཁྱད་པར་རོ། །གང་ལ་གང་གི་འབྲས་བུ་མེད་པའི་དངོས་པོ་ཀུན་ལ་འབྲས་བུ་དེ་དོན་དུ་གཉེར་བས་སུའང་འདུ་བ་མེད་ལ་འབྲས་བུའི་ཆེད་དུ་འདུ་བ་དེ་ནི་འཕགས་པ་ལ་མེད་པས་མ་འདུས་པ་སྟེ་དེས་རྒྱུ་འབྲས་རང་བཞིན་མེད་པར་གཟིགས་ནས་དེ་བདེན་པར་མི་བཞེད་དོ། །འདི་ནི་བྱིས་པ་རྣམས་ཀྱིས་ཀྱང་རྒྱུ་འབྲས་ཤེས་པས་རྟེན་འབྲེལ་ཤེས་མོད་ཀྱི་དེ་རང་བཞིན་མེད་པར་མི་ཤེས་ལ་འཕགས་པས་རྟེན་འབྲེལ་ནི་ཤེས་ཙ་ན་རང་བཞིན་མེད་པ་ཤེས་པ་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་སྲིད་པ་གསུམ་གྱི་ས་བོན་ནམ་རྒྱུ་ནི་དངོས་པོ་བདེན་པར་འཛིན་པའི་རྣམ་ཤེས་བྱ་དང་བདག་སྟེ་རང་བཞིན་མེད་པ་བྱ་དང་འགགས་པ་སྟེ་གཏན་ནས་བཟློག་པར་འགྱུར་རོ། །རྣམ་འགྲེལ་ལས། བདག་ལྟའི་ས་བོན་སྤངས་པའི་ཕྱིར། །སླར་མི་ལྡོག་པ་ཉིད་ཡིན་ནོ། །བྱ་བ་དང་། དབུ་མའི་དེ་ཁོ་ན་ཉིད་ལ་འཇུག་པ་ལས། །བདེན་པར་འཛིན་པའི་དབང་གིས་ན། །ཆགས་དང་ཞེ་སྡང་ལ་སོགས་པའི། །དགྲ་རྣམས་རབ་འབྱུང་དེ་ལོག་ན། །དེ་དག་འབྱུང་བར་ག་ལ་འགྱུར། །ཞེས་བཤད་དོ། །འདིས་ནི་འཁོར་བ་ལྡོག་པ་བཤད་ཀྱི་སེམས་རྒྱུན་ཆད་པ་ནི་མ་བཤད་དེ་ཉན་རང་གཉིས་ཀྱང་མཐར་སངས་རྒྱས་སུ་འགྱུར་བར་སེམས་འགྲེལ་ལས་བཤད་དོ། །མཐར་འཛིན་དགག་པའི་རབ་ཏུ་བྱེད་པ་བཅུ་བཞི་པའི་བཤད་པའོ།།  །།

འདུས་བྱས་ཀྱི་དོན་དགག་པ།

འདུས་བྱས་ཀྱི་དོན་དགག་པ་སྟོན་པ་ན་འདུ་བྱས་ལ་ཡོད་མེད་སྐྱེ་བ་འགོག་པ་ནི་རྒྱུ་ལ་འབྲས་བུ་མེད་པ་སྐྱེ་བ་རྣམས་ལ་རྒྱུའི་ཐ་མ་ནུས་པ་ཐོགས་མེད་དེ་ལས་མེད་པ་རི་བོང་གི་རྭ་ལ་སོགས་པའང་སྐྱེ་བར་འགྱུར་ཏེ་མེད་པའི་ཕྱིར་རོ། །མེད་པ་དེས་ནའང་དེ་ལྟར་ཐལ་བ་དེས་ན་མེད་པ་ག་ལ་སྐྱེ་སྟེ་མི་སྲིད་པའོ། །གྲངས་ཅན་ལ་སོགས་པ་ཡོད་པ་སྐྱེ་བ་རྣམས་ལ་རྒྱུ་ལ་འབྲས་བུ་གདོད་ནས་ཡོད་པ་སྐྱེ་བར་འགྱུར་ན་འབྲས་བུ་མི་སྐྱེ་བར་འགྱུར་ཏེ་ཡོད་པའི་ཕྱིར་རོ། །ཡོད་ཀྱང་སྐྱེ་ན་དེ་ཉིད་ཐུག་མེད་དུ་སྐྱེ་བར་འགྱུར་ཏེ་དེས་ན་ཡོད་པ་མི་སྐྱེའོ། །འབྲས་བུ་སྐྱེ་བ་དང་རྒྱུ་འཇིག་པ་དུས་མཉམ་པས་འབྲས་བུས་རྒྱུ་བཤིག་པས་མེད་པ་སྐྱེ་བར་མི་འགྱུར་ཏེ་མེད་པ་རྒྱུའི་འཇིག་བྱེད་དུ་མི་རུང་བའི་ཕྱིར་རོ། །གྲུབ་ཟིན་པ་ལ་སྒྲུབ་བྱེད་མེད་པ་དེའི་ཕྱིར་ཡང་ཡོད་པ་མི་སྐྱེ་སྟེ་གྲུབ་པ་ལ་རྒྱུ་མེད་པའི་ཕྱིར་རོ། །སྐྱེ་བའི་དུས་མི་སྲིད་པས་སྐྱེ་བ་མེད་པ་ནི་འབྲས་བུ་རང་གྲུབ་པ་དེའི་ཚེ་སྐྱེ་བ་མེད་ལ་གཞན་མ་གྲུབ་པའི་ཚེའང་སྐྱེ་བ་མེད་ཅིང་གཉིས་པོ་དེའི་ཚེ་མི་སྐྱེ་ན་ནམ་ཞིག་སྐྱེ། འབྲས་བུའི་ཕྱེད་གྲུབ་ཅིང་ཕྱེད་མ་གྲུབ་པའི་སྐྱེ་བཞིན་པ་ལ་ཡང་སྐྱེ་བ་མེད་དེ་ཡོད་མེད་ལ་བརྗོད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་དུས་གསུམ་དུ་སྐྱེ་བ་མེད་ན་ནམ་ཞིག་སྐྱེ་བ་ཡོད་པར་འགྱུར་ཏེ་གང་དུ་སྐྱེ་བའི་དུས་མེད་པའི་ཕྱིར་རོ། །རྒྱུ་འབྲས་བུར་སྐྱེའོ་ཞེ་ན། རྒྱུ་དེ་ཉིད་ལ་རྒྱུ་དེའི་དངོས་པོར་སྐྱེ་བ་དོན་མེད་པ་ལྟར་དེ་བཞིན་དུ་རྒྱུ་དེ་གཞན་འབྲས་བུའི་དངོས་པོར་ཡང་སྐྱེ་བ་མེད་དེ་གཞན་དུ་འགལ་བའི་ཕྱིར་རོ། །ཡང་ཐོག་མ་སྐྱེ་བ་དང་བར་གནས་པ་དང་ཐ་མ་འཇིག་པ་རྣམས་སྐྱེ་བའི་སྔ་རོལ་ན་མི་སྲིད་དེ་དེས་ན་འདུས་བྱས་མེད་པའི་ཕྱིར་རོ། །གསུམ་པོ་དེ་རང་དུས་ན་སོ་སོར་གནས་སོ་ཞེ་ན་གཉིས་གཉིས་མེད་པའི་རེ་རེས་འདུས་བྱས་རྩོམ་སྟེ་མཚོན་མི་ནུས་པར་འགྱུར་ཏེ་ཡ་གྱལ་ལ་མཚོན་བྱ་མཚོན་པའི་ནུས་པ་མེད་པའི་ཕྱིར་རོ། །བུམ་པ་ཕྱོགས་ཀྱི་ཆའི་གྱོ་མོ་ལས་གྲུབ་པས་གཞན་གྱོ་མོ་མེད་པར་ནི་བདག་བུམ་པའི་དངོས་པོ་འབྱུང་བ་མེད་ལ་གྱོ་མོ་ཡང་འཇིམ་པ་དང་དེ་ཡང་ས་ཆུ་ལ་སོགས་རྒྱུ་ཐུག་མེད་ལ་ལྟོས་པས་རྒྱུ་འབྲས་ཐམས་ཅད་ལ་མ་ལྟོས་པའི་རང་གི་ངོ་བོ་མེད་ལ་ལྟོས་པ་རང་མེད་པས་གཞན་ཡང་མེད་པ་དེའི་ཕྱིར་ན་བདག་གཞན་གཉིས་ཀ་ལས་འབྱུང་སྟེ་སྐྱེ་བ་མེད་དོ། །སྐྱེ་བ་དེ་སྐྱེ་བ་པོ་བུམ་པ་ལྟ་བུའི་སྔོན་དང་ཕྱིས་ནི་མི་འཐད་དེ་སྐྱེ་བ་པོ་དེ་མ་སྐྱེས་པར་ཐལ་བའི་ཕྱིར་རོ། །དེ་གཉིས་ཅིག་ཅར་འབྱུང་བའང་མེད་དེ་གཡས་གཡོན་གྱི་རྭ་ལྟར་ཕན་ཚུན་མི་ལྟོས་པས་དེ་གཉིས་ཡ་བྲལ་བ་སྲིད་པར་ཐལ་བས་མ་སྐྱེས་པར་ཐལ་བའི་ཕྱིར་རོ། །མཐར་རྙིང་པ་ཡོད་པས་དང་པོ་སྐྱེ་བ་ཡོད་དོ་ཞེ་ན། སྔར་སྐྱེས་པའི་ཚེ་བུམ་པ་ནི་གསར་པ་ཡིན་པའི་ཕྱིར་སྔར་སྐྱེས་དེ་རྙིང་པར་མི་འགྱུར་ལ་ཕྱེ་ནས་ཀུན་ཏུ་སྐྱེས་པ་དེ་རྙིང་པར་མི་འགྱུར་ཏེ་ཕྱི་ནས་གསར་པ་ཁ་ཚང་མ་སྐྱེས་པའི་ཕྱིར་སྔར་གྱི་གསར་སྐྱེས་བཞིན་ནོ། །སྔར་སྐྱེས་པ་ནི་ཕྱིས་ཞིག་ལ་ཕྱིས་ནི་གསར་པ་སྐྱེས་པས་རྙིང་པ་མ་ཡིན་ཞིང་སྔ་ཕྱི་གཅིག་ན་གསར་རྙིང་གཅིག་ཏུ་ཐལ་བའི་ཕྱིར་རྙིང་པ་མེད་པས་དེས་མཚོན་པའི་སྐྱེ་བ་མེད་དོ། །དེ་ལྟར་སྐྱེ་རྒས་མེད་པར་རྟོགས་པའི་ཕན་ཡོན་ནི། །དེ་ཚེ་རྒས་པ་རྒྱ་ཆེན་ནི། །མེད་ཅིང་སྡུག་བསྔལ་འཆི་བ་མེད། །བྱ་བ་དང་། །གང་ཞིག་རྟག་ཏུ་སྐྱེ་བ་སྐྱེ་མེད་པར། །ཤེས་ཏེ་འཆི་བདག་ཕ་རོལ་འདའ་བར་འགྱུར། །ཞེས་གསུངས་སོ། །ཡང་ད་ལྟར་བའི་དངོས་པོ་དེ་ད་ལྟར་བ་དེ་ཉིད་ལས་མ་བྱུང་སྟེ་དུས་མཉམ་པ་ལ་རྒྱུ་འབྲས་མི་རུང་བའི་ཕྱིར་རོ། །ད་ལྟར་བ་དེ་འདས་མ་འོངས་ལས་ཀྱང་མ་བྱུང་སྟེ་དེ་གཉིས་འགགས་པ་དང་མ་སྐྱེས་པའི་དངོས་མེད་ཡིན་པའི་ཕྱིར་རོ། །དེ་དུས་གསུམ་གང་ལས་ཀྱང་མ་སྐྱེས་པས་དེའི་རང་བཞིན་ནི་སྐྱེ་མེད་ཡིན་ནོ། །དེས་ན་སྐྱེས་པ་ལ་གང་ནས་ཀྱང་འོང་བ་མེད་ལ་འགགས་པ་ལ་གར་ཡང་འགྲོ་བ་མེད་ལ་དེ་ལྟ་ཡིན་ན་ཇི་ལྟར་སྲིད་པ་སྒྱུ་མ་དང་འདྲ་བ་མ་ཡིན་ཏེ་སྣང་ལ་རང་བཞིན་མེད་པར་སྒྱུ་མ་དང་འདྲ་བ་ཡིན་གྱི་རི་བོང་གི་རྭ་ལྟར་མེད་དགག་ནི་མ་ཡིན་པས་འཁོར་འདས་ཀྱི་རྣམ་གཞག་ཐམས་ཅད་འཐད་ལ་ལྟ་བ་འདིས་ཐར་པ་ཡང་གྲུབ་བོ། །འདུས་བྱས་ཀྱི་མཚན་གཞི་བཀག་ནས་མཚན་ཉིད་འགོག་པ་ནི་སྐྱེ་བ་ལ་སོགས་པ་ཅིག་ཅར་མི་འབྱུང་བ་ནི་གཅིག་ལ་ཅིག་ཅར་འབྱུང་བ་འགལ་བའི་ཕྱིར་རོ། །རིམ་གྱིས་འབྱུང་བའང་མེད་དེ་གཅིག་ཡོད་པ་ན་གཉིས་མེད་པས་མེད་པ་དང་རེ་རེ་བ་ལ་རིམ་པ་མེད་པའི་ཕྱིར་རོ། །རྣམ་པ་གཞན་ཡང་མེད་པས་ནམ་ཞིག་གསུམ་པོ་དེ་འབྱུང་། སྐྱེ་བ་ལ་སོགས་པ་གསུམ་པོ་ཐམས་ཅད་ལ་སླར་ཡང་གསུམ་པོ་དེ་ཐམས་ཅད་འབྱུང་བ་ནི་སྐྱེ་བ་ལ་སྐྱེ་བའི་སྐྱེ་བ་ལ་སོགས་པ་གསུམ་དང་དེ་ལས་འཇིག་པ་སྐྱེ་འདྲ་ནི་དེ་ལའང་སྐྱེ་བ་ལ་སོགས་པ་གསུམ་དང་གནས་པ་འཇིག་དང་འདྲ་བར་སྣང་ནི་གནས་པ་ལའང་མཚན་ཉིད་གསུམ་དགོས་ཏེ་དེ་དག་ལ་མཚན་ཉིད་གསུམ་པོ་དེ་མེད་ན་འདུས་བྱས་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་ཕྱིར་གསུམ་པོ་དེ་ཐུག་མེད་དུ་ལྡན་དགོས་པས་རྩ་བའི་བུམ་པ་འདུས་བྱས་སུ་མི་འགྲུབ་སྟེ་ཐུག་མེད་ཀྱི་མཚན་ཉིད་མི་ངེས་པའི་ཕྱིར་དང་། མཚན་ཉིད་མ་ངེས་པར་མཚོན་བྱ་བཞག་ཏུ་མི་བཏུབ་པའི་ཕྱིར་རོ། །ཡང་དེ་གཉིས་གཞན་ཐ་དད་ཡིན་ན་མཚན་གཞི་མི་རྟག་པ་མ་ཡིན་པ་དང་དེ་སྐྱེ་བ་དང་གནས་པ་མ་ཡིན་པར་འགྱུར་རོ། །ཡང་ན་སྟེ་བཞི་པོ་དེ་གཅིག་ཡིན་ན་བཞི་པོ་དེ་ཡོད་པའི་ངོ་བོར་མ་གྲུབ་པར་ཐལ་ཏེ་ཕན་ཚུན་གཅིག་ཏུ་འདྲེས་ནས་མཚན་མཚོན་དུ་གསལ་བར་མེད་པའི་ཕྱིར་རོ། །སྐྱེ་བ་ཉིད་འགོག་པ་ན་འབྲས་བུའི་དངོས་པོ་རྒྱུའི་དངོས་པོ་ལས་མི་སྐྱེ་སྟེ་འབྲས་བུ་དངོས་པོར་གྲུབ་ན་སྐྱེ་མི་དགོས་པའི་ཕྱིར་དང་། རྒྱུ་འགྱུར་ན་དངོས་པོའི་རང་བཞིན་ཞིག་ལ་མི་འགྱུར་བ་ནི་སྐྱེད་བྱེད་མ་ཡིན་པའི་ཕྱིར་རོ། །དངོས་པོ་དངོས་མེད་ལས་མི་སྐྱེ་སྟེ་གྲུབ་ན་སྐྱེ་མི་དགོས་ལ་ས་བོན་ཚིག་པ་ལྟར་དངོས་མེད་སྐྱེད་བྱེད་མ་ཡིན་པའི་ཕྱིར་རོ། །དངོས་མེད་དངོས་མེད་ལས་མི་སྐྱེ་སྟེ་དེ་གཉིས་བཀག་ཟིན་པའི་ཕྱིར་རོ། །དངོས་མེད་དངོས་ལས་སྐྱེ་བའང་མེད་དེ་སྐྱེ་བ་དགག་པར་བཀག་ཟིན་པས་རྒྱུ་ཚོགས་པ་ལས་སྐྱེ་བ་མེད་དོ། །སྐྱེ་འཇིག་འགོག་པ་ན་དངོས་པོ་དངོས་པོར་མི་འགྱུར་བ་ནི་དེ་ཉིད་དེ་ཉིད་དུ་མི་སྐྱེ་ལ་དེ་ཉིད་གཞན་དུའང་མི་སྐྱེ་བའི་ཕྱིར་རོ། །དངོས་མེད་དངོས་པོར་མི་འགྱུར་ཏེ་ཕོངས་པ་རྒྱུན་ཆད་པར་འགྱུར་བའི་ཕྱིར་རོ། །སྐྱེ་བ་བཀག་ནས་འཇིག་པ་འགོག་པ་ནི་དངོས་མེད་དངོས་མེད་དུ་མི་འགྱུར་ཏེ་རི་བོང་གི་རྭ་ལྟར་འགྱུར་བ་མེད་པའི་ཕྱིར་རོ། །དངོས་པོ་དངོས་མེད་དུ་མི་འགྱུར་ཏེ་ཕན་ཚུན་འགལ་བའི་ཕྱིར་རོ། །དེའི་ཕྱིར་འཇིག་པ་མེད་དོ། །ཡོད་མེད་སྐྱེ་བ་མེད་ཀྱང་སྐྱེ་བཞིན་པ་སྐྱེའོ་ཞེ་ན། དེ་སྐྱེ་བར་མི་འགྱུར་ཏེ་དེ་ཕྱེད་སྐྱེས་པས་ཕྱེད་ཡོད་སྐྱེ་དང་ཕྱེད་མེད་སྐྱེར་འདུས་པའི་ཕྱིར་རོ། །ཡང་ན་སྐྱེས་མ་སྐྱེས་གཉིས་ཀ་ལ་སྐྱེ་བཞིན་པ་ཟེར་ན་དུས་གསུམ་ཐམས་ཅད་སྐྱེ་བཞིན་པར་འགྱུར་ལ་ཡང་ན་སྐྱེ་བཞིན་པ་མི་སྲིད་པར་འགྱུར་རོ། །ཡང་སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བ་ནི་སྐྱེ་བཞིན་པའི་རྒྱུ་ཡིན་པས་སྐྱེ་བཞིན་པར་མི་འགྱུར་ཏེ་ད་དུང་དེར་མ་གྱུར་པའི་ཕྱིར་རོ། །སྐྱེ་བཞིན་པའི་བདག་ཉིད་དུ་མི་བྱ་བའང་སྐྱེ་བཞིན་པ་མི་འགྱུར་ཏེ་སྐྱེ་བཞིན་པ་སྒྲུབ་མི་ནུས་པས་སྐྱེ་བཞིན་པ་འགལ་བའི་ཕྱིར་རོ། །དེས་ཀྱང་སྐྱེ་བཞིན་པ་མེད་པས་དེ་མི་སྐྱེའོ། །འདས་མ་འོངས་གཉིས་ཡོད་པས་དེ་གཉིས་ཀྱི་བར་ན་སྐྱེ་བཞིན་པ་ཡོད་དེ་དེ་ལ་བརྟེན་ནས་འདས་མ་འོངས་སུ་འཇོག་པའི་ཕྱིར་རོ་ཞེ་ན། རྒོལ་བ་གང་གིས་འདས་མ་འོངས་གཉིས་པོའི་བར་སྐྱེ་བཞིན་པ་མེད་པར་སྲིད་པ་ཡོད་པ་མ་ཡིན་ཏེ་བར་སྐྱེ་བཞིན་པ་ཡོད་པ་དེ་ལ་སྐྱེ་བཞིན་པ་མེད་པར་འགྱུར་ཏེ་གང་ཕྱིར་སྐྱེ་བཞིན་པ་དེ་ལའང་སྐྱེས་མ་སྐྱེས་ཀྱི་བར་གཉིས་པ་ཡོད་ལ་དེ་ལའང་གསུམ་པ་ལ་སོགས་པ་ཐུག་མེད་དུ་ཡོད་དེ་དེ་མེད་ན་བར་དང་པོ་དེའང་མེད་པར་འགྱུར་ཏེ་འདས་མ་འོངས་དངོས་མེད་ཡིན་པས་དེ་ལ་བར་མི་རུང་བའི་ཕྱིར་རོ། །གལ་ཏེ་གང་གི་ཕྱིར་སྐྱེ་བཞིན་པ་ནི་ས་བོན་འགགས་པས་མྱུ་གུ་སྐྱེས་པ་སྐྱེ་བར་འགྱུར་བ་རྒྱུ་འགགས་མ་ཐག་པ་དེ་ཡིན་པའི་སྐྱེ་བཞིན་ཕྱེད་སྐྱེས་ཕྱེད་མ་སྐྱེས་ལས་གཞན་འབྲས་བུ་སྐྱེས་ལ་ཁད་པ་ཡོད་དོ་ཞེ་ན། གང་ཚེ་སྐྱེས་ཟིན་པ་དེའི་ཚེ་སྐྱེ་བཞིན་པ་མི་སྲིད་དེ་དེ་འགགས་ནས་མེད་པའི་ཕྱིར་རོ། །དེ་སྐྱེས་པའི་རྟགས་ཀྱིས་ཀྱང་དཔག་ཏུ་མི་རུང་སྟེ་སྐྱེས་པ་ཉིད་མེད་པའི་ཕྱིར་རོ། །འོ་ན་ནི་སྐྱེས་པ་ཉིད་སྐྱེ་བཞིན་པ་ཡིན་ནོ་ཞེ་ན། གང་ཚེ་སྐྱེས་པ་ཉིད་སྐྱེ་བཞིན་པར་འདོད་པ་དེ་ཚེ་སྐྱེ་བཞིན་པ་དེ་སྐྱེ་བར་འགྱུར་ཏེ། སྐྱེ་བཞིན་པ་ནི་སྐྱེ་བ་དང་བཅས་པ་ཡིན་ལ་སྐྱེས་ཟིན་པ་ལ་སྐྱེ་བ་མེད་པའི་ཕྱིར་རོ། །འདིས་སྐྱེ་བཞིན་པ་ནི་དངོས་པོ་མ་སྐྱེས་པ་ཁོ་ན་སྐྱེ་བ་ལ་མངོན་སུམ་དུ་ཕྱོགས་པ་ལ་སྐྱེ་བཞིན་པ་ཞེས་བྱ་བར་བརྟགས་པར་གྲག ལོ་དང་ཞེའོ་དང་གྲག་ཅེས་བྱ་བ་ནི་གཞན་གྱི་འདོད་པ་སྟོན་པའི་སྒྲའོ། །འདི་སྐྱེས་མ་སྐྱེས་ལ་ཁྱད་པར་མེད་དེ་གཅིག་པའི་ཕྱིར་སྐྱེས་པ་དེའི་ཚེ་བུམ་པ་མེད་པར་ཅིས་མི་རྟོག་སྟེ་མ་སྐྱེས་པའི་དངོས་པོ་མེད་དང་སྐྱེ་བཞིན་པའི་དངོས་པོ་གཅིག་ཏུ་ཁས་བླངས་པའི་ཕྱིར་རོ། །ཡང་སྐྱེ་བཞིན་པ་ནི་སྐྱེ་བ་ཡོངས་སུ་མ་རྫོགས་ཀྱང་སྐྱེ་བའི་བྱ་བ་དང་འབྲེལ་བས་མ་སྐྱེས་པ་ལས་ཕྱི་རོལ་དུ་གྱུར་ལ་སྐྱེ་བ་མ་རྫོགས་པ་དེ་ལྟའང་ཡིན་པའི་ཕྱིར་སྐྱེས་པ་ལས་ཀྱང་ཕྱི་རོལ་གྱུར་ཏེ་སྐྱེས་མ་སྐྱེས་གཉིས་ཀ་མ་ཡིན་པའི་ཕྱིར་དངོས་འགལ་ལ་ཕུང་གསུམ་མི་སྲིད་པས་སྐྱེ་བཞིན་པ་མེད་པའི་ཕྱིར་མ་སྐྱེས་པ་སྐྱེ་བར་འགྱུར་རོ། །ཡང་སྐྱེ་བཞིན་པ་དེ་སྔར་མ་བྱུང་ཡང་ཕྱིས་ནས་ཡོད་ཅིང་འབྱུང་བ་ཡིན་པར་གྲག་སྟེ་དེ་ལྟར་འདོད་དོ། །འདས་མ་ཐག་པར་མ་ཟད་དེས་ཀྱང་མ་སྐྱེས་པ་སྐྱེ་བར་བསྟན་ཏོ་དེ་སྔར་མ་བྱུང་ན་སྔར་མེད་དུ་བསྟན་པའི་ཕྱིར་རོ། །དེ་ལྟ་ཡིན་མོད་ཅེ་ན། སྔར་མ་བྱུང་བ་ཞེས་བྱ་བ་སྐྱེ་བ་མ་ཡིན་ཏེ་ངོ་བོ་མེད་པ་ལ་སྐྱེ་བའི་བྱ་བ་མེད་པའི་ཕྱིར་རོ། །ཡང་རྫོགས་པར་གྲུབ་པ་ལ་ཡོད་ཅེས་ཟེར་ལ་མ་བྱས་ཤིང་མ་གྲུབ་པ་ལ་མེད་ཅེས་བརྗོད་ན་སྐྱེ་བཞིན་པ་དེ་གནས་སྐབས་དེ་གཉིས་དང་བྲལ་ནས་མེད་པ་དེ་ཚེ་ཡོད་པའམ་མེད་པ་དེར་བརྗོད་དེ་ཡོད་མེད་ཅིར་ཡང་མ་གྲུབ་བོ། །གང་ཚེ་འབྲས་བུ་སྐྱེ་བའི་མཐའ་ཐམས་ཅད་ཁེགས་པས་རྒྱུ་མ་གཏོགས་པའི་འབྲས་བུ་མེད་པ་དེའི་ཚེ་འཇུག་པ་སྟེ་འབྲས་བུ་སྐྱེ་བ་དང་ལྡོག་པ་སྟེ་རྒྱུ་འཇིག་པ་མི་འཐད་པས་འདུས་བྱས་ཀྱི་མཚན་ཉིད་སྐྱེ་འཇིག་གནས་གསུམ་མེད་དོ་ཞེས་བཤད་ན་སྤྱིའི་དོན་སྡུད་ཡིན་ལ། རྒྱུ་མ་གཏོགས་པའི་འབྲས་བུ་སྐྱེ་བཞིན་པ་ཡོད་མིན་བྱས་ན་སྐྱེ་བཞིན་པ་འགོག་པའི་དོན་སྡུད་དུ་འགྲོའོ། །མདོ་ལས། སེམས་ཅན་མི་དང་ཤེད་སྐྱེད་ཀྱང་རུང་སྟེ། །འདིར་སྐྱེས་ཤི་བ་འགའ་ཡང་སྐྱེ་མི་འགྱུར། །ཆོས་ཀུན་རང་བཞིན་སྒྱུ་འདྲ་སྟོང་པ་སྟེ། །མུ་སྟེགས་ཅན་གྱིས་ཤེས་པར་ནུས་མ་ཡིན། །བྱ་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དེ་མཚན་ཉིད་མེད་པ་མ་སྐྱེས་པ་མ་འགགས་པ་ཞེས་བྱ་བ་ལ་སོགས་པ་བཤད་པ་ཡིན་ནོ། །འདུས་བྱས་ཀྱི་དོན་དགག་པའི་རབ་ཏུ་བྱེད་པ་བཅོ་ལྔ་པའི་བཤད་པའོ།།  །།

དཔོན་སློབ་གཏན་ལ་དབབ་ཚུལ།

དེ་ལྟར་རབ་ཏུ་བྱེད་པ་བཅོ་ལྔས་བསྟན་བཅོས་ཀྱི་དོན་རྫོགས་པར་བསྟན་ནས་བཅུ་དྲུག་པ་སློབ་དཔོན་དང་སློབ་མ་གཏན་ལ་དབབ་པས་བསྟན་བཅོས་ཀྱི་དགོས་པ་དང་རང་གི་ལུགས་ལ་རྒོལ་བ་ངན་པ་སྤང་བ་སྟོན་པ་ན་དོན་བྱེད་ནུས་པ་དང་རྒྱུན་ཆགས་སུ་གནས་པ་དང་དངོས་འཛིན་གོམས་པ་ལ་སོགས་པ་ཕྱི་ནང་གི་འཁྲུལ་པའི་རྒྱུ་འགའ་ཞིག་གིས་རང་བཞིན་གྱིས་སྟོང་པ་ཡང་སྟོང་པ་མིན་པ་དངོས་པོ་ལྟ་བུར་རྟོག་མེད་ལ་སྣང་ཞིང་རྟོག་པས་ཞེན་ཏེ་རབ་ཏུ་བྱེད་པ་བཅོ་ལྔ་པོ་ཐམས་ཅད་ཀྱིས་འཁྲུལ་པ་འཁྲུལ་རྒྱུ་དང་བཅས་པ་དེ་ནི་སོ་སོར་འགོག་པར་བྱེད་དོ། །དེ་ལ་གལ་ཏེ་འདི་སྙམ་དུ་གང་ཚེ་སྨྲ་པོ་དང་བརྗོད་བྱ་དང་འང་གིས་   བསྡུས་པའི་རྗོད་བྱེད་སྒྲ་གསུམ་བྱུང་བས་སྟོང་པ་མི་རུང་ངོ་ཞེ་ན། གང་ཞིག་རྒྱུ་ལ་བརྟེན་ནས་འབྲས་བུ་ཀུན་འབྱུང་བ་དེ་ནི་ཁོ་བོ་ཅག་གི་གྲུབ་མཐའ་ཡིན་པས་དེ་ལྟར་གསུམ་ལའང་རང་བཞིན་མེད་དེ་རྟེན་འབྲེལ་ཡིན་པའི་ཕྱིར་རོ། །སྐྱེད་དང་རྣམ་འཇོག་རྒྱུ་གང་དང་གང་གིས་གསུམ་པོ་དེར་འཇོག་པའི་རྒྱུ་གཉིས་པོ་དེ་དང་དེ་ལས་དེར་འཇོག་པས་ལྟོས་པའི་རྟེན་འབྲེལ་རང་བཞིན་མེད་པ་ཡིན་ནོ། །གལ་ཏེ་འཁོར་འདས་མི་འཐད་པ་ལ་སོགས་པ་སྟོང་པ་ལ་བརྗོད་པའི་ཉེས་པ་ལྟར་སྣང་གིས་སྟོང་པ་མ་ཡིན་པའི་བདེན་པའི་རང་བཞིན་འགྲུབ་འགྱུར་ན་མི་སྟོང་པའི་ཉེས་པ་ཡང་དག་སྔར་བཤད་པ་རྣམས་ཀྱིས་སྟོང་པ་ཅི་སྟེ་མི་འགྲུབ་སྟེ་སྐྱོན་ཡང་དག་དང་ལྟར་སྣང་གི་ཁྱད་ཡོད་པའི་ཕྱིར་རོ། །གལ་ཏེ་དངོས་སྨྲ་ཁྱོད་གཞན་དབུ་མ་པའི་ཕྱོགས་བཟློག་པའི་སུན་འབྱིན་བྱེད་ཅིང་རང་ཕྱོགས་གྲུབ་པའི་ཕྱོགས་གཅིག་པུ་ལ་དགའ་ན་དེ་དག་གིས་སྒྲུབ་བྱེད་ཅིས་མི་འགོད་དེ་འགོད་དགོས་ན་དེ་བཀོད་པ་ན་ཁོ་བོ་ཅག་དེའང་རང་བཞིན་མེད་པར་སྒྲུབ་པའི་ཕྱིར་དེའང་ནུས་པ་མེད་དོ། །གལ་ཏེ་དབུ་མ་པའི་ཕྱོགས་སམ་ལུགས་ཡོངས་སུ་བརྟགས་པ་ན་མེད་པ་གང་ཡིན་པ་དེ་ནི་མེད་པས་ཕྱོགས་སུ་མི་འགྱུར་ན་དེས་ན་ཁྱོད་ཀྱི་དངོས་པོ་གཅིག་ཉིད་དང་གཞན་ཉིད་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་གསུམ་ལ་སོགས་པ་ཀུན་ཀྱང་ཕྱོགས་མ་ཡིན་པར་འགྱུར་ཏེ་བརྟགས་ན་མེད་པའི་ཕྱིར་རོ། །གང་དུ་མངོན་སུམ་གྱི་བུམ་པ་བདེན་པར་གྲུབ་པ་དེར་སྟོང་པར་སྒྲུབ་པའི་རིགས་པ་དོན་མེད་པར་འགྱུར་རོ་ཞེ་ན། མངོན་སུམ་གྱིས་གྲུབ་པ་ནི་བཀག་ཟིན་ཏོ། །འགྲོ་བ་འདི་ན་བདེན་པར་སྒྲུབ་ཅིང་སྟོང་པ་ལ་གནོད་པའི་ཕྱི་ནང་གི་གཞུང་ལུགས་ལས་འབྱུང་བའི་གཏན་ཚིགས་མེད་ལ་བདེན་པ་ལས་གཞན་སྟོང་ཉིད་དུ་སྒྲུབ་པའི་རྟགས་དང་རིགས་པ་ནི་ཡོད་པས་མངོན་སུམ་དང་རྗེས་དཔག་གཉིས་ཀས་སྟོང་པ་ལ་མི་གནོད་དེ་དེ་དག་གི་རིགས་པས་མི་གནོད་པའི་བདེན་པ་གཞལ་བ་མེད་པའི་ཕྱིར་རོ། །དོན་དམ་པར་སྟོང་པའང་ཁས་མི་ལེན་ནོ། །ཞེས་སྟོན་པ་ནི་ལྟོས་པ་སྟོང་མིན་མེད་པར་སྟོང་པ་ནི་གང་ལ་ལྟོས་ནས་འབྱུང་བར་འགྱུར། ཐམས་ཅད་དུ་འགལ་ཟླ་མིད་པའི་འགལ་ཟླ་མི་སྲིད་ལ་གཅིག་ཤོས་དགག་བྱ་མེད་པས་གཉེན་པོ་བཀག་པ་མེད་པའི་ཕྱིར་རོ། །གལ་ཏེ་དབུ་མ་པ་ལ་ཕྱོགས་ཉིད་དུ་འགྱུར་ན་ཕྱོགས་མེད་པ་ཕྱོགས་ཀྱི་ངོ་བོར་འགྱུར་དགོས་ན་དོན་དམ་པར་ཡོད་མེད་གང་ཡང་ཁས་མི་ལེན་པས་ཕྱོགས་མེད་པ་ཉིད་ཀྱང་མེད་ན་དོན་དམ་པར་གང་ཞིག་མི་མཐུན་ཕྱོགས་དགག་བྱར་འགྱུར། གལ་ཏེ་ནི་རྒོལ་བ་ཡིན་ལ་ཚ་བ་ནི་ལན་རེ་ཚ་བ་མིན་པ་ཇི་ལྟར་བསྲེག་བྱ་བ་དེར་བཀག་པའོ། །བདེན་པའི་དངོས་པོ་མཐོང་ན་དེ་མེད་པ་བཟློག་བྱར་འགྱུར་ན་དེ་མཐོང་བ་མེད་པས་སྔར་བཤད་པའི་ཡོད་མེད་དང་གཅིག་དང་གཞན་ཉིད་ལ་སོགས་པ་ཕྱོགས་བཞི་ཆར་ལ་ཉེས་པ་སྤངས་པ་སྟེ་སྐྱོན་མེད་པ་མཐོང་བའོ། །ཕྲ་བའི་རྡུལ་ཕྲན་བྱ་དང་རྡུལ་ཕྲན་ཇི་ལྟར་འབྱུང་བྱ་དང་ཡོད་པ་མ་གྲུབ་པ་དེ་ཉིད་ཕྱིར་ན་མ་འབྲེལ་ཏེ་མི་སྣང་སྟེ་སངས་རྒྱས་ལ་མི་སྣང་ན་གཞན་ལ་གར་སྣང་སྟེ་དོན་ལ་མེད་པའོ། །གལ་ཏེ་མཐོང་བ་ཀུན་ལ་སྔར་བཀག་པའི་ཡོད་མེད་ལ་སོགས་པའི་གཉིས་ཆོས་ཐམས་ཅད་ཡོད་པ་མིན་ན་གཞན་མ་མཐོང་བ་བདག་དང་གཙོ་བོ་དང་སྒྲའི་ཚངས་པ་དང་སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག་ལ་སོགས་པ་གཞན་གྱིས་རྟག་པར་བརྟགས་པ་གང་ཞིག་ལ་ཡོད་པའི་དངོས་པོ་ཡོད་དེ་མི་ལྡན་པའི་འདུ་བྱེད་རྫས་གྲུབ་ལ་སོགས་པ་ཕྱི་ནང་གི་བརྟགས་པ་ཐམས་ཅད་གཞུང་འདིའི་རིགས་པས་ཁེགས་པའི་ཕྱིར་རོ། །དེས་ན་ཁྱེད་ལའང་རང་བཞིན་མེད་པའི་གཉིས་མེད་དེ་དེ་ལྟར་བསྟན་ན་རིགས་ཤིང་འཐད་ན་ངེད་ལ་ཚུར་ཆད་ལྟ་ཡིན་ནོ་ཞེས་བརྒལ་བ་གཞན་མང་པོ་ཅི་སྟེ་བྱེད། ཀུན་རྫོབ་ཏུ་འཁོར་འདས་ཐམས་ཅད་ཇི་ལྟར་གྲགས་པ་ལྟར་ཁས་ལེན་པའི་ཕྱིར་རོ། །འཁོར་འདས་ཀྱི་དངོས་པོ་ཀུན་གྱི་དངོས་མེད་ཆོས་ཀྱི་དབྱིངས་མེད་དགག་དེ་ལ་ཡུལ་དུས་རང་བཞིན་གྱི་རྣམ་དབྱེ་མི་རིགས་ཏེ་ཆོས་ཅན་རྫས་ཀུན་ལ་མཐོང་བའི་རྣམ་དབྱེ་མང་པོ་དེ་ནི་ཆོས་ཉིད་ཀྱི་རྣམ་དབྱེར་མི་འགྱུར་ཏེ་སྣོད་ཀྱི་དབྱེ་བ་ནམ་མཁའི་དབྱེ་བར་མི་འགྱུར་བ་བཞིན་ནོ། །དབུ་མ་པ་ལ་ཅི་ཡང་མེད་པའི་ཕྱིར་གཞན་གྱི་ཕྱོགས་ལ་ལན་ཏེ་སུན་འབྱིན་བརྗོད་པར་བྱ་བ་མིན་ནོ་ཞེས་རྒོལ་བར་གྲག་ན་དབུ་མ་པའི་རིགས་པ་དང་གཏན་ཚིགས་ཀྱིས་བཟློག་ཅིང་བཀག་པའི་དངོས་སྨྲའི་རང་ཕྱོགས་ཀྱང་ཅིའི་ཕྱིར་ན་སྒྲུབ་མི་འགྱུར་རིགས་པས་མ་གྲུབ་པ་ནི་ཁས་བླང་བར་མི་རིགས་སོ། །ཡང་ན་གཏན་ཚིགས་ཀྱིས་བཟློག་པ་རང་ཕྱོགས་ཅིའི་ཕྱིར་མི་སྒྲུབ་ཅེས་སྦྱར་རོ། །ཕ་རོལ་ལ་སུན་འབྱིན་བྱེད་པའི་རིགས་པ་དང་གཏན་ཚིགས་རྙེད་སླ་ཞིང་འདོད་པ་སྒྲུབ་པའི་རྟགས་དང་རིགས་པ་རྙེད་སླའོ་ཞེས་འཇིག་རྟེན་བརྗོད་ན་གཞན་དབུ་མ་པའི་ཕྱོགས་ལ་སྐྱོན་བརྗོད་པར་ཅིའི་ཕྱིར་མི་ནུས་ཏེ་སྒྲུབ་པ་དང་སུན་འབྱིན་གཉིས་ཀྱིས་དང་མི་ཤེས་པ་ཉིད་དོ། །རིགས་པ་མེད་པའི་ཚིག་ཙམ་གྱིས་ནི་དགག་སྒྲུབ་མི་ནུས་ཏེ་དངོས་སྨྲའི་ཡོད་ཅེས་བྱ་བ་དང་དབུ་མ་པའི་དེ་མེད་ཅེས་བྱ་བར་སྦྱར་རོ། །མེད་པ་ལ་ཡོད་པའི་མིང་མི་འཇུག་པས་ཡོད་པའི་མིང་གིས་ཡོད་པར་སྒྲུབ་པོ་ཞེ་ན་གང་ཕྱིར་ཡོད་ཅིང་བདོག་ཅེས་བྱ་བ་དང་། དབུ་མ་པས་མེད་ཅེས་སྦྱར་རོ། །གལ་ཏེ་སྒྲ་དོན་ལ་འབྲེལ་བ་མེད་པས་མིང་གི་རྗེས་སུ་དོན་མི་འབྲང་ཡང་དངོས་པོ་ཐམས་ཅད་འཇིག་རྟེན་པ་ལ་གྲགས་པའི་དངོས་པོ་ཐམས་ཅད་ཡོད་པར་འདོད་ན་གྲགས་པའི་ཀུན་རྫོབ་ནི་མི་འགོག་ལ་དེས་དོན་དམ་དུ་ཡོད་པར་སྒྲུབ་ན་དངོས་གང་དེ་ཉིད་དུ་ཡོད་པ་རིག་པ་དེ་ནི་འཇིག་རྟེན་པར་རྒྱུ་མཚན་ཅིས་འགྱུར་དེ་ཁོ་ན་ཉིད་མཐོང་བའི་རྣལ་འབྱོར་པར་འགྱུར་བས་འཁོར་བ་གཏན་མེད་པར་འགྱུར་རོ། །གལ་ཏེ་དངོས་ཀུན་མེད་ཅེས་བཀག་པའི་ཕྱིར་མེད་པ་ཉིད་ཀྱི་མཐར་འགྱུར་རོ་ཞེ་ན། ཡོད་པ་བཀག་པས་མེད་པར་འགྱུར་བ་དེ་ལྟ་ཡིན་ན་དབུ་མ་པའི་རང་ཕྱོགས་ཀུན་དངོས་མེད་དུ་མི་རིགས་ཏེ་དབུ་མ་པ་ལ་དགག་བྱ་རྟག་པའི་དངོས་པོ་མེད་པས་དེ་བཀག་པའི་དངོས་མེད་དོན་ལ་མི་སྲིད་པའི་ཕྱིར་རོ། །དེའི་ཁྱབ་པ་ནི་དངོས་པོ་མེད་པར་ཞེས་པ་སྟེ་རི་བོང་གི་རྭའི་དངོས་པོ་མེད་པས་དེ་བཀག་པའི་དངོས་མེད་དོན་ལ་མེད་པ་བཞིན་ནོ། །སྟོང་པ་རིགས་པའམ་གཏན་ཚིགས་ལས་འགྲུབ་པར་འགྱུར་བས་ཐམས་ཅད་སྟོང་པར་མི་འགྱུར་ཏེ་རིགས་པ་དང་རྟགས་དངོས་པོ་ཡིན་པའི་ཕྱིར་རོ་ཞེ་ན། དམ་བཅའ་གཏན་ཚིགས་ལས་གཞན་ཡིན་ན་སྒྲ་ལ་མིག་གི་གཟུང་བྱ་བཞིན་ཕྱོགས་ཀྱི་ཆོས་མ་ཡིན་ལ་གཞན་མ་ཡིན་ནའང་དམ་བཅའ་བཞིན་གཏན་ཚིགས་མ་ཡིན་པས་གཏན་ཚིགས་མེད་པའི་ཕྱིར་ཐམས་ཅད་རང་བཞིན་མེད་དོ་ཞེས་འཆད་མོད་ཀྱི་ལྟག་ཆོད་ཡིན་པས་རང་བཞིན་མེད་པས་རང་བཞིན་མེད་པ་སྒྲུབ་པོ་ཞེས་བཤད་ན་བདེ་སྟེ། ཇི་ལྟར་སྤྲུལ་པས་སྤྲུལ་པ་དང་། །སྒྱུ་མའི་སྐྱེས་བུས་སྒྱུ་མ་སྤྲུལ། །དགག་པ་བྱེད་པ་ཅི་འདྲ་བ། །དགག་པ་འདི་ཡང་དེ་བཞིན་འདོད། །ཅེས་བཤད་དོ། །སྟོང་པའི་དཔེ་ཡོད་པས་ཐམས་ཅད་སྟོང་པར་མི་འགྱུར་ཏེ་དཔེའང་དངོས་མེད་ཡིན་ན་སྟོང་པ་མཚོན་མི་ནུས་པའི་ཕྱིར་རོ། །ཞེ་ན། རྟགས་དང་མ་འབྲེལ་བའི་དཔེ་སྒྲུབ་བྱེད་མ་ཡིན་ཏེ་བྱ་རོག་ནག་པོའི་དཔེས་བདག་ཉིད་བདག་ཉིད་ནག་པོར་མཚོན་མི་ནུས་པ་བཞིན་ནོ། །ཞེས་སློབ་དཔོན་ཟླ་གྲགས་ནི་དེ་སྐད་དུ་འཆད་དོ། །གཞན་དག་ནི་གཞན་དུ་འཆད་དེ་དཔེ་ལ་མི་ལྟོས་ཏེ་དཔེའང་སྟོང་པ་ལས་གཞན་མ་ཡིན་ན་ཐ་དད་མེད་པས་མཚོན་བྱེད་མ་ཡིན་ལ། གཞན་ཡིན་ན་མཚོན་མི་ནུས་ཏེ་དེའི་ཆོས་གཞན་ལ་མེད་པའི་ཕྱིར་བྱ་རོག་གིས་བདག་ཉིད་ནག་པོར་མཚོན་མི་ནུས་པ་བཞིན་ནོ་ཞེས་ཟེར་རོ། །གལ་ཏེ་རབ་ཏུ་བྱེད་པ་ཐམས་ཅད་ཀྱིས་རང་བཞིན་སྟོང་པ་ཉིད་བསྟན་པའི་དགོས་པ་གང་ཡིན་ཞེ་ན། གལ་ཏེ་ཆོས་རྣམས་རང་བཞིན་གྱིས་དངོས་པོར་ཡོད་ན་སྟོང་པར་བསྟན་ཅིང་མཐོང་བ་ལ་ཡོན་ཏན་ཅི་ཞིག་ཡོད་དེ། སྐུར་པ་འདེབས་པའི་སྐྱོན་ཅན་དུ་འགྱུར་རོ། །ཆོས་རྣམས་ཀྱི་གནས་ལུགས་རང་བཞིན་གྱིས་སྟོང་པ་ཡིན་པས་དེ་བསྟན་ཅིང་རྟོགས་ན་མཐོ་རིས་དང་ཐར་པ་ཐམས་ཅད་འབྱུང་བའི་ཡོན་ཏན་ཡོད་པས་དེ་བསྟན་པའི་དགོས་པ་ཡིན་ནོ། །ཡང་ཚེ་ཐོག་མ་མེད་པ་ནས་དངོས་པོར་མངོན་ཞེན་གོམས་པ་དང་ཕྱི་ནང་གི་གྲུབ་མཐའ་ངན་པ་ལས་བྱུང་བའི་རྟོག་པས་མཐོང་ཞིང་བརྟགས་པ་ནི་འཁོར་བར་འཆིང་བ་སྟེ་དེ་འདི་རུ་དགག་པར་བྱ་བ་ཡིན་གྱི་འཁོར་འདས་ཀྱི་རྟེན་འབྲེལ་སྣང་བ་ཙམ་ནི་མི་འགོག་སྟེ་བདེན་གཉིས་ལས། གཞན་གྱིས་ཡོངས་སུ་བརྟགས་པ་འགོག །བྱ་བ་དང་། །དེ་ཁོ་ན་ཉིད་ལ་འཇུག་པ་ལས། ཡང་དག་ལྟ་བ་ཕྲ་རབ་ཀྱི། །ངོ་བོ་ཡང་ནི་མི་མཐོང་ངོ་། །དེ་ཕྱིར་རང་བཞིན་མེད་སྨྲ་ཡི། །སྣང་བ་བསལ་ཕྱིར་མ་ཡིན་ནོ། །བྱ་བ་དང་། རྒྱན་ལས། བདག་ནི་སྣང་བའི་ངང་ཅན་གྱི། །དངོས་པོ་འགོག་པར་མི་བྱེད་དེ། །ཞེས་བཤད་པ་བཞིན་ནོ། །དེའི་ཕྱིར་རང་བཞིན་མེད་པ་རྟོགས་པ་དང་འཆིང་བྱེད་ཀྱི་རྟོག་པ་སྤོང་བ་ནི་བསྟན་བཅོས་འདིའི་དགོས་པ་ཡིན་ནོ། །སེམས་ཙམ་པ་དང་ཉན་ཐོས་སྡེ་པ་གང་དག་གཅིག་སེམས་དང་རྡུལ་ཕྲ་རབ་ནི་ཡོད་ལ་གཅིག་དོན་དང་རགས་པ་རྣམས་མེད་ཅེས་བྱ་བ་ལ་སོགས་པས་ཤེས་བྱའི་གནས་ལུགས་དང་མདོའི་དོན་འཇོག་པར་བྱེད་པ་དེ་དག་ནི་འཇིག་རྟེན་ལས་འདས་པའི་དེ་ཉིད་འཕགས་པས་གཟིགས་པ་དེ་མིན་ཏེ་དེ་དག་གིས་ནི་ཕུང་པོ་ལྔ་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པར་གཟིགས་པའི་ཕྱིར་རོ། །དེ་ཉིད་མ་མཐོང་བ་འཇིག་རྟེན་པ་རྣམས་ཀྱི་ལུགས་ཀྱང་མིན་ཏེ་དེ་ནི་ཕུང་པོ་ལྔ་ཆར་འདོད་པའི་ཕྱིར་རོ། །དེ་ལྟར་ཡིན་པ་དེས་ན་སེམས་འདི་ཡོད་ལ་དོན་འདི་མེད་ཅེས་ནི་བརྗོད་པར་མི་ནུས་ཏེ་རིགས་པས་མ་དཔྱད་ན་ཐམས་ཅད་ཡོད་ལ། དཔྱད་ན་ཐམས་ཅད་མེད་པའི་ཕྱིར་རོ། །དེ་ལྟར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཤད་ཀྱང་མྱོང་བ་གཉིས་མེད་ཀྱི་ཤེས་པ་ནི་རིན་པོ་ཆེ་ཕྲེང་བར། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །དེ་བཞིན་ཐོག་མ་དབུས་བརྟག་གོ །སྐད་ཅིག་གསུམ་གྱི་བདག་ཉིད་ཕྱིར། །འཇིག་རྟེན་སྐད་ཅིག་ལ་མི་གནས། །ཞེས་བྱ་བ་ནས་བཟུང་སྟེ། །དུས་ཕྱིས་ཀྱི་རྩོམ་པ་པོ་ཆེན་པོ་སངས་རྒྱས་ཡེ་ཤེས་ལ་སོགས་པ་ཡན་ཆད་ཀྱི་གཞུང་རྣམས་ཀྱིས་མ་ཁེགས་པར་སྣང་སྟེ་གཞུང་འདི་ནས་ཀྱང་། སུ་ལའང་གསོན་པ་ཞེས་བྱ་བ། །སེམས་ཀྱི་སྐད་ཅིག་ལས་གཞན་མེད། །ཅེས་བཤད་དོ། སློབ་དཔོན་སངས་རྒྱས་ཡེ་ཤེས་དང་། སློབ་དཔོན་ཀླུའི་བཤེས་གཉེན་ལ་སོགས་པའི་དབུ་མ་པ་མང་པོ་ནི་འཁོར་འདས་གཞི་མེད་ཀྱི་ཉེས་པ་སློབ་དཔོན་བློ་བརྟན་ལ་སོགས་པས་བཀོད་པ་དེ་སྤང་བའི་དོན་དུ་གཉིས་མེད་ཀྱི་ཤེས་པ་ཉིད་ཁས་བླངས་ནས་དབུ་མའི་དོན་འཆད་པར་བྱེད་དེ། དེ་ལའང་སྔོན་གྱི་དབུ་མ་མཁས་པ་རྣམས་ཀྱིས་སྐྱོན་བརྗོད་པ་ནི་མེད་དོ། །གལ་ཏེ་ལུགས་འདི་ལ་མ་འོངས་པ་ན་མངོན་པར་བརྩོན་པའི་མཁས་པ་རྣམས་ཀྱིས་སུན་འབྱིན་མི་རུང་ངམ་ཞེ་ན། ཡོད་དང་མེད་དང་ཡོད་མེད་གཉིས་ཀ་དང་ཞེས་ནི་སོགས་པའི་དོན་ལ་འཇུག་པས་ཡོད་མེད་གཉིས་མ་ཡིན་པའི་ཕྱོགས་མེད་པ་གང་ཡིན་པའི་དབུ་མ་པ་དེ་ལ་མ་འོངས་པའི་ཡུན་རིང་པོ་ནའང་ཀླན་ཀ་སྟེ་སྐྱོན་བརྗོད་པར་ནུས་པ་མ་ཡིན་ཏེ་ཀུན་རྫོབ་ཏུ་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་ཇི་ལྟར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་འཕགས་པ་རྣམས་ལ་གྲགས་པ་ལྟར་ཁས་ལེན་ལ། དོན་དམ་པར་ཅིའང་ཁས་མི་ལེན་པའི་ཕྱིར་ནམ་མཁའ་ལ་རི་མོ་དང་ལྕག་གིས་གཞུས་ནས་གཟིར་དུ་མི་རུང་བ་བཞིན་ནོ། །དེའི་ཕྱིར་རྒོལ་བ་ངན་པའི་ཀླན་ཀ་གང་ལ་བྱེད། འདི་སྐད་དུ་མདོ་ལས། ཇི་ལྟར་མི་གཡོ་རི་རབ་ཆེན་པོ་ནི། །གྲོག་མ་ཀུན་གྱིས་བསྐྱོད་པར་མི་ནུས་ལྟར། །དེ་བཞིན་ཡང་དག་ཚུལ་ལ་ལེགས་བསླབས་པའི། །མཁས་དེ་ལྷ་ཡི་གཟུགས་ཀྱིས་ཀྱང་མི་བསྐྱོད། །ཅེས་བཤད་པ་ཡིན་ནོ། །སློབ་དཔོན་དང་སློབ་མ་གཏན་ལ་དབབ་པ་སྒོམ་པ་བསྟན་པ་རབ་ཏུ་བྱེད་པ་བཅུ་དྲུག་པའི་བཤད་པའོ།། །།

བརྒྱུད་སྐུལ།

མཆན་སྤེལ།