དབུ་མ་རྒྱན་གྱི་རྣམ་པར་བཤད་པ་ཚིག་དོན་གསལ་བའི་མེ་ཏོག

དབུ་མ་རྒྱན་གྱི་རྣམ་པར་བཤད་པ་ཚིག་དོན་གསལ་བའི་མེ་ཏོག

༄༅། །དབུ་མ་རྒྱན་གྱི་རྣམ་པར་བཤད་པ་ཚིག་དོན་གསལ་བའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།

 

བཅོམ་ལྡན་རིག་པའི་རལ་གྲི།

 

རྒྱ་གར་སྐད་དུ། མ་དྷྱ་མ་ཀ་ཨ་ལཾ་ཀ་ར་ཏིས་དཾ་ཨརྠ་ཨ་ལོ་ཀ་པུཥྤ་ན་མཿ བོད་སྐད་དུ་དབུ་མ་རྒྱན་གྱི་འགྲེལ་པ་ཚིག་དོན་གསལ་བའི་མེ་ཏོག་ཅེས་བྱ་བ། སངས་རྒྱས་ལ་ཕྱག་འཚལ་ལོ། །ཡོད་མེད་མཐར་འཛིན་ལྟ་བ་ཡི། །དྲྭ་བ་འཇོམས་བྱེད་ཆོས་སྟོན་པ། །སངས་རྒྱས་ཀུན་ལ་ཕྱག་འཚལ་ནས། །མཐའ་བྲལ་དབུ་མའི་རྒྱན་འདི་བཤད། །

འདི་མཛད་པ་པོ་ནི་འཇམ་དཔལ་རྩ་རྒྱུད་ཀྱི་ལེའུ་ཐ་མ་སུམ་ཅུ་རྩ་དྲུག་པ་ལས་ལུང་བསྟན་ཏེ། སྟོན་པའི་གསུང་རབ་ས་སྟེང་དུ། །དུས་མཐའ་འཇིག་རྟེན་ཉམས་པ་ན། །སྡོམ་བརྩོན་རྒྱལ་པོའི་ཚུལ་གྱིས་ནི། །འབྱུང་བར་འགྱུར་བར་ཐེ་ཚོམ་མེད། །དཔེར་ན་མ་གོལ་ཞེས་བྱ་དང་། །ཀླུས་བོས་ཞེས་ཀྱང་རྣམ་པར་གྲགས། །རིན་ཆེན་འབྱུང་ཞེས་བྱ་མིང་དང་། །ཞེས་དེ་དག་ལ་སོགས་པ་མང་པོ་སངས་རྒྱས་འདས་ནས་གསང་སྔགས་འཛིན་པས་བསྟན་པའི་དོན་བྱེད་པར་སངས་རྒྱས་ཉིད་གསུངས་སོ། །འདིའི་དང་པོ་མཚན་དོན་ལ་མ་དྷྱ་མ་ཀ་དང་། ཨ་ལཾ་ཀ་ར་བརྒྱན་དང་། ཀ་རཱི་ཀ་ཚིག་ལེའུ་བྱས་པ་སྟེ་རྒྱན་ནི་དེ་གསལ་བ་དང་མཛེས་པར་བྱེད་པ་གཉིས་ཀའི་རྒྱན་ཡིན་ནོ། །གཉིས་པ་གཞུང་ལ་དོན་དྲུག་ལས་དང་པོ་མཆོད་པར་བརྗོད་ཅིང་བཤད་པར་དམ་བཅས་པའི་བསྐལ་པ་གྲངས་མེད་གསུམ་གྱིས་འཕགས་པའི་མཆོག་སངས་རྒྱས་སུ་ངེས་པར་འབྱུང་ཞིང་ཞེས་པས་ནི་དུས་ཀྱི་སྒོ་ནས་ཚོགས་གཉིས་ཀྱི་རྒྱུ་བསྟན་ནོ། །ཇི་སྲིད་འགྲོ་བ་གནས་ཀྱི་བར་འགྲོ་དོན་བྱེད་པས་ནི་རྒྱུན་མི་འཆད་པའི་ཕྲིན་ལས་བསྟན་ནོ། །ཡང་དག་པ་གསུམ་གྱིས་ནི་ངོ་བོ་བསྟན་ཏེ། ཆོས་སྐུ་ཡེ་ཤེས་བཞི་དང་། འོག་མིན་གྱི་ལོངས་སྐུ་ནི་ཐོག་མ་ཡོད་ཀྱང་ཐ་མ་མེད་པས་བཞུགས་ལ། སྤྲུལ་སྐུ་ནི་སེམས་ཡོད་པ་དང་མེད་པར་སྣང་བས་རྒྱུན་མི་འཆད་པར་བཞུགས་སོ། །ངོ་བོ་ཉིད་ཀྱི་སྐུ་ནི་ཐོག་མཐའ་མེད་པའི་རྟག་པ་ཡིན་ནོ། །སྒོ་གསུམ་གྱི་མི་དགེ་བ་ཐུབ་པ་ཁྱེད་ཀྱིས་དེ་ལྟ་བུའི་རྟག་པས་བཞུགས་ལ་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྲུངས་ཤིག་ཅེས་གསོལ་བ་འདེབས་པ་ཡིན་ནོ། །བཤད་པའི་དམ་བཅའི་སྒོ་ནས་རང་དགའ་སྤང་པ་ལ་བྱམས་པས་ནི་མདོ་སྡེ་རྒྱན་དང་། དབུས་མཐའ་དང་། ཆོས་ཉིད་དང་། ཐོགས་མེད་ཀྱིས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་དང་། སྡོམ་རྣམ་གཉིས་ནས་གསུངས་ལ། ཀླུ་སྒྲུབ་ཀྱིས་ཀྱང་བཞེད་པ་ནི་འགྲེལ་པ་ལས་དེ་རང་བཞིན་གཉིས་བསྟན་པར་གྲགས་སོ་ཞེས་བཤད་ཀྱང་དོན་ལ་གསུམ་ཀ་ཡོད་དེ་མིང་མ་སྨོས་པ་ཡིན་ནོ། །ཡང་བཀའ་ཐ་མ་དོན་དམ་པར་ངེས་པའི་དགོངས་པ་བཤད་པ་ཆོས་ཀྱི་དབྱིངས་སུ་བསྟོད་པ་དང་། ཐེག་ཆེན་ཉི་ཤུ་པ་དང་། རིམ་ལྔ་དང་། རིགས་པ་དྲུག་ཅུ་པ་ལ་སོགས་པ་ན་ཡོད་པས་དེ་འདྲ་བའི་བདེན་པ་གཉིས་བཤད་པར་བྱའོ། །འཆད་ཚུལ་ནི། ཚད་མ་ལུང་དཔལ་ལྡན་པ་ཡིས་བཤད་དེ། ཚད་མ་གཉིས་དང་བྲལ་བའི་ལུང་རྐྱང་གིས་མི་བཤད་པའོ། །འགྲེལ་པ་ནས་འཕགས་པ་ཐོགས་མེད་ཀྱིས་ས་གསུམ་པ་ཐོབ་པར་བཤད་དོ། །དེ་ལ་དེ་དག་ནས་བཤད་པའི་བདེན་པ་གཉིས་ནི་བརྗོད་བྱའོ། །དེ་འདི་ལས་རྟོགས་པ་ནི་དགོས་པའོ། །དེ་ཤེས་རབ་གསུམ་གྱིས་གོམ་པ་ལས་སངས་རྒྱས་ཐོབ་པ་ནི་དགོས་པའི་དགོས་པའོ། །དེ་དགོས་པ་དང་དགོས་པ་བསྟན་བཅོས་ལས་བྱུང་བ་ནི་འབྲེལ་པའོ། །དེ་ལྟར་དོན་གཉིས་དགོས་འབྲེལ་དང་བཅས་པ་བཤད་ནས་དོན་གཉིས་པ་རང་ལུགས་ཀྱི་དབུ་མ་མདོར་བསྟན་པ་ནི། གཟུང་འཛིན་གཉིས་ཀྱི་བདག་ཉིད་དེ་རང་བཞིན་ཐམས་ཅད་ནི་ཕུང་པོ་ལ་སོགས་པར་མེད་པའོ། །འདི་སྐད་དུ་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ཆོས་ཐམས་ཅད་ནི་མཉམ་པར་མ་གཞག་པ་གཅིག་དང་དུ་བྲལ་ལ་སོགས་པའི་རྗེས་དཔག་དང་། ཆོས་སྐུ་ལ་མཉམ་པར་གཞག་པ་སངས་རྒྱས་དང་བྱང་ཆུབ་སེམས་པའི་མཉམ་གཞག་སྟེ་རིགས་པའི་ཤེས་པ་གཉིས་ཀྱི་ཡུལ་ན་མེད་དོ་ཞེས་སྟོན་པ་ཡིན་ཏེ། འདིས་ནི་དེ་དག་ཐམས་ཅད་ཡོད་པར་སྨྲ་བའི་མཐའ་སེལ་ལོ། །མ་འཁྲུལ་བའི་ཤེས་པ་གཉིས་ལ་གཉིས་མེད་པ་དེ་གཉིས་སུ་འཁྲུལ་ནས་ཕུང་པོ་ལ་སོགས་པའི་བདག་ཉིད་དུ་སྣང་བ་ནི་འཁོར་བ་ཇི་སྲིད་པར་ཡོད་པ་ཡིན་ཏེ་འདིས་ནི་ཆོས་ཐམས་ཅད་མེད་པར་སྨྲ་བའི་མཐའ་སེལ་ལོ། །མ་འཁྲུལ་བའི་བློ་ཡུལ་ན་མེད་ལ། འཁྲུལ་པ་ལ་སྣང་བ་དེ་ནི་གཉིས་ཀྱིས་སྟོང་པ་གཞི་གཉིས་མེད་རང་རིག་གི་བདག་ཉིད་ཀྱི་ཆོས་སུ་ཡོད་དོ། །ཆོས་འདིའི་ལུགས་ཀྱི་སངས་རྒྱས་ཀྱི་གཉིས་མེད་རང་རིག་ནི་ཕུང་པོ་ལྔ་ཀ་དང་ཕྲལ་བའི་ཆོས་སྐུ་ཡིན་ཏེ། ཡེ་ཤེས་ནི་ཆོས་དབྱིངས་དང་ཤིན་ཏུ་འདྲེས་པས་རྣམ་ཤེས་གནས་གྱུར་པའི་ཕྱིར་རོ། །མི་རྟག་པ་ལ་སོགས་པ་ལྟར་ཆོས་ནི་གཞི་ཆོས་ཅན་ལ་ལྟོས་པ་ཡིན་པས་གཞི་གང་གི་ཆོས་ཉིད་ཡིན་ཞེ་ན། ཐེག་པ་ཆེན་པོ་ལ་ཆོས་དབྱིངས་དང་། ཀུན་གཞི་དང་། རང་རིག་གཞིར་འདོད་པའི་ལུགས་གསུམ་བྱུང་པ་ལ་འདི་རང་རིག་གཞིར་འདོད་པའི་ལུགས་ཡིན་ཏེ། རང་རིག་ལ་གཉིས་མེད་པ་དེ་ཆོས་ཉིད་དུ་གནས་པར་སྟོན་པ་ཡིན་ནོ། །དེ་ལྟ་བུའི་ཡོད་མེད་ཀྱི་མཐའ་དང་བྲལ་བ་དེ་ནི་དབུ་མའི་ལམ་དུ་སངས་རྒྱས་བཞེད་དེ། བྱམས་ཞུས་ལས། གཉིས་དང་གཉིས་མེད་བདེན་པ་གཉིས་དབུ་མའི་ལམ་ཡིན་ནོ། །ཞེས་བཤད་པའི་ཕྱིར་དང་། དཀོན་མཆོག་བརྩེགས་པ་འོད་སྲུང་གིས་ཞུས་པ་ལས། འོད་སྲུང་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་ཏེ། འོད་སྲུང་མཐའ་གཉིས་པོ་འདི་དག་གི་དབུས་གང་ཡིན་པ་འདི་ནི་ཆོས་རྣམས་ལ་སོ་སོར་རྟོག་པའི་དབུ་མའོ། །ཞེས་བཤད་པའི་ཕྱིར་རོ། །དེ་མཐའ་གཉིས་དང་བྲལ་བའི་རྒྱུ་མཚན་བདེན་གཉིས་ཀྱི་མཚན་གཞི་ངོ་བོ་ཉིད་གསུམ་གྱི་སྒོ་ནས་རྒྱས་པར་བཤད་པ་ནི། ཀུན་བརྟགས་དང་ནི་ཞེས་པ་སྟེ་རྟོག་པ་ཡོད་མེད་ཀྱི་ཤེས་པས་དོན་ལ་མེད་བཞིན་དུ་དེར་བརྟགས་པ་དང་། ཚད་མ་གཉིས་ཀྱིས་རྒྱུ་ལས་སྐྱེ་བར་གྲུབ་པ་དང་། སངས་རྒྱས་རྣམས་འཇིག་རྟེན་དུ་བྱོན་རུང་མ་བྱོན་རུང་ཆོས་ཅན་གཞན་དབང་དེ་དག་བདག་གཉིས་སྟོང་པ་དེ་མི་འགྱུར་བར་གནས་པ་གསུམ་ངོ་བོ་ཉིད་གསུམ་སྟེ། དེ་ལ་ཀུན་བརྟགས་ནི་ལོག་པའི་ཀུན་རྫོབ་དང་། གཞན་དབང་ནི་ཡང་དག་ཀུན་རྫོབ་ཡིན་ནོ། །གཉིས་མེད་རང་རིག་ནི་མ་ཡིན་དགག་གི་དོན་དམ་དང་། གཟུགས་འཛིན་གཉིས་མེད་པ་ཙམ་ནི་མེད་དགག་འདུས་མ་བྱས་ཀྱི་དོན་དམ་ཡིན་ནོ། །འདུས་བྱས་རྣམས་དང་འདུས་མ་བྱས་ནི་གཅིག་དང་ཐ་དད་ལ་མདོ་ལས་སྐྱོན་བརྗོད་ནས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་བཤད་དོ། །བདེན་པ་གཉིས་ཀ་དངོས་པོ་ལ་བཤད་པ་ནི། ལང་ཀར་གཤེགས་པ་ལས། ཀུན་རྫོབ་དང་ནི་དོན་དམ་སྟེ། །རྒྱུ་ལས་སྐྱེས་པ་གསུམ་པ་མེད། །ཀུན་རྫོབ་རྟོག་པས་བརྟགས་པ་སྟེ། །དེ་ཆད་འཕགས་པའི་སྤྱོད་ཡུལ་ལོ། །ཞེས་བཤད་པ་དང་མཐུན་པར་བྱས་པ་ཡིན་ནོ། །གཉིས་མེད་དང་རང་རིག་ནི་སེམས་ཅན་ནས་སངས་རྒྱས་ཀྱི་བར་དུ་དབྱེར་མེད་དུ་གནས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། དངོས་ལས་སྟོང་ཉིད་གཞན་མ་ཡིན། །དེ་མེད་པར་ཡང་དངོས་པོ་མེད། །དེ་མ་གཏོགས་པའི་དངོས་ཀྱང་མེད། །བཻ་རོ་ཙ་ན་རྡོ་རྗེ་བཞད་པའི་འདུས་འགྲེལ་དུ། སྟོང་ཉིད་ཞེས་བྱ་ཤེས་པ་ལས། །གཞན་པ་འགའ་ཡང་ཡོད་མིན་ཏེ། །གང་ཕྱིར་བདེན་པ་དབྱེན་གྱུར་ལས། །ཐ་མི་དད་པ་ཉིད་དུ་འདོད། །དེ་ལྟ་མིན་ན་གཉིས་སྟོང་པ། །རྣམ་ཤེས་མིན་པར་ཐལ་འགྱུར་ཞིང་། །གཉིས་མེད་པ་ལས་ལྡོག་པ་ནི། །གཉིས་ཀྱི་བདག་ཏུ་ཐལ་བར་འགྱུར། །དེར་གྱུར་དེ་བཞིན་ཉིད་རང་བཞིན། །བཅོམ་ལྡན་འདས་ཉིད་ཡིན་པར་བརྗོད། །རིག་བྱ་རིག་བྱེད་རྣམ་པ་ནི། །རྣམ་ཤེས་ཉིད་ལ་ཡང་དག་རྟེན། །ཞེས་བཤད་དོ། །དེའི་ཕྱིར་གཉིས་ནི་མེད་ལ། གཉིས་མེད་པའི་རང་རིག་ཡོད་པ་ནི་གཞུང་འདིའི་བརྗོད་བྱ་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་ཡིན་ནོ། །སྒྱུ་མ་ལྟ་བུ་ལ་སོགས་པའི་དོན་ཡང་མེད་བཞིན་དུ་སྣང་བ་ལ་འདོད་དོ། །དེའི་མཚན་ཉིད་ངོ་བོ་ཉིད་གསུམ་མཐའ་དང་བྲལ་བའི་ཚུལ་ནི། ལང་ཀར་གཤེགས་པ་ལས། བརྟགས་པའི་དངོས་པོ་མེད་པ་སྟེ། །གཞན་གྱི་དབང་ནི་ཡོད་པ་ཡིན། །སྒྲོ་འདོགས་པ་དང་སྐུར་འདེབས་པའི། །མཐའ་ལ་རྟོག་པ་བརླག་པར་འགྱུར། །ཞེས་གསུངས་སོ། །དེའི་ཡུལ་ཅན་གྱི་བློའང་མ་འཁྲུལ་བ་དང་། འཁྲུལ་པ་དང་། ཤིན་དུ་འཁྲུལ་པ་གསུམ་ལ་ལྟོས་ནས་གསུམ་དུ་གྲངས་ངེས་སོ། །སློབ་དཔོན་དབྱིག་གཉེན་གྱིས་རང་བཞིན་གསུམ་བསྟན་པ་ལས། རང་བཞིན་གསུམ་པོ་བརྟན་རྣམས་ཀྱི། །ཟབ་མོ་ཡི་ནི་ཤེས་བྱར་འདོད། །ཅེས་བཤད་དོ། །དོན་དེ་ཉིད་དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོགས་ཡོད། །དེ་ལ་གཉིས་པོ་ཡོད་མ་ཡིན། །སྟོང་པ་ཉིད་ནི་དེ་ལ་ཡོད། །དེ་ལ་ཡང་ནི་དེ་ཡོད་དོ། །ཞེས་གང་བཤད་པ་ཡིན་ནོ། །དེ་དག་གིས་ནི་རྒྱལ་བའི་ཡུམ་ལ་སོགས་པ་ནས་འདི་ཐམས་ཅད་ནི་སྟོང་པ་ཡང་མ་ཡིན། མི་སྟོང་པ་ཡང་མ་ཡིན་ནོ། །ཞེས་འདུས་བྱས་དང་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་སྟོང་མི་སྟོང་ཕྱོགས་གཅིག་ཏུ་མི་གནས་ཀྱི་གཉིས་ཀའི་ཆར་གནས་པ་དེ་སྟོན་པར་བྱེད་དེ། དབུས་མཐའ་ལས། སྟོང་པ་མ་ཡིན་མི་སྟོང་མིན། །དེ་ལྟ་བས་ན་ཐམས་ཅད་བཤད། །ཡོད་པས་མེད་པས་ཡོད་པས་ན། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་བཤད་པ་དེ་ཡིན་ནོ། །ཀླུ་སྒྲུབ་ཀྱིས་ཀྱང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་གཞན་དབང་སྟོང་ཉིད་དུ་གནས་པ་དབུ་མར་བཤད་པས་བྱམས་པ་དང་དགོངས་པ་གཅིག་ཡིན་ནོ། །དེ་ལྟར་རང་བཞིན་གསུམ་དུ་སྨྲ་བ་ནི་དབུ་མ་ཡང་དག་ཡིན་ནོ། །དོན་གསུམ་པ་ཐམས་ཅད་མེད་པར་སྨྲ་བའི་དབུ་མ་ལྟར་སྣང་དགག་པ་ནི། གཞན་དབང་ཐམས་ཅད་ཀྱང་ཀུན་བརྟགས་ལྟར་བརྫུན་པར་འདོད་པ་རྣམས་འགོག་པ་སྟེ། སྭ་བྷཱ་ཝ་ཞེས་པ་ནི་རང་དངོས་སམ། རང་བཞིན་ནམ། རང་གི་ངོ་བོ་ཞེས་བྱ་བར་འགྱུར་རོ། །དེ་མེད་ན་ཆད་ལྟ་ཆེན་པོར་འགྱུར་རོ་ཞེས་སྟོན་པ་ནི། གཞན་དབང་དངོས་པོའི་ཆོས་རྣམས་ཞེས་པ་སྟེ། ཁྱེད་ལྟར་ན་བདེན་པ་གཉིས་ཀ་ལ་རང་གི་ངོ་བོ་མེད་པ་ཡིན་པས་ཤེས་བྱ་ཐམས་ཅད་མེད་ན་མེད་པ་པ་འཇིག་རྟེན་རྒྱང་ཕན་པས་ཀྱང་ལྷག་པ་ཐོབ། དེ་བས་ཀྱང་ཆད་ཚབས་ཆེ་བར་ཐལ་ཏེ་ཁྱེད་མཐོང་བ་རྣམས་ཀྱང་མེད་པར་སྨྲ་བའི་ཕྱིར་རོ། །རིན་པོ་ཆེ་ཕྲེང་བ་ལས། མེད་པ་པ་ནི་ངན་འགྲོར་འགྲོ། །ཡོད་པ་པ་ནི་བདེ་འགྲོར་འགྲོ། །ཞེས་བཤད་དོ། །འོན་ཏེ་གཉེན་པོས་བཤིག་པའམ་སྐད་ཅིག་གིས་འཇིག་པ་རྟག་པའི་རང་བཞིན་དུ་མེད་པ་དེའི་དོན་དུ་འདོད་ན་དེ་རྟོགས་པ་ཡུམ་གྱི་གཟུགས་བརྙན་དུ་འགྱུར་ཏེ། གཟུགས་མི་རྟག་གོ་ཞེས་སྟོན་ཅིང་སྤྱོད་ན་ཡུམ་གྱི་གཟུགས་བརྙན་ལ་སྤྱོད་དོ་ཞེས་གསུངས་པའི་ཕྱིར་རོ། །གལ་ཏེ་ཀུན་རྫོབ་རྣམས་ལ་ནུས་པ་འདོད་པས་མེད་པ་པར་མི་འགྱུར་རོ་ཞེ་ན། དེ་འདྲའི་དབུ་མ་དེ་ཅི་དགོས་ཏེ་རང་བཞིན་མེད་པ་ཉམས་ལ། རང་བཞིན་མེད་པའི་ནུས་པ་ནི་འཁྲུལ་པས་སྒྲོ་བཏགས་པ་ཡིན་པས་དགོས་པའི་བྱ་བ་བྱེད་མི་ནུས། སློབ་དཔོན་བྷ་བྱ་དང་ཟླ་གྲགས་དང་ཡེ་ཤེས་སྙིང་པོ་ལ་སོགས་པ་དོན་འདོད་པའི་དབུ་མ་རྣམས་སུན་ཕྱུང་ནས་རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས་སྟོན་པ་ནི་དོན་དང་དེའི་ནུས་པའང་ཞེས་པ་སྟེ་ས་བོན་ལ་སོགས་གཞི་བེམས་པོ་དེ་མེད་ཅིང་དེ་དག་དེར་འཛིན་པའི་བློ་ཡིན་ལ་དེ་ཡོད་པའི་ཕྱིར་ཞེས་པ་སྟེ། དོན་མཇལ་བའི་ཚད་མ་འདིར་འགོག་པའི་ཕྱིར་དང་། ཐོགས་མེད་ཀྱིས། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་དུ་སྣང་བ་མེད་པའི་ཕྱིར། །དོན་མེད་ཁོང་དུ་ཆུད་པར་བྱ། །ཞེས་པ་དང་། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་པ་ལ་སོགས་པའི་རིགས་པས་འགྲོ་བ་རིགས་ལྔའི་ཤེས་པ་གང་ལ་ཇི་ལྟར་སོ་སོར་སྣང་བ་དེ་ཁོ་ན་བཞིན་དོན་བྱེད་པའི་ཕྱིར་རོ། །བེམས་པོས་དོན་བྱེད་ན་ནི་སོ་སོའི་དོན་བྱེད་པར་སྣང་བ་དེ་མེད་པར་འགྱུར་ཏེ། དེ་ནི་གཅིག་སྣ་ཚོགས་སུ་མི་འགྱུར་བའི་ཕྱིར་རོ། །འཁོར་འདས་ཐམས་ཅད་ནི་སེམས་ཀྱི་བྱས་པ་ཡིན་ཏེ། ཀླུ་སྒྲུབ་ཀྱི་ཐེག་ཆེན་ཉི་ཤུ་པ་ལས། འདི་དག་ཐམས་ཅད་སེམས་ཙམ་སྟེ། །སྒྱུ་མ་འགྱུར་བ་བཞིན་དུ་སྐྱེད། །ཅེས་བཤད་དོ། །ཤེས་པ་ལས་སྐྱེའང་སྐྱེ་མེད་ཀྱི་ལུང་དང་མི་འགལ་ཏེ། བདག་ལ་སོགས་པ་ཀུན་བཏགས་པ་ལས་སྐྱེ་བ་མེད་པ་དེ་གཞན་དབང་ཤེས་པ་འགའ་ལས་སྐྱེ་བར་འགྱུར་བ་ལ་དགོངས་ནས་མདོ་ལས་བརྗོད་དེ་རིགས་བཟང་ལ་སོགས་པ་གཞན་གྱིས་མི་བཟའ་བ་དང་མི་རེག་པ་དེ་རིགས་ངན་ལ་སོགས་པ་གཞན་གྱི་བཟའ་བྱ་དང་རེག་བྱ་ཡིན་པ་བཞིན་ནོ། །དེ་བཞིན་དུ་ངོ་བོ་ཉིད་མེད་པའང་ཀུན་བཏགས་ཀྱི་ངོ་བོ་ཉིད་མེད་པ་ལ་སོགས་པ་དགོངས་འགྲེལ་དང་། བྱམས་ཞུས་ལ་སོགས་པ་ནས་སངས་རྒྱས་ཉིད་ཀྱི་གསུང་པ་དེ་ཚད་མ་ཡིན་གྱི་གཞན་ནི་མ་ཡིན་ནོ། །བརྫུན་པ་སྟེ་མེད་པ་འབའ་ཞིག་ཡིན་པས་ནམ་མཁའ་བཞིན་དུ་རྒྱུ་མེད་པ་ནས་ཚད་མ་མེད་པའི་བར་ལྔར་འགྱུར་ལ། དེ་བཞིན་དུ་དངོས་པོ་ཙམ་ལ་སོགས་པ་བཞི་བཀག་པས་ཆོས་རྣམས་ཐམས་ཅད་བཀག་པར་འགྱུར་བས་དང་པོའི་ཕྱོགས་ལ་དགག་གཞི་ཆོས་ཅན་མི་གྲུབ་སྟེ། དབུ་མ་རྒྱན་ལས། ཡུལ་མེད་པ་ལ་དགག་པ་ཡི། །སྦྱོར་བ་ལེགས་པ་ཡོད་མ་ཡིན། །ཞེས་བཤད་དོ། །འཇུག་པ་ལས། གཞན་སྐྱེ་ཀུན་རྫོབ་ཏུ་བཀག་པ་དང་རྨི་ལམ་ན་སེམས་མེད་དེ་མ་སྐྱེས་པའི་ཕྱིར། བྱ་བ་དང་། ཚད་མའི་བསྟན་བཅོས་བརྩམས་བྱ་མ་ཡིན་ཏེ། བསལ་བྱའི་ལོག་རྟོགས་མེད་པའི་ཕྱིར་བྱ་བ་ལ་སོགས་པས་སྣང་བ་བཀག་པ་ལ་སྣང་བར་ཉམས་སུ་མྱོང་བས་གནོད་དོ། །ལྷག་མ་ནུས་པ་དང་། རྟེན་འབྲེལ་རང་བཞིན་མེད་དོ་ཞེས་བཀག་པ་ལ་ནུས་པ་དང་སྐྱེ་འཇིག་མེད་པར་འགྱུར་རོ། །དེ་འདོད་ན་ནུས་པ་ཡོད་མེད་དང་། སྐྱེ་འཇིག་ཡོད་མེད་ལ་བླང་དོན་བྱེད་པ་མེད་པར་འགྱུར་རོ། །ཡང་འདི་སྣང་བ་ཙམ་གྱིས་ཡོད་པར་འདོད་པའང་མི་འཐད་དེ། ཀུན་བརྟགས་ཐམས་ཅད་ཀྱང་ཡོད་པར་འགྱུར་བས་ཡོད་མེད་ལ་བླང་དོར་བྱེད་པ་མེད་པར་འགྱུར་རོ། །དེས་ནས་ནུས་པ་ཡོད་མེད་ལས་དེར་འཇོག་པ་ནི་མཁས་པའི་ལུགས་ཡིན་ནོ། །དེ་དག་ཐམས་ཅད་དེ་ལྟར་མ་ཡིན་པར་ཡང་འཇིག་རྟེན་ལ་གྲགས་པའི་ཚད་མ་དང་ལུང་གིས་གྲུབ་པས་བསལ་ལོ། །དེ་དག་དབུ་མ་དེའི་གཞུང་གིས་བཀག་ཚུལ་དང་ཚད་མ་དང་ལུང་གིས་གྲུབ་ཚུལ་ནི་འདིར་བྲིས་ན་མང་བར་འགྱུར་བས་མཁས་པས་རྒྱ་ཆེར་སྤྲོས་ལ་བཤད་དོ། །རིན་ཆེན་ཕྲེང་བ་ལས། ཆོས་འདི་ལོག་པར་ཤེས་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་འཛའ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དོང་དུ་ལྟུང་བར་འགྱུར། །ཞེས་བཤད་དོ། །རང་ལུགས་ཀྱི་དབུ་མའི་ལམ་ནི་བདེན་པར་ཡོད་པ་མིན་པའི་ཆོས་རྣམས་སྣང་བ་དེ་བེམས་པོ་སྣང་བ་མིན་ཏེ་རང་གི་ཤེས་པ་གཅིག་པུ་སྣང་བའི་ཕྱིར་རོ། །སློབ་དཔོན་ཞི་བ་འཚོས་དབུ་མ་རྒྱན་དུ་ལང་ཀར་གཤེགས་པ་ལས། འདིར་གང་ཅུང་ཟད་སྐྱེ་བ་མེད། །ཅུང་ཟད་འགག་པའང་ཡོད་མ་ཡིན། །སྐྱེ་བ་དང་ནི་འགག་པ་དག །ཤེས་པ་འབའ་ཞིག་ཁོ་ན་འོ། །ཞེས་བྱ་བ་དང་། རིགས་པ་དྲུག་ཅུ་པ་ལས། འབྱུང་བ་ཆེ་ལ་སོགས་བཤད་པ། །རྣམ་པར་ཤེས་སུ་ཡང་དག་འདུས། །དེ་ཉིད་ཤེས་པས་འབྲལ་འགྱུར་ན། །ལོག་པར་རྣམ་བརྟགས་མ་ཡིན་ནམ། །ཞེས་བཤད་པ་གཉིས་ལ་བརྟེན་ནས། ཀུན་རྫོབ་ཏུ་སེམས་ཙམ་ཡིན་པའི་ལྟ་བ་བྱས་པ་དེ་སློབ་དཔོན་འདི་འདོད་པ་ཡིན་ནོ། །གཞན་གྱི་སེམས་སྣང་བའང་མིན་ཏེ། དེ་དེའི་སྣང་ཡུལ་མ་ཡིན་པའི་ཕྱིར་རོ། །ཁྱེད་འདོད་པ་ལྟར་མེད་པ་སྣང་བའང་མ་ཡིན་ཏེ། རྒྱུ་མེད་པ་དང་རེས་འགའ་བ་མ་ཡིན་པའི་ཉེས་པ་གཉིས་ཡོད་པའི་ཕྱིར་རོ། །དེའི་ཕྱིར་རང་གི་ཤེས་པའི་བདག་ཉིད་དོན་དུ་རྟོག་པའི་བག་ཆགས་ཀྱིས་གཉིས་སུ་སྣང་བ་ཡིན་ཏེ། དེ་ཉིད་ལས། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །ཞེས་པ་ལ་སོགས་པ་བཤད་དོ། །སེམས་སུ་སྒྲུབ་པའི་རིགས་པ་ནི། ལྷན་ཅིག་དམིགས་ངེས་ལ་སོགས་པ་ཡོངས་སུ་གྲགས་པ་རྣམས་ཡིན་པས་འདིར་མ་བཀོད་དོ། །གཞན་ཡང་ཁྱེད་ཀྱི་དབུ་མའི་ལུགས་ལ་ཡོད་མེད་གཉིས་ཀ་མེད་པས་ཅི་ཞིག་དགག་སྟེ་དགག་བྱ་མེད་པར་འགྱུར་རོ། །དངོས་འགལ་ལ་གཅིག་བཀག་པས་ཅིག་ཤོས་སུ་འགྱུར་བས་དེ་གཉིས་ཀ་མེད་པ་དེ་འགལ་ལོ། །གལ་ཏེ་སྒྲོ་བཏགས་པ་དེ་འགོག་གོ་ཞེ་ན། ཀུན་རྟོག་གིས་བརྟགས་པ་དེ་བཞིན་ནོའི་དོན་ནི་ཕྱི་ནང་གི་གྲུབ་མཐས་ཀུན་བཏགས་པ་དེ་འགོག་པ་ནི་འཐད་དེ། ཁྱེད་ཀྱིས་དབུས་མཐའ་ལས། ཡང་དག་མ་ཡིན་ཀུན་རྟོག་ནི། །སེམས་དང་སེམས་བྱུང་ཁམས་གསུམ་པ། །ཞེས་འབྱུང་བའི་ཁམས་གསུམ་གྱི་སེམས་དང་སེམས་བྱུང་སྣང་བ་དང་བཅས་པ་བཀག་པས་ཤིན་ཏུ་མེད་པ་པར་འགྱུར་ཏེ། འཁོར་བ་ཐམས་ཅད་བཀག་པའི་ཕྱིར་རོ། །དབུ་མར་སྨྲ་བ་འདིའི་ཁ་ཅིག་ནི་སྣང་ངོར་མྱོང་བས་གྲུབ་པས་མེད་པའི་མཐའ་སེལ་ལ། དཔྱད་ན་འཇིགས་པས་ཡོད་མཐའ་སེལ་ལོ་ཞེས་སྨྲ་བའང་མ་ཡིན་ཏེ། མྱོང་བས་མ་མྱོང་བ་སེལ་གྱི་མེད་པ་ནི་མི་བསལ་ཏེ་ཀུན་བརྟགས་རྣམས་ཀྱང་སྣང་ངོར་མྱོང་བས་མེད་པ་བསལ་བའི་ཡོད་པར་འགྱུར་བའི་ཕྱིར་རོ། །དཔྱད་ན་མི་བཟོད་པ་ནི་ཡོད་མཐའ་སེལ་བའི་རིགས་པར་འགྱུར་རོ། །ཡང་ལུགས་འདི་འཛིན་པ་ཁ་ཅིག ཀུན་རྫོབ་ཏུ་ཐམས་ཅད་ཡོད་པ་དང་དོན་དམ་པར་ཐམས་ཅད་མེད་པས་མཐའ་གཉིས་སེལ་ལོ་ཞེས་ཟེར་བའང་མ་ཡིན་ནོ། །ཀུན་བརྟགས་ཐམས་ཅད་ཀྱང་ཡོད་པས་དེ་འཛིན་པའི་ལྟ་བ་ཐམས་ཅད་མ་ནོར་བར་འགྱུར་ལ། གཞན་དབང་དང་ཡོངས་གྲུབ་གཉིས་ཀ་མེད་པས་དོན་དམ་པ་ཆད་ལྟར་འགྱུར་རོ། །ཡང་སྒྱུ་མ་ལྟ་བུ་སྣང་བས་མེད་པ་སེལ་བ། །རང་བཞིན་མེད་པས་ཡོད་པ་སེལ་བ་ལའང་སྐྱོན་དེ་དག་མཚུངས་སོ། །སངས་རྒྱས་ཡེ་ཤེས་ཞབས་ཀྱི་སློབ་མ་དྲི་མེད་སྦས་པས་གསང་བ་འདུས་པའི་རྒྱན་ལས། ཐམས་ཅད་མེད་པར་རབ་སྒྲུབ་ནི། །མངོན་སུམ་མ་ཡིན་རྗེས་དཔག་མིན། །ཚད་མའི་དངོས་དང་དངོས་མེད་པ། །འབྲེལ་པ་རབ་ཏུ་གྲུབ་མ་ཡིན། །ཞེས་བྱ་བ་དང་། གཞལ་བྱ་དང་གཞལ་བྱེད་གཉིས་ཀ་དངོས་མེད་ཡིན་པ་དགག་པ་ལ་སོགས་པ་དང་། ཁྱེད་འཕགས་པའི་ཡེ་ཤེས་ཀྱང་ཀུན་རྫོབ་ཏུ་འདོད་པས་སངས་རྒྱས་ཀྱི་ཡེ་ཤེས་ཀྱང་གཏི་མུག་རང་བཞིན་སྒྲིབ་པའི་སྒྲིབ་བྱེད་དུ་འགྱུར་རོ་ཞེས་བྱ་བ་དང་། གང་ཞིག་གང་གིས་སྟོང་མི་ཤེས་པར་དེ་ཉིད་དེས་སྟོང་པར་ལྟ་བ་ནི་དེ་ལ་ལྟ་ཉེས་པ་ཡིན་པས་མི་དགེ་བ་སྤྱོད་ཅིང་རང་གཞན་མང་པོ་ཕུང་བར་བྱེད་དོ། །ཞེས་པ་ལ་སོགས་པའི་དགག་པ་རྒྱས་པར་བྱས་ཏེ་དེ་ཉིད་དུ་བལྟའོ། །རྒྱུ་འབྲས་འགོག་པ་ལ་ནི་ཉན་ཐོས་སྡེ་བས། དེ་ལྟར་རྒྱུ་དང་འབྲས་བུ་སྐུར་འདེབས་པ། །ལོག་ལྟས་དཀར་ཕྱོགས་དྲུང་འབྱིན། ཞེས་དགེ་རྩ་རྒྱུན་གཅོད་པ་ལ་སོགས་པ་དབུ་མ་རྒྱན་ན་ཡོད་དོ། །དེས་འཇིགས་ནས་སློབ་དཔོན་ཞི་བ་འཚོ་དང་། སེང་གེ་བཟང་པོ་ལ་སོགས་པ་ནི་རྒྱུ་འབྲས་དང་ཚད་མ་ལ་སོགས་པ་ཁས་ལེན་ནོ། །སྤྱིར་ནང་པ་སངས་རྒྱས་པ་ལ་གྱེས་པའི་སྡེ་པ་བཅོ་བརྒྱད་དང་དབུ་མ་པའི་སློབ་དཔོན་རྣམས་ཀྱི་འདོད་ཚུལ་ལས་མང་པ་མི་སྣང་པས་ཐམས་ཅད་ཕྱོགས་གཅིག་ན་མེད་དེ། ལེགས་པར་བརྟགས་ནས་གང་ནོར་བ་དེ་དགག་པར་བྱའོ། །གྲུབ་མཐའ་ཐམས་ཅད་ཀྱི་འདོད་ཚུལ་རྒྱས་པ་ནི་གྲུབ་མཐའ་རྒྱན་གྱི་མེ་ཏོག་ན་ཡོད་དོ། །དོན་བཞི་པ་རང་ལུགས་ཀྱི་དབུ་མ་རྒྱས་པར་བཤད་པ་ལ་ཚད་མ་དང་ལུང་དང་ལྡན་པ་གཉིས་ཀྱི། དང་པོ་ཚད་མ་དང་ལྡན་པ་བཤད་པ་ལ་དོན་བཞིའི་དང་པོ་ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་རྟེན་ནས་སུ། །ཕྱི་རོལ་དོན་ལ་མི་བརྟག་གོ །ཞེས་པའི་དོན་བཤད་པ་ནི་དེ་ཉིད་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་གསུངས་པས་དོན་མེད་པ་ལ་དོན་དུ་སྣང་བའི་སྒྲོ་བཏགས་ནི་རིག་པ་ལ་དོན་དུ་ཞེན་པ་བཞིན་ཞེས་པ་སྟེ་ཉ་ཕྱིས་ལ་སོགས་པ་དངུལ་དུ་འཁྲུལ་པའི་རིག་པ་རྟོག་པ་དེ་ལ་དངུལ་དུ་སྒྲོ་བཏགས་པ་བཞིན། རྟོག་མེད་སྔོན་པོ་ལ་སོགས་པར་འཁྲུལ་པ་དེའང་རྟོག་མེད་དོན་གྱི་རྣམ་པར་སྐྱེས་པ་ལ་རྟོག་པས་དོན་དུ་སྒྲོ་བཏགས་པ་ཡིན་ནོ། །རྫུན་པ་ཉིད་ཀྱི་བྱེ་བྲག་དེ་འདྲ་བ་ནི་བརྫུན་པ་སྣང་བའི་ཤེས་པས་གྲུབ་པ་ཡིན་གྱི་དོན་རིག་གི་ཚད་མས་གྲུབ་པ་ནི་མ་ཡིན་ཏེ། སེམས་ཙམ་པ་ལ་དོན་རིག་གི་ཚད་མ་མེད་པའི་ཕྱིར་ཏེ། དེ་ཚེ་གཞན་རིག་མེད་པའི་ཕྱིར། །རང་ཉིད་རིག་པ་འབྲས་བུར་འདོད། །ཅེས་སོ། །ཚད་མས་ནི་དངོས་པོ་སྒྲུབ་པའི་དེ་འགོག་པ་ཡིན་གྱི་སྒྲོ་བཏགས་ལ་ཚད་མ་འཇུག་པ་ནི་བོད་ཀྱི་ལུགས་ཡིན་ནོ། །བརྫུན་པ་ཅིར་ཡང་མ་གྲུབ་པ་ལ་གྲུབ་པའི་སྒྲ་སྦྱར་བས་ནི་བརྫུན་པའི་བདག་ཉིད་དེ། ཕྱིའི་དོན་དང་འགལ་བར་གྲུབ་པ་སྟོན་པ་ཡིན་ཏེ། དོན་བེམས་པོ་ནི་འདོད་པས་མི་འགྱུར་སྟེ། ཀླུ་སྒྲུབ་ཀྱི་སེམས་འགྲེལ་ལས། བུད་མེད་ལུས་ནི་གཅིག་ཡིད་ལ། །དཀའ་ཐུབ་ཆགས་ཅན་ཁྱི་རྣམས་ཀྱིས། །མི་གཙང་འདོད་བྱ་བཟའ་བྱ་ཞེས། །རྣམ་པར་རྟོག་པ་གསུམ་དུ་འགྱུར། །ཅེས་པ་ལ་སོགས་པ་བཞིན་ནོ། །དེ་ལ་ངོ་བོ་ཉིད་གསུམ་པོ་ཐམས་ཅད་བརྫུན་པར་མི་འགྲུབ་སྟེ། གཞན་དབང་ཀུན་རྫོབ་ཏུ་བདེན་ལ། ཡོངས་གྲུབ་གཉིས་དོན་དམ་པར་བདེན་པའི་ཕྱིར་རོ། །དེས་བརྫུན་པ་དེའི་བྱེ་བྲག་དབང་པོ་སྐྱོན་ཅན་དང་། དོན་དུ་རྟོག་པས་བཞག་པའི་འཁྲུལ་པའི་བག་ཆགས་ཏེ་གཉིས་པོ་དེ་དེ་གང་ལས་སྣང་བའི་གཉིས་སྣང་དེ་ནི་བརྫུན་པ་ཡིན་ཏེ་ལང་ཀར་གཤེགས་པ་ལས། ཇི་ལྟར་བྱིས་པས་བརྟགས་པ་ལྟར། །ཕྱི་རོལ་གྱིས་ནི་དོན་མེད་དོ། །བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་སྣང་བ་རབ་ཏུ་འབྱུང་། །ཞེས་བཤད་དོ། །གཟུང་འཛིན་གཉིས་སྣང་ཤེས་པར་བདེན་པར་འདོད་པ་རྣམ་བདེན་པ་འགོག་པ་ནི། གལ་ཏེ་ཞེས་པ་སྟེ་བརྫུན་པ་ནི་དོན་ལྔའོ། །ཡང་དག་རིག་ནི་ཤེས་པའོ། །རྣམ་རྟོག་དེ་ནི་དེའི་ཡུལ་ལོ། །ཕྱོགས་གཅིག་ནི་གཅིག་ཏུའོ། །དེ་བས་ནི་རྟོག་མེད་པས་ཀྱང་གཅིག་ཏུ་འབྲེལ་པར་དཀའ་སྟེ། རྣམ་འགྲེལ་ལས། སྣ་ཚོགས་དངོས་པོའི་དོན་རྣམ་ལ། །གལ་ཏེ་གཅིག་ཉིད་མི་རིགས་ན། །རེ་ཤིག་གཅིག་པུའི་བློ་དེ་ཉིད། །སྣ་ཚོགས་སུ་ནི་ཇི་ལྟར་སྣང་། །ཞེས་གཅིག་དང་དུ་མ་འགལ་བས་བཀག་པའི་ཕྱིར་རོ། །གཞན་ཡང་ནི་མདོ་སྡེ་པའི་བློ་རྣམ་བཅས་འགོག་པ་སྟེ་ཞེན་པ་ནི་རིག་པའོ། །ཤེས་རིག་ཙམ་དུ་འདྲ་བ་ལ་ཡུལ་ཡུལ་ཅན་སོ་སོར་ངེས་པ་ནི་དེ་དང་དེའི་རྣམ་པར་སྣང་བས་བྱས་པ་སྟེ་སྣ་ཚོགས་པའི་རྣམ་པར་སྣང་བ་ནི་གཅིག་ཏུ་མི་རུང་ངོ་། །དེ་ལ་རྣམ་པ་ནི་བློའོ། །ལས་ནི་སོ་སོར་འབྱེད་པའི་རྣམ་པའོ། །འདི་སྐད་དུ་གཟུང་འཛིན་རྣམ་བཅས་སྣ་ཚོགས་ཀྱི་རྣམ་པར་སྣང་། ལ་ལ་ནི་གཅིག་དང་དུ་བྲལ་གྱི་རིགས་པས་གནོད་པས་བརྫུན་ཞིང་འཁྲུལ་པ་ཡིན་ནོ་ཞེས་སྟོན་པ་ཡིན་ནོ། །སྙིང་པོ་མཆོག་ལས་བློ་རྣམ་བཅས་ནི་འཁྲུལ་ལ་བློ་རྣམ་མེད་ནི་རྨི་ལམ་ནའང་མེད་པའི་ཕྱིར་རོ་ཞེས་བཤད་དོ། །ཡང་གཉིས་སྣང་གི་བློ་ཐམས་ཅད་འཁྲུལ་པར་སྟོན་པ་ནི་རྣམ་པར་རྟོག་པའི་ཞེས་པ་སྟེ་རང་ཉིད་དེ་མ་ཡིན་ལས་བཟློག་པའི་རྣམ་པར་སྣང་བ་ལ་ཕྱི་རོལ་གྱི་དེར་ཞེན་པའི་ཕྱིར་འཁྲུལ་པར་གྲུབ་སྟེ་སློབ་དཔོན་ཕྱོགས་ཀྱི་གླང་པོས། རྟོག་པ་འདི་ནི་བདག་ཉིད་ཀྱིས། །མ་རིག་པ་ཡི་ངོ་བོར་འགྱུར། །གང་ཕྱིར་རང་གི་རྣམ་པ་ནི། །ཕྱི་རོལ་ངོ་བོར་སྒྲོ་བཏགས་འཇུག །ཅེས་བཤད་དོ། །སྔོ་སོགས་ཀྱི་བློ་ནི་འཁྲུལ་པ་ལས་ཐ་དད་པ་ཡིན་པ་རྟོག་པ་འདི་དང་འདྲ་བའི་འཁྲུལ་པར་འདོད་དེ་བཤད་ཟིན་ནོ། །རྟོགས་པའི་དངོས་པོ་དེ་རང་རིག་མངོན་སུམ་ཡིན་ལ་དེ་ལ་ནི་འཁྲུལ་པའི་རྒྱུ་ཐམས་ཅད་མེད་པས། རྟག་ཏུ་མ་འཁྲུལ་བར་སྐྱེ་ལ། སྔོ་སོགས་སུ་སྣང་བའི་གཞན་རིག་ནི་འཁྲུལ་པ་ཡིན་ནོ། །སེམས་ཅན་ཐམས་ཅད་མ་རིག་པའི་སྒོ་ངའི་སྦུབས་ན་གནས་ཀྱང་དེ་མ་རིག་པའི་རབ་རིབ་དང་ཆགས་སྡང་ལ་སོགས་པས་སེམས་འཁྱུགས་པས་ཀྱང་རང་ཉིད་རང་ལ་འཁྲུལ་པར་བསྐྱེད་མི་ནུས་ཏེ། དེ་བདེ་གཤེགས་སྙིང་པོ་དང་འཕགས་པ་ཐམས་ཅད་བསྐྱེད་པའི་ཡུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡིན་པས་སེམས་དང་སེམས་བྱུང་ཐམས་ཅད་པས་མཐུ་ཆེ་བའི་ཕྱིར་རོ། །འོ་ན་དེ་གཟུང་འཛིན་གྱི་བློ་དང་ཐ་མི་དད་པས་དེ་གཉིས་ལ་གནོད་པས་དེ་ལའང་གནོད་པར་འགྱུར་རོ་ཞེ་ན། རང་རིག་དེ་ཚད་མའི་རྒྱལ་མོ་མངོན་སུམ་ཡིན་པའི་ཕྱིར་དང་། གནོད་བྱེད་ཕུལ་དུ་བྱུང་པ་མེད་པའི་ཕྱིར་དང་། བློ་གང་གིས་ཀྱང་སྒྲོ་བཏགས་པ་མིན་པའི་ཕྱིར་དང་། སངས་རྒྱས་ནས་བྱིས་པའི་བར་ལ་གྲགས་པའི་ཕྱིར་རང་རིག་གི་རྟོག་པ་ལ་གནོད་པ་མེད་ཅིང་། སྔོ་སོགས་ཀྱི་གཟུང་འཛིན་རིགས་པས་བཀག་པར་འགྱུར་བ་ཡིན་ནོ། །དེ་ནི་སྐད་ཅིག་ཆ་མེད་ཡིན་པས་སྐྱེ་འཇིག་གནས་གསུམ་ཡང་ལྡོག་པའི་ཆ་ཡིན་གྱི་རྫས་སྔ་ཕྱིའི་ཆ་མ་ཡིན་པས། ཇི་ལྟར་སྐད་ཅིག་མཐའ་ཡོད་ལྟར། །དེ་བཞིན་ཐོག་མ་དབུས་བརྟག་གོ །ཞེས་པ་ལ་སོགས་པ་རིགས་པ་གང་གིས་ཀྱང་མི་གནོད་ལ། མི་རྟག་པ་དུ་མ་གཞན་དབང་ཅན་ཡིན་པས་བདག་ཀྱང་མ་ཡིན་ལ། དེ་མེད་ན་ཆད་ལྟར་འགྱུར་བའི་ཕྱིར་དོན་དམ་པར་ཡོད་པ་ཡིན་ནོ། །སློབ་དཔོན་ཀླུའི་བཤེས་གཉེན་དང་། ཡེ་ཤེས་ཟླ་བ་ལ་སོགས་པའང་དེས་མེད་མཐའ་སེལ་ལ། གཟུང་འཛིན་བཀག་པས་ཡོད་མཐའ་བསལ་བས་དབུ་མའི་ལྟ་བ་ཡང་དག་ཏུ་འདོད་ལ། སློབ་དཔོན་ཞི་བ་འཚོ་ལ་སོགས་པ་པཎྚི་ཏ་ཆེན་པོ་རྣམས་ཀྱིས་དེ་དབུ་མའི་གཞུང་ཡང་དག་ཏུ་བྱས་ཏེ། སྐུ་གསུམ་ལ་འཇུག་པ་ལས། དབུ་མའི་ལམ་ཞེས་བྱ་བ་ཡང་། །རྣམ་རིག་ཙམ་ཉིད་མ་གཏོགས་པ། །རིགས་པས་བརྟགས་ན་འདིར་གཞན་ནི། །རྣམ་པ་ཀུན་ཏུ་མི་འཐད་དོ། །རྫོགས་པའི་བྱང་ཆུབ་འདོད་རྣམས་ཀྱིས། །མི་རྟོག་ཡེ་ཤེས་བསྐྱེད་པའི་ཕྱིར། །དེ་བས་རྣམ་པར་རིག་ཙམ་དུ། །སྒོམ་ལ་རྟག་ཏུ་སྦྱར་བར་བྱ། །ཞེས་བཤད་དོ། །རང་བཞིན་གསུམ་བསྟན་པ་ལས་ཀྱང་། གཉིས་པོ་དམིགས་སུ་མེད་པ་ན། །ཆོས་ཀྱི་དབྱིངས་ལ་དམིགས་པར་འགྱུར། །ཞེས་བཤད་དོ། །གལ་ཏེ་བློ་ཐམས་ཅད་འཁྲུལ་པ་དང་། ཡུལ་ཐམས་ཅད་བརྫུན་པ་ཡིན་ན་ཐམས་ཅད་མེད་པར་སྨྲ་བའི་དབུ་མ་པ་དང་ཁྱད་པར་མེད་དོ་ཞེ་ན། གཅིག་དང་དུ་བྲལ་ལ་སོགས་པ་རིགས་པས་གནོད་པའི་བརྫུན་པ་ཡིན་གྱི། དངོས་པོ་དང་སྣང་བ་དང་ནུས་པ་དང་རྟེན་འབྲེལ་ལ་སོགས་པ་ཀུན་རྫོབ་ཏུའང་རང་གི་ངོ་བོ་མེད་པར་མི་འདོད་དེ། གཞན་དབང་ཐམས་ཅད་ནི་ཀུན་རྫོབ་ཏུ་རང་གི་ངོ་བོ་ཅན་དུ་འདོད་པས་ཁྱད་པར་ཆེའོ། །དེ་དག་གིས་ནི་ལང་ཀར་གཤེགས་པ་ལས། རིགས་པ་རྣམ་པར་ལྟ་རྣམས་ཀྱི། །གཟུང་དང་འཛིན་པ་འགག་པར་འགྱུར། །ཞེས་པ་དེ་བཤད་པ་ཡིན་ནོ། །གཉིས་པ་དེ་ཉིད་ལས། དེ་བཞིན་ཉིད་ལ་དམིགས་ནས་ནི། །སེམས་ཙམ་ལས་ཀྱང་བཟླ་བར་བྱ། །ཞེས་གསུངས་པའི་དོན་བཤད་པ་ལ་དང་པོ་གཞན་ཕྱོགས་དགག་པ་ནི་ཐམས་ཅད་མེད་པར་སྨྲ་བའི་དབུ་མ་པས་སྒྲུབ་པ་སྨྲས་པ། གང་གཅིག་དང་དུ་མ་དང་བྲལ་བ་དེ་ནི་རང་བཞིན་མེད་པ་ཡིན་ཏེ། དཔེར་ན་རི་བོང་གི་རང་བཞིན་ནོ། །སྔོ་སེར་ལ་སོགས་པའང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་ཞེས་བཀོད་པ་ལ། ཤེས་པ་ཐམས་ཅད་མེད་སྣང་ན་ཞེས་སྨོས་ཏེ་ཤེས་བྱ་ཐམས་ཅད་མེད་ཅིང་ཤེས་པ་ཐམས་ཅད་མེད་པ་སྣང་བའི་འཁྲུལ་པ་ཡིན་ན་ཚད་མ་གཉིས་མེད་ལ་འང་གི་སྒྲས་བཅད་ཤེས་དང་། དྲན་པ་ལ་སོགས་པའི་བློ་མ་འཁྲུལ་བ་གཞན་ཡང་མེད་པས་ཤེས་བྱེད་ཀྱི་རྒྱུ་དེ་དག་དང་གཏན་ཚིགས་མེད་དོ། །རྟགས་རང་ལ་མ་གྲུབ་ཀྱང་གཞན་ལ་གྲགས་པས་སྒྲུབ་པའང་མི་འཐད་དེ། །དེ་གྲངས་ཅན་གྱི་ལུགས་ཡིན་པའི་ཕྱིར་དང་། ཕྱི་ནང་གི་གྲུབ་མཐའ་ཐམས་ཅད་ཚད་མས་འགྲུབ་པར་འགྱུར་ཏེ། སྲོག་ལྡན་དང་འདུས་པའི་གཏན་ཚིགས་ལ་སོགས་པའང་བདག་ལ་སོགས་པ་རང་རང་གི་བསྒྲུབ་བྱ་ལ་གཏན་ཚིགས་སུ་གྲགས་པའི་ཕྱིར་རོ། །དེས་ན། གཉིས་ཀར་རབ་ཏུ་གྲུབ་པ་ཉིད། །སྒྲུབ་པར་བྱེད་པའི་སུན་འབྱིན་ཡིན། །ཞེས་བྱ་བ་སུན་འབྱིན་པའང་རང་ཉིད་དེ་གཉིས་མི་ཤེས་པར་སྟོན་པ་ཡིན་ནོ། །རང་འགྲེལ་ལས། བདག་ཅག་ནི་ཚད་མ་མེད་པའི་སྒྲུབ་པ་དང་སུན་འབྱིན་བྱེད་དོ་ཞེ་ན། ཚད་མ་མེད་པའི་རྩོད་པ་སྨྲ་བ་ནི་བཞད་གད་ཉིད་དོ། །བདག་ཅག་ནི་ཚད་མས་སྒྲུབ་པ་དང་སུན་འབྱིན་བྱེད་དེ་ཚད་མ་ལ་ནི་ཚད་མ་བརྒྱས་ཀྱང་མི་གནོད་དེ། ཚད་མ་མ་ཡིན་པ་གཞན་གྱི་འདོད་པ་ཙམ་གྱིས་སྨོས་ཀྱང་ཅི་དགོས་ཞེས་བཤད་དོ། །ཡང་དངོས་པོ་ཐམས་ཅད་ལ་ནུས་པ་བཀག་པས་དགག་སྒྲུབ་གཉིས་ཀ་ལ་དེ་བྱེད་པའི་ནུས་པ་མེད་དོ། །དེ་གཉིས་ཀ་རང་ཉིད་ལ་མ་གྲུབ་པའི་མ་གྲུབ་པར་འགྱུར་རོ། །ཡང་དེས་ཆོས་སྨྲ་བའང་མ་ཡིན་ཏེ་ཐམས་ཅད་མེད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མ་འཁྲུལ་བ་མེད་ལ། དེས་བསྐྲུན་པའི་འཕགས་པའི་གང་ཟག་བཞིའང་མེད་དོ། །གཞན་དབང་དང་ཡོངས་གྲུབ་མེད་པས་འཕགས་པའི་གཟིགས་པ་རྣམས་ཀྱང་མེད་པར་འགྱུར་རོ། །རྗེས་སུ་དཔག་པ་ལ་བསྐུར་པ་བཏབ་པས་ཐམས་ཅད་མཁྱེན་པ་དང་འཇིག་རྟེན་ཕ་རོལ་སྒྲུབ་པ་ལ་སོགས་པ་སྤངས་པར་འགྱུར་རོ། །རྒྱུ་འབྲས་བཀག་པས་འཁོར་འདས་ཀྱི་རྒྱུ་འབྲས་འཕགས་པའི་བདེན་བཞི་མེད་པས་དཀོན་མཆོག་གསུམ་ཀྱང་མེད་པར་འགྱུར་རོ། །དེ་དག་ནི་སྨྲ་བ་ཉིད་ནི་གང་ལས་འགྱུར་ཏེ་མི་འཐད་ཞེས་བྱ་བའི་འགྲེལ་པའི་བཤད་ཡམས་གསུམ་བཀོད་པ་ཡིན་ནོ། །གཞན་ཡང་། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་དེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེ་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགགས་པ་དེ་སྐུ་ཡི་མངོན་སུམ་མཛད། །ཞེས་སྒྲིབ་པ་ཟད་ཙ་ན་ཡེ་ཤེས་རྒྱུན་ཆད་པས་ཡེ་ཤེས་སྒྲིབ་པར་ཁས་བླངས་སོ། །སྐྱེ་འགག་མེད་ཅིང་སེམས་འགགས་པ་དང་། དེ་འགགས་ནས་མངོན་སུམ་དུ་བྱས་པ་ལ་སོགས་པ་འགལ་བ་སྣ་ཚོགས་ཡོད་དོ། །སློབ་དཔོན་འཕགས་པ་ལྷ་ཐམས་ཅད་འཁྲུལ་སྣང་དུ་བཤད་པ་ལའང་གཞན་དབང་ཆད་ལ། སློབ་དཔོན་ཞི་བ་འཚོ་ཀུན་རྫོབ་ཏུ་ཐམས་ཅད་སེམས་སུ་བདེན་པ་ལའང་ཀུན་བཏགས་ཆད་དོ། །སེམས་འགྲེལ་ལས། ཀུན་བཏགས་དང་ནི་གཞན་དབང་དང་། །ཡོངས་སུ་གྲུབ་པ་ཉིད་དང་ནི། །སྟོང་ཉིད་བདག་ཉིད་ཚུལ་གཅིག་གི །སེམས་འདི་ལ་ནི་བཏགས་པ་ཡིན། །ཞེས་གསུམ་པོ་དེ་སེམས་ལ་བཏགས་པར་བཤད་དེ། དེ་དག་ཐམས་ཅད་ལ་ངོ་བོ་ཉིད་གསུམ་ཤེས་བྱའི་གནས་ཚུལ་དུ་མེད་ན་ཡོད་མེད་ཀྱི་མཐའ་གང་གིས་ཀྱང་མི་སྤོང་བའི་ཚུལ་ནི་བཤད་ཟིན་ཏོ། །འདི་ཤེས་པ་ཐམས་ཅད་ཡོད་སྣང་ན་འཁྲུལ་ཞེས་མེད་པས་འཁོར་བ་མེད་པའི་ཉེས་པས་ཐམས་ཅད་ཡོད་སྨྲ་དགག་པའང་བཤད་དོ། །ཡང་ཐམས་ཅད་ཡོད་པར་སྨྲ་བས་དེ་སྒྲུབ་པ་གང་རིག་པར་བྱ་བ་དེ་ནི་བརྫུན་པ་མ་ཡིན་ཏེ་དཔེར་ན་ཤེས་པ་བཞིན་ནོ། །སྔོན་པོ་ལ་སོགས་པའང་རིག་པར་བྱ་བ་ཡིན་པས་ཞེས་བྱ་བ་ནི་ཁྱབ་བྱེད་འགལ་དམིགས་ཡིན་ནོ། །ཞེས་ཟེར་བ་དེའང་མ་ཡིན་ཏེ་བརྫུན་པ་སྣང་ཡུལ་སྒྲོ་བཏགས་ལ་ཞུགས་ཤིང་། བརྫུན་པ་ལ་རིག་བྱ་མ་ཡིན་པའི་ལྡོག་ཁྱབ་མ་གྲུབ་པའི་ཕྱིར་རོ། །གཉིས་པ་རང་གི་ལུགས་ནི། ཡང་དག་ཇི་བཞིན་ཡོངས་ཤེས་ན། །གཉིས་ལ་མི་རྟེན་ཐར་པར་འགྱུར། །ཞེས་པ་སྟེ་དེ་ལ་རྩ་བའི་རྟགས་དགོད་པ་ནི་གཅིག་དང་ཞེས་པ་སྟེ་གཞན་ནི་དུ་མའོ། །ཤེས་དེ་ནི་རྨི་ལམ་གྱི་ཤེས་པ་བརྫུན་པ་སྟེ་སྤྱི་ཁྱབ་སྟོན་པའི་དཔེའོ། །ལུས་དང་ཞེས་པ་ནི་སད་པའི་ཤེས་པའི་ཕྱོགས་ལ་ཆོས་སྦྱོར་བའོ། །སད་པའི་ཤེས་པ་གཅིག་དང་དུ་བྲལ་དུ་གསལ་བའོ། །འགྲེལ་པ་ལས། ཁོ་བོ་ཅག་གི་ཆོས་བདག་མེད་པ་སྒྲུབ་པ་ཉོན་གཅིག གང་ཞིག་གཅིག་དང་དུ་མ་དང་བྲལ་བར་རིག་པ་དེ་ནི་བདེན་པས་སྟོང་སྟེ། དཔེར་ན་རྨི་ལམ་གྱི་སྣང་བ་སྣ་ཚོགས་པ་བཞིན་ནོ། །སད་དུས་ཀྱི་ལུས་དང་ལྗོན་ཤིང་དང་རྫིང་བུ་ལ་སོགས་པ་མཐོང་བའི་རིག་པ་འདི་ཡང་གཅིག་དང་དུ་མ་དང་བྲལ་བའི་ཕྱིར་རོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་ཡིན་ནོ། །སྣང་བ་ནི་སྔར་སེམས་སུ་བསྒྲུབས་ཟིན་ལ། སེམས་སྣ་ཚོགས་སུ་སྣང་བ་དེ་ཡང་རང་རིག་པས་གྲུབ་པས་གཞི་ཆོས་ཅན་གྲུབ་ལ། ལུས་སོགས་སྣ་ཚོགས་གཅིག་དང་དུ་བྲལ་དུ་ལྷན་ཅིག་ཏུ་མཁས་པས་རིག་ཕྱིར་རྟགས་རང་གི་ངོ་བོ་གྲུབ་བོ། །དེས་ན་ཚད་མ་ཀུན་ལས་བཏུས་དང་། རྩོད་པའི་རིགས་པ་གཉིས་ཀ་ནས་སྣང་བ་འདི་གཅིག་དང་དུ་བྲལ་གྱི་སྣང་བར་བཤད་དོ། །དབུ་མ་སྣང་བ་ནས་མཁས་པ་ལ་མངོན་སུམ་གྱིས་གྲུབ་པར་བཤད་པ་ལ། བོད་ཀྱི་སློབ་དཔོན་རྣམས་ཀྱིས་སྣང་བ་འདི་གཅིག་དང་དུ་མར་འདོད་པའི་ལྟ་བ་མི་སྲིད་ཅིང་། ཁྱབ་པའི་སྟོང་ཉིད་མཐོང་བར་ཐལ་བ་བྱས་པ་ནི་མེད་དེ། བདེ་སྡུག་རིག་པར་གྲུབ་པ་ལ་བེམས་པོར་འདོད་པ་ལ་སོགས་པ་བྱུང་བས་མ་ངེས་པའི་ཕྱིར་དང་། ཁྱབ་པའི་སྟོང་ཉིད་མཐོང་ཀྱང་མི་གྲོལ་བ་ནམ་མཁའ་མཐོང་བ་བཞིན་ནོ། །དེས་ན་མཁས་པས་གཅིག་དང་དུ་བྲལ་མངོན་སུམ་གྱིས་བཟུང་ནས་དེར་ངེས་པ་དྲངས་པས་མངོན་སུམ་གྱིས་གྲུབ་ལ། རྨོངས་པ་ལ་ནི་དུ་མར་སྣང་བས་གཅིག་མ་ཡིན་པ་དང་། གཅིག་མེད་པས་དུ་མ་མེད་པའི་རྟགས་གཉིས་ཀྱིས་སྒྲུབ་བོ། །རྒྱས་པ་ནི་དབུ་མ་རྒྱན་སྣང་བ་དང་སེང་གེ་བཟང་པོའི་བརྒྱད་སྟོང་འགྲེལ་པར་ལྟའོ། །རང་འགྲེལ་ལས། དེ་དག་དུ་མར་སྣང་བས་གཅིག་མ་ཡིན་ལ། ལུས་ལ་སོགས་པ་ཀུན་རྫོབ་ཤེས་པས་གཅིག་ཏུ་རྟོགས་པས་དུ་མའང་མ་ཡིན་ནོ། །དེས་ན་དངོས་འགལ་གཞི་གཅིག་ལ་སྣང་བས་དོན་དེ་ལ་མེད་པ་དང་ཡན་ལག་ཅན་དགག་པ་ཅི་རིགས་པ་བྱས་སྣང་ངོ་། །ལང་ཀར་གཤེགས་པ་ལས། ཇི་ལྟར་མེ་ལོང་ངོས་ལ་ནི། །གཅིག་དང་གཞན་ནི་སྤངས་པའི་གཟུགས། །སྣང་ཡང་དེ་ན་ཡོད་མ་ཡིན། །དངོས་ལ་ངོ་བོ་ཉིད་དེ་བཞིན། །ཞེས་བཤད་དོ། །རྨི་ལམ་བརྫུན་པ་ལ་སོགས་པ་ལ་མཐོང་བས་འགལ་བ་སེལ་ལ། དེ་ལ་དོན་ཐམས་ཅད་བསྡུས་པའི་སྤྱི་ཁྱབ་གྲུབ་པས་ནི་འགལ་མ་ངེས་གཉིས་ཀ་སེལ་ནུས་སོ། །ཐམས་ཅད་བརྫུན་པར་སྨྲ་བའི་དབུ་མ་པ་ན་རེ། ངེད་ལ་དངོས་པོ་དང་། དངོས་པོའི་ཆོས་གཅིག་དང་དུ་མ་གཉིས་ཀ་མ་གྲུབ་པས་དངོས་པོ་ལ་དེ་གཉིས་ཀྱི་ཁྱབ་པའི་ལྡོག་ཁྱབ་མ་གྲུབ་བོ་ཞེ་ན། བླང་པ་ལ་ནི་ཞེས་སྨོས་ཏེ་བཟའ་ལྟུང་དང་བཀྲེས་སྐོམ་ལ་སོགས་པ་ཕྱི་ནང་གི་འདོད་མི་འདོད་ཀྱི་དངོས་པོ་ཐམས་ཅད་ལ་བླང་དོར་ཚད་མས་རྟག་ཏུ་བྱེད་བཞིན་དུ་དངོས་པོ་དང་ཚད་མ་མེད་ཅེས་གཡོ་ཅན་འབའ་ཞིག་གིས་གཞན་ལ་བསྙོན་པ་ནི་ཚོགས་ཀྱི་ནང་དུ་ཚར་བཅད་པར་འོས་སོ་ཞེས་འགྲེལ་པ་ལས་ཚོགས་སུ་རྨ་དབབ་པའི་ཚར་བཅད་བཤད་ཀྱི། རྩོད་པའི་རིགས་པའི་ཚར་བཅད་ནི་འདིར་མ་བྱས་ཏེ། བྱེད་ན་ཚད་མས་གྲུབ་པ་ལ་བསྙོན་པ་སྐྱོན་མིན་སྐྱོན་དུ་བརྗོད་པའི་ཚར་བཅད་ཕོག་པ་ཡིན་ནོ། །སྙིམ་པའི་མེ་ཏོག་ལས་ཐམས་ཅད་བརྫུན་པར་སྨྲ་བ་ནི་རྩོད་པ་ལ་མཁས་པ་མ་ཡིན་ནོ་ཞེས་བཤད་དོ། །ཡང་ན་དོན་ཐམས་ཅད་བསྡུས་པ་གཅིག་དང་དུ་མས་དངོས་པོ་ལ་ཁྱབ་པ་གྲུབ་པས་མ་ངེས་པ་ཡིན་ཏེ། ཁྱབ་བྱེད་བཀག་པ་ལ་ཁྱབ་བྱ་ཁེགས་པས་ཁྱབ་པའི་ཕྱིར་རོ་ཞེས་རྩ་བ་སྦྱར་ནས། ནུས་པ་ཡོད་པའི་མཚན་ཉིད་དག་གིས་དངོས་པོར་གྲུབ་སྟེ། རྣམ་པར་ངེས་པ་ལས་དངོས་པོའི་མཚན་ཉིད་ནི་དོན་བྱེད་ནུས་པ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །ནུས་པ་ལ་ནི་གཅིག་དང་དུ་མ་དེ་གཉིས་རྗེས་སུ་འགྲོ་སྟེ་ཕན་ཚུན་གཞན་སེལ་ཏེ། ཕན་ཚུན་རྣམ་གཅོད་ཀྱི་བདག་ཉིད་ཡིན་པས་དངོས་པོ་རང་གི་ཆོས་གཅིག་དང་དུ་མ་ལས་དེ་མི་འདའ་སྟེ། གཅིག་བཀག་པ་གཅིག་ཤོས་སུ་གྲུབ་པའི་ཕྱིར་རོ། །དེས་ཅིར་འགྱུར་ན་ཁྱབ་བྱེད་གཅིག་དང་དུ་མ་ལོག་པ་ཡིས། ངེས་པར་ཁྱབ་བྱ་དངོས་པོ་ལྡོག་པས་ཐམས་ཅད་བསྡུས་པས་ཁྱབ་པ་ཡི་རྩ་བའི་རྟགས་ཀྱི་རྗེས་འགྲོ་སྤྱི་ཁྱབ་གྲུབ་བོ། །དེ་ཡང་སློབ་དཔོན་འདི་ནང་ཁྱབ་འདོད་པས་དེ་དང་ཕྱི་ཁྱབ་གང་བྱས་ཀྱང་རུང་ངོ་། །མ་ཡིན་དགག་པ་དང་། སྒྲུབ་པ་དང་། དངོས་པོ་ནི་རྣམ་གྲངས་སྟེ་གཞན་སེལ་ནི་དངོས་འགལ་ལོ། །དཔྱད་ན་དངོས་པོ་མིན་པ་ནི་གཟུང་འཛིན་གྱི་རྣམ་པ་གཉིས་ཏེ། དེ་ལ་གཅིག་དང་དུ་མ་དེ་གཉིས་མེད་པ་ནི་དཔྱད་ན་དེ་གཉིས་དང་བྲལ་བའོ། །དེས་ན་དངོས་པོ་མེད་པ་མེད་དགག་རྣམས་དང་། ལ་སོགས་པ་དངོས་མེད་ཀྱི་སྣང་ཡུལ་རྣམས་ནི་མ་ཡིན་པར་དགག་པའི་བདག་ཉིད་མིན་ཏེ། དེ་ཐམས་ཅད་ནི་དངོས་པོས་བསྡུས་པའི་ཕྱིར་རོ། །དེ་ལ་རིགས་པས་མ་དཔྱད་པ་ལ་ནི་གཅིག་དང་དུ་མར་སྣང་བས་དངོས་པོའང་ཡིན་ལ། དེས་དཔྱད་པའི་ཚེ་ནི་གཅིག་དང་དུ་མ་དང་བྲལ་བས་དངོས་པོ་མེད་དོ། །དེས་ན་དཔྱད་པའི་གཅིག་དང་དུ་བྲལ་མ་དཔྱད་པའི་དངོས་པོ་ལས་ལྡོག་པ་གྲུབ་ལ། རང་རིག་དོན་དམ་དུ་འདོད་པའི་ལུགས་ཀྱིས་རང་རིག་གི་དངོས་པོ་ལས་ལྡོག་པ་གྲུབ་བོ། །དེ་ལྟར་ན་སྐྱོན་གསུམ་དང་བྲལ་བའི་གཅིག་དང་དུ་བྲལ་གྱི་རྟགས་སྣང་བ་སེམས་སུ་གྲུབ་པའི་གཟུང་འཛིན་གྱི་སྟེང་དུ་གྲུབ་པའི་ཕྱིར་དེ་གཉིས་ཀྱི་ཆོས་ཀྱི་བདག་མེད་གྲུབ་པ་ཡིན་ནོ། །གསུམ་པ་འཁོར་འདས་འཇལ་བྱེད་ཀྱི་ཚད་མ་བཤད་པ་ལ་དང་པོ་མྱང་འདས་འཇལ་བྱེད་ཀྱི་ཚད་མ་ནི། དེ་ཉིད་ལས། སེམས་ཙམ་ལ་ནི་བཟླས་ནས་སུ། །སྣང་བ་མེད་ལ་བཟླ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་པ་སྟེ། འགྲེལ་པ་ལ། གང་སངས་རྒྱས་དང་བྱང་ཆུབ་སེམས་པའི་འཇིག་རྟེན་ལས་འདས་པའི་མངོན་སུམ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བྱ་བ་དེའི་མཚན་ཉིད་བསྟན་པར་བྱའོ་ཞེས་སོ། །ཡེ་ཤེས་ཆོས་རྣམས་ཐམས་ཅད་ལ་ཆོས་ཐམས་ཅད་ཀྱི་ཡང་དག་མཐའ་དོན་སྟོང་པ་ཉིད་དེ། ཞི་གནས་ལྷག་མཐོང་གིས་བསྒོམ་པ་ལས་བྱུང་བ་དེ་ཆོས་ཐམས་ཅད་ཀྱི་དོན་དན་མམ་ཡེ་ཤེས་དམ་པའི་དོན་ལ་མངོན་སུམ་ཡིན་ཏེ། མདོ་སྡེ་རྒྱན་ལས། དེ་ནས་ཆོས་དབྱིངས་གཉིས་ཀྱི་མཚན་ཉིད་དང་། །བྲལ་མ་མངོན་སུམ་ཉིད་དུ་རྟོགས་པར་འགྱུར། །ཞེས་བཤད་པའི་ཕྱིར་དང་། རྟོག་པ་དང་བྲལ་ཞིང་དུས་ཀུན་ཏུ་འཁྲུལ་པ་མི་མངའ་བ་ཡང་དག་པ་མ་ཡིན་པ་ལ་ཡང་དག་པར་འཁྲུལ་པའི་ཤེས་པ་མེད་པའི་ཕྱིར་རོ། །མ་འཁྲུལ་བ་ཉིད་བཤད་པ་ནི། མ་དག་པ་གཞན་དབང་གི་ཤེས་པས་ཕུང་པོ་ལ་སོགས་པར་ཀུན་བརྟགས་པ་ཡུལ་གཞན་དབང་དེའང་ཡང་དག་ཤེས་པ་དེ་ལ་སྣང་བ་མ་ཡིན་ཏེ། ཀླུ་སྒྲུབ་ཀྱིས་དེ་འབྱུང་བ་ཆེན་པོ་ལ་སོགས་པའི་སྣང་བ་དང་འབྲལ་བར་བཤད་པའི་ཕྱིར་དང་། ཐེག་ཆེན་ཉི་ཤུ་པ་ལས། རྨོངས་པའི་མུན་པ་སད་པ་ཡིས། །འཁོར་བ་མཐོང་བ་མ་ཡིན་ཉིད། །ཅེས་བཤད་པའི་ཕྱིར་རོ། །དེའི་ཕྱིར་དེ་ལ་སྣང་བ་དེ་ཕྱིན་ཅི་མ་ལོག་པ་དང་འགྱུར་བ་མེད་པའི་ཡོངས་གྲུབ་ཉིད་ཡིན་ནོ། །ཇི་སྐད་བསྟན་པའི་དོན་ནི་འདི་ཡིན་ཏེ། འཁྲུལ་པའི་བག་ཆགས་ལས་སྐྱེས་པ་མ་དག་པའི་གཞན་དབང་གཟུང་འཛིན་གཉིས་སྣང་ནི་དེ་ལ་མེད་དེ། དེ་ནི་ཡང་དག་པའི་ཡེ་ཤེས་ཡིན་པས་དོན་དམ་པ་སྣང་གི་གཅིག་དང་དུ་བྲལ་ལ་སོགས་པ་རིགས་པས་གནོད་པ་ཀུན་རྫོབ་པའི་དོན་སྣང་བ་མི་འཐད་པའི་ཕྱིར་རོ། །དེས་ན་མཉམ་གཞག་རྣམ་པར་མི་རྟོག་པ་རང་རིག་པའི་ཡེ་ཤེས་ཀྱི་གཉིས་མེད་དང་། སྣང་མེད་དུ་ཉམས་སུ་མྱོང་ནས་རྗེས་ཐོབ་ཡང་དག་པའི་ལྟ་བས་དེ་གཉིས་ཀ་རྣམ་པར་འཇོག་པ་ཡིན་ནོ། །མཉམ་གཞག་ན་རང་རིག་མེད་པའང་མི་འཐད་དེ། རྗེས་ཀྱི་ཤེས་པ་རྒྱུ་མེད་དུ་འགྱུར་ཞིང་། འདས་པ་ལས་སྐྱེས་ན་དེ་རྫས་གྲུབ་ཏུ་འགྱུར་བའི་ཕྱིར་རོ། །ཡང་ན་ཡེ་ཤེས་ཉམས་སུ་མྱོང་བའི་རང་རིག་མངོན་སུམ་གྱིས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དངོས་སུ་རྟོགས་ནས་གཉིས་ཀྱི་སྟོང་པའི་འགྱུར་བ་མེད་པའི་ཡོངས་གྲུབ་ཤུགས་ལ་རྟོགས་པ་ཡིན་ནོ། །རྗེས་ཐོབ་ནི། ཆགས་དང་འཇིགས་བཅས་སེམས་ཅན་བཅས་པ་ཡི། །འཇིག་རྟེན་ཁམས་ཀུན་སྒྱུ་མ་ལྟ་བུར་མཐོང་། །ཞེས་བཤད་པ་བཞིན་ནོ། །བརྫུན་པ་ནི་ཀུན་རྫོབ་ཀྱི་གནས་ལུགས་ཡིན་པས་དེ་འཛིན་པའི་ཡེ་ཤེས་འཁྲུལ་པ་མི་འགྱུར་ཏེ། སོ་སོ་སྐྱེ་བོ་ལྟར་དེ་བདེན་པར་མི་སྣང་ཞིང་བདེན་པར་མ་ཞེན་པའི་ཕྱིར་རོ། །འདིར་འགྲེལ་པ་ལས། ཀླུ་སྒྲུབ་ཀྱིས་འབྱུང་བཞི་ཤེས་པས་ལོག་པར་བརྟགས་ཤིང་། ཤེས་པ་ཡོད་ལ་དོན་མེད་པར་བཤད་པས་དོན་ཡོད་པ་དང་། དོན་ཤེས་གཉིས་ཀ་བདེན་བརྫུན་མཉམ་པར་སྨྲ་བའི་དབུ་མ་པ་དེ་དག་ནི་ཀླུ་སྒྲུབ་ཀྱི་གྲུབ་མཐའ་འཛིན་པའི་སློབ་མ་མ་ཡིན་ནོ་ཞེས་བཤད་དོ། །འཇིག་རྟེན་པའི་ཚད་མ་ཚིགས་བཅད་བདུན་གྱིས་སྟོན་པ་ན་མངོན་སུམ་ལ་དོན་ལྔ་སྣང་བར་དེ་ཉིད་ཀྱིས་གྲུབ་ལ། བྱེ་བྲག་ཏུ་སྨྲ་བ་དང་། ཐམས་ཅད་མེད་པར་སྨྲ་བ་གཉིས་མི་སྣང་སྟེ། ཤེས་པ་ལ་སྣང་བ་ཡང་མེད་དོ་ཟེར་བ་ནི་སྣང་བ་དེ་ཉིད་རང་དང་འགལ་བས་བཀག་པ་ཡིན་ཏེ་རྟོགས་པ་ནི་རྟོག་པ་མེད་པ་དང་འགལ་ལོ་ཞེས་གང་གསུངས་པ་ཡིན་ནོ། །ཞེས་འགྲེལ་པ་ལས་སོ། གཞན་སྣང་བར་མི་འཐད་པས་སྣང་བ་ནི་ཤེས་པ་ཡིན་ལ། དེ་ཉིད་ཀྱང་རང་རིག་ཡིན་ཏེ་གཞན་གྱིས་རིག་ན་ཐུག་མེད་དུ་འགྱུར་བས་རང་མི་རྟོགས་པར་འགྱུར་རོ། །རང་རིག་མེད་པར་སྨྲ་བའང་མི་འཐད་དེ། རིམ་ལྔ་ལས། གཉིས་མེད་རྣམ་པར་རྟོག་བྲལ་རྟག་ཏུ་བདེ་བའི་རང་བཞིན་དེ་ནི་རྣལ་འབྱོར་པས་བསྒོམ་བྱ་ཞེས་པ་དང་། སྐུ་གསུམ་ལ་བསྟོད་པ་ལས། སོ་སོར་རང་རིག་རྒྱལ་བ་རྣམས་ཀྱི་ཆོས་སྐུ་དཔེ་མེད་གང་ཡིན་དེ་ལ་བདག་ཕྱག་འཚལ། །ཞེས་ལམ་དང་འབྲས་བུ་གཉིས་ཀར་ཡང་རང་རིག་བཤད་པའི་ཕྱིར་རོ། །དེ་ཡང་བསླུ་བ་མེད་པས་དེར་འགྱུར་ལ་དེའང་གཞལ་བྱ་དང་འགྲེལ་པའི་ཕྱིར་ཏེ་དོན་རིག་པ་ལྟར་ན་དེ་བྱུང་དུ་འབྲེལ་ལ། རྣམ་རིག་པ་ལྟར་ན་བདག་གཅིག་ཏུ་འབྲེལ་བའི་ཕྱིར་རོ། །དེ་ལ་གཞལ་བྱ་རྟོག་པ་ཚད་མའི་དངོས་པོ་དེ་ལ་དེ་ཐོབ་པའི་ནུས་པ་ཡོད་པ་ནི་མི་བསླུ་བའི་དོན་ཡིན་ལ། གཞུང་འདིར་དོན་རིག་བཀག་ནས་རྣམ་རིག་སྒྲུབ་པས་ཚད་མ་དང་འགལ་བྱ་དེའི་བདག་ཉིད་ཀྱི་མཚན་ཉིད་ཀྱིས་འབྲེལ་ལོ། །དེའི་ཕྱིར་དཀར་སོགས་སུ་སྣང་བ་དེ་རང་རིག་མངོན་སུམ་ཚད་མ་ཡིན་ཏེ། རང་རྟོགས་པར་ནུས་པ་དང་སྣང་བ་དེ་ཤེས་པའི་བདག་ཉིད་ཡིན་པའི་ཕྱིར་ཏེ། ཤེས་པར་ཡོད་པའི་སྔོ་སོགས་ཕྱི་རོལ་དུ་ཅིའི་ཕྱིར་མི་སྣང་སྟེ་སྣང་བར་བསྒྲུབས་ཟིན་ཏོ། །དེ་ལྟར་ཚད་མ་ཐམས་ཅད་རང་རིག་ཏུ་བསྒྲུབས་ནས་དོན་རིག་དགག་པ་ནི། དེ་ཕྱི་རོལ་གྱི་དོན་ལ་མངོན་སུམ་མིན་ཏེ། གཞན་ཏེ་དོན་དེ་དང་འབྲེལ་པ་མེད་པའི་ཕྱིར་རོ། །དེ་བྱུང་དུ་འབྲེལ་ལོ་ཞེ་ན། དབང་པོ་ལ་སོགས་པ་ལའང་ཚད་མར་འགྱུར་རོ། །དེས་ན་དེ་ནི་ཤེས་པ་བག་ཆགས་ཀྱི་མཐུས་དོན་གྱི་རྣམ་པར་སྐྱེས་པ་ལ་དོན་དུ་འཁྲུལ་པ་ཡིན་ཏེ། སྨིག་སྒྱུ་ལ་ཆུར་འཁྲུལ་བ་བཞིན་ནོ། །ཆུ་གཞན་ན་ཡོད་པས་འཁྲུལ་པར་མི་འགྱུར་རོ་ཞེ་ན། ཆུ་དེར་བཀུག་པ་མིན་ཏེ་མེད་པའི་ཕྱིར་འཁྲུལ་ལ། དེ་བཀུག་ན་ནི་འཁྲུལ་པ་མ་ཡིན་ནོ་ཞེས་བཤད་དོ། །ཡིད་ཀྱི་དོན་དུ་རློམ་པས་ཀྱང་མ་ཡིན་ཏེ་བརྒྱ་ཡིན་ལ་སོགས་པ་རློམ་པས་ཀྱང་དེར་ཐལ་བའི་ཕྱིར་རོ། །རྟོག་མེད་མངོན་སུམ་གྱི་ཚད་མ་བཤད་ནས་རྟོག་པ་ཅན་རྗེས་དཔག་ཚད་མ་འཆད་པ་ན་རྣམ་རྟོག་ཁ་ཅིག་ནི་རྟགས་ཡང་དག་ལ་རྟེན་པའོ། །དོན་གཞན་ནི་ལྐོག་གྱུར་རོ། །གང་གི་ཕྱིར་རང་གི་སྣང་བ་ལ་ཚད་མ་མ་ཡིན་གྱི་རང་གི་སྣང་བ་ལ་དོན་དུ་ཞེན་པ་བསླུ་བ་མེད་དོ། །རྣམ་རིག་པའི་ཚད་མ་དང་གཞལ་བྱ་གཅིག་པ་འདི་ལ་མི་རུང་ངོ་ཞེ་ན། །བདེན་པའི་དེ་ཉིད་མེད་ཕྱིར་ཞེས་སྨོས་ཏེ་འགྲེལ་པ་ལས། སྒྲ་དང་རྟོག་པའི་ཡུལ་གཉིས་བརྫུན་པས་བརྫུན་པ་ལ་དེ་ཁོ་ན་ཉིད་མེད་པས་ཇི་ལྟར་རྟོགས་པ་དེ། དེ་ཁོ་ན་ཉིད་ཡིན་ཞེས་བཤད་དེ། སློབ་དཔོན་བྷ་བྱས། དེས་ན་རྗེས་སུ་དཔག་པའི་ཡུལ། །དེ་ཉིད་ཡིན་པར་མི་འགྲུབ་ཀྱང་། །དེ་ཉིད་མི་ཤེས་པའི་མི་མཐུན་ཕྱོགས། །གང་ཡིན་དེ་ནི་དེས་སེལ་བྱེད། །ཅེས་བཤད་པ་བཞིན་རྒྱ་ཆེར་སྤྲོས་ལ་བཤད་དོ། །རྣམ་རྟོག་གིས་ཡུལ་རྟོག་པ་ལ་རིགས་པས་མི་གནོད་པའི་དཔེ་བཤད་པ་ནི། ཇི་བཞིན་ཞེས་པ་སྟེ་དྲན་པ་ཡང་དག་དང་མངོན་སུམ་གྱི་རྗེས་སུ་སྐྱེས་པའི་ངེས་ཤེས་ཚད་མ་མ་ཡིན་ཀྱང་རྟོག་པ་དེ་གཉིས་ཀྱི་ཡུལ་ལ་རིགས་པས་མི་གནོད་པ་བཞིན་ནོ། །གལ་ཏེ་རྗེས་དཔག་ཚད་མ་མ་ཡིན་ཏེ། ལའི་མེ་ལ་སོགས་པ་ཁྱད་པར་ནི་རྗེས་འགྲོ་མེད་ལ། མེ་ཙམ་གྱི་སྤྱི་ལ་ནི་དཔེ་ལ་གྲུབ་ཟིན་སྒྲུབ་པ་བཅད་ཤེས་སུ་འགྱུར་བའི་ཕྱིར་རོ་ཞེ་ན། རྗེས་དཔག་ཚད་མའི་གཞལ་བྱ་ནི་མི་ལྡན་རྣམ་གཅོད་ཀྱིས་ཁྱད་པར་དུ་བྱས་པའི་ལྡན་པའམ། ཚོགས་པའི་སྤྱི་དེ་འཛིན་ཅིང་། རྟོགས་པར་བྱེད་པས་བཟུང་པ་རྟོགས་ལ་རྗེས་འགྲོ་ནི་ཆོས་ཀྱི་སྤྱིས་བྱེད་པའི་ཕྱིར་རོ། །མི་བསླུ་བའི་རྒྱུ་མཚན་འབྲེལ་པ་བཤད་པ་ནི། རྗེས་དཔག་དེ་རྟགས་དང་རྟགས་འཛིན་གཉིས་ལས་བརྒྱུད་ནས་གཞལ་བྱ་དང་དེ་བྱུང་དུ་འབྲེལ་པ་ཡིན་ཏེ། རྟགས་ཀྱིས་རྗེས་སུ་དཔག་པར་བྱ་བ་ནི་རྟགས་ལས་ཤེས་པ་དེ་རྗེས་དཔག་ཡིན་པའི་ཕྱིར་རོ། །བཞི་པ་རང་ལུགས་ཀྱི་བདེན་པ་གཉིས་བཤད་པ་ལ་དང་པོ་མཚན་ཉིད་ནི། འཕགས་པ་ཐོག་མེད་ཀྱི་བཞེད་པས་གང་ཞིག་ལ་དམིགས་པ་ཀུན་ནས་ཉོན་མོངས་པ་སྐྱེ་བ་ཀུན་རྫོབ་བདེན་པ་དང་། གང་ཞིག་ལ་དམིགས་ན་རྣམ་པར་དག་པ་སྐྱེ་བ་དེ་ནི་དོན་དམ་བདེན་པའོ། །གཉིས་པ་མཚན་ཉིད་ནི། ཡང་དག་མ་ཡིན་ཀུན་རྟོག་ནི་ཁམས་གསུམ་གྱི་སེམས་དང་སེམས་བྱུང་གིས་བརྟགས་པའི་ཀུན་བརྟགས་དང་། གཞན་དབང་གི་བདག་ཉིད་ནི་ཀུན་རྫོབ་དང་། དེ་ཉིད་ཀྱི་ཆོས་ཉིད་སྟོང་པ་ཉིད་ནི་དམ་པའི་དོན་ཏེ། འདིས་ནི་མི་རྟག་པ་དང་སྡུག་བསྔལ་དང་བྱམས་སྙིང་རྗེའི་ཡུལ་ལ་སོགས་པ་རྟག་འཛིན་ལ་སོགས་པས་དག་པའི་དམིགས་ཡུལ་དོན་དམ་ཡིན་པ་སེལ་ལོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཀྱང་དོན་དམ་ཡིན་ནོ། །གསང་འདུས་འགྲེལ་པ་སྙིམ་པའི་མེ་ཏོག་ལས། ཐོག་མེད་དང་ཀླུ་སྒྲུབ་ནི་གྲུབ་མཐའ་གཅིག་པ་ཡིན་ལ། ཐ་དད་པར་འདོད་པ་ནི་སྐྱོན་ཅན་ཡིན་ནོ་ཞེས་བཤད་དོ། །ཐེག་པ་ཆེན་པོས་ཡོད་པ་བཞིར་བཞེད་པའི་དེ་གཉིས་ནི་བདེན་པ་གཉིས་ཀྱི་ཡོད་པ་ཡིན་ལ། ཀུན་བརྟགས་ནི་བློས་བརྟགས་པའི་ཡོད་པ་དང་། ཡང་དག་མིན་པའི་ཀུན་རྟོག་གཞན་དབང་ནི་རྗེས་སུ་ཡོད་པ་ཡིན་ནོ། །དེ་ལྟར་རང་གི་གྲུབ་མཐའ་ཚད་མ་དང་ལྡན་པ་བཤད་ནས་གཉིས་པ་ལུང་དང་ལྡན་པ་བཤད་པ་ནི། མདོ་གང་ཞིག་ཅེས་པ་སྟེ། བདག་ཅག་རྣམས་ནི་ངོ་བོ་ཉིད་གསུམ་དབུ་མར་སྨྲ་བ་སློབ་དཔོན་ཀླུའི་བཤེས་གཉེན་དང་ཡེ་ཤེས་ཟླ་བ་སངས་རྒྱས་ཡེ་ཤེས་ཞབས་རྗེས་འབྲང་དང་བཅས་པ་ལ་སོགས་པ་རྣམས་ཀྱི་མ་ནོར་བའི་ཤེས་བྱེད་ལུང་ནི་དགོངས་པ་ངེས་འགྲེལ་དང་། འཐུག་པོ་བཀོད་པ་དང་། ལང་ཀར་གཤེགས་པ་ལ་སོགས་པ་ངོ་བོ་ཉིད་གསུམ་ངེས་དོན་དུ་བཤད་པ་དོན་དམ་རྣམ་པར་ངེས་པའི་གསུང་རབ་རྣམས་ནས་ཀུན་བརྟགས་ལ་ཇི་ལྟར་བརྟགས་པའི་ངོ་བོ་ཉིད་མེད་པ་དང་། གཞན་དབང་ལ་རང་ལས་སྐྱེ་བའི་ངོ་བོ་མེད་པ་དང་། ཡོངས་གྲུབ་ནི་རང་བཞིན་གྱི་སྟོང་པའི་ངོ་བོ་ཉིད་མེད་པ་ཡིན་ཏེ། མདོ་སྡེ་རྒྱན་ལས། མེད་པའི་སྟོང་པ་ཉིད་ཤེས་ཤིང་། །དེ་བཞིན་ཡོད་པའི་སྟོང་ཉིད་དང་། །རང་བཞིན་སྟོང་པ་ཉིད་ཤེས་ན། །སྟོང་པ་ཤེས་པ་ཞེས་བཤད་དོ། །ཞེས་གསུངས་པ་ཡིན་ནོ། །ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་པ་དང་། དེ་ལྟར་མ་འགགས་པ་དང་། དེ་ལྟར་བཟོད་པ་ནས་ཞི་བ་དང་། དེ་ལྟར་རང་བཞིན་གྱིས་མྱ་ངན་ལས་འདས་པར་བཤད་དོ། །ངེད་ཀྱི་སྒྲུབ་བྱེད་གང་ཡིན་པ་དེ་ཁྱེད་ལ་གནོད་བྱེད་དུ་འགྱུར་རོ། །ཐམས་ཅད་བརྫུན་སྨྲ་ནོར་བའི་ཤེས་བྱེད་ལུང་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་མེ་ལོང་ཆེན་པོ་དད་པ་ཆེར་འབྱུང་གི་མདོ་ལས། བྱང་ཆུབ་སེམས་དཔའ་སྒྲ་ཇི་བཞིན་དུ་ཚུལ་བཞིན་མ་ཡིན་པར་ཆོས་ལ་སྤྱོད་པ་ལ་ཡང་དག་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་རྩ་བའི་ལྟ་བ་ཞེས་བྱ་བ་སེམས་ཀྱི་བག་ཆགས་ལས་འབྱུང་སྟེ་རང་བཞིན་མེད་པ་དང་། མ་སྐྱེས་པ་ལ་སོགས་པའི་དོན་ནམ་མཁའ་ལྟར་མེད་དགག་གི་མཚན་མར་ལྟ་བ་དང་། དེ་ལ་ཞེན་ནས་ངོ་བོ་ཉིད་གསུམ་ལ་བསྐུར་པ་འདེབས་པའི་ལྟ་བ་གསུམ་དང་། མེད་ལྟ་སྒྲུབ་པའི་རིགས་པ་འཛིན་པའི་དང་། ལུགས་མང་པོ་དེར་བསྒྱུར་བའི་དང་། དྲིས་ན་ཅི་ཡང་ཁས་མི་ལེན་པའི་དང་། ཚུལ་ལ་ངན་གཡོ་སྨྲ་བའི་དང་། སུན་འབྱིན་ཡང་དག་བྱས་ཀྱང་མི་ལྡོག་པ་རྨོངས་པ་བརྟན་པ་དང་། བརྙད་པ་མ་ཡིན་པའི་ལྟ་བ་དང་། སྒྲིབ་པ་ལ་སོགས་པའི་ལྟ་བ་དང་། བསོད་ནམས་མ་ཡིན་པ་འཕེལ་བའི་ལྟ་བ་དང་། ངེས་འབྱིན་མ་ཡིན་པའི་དང་། འབྲས་བུ་མེད་པའི་ལྟ་བ་དང་། ཆད་པས་བཅད་པའི་ལྟ་བ་དང་། ལྟ་བ་དེ་དག་ཐམས་ཅད་མངོན་པའི་ང་རྒྱལ་གྱིས་བསྐྱེད་པས་དེའི་ལྟ་བ་ཞེས་གཅིག་ཏུ་བསྡུས་པ་དེར་སོང་པ་སྟེ། རྒྱས་པར་ནི་མདོ་ཉིད་དམ། འདིའི་འགྲེལ་པའམ། མངོན་པ་ཀུན་ལས་བཏུས་སུ་བལྟའོ། །འོད་སྲུངས་ཀྱིས་ཞུས་པ་ལས། གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་སླའི། མངོན་པའི་ང་རྒྱལ་ཅན་སྟོང་ཉིད་དུ་ལྟ་བ་ནི་གསོར་མི་རུང་ཞེས་བཤད་པའང་ཡིན་ནོ། །དེ་ལྟ་བུའི་བླང་དོར་གྱི་དོན་དེ་རྗེས་འཇུག་རྣམས་ཀྱིས་རྟོགས་པར་བྱ་བའི་ཕྱིར་ངོ་བོ་ཉིད་གསུམ་པོ་དེ་དག་ནི་བྱམས་པ་དང་། ཐོགས་མེད་དང་། ཀླུ་སྒྲུབ་དང་། དབྱིག་གཉེན་ཏེ་ཤིང་རྟ་ཆེན་པོས་ལམ་དུ་གསུངས་ཏེ་ལམ་གྱི་རིམ་པའང་། ལང་ཀར་གཤེགས་པ་ལས། དང་པོ་ཕུང་པོ་ཁམས་དང་སྐྱེ་མཆེད་ཇི་སྙེད་ཡོད་པ་མ་དམིགས་པ་དང་། ཇི་ལྟ་བ་ནི་སེམས་ཙམ་དང་། དེ་བཞིན་ཉིད་ལ་དམིགས་པ་གཉིས་དང་། སྣང་བ་མེད་པའི་རྣལ་འབྱོར་པ་བཞིས་བྱང་ཆུབ་སེམས་པ་འཇུག་པར་བཤད་དོ། །དེ་ལྟར་ངོ་བོ་ཉིད་གསུམ་ཐོས་བསམ་གྱིས་ཤེས་ནས་འགྱུར་བ་མེད་པའི་ཡོངས་གྲུབ་སྒོམ་པས་ཀུན་བརྟགས་དང་། གཞན་དབང་ཟད་ནས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཐོབ་པ་ན་སྐུ་གསུམ་ཐོབ་པར་འགྱུར་ཏེ། སྐུ་གསུམ་ལ་འཇུག་པ་ལས། ངོ་བོ་ཉིད་གསུམ་ལེགས་རྟོགས་པ། །སྐུ་གསུམ་བརྙེས་པ་ཉིད་ཡིན་ཏེ། །མདོར་ན་ཐམས་ཅད་མཁྱེན་ཉིད་ནི། །རྒྱུ་དང་འབྲས་བུར་བསྡུས་པ་ཡིན། །རྟོགས་པར་བྱ་དང་ཐོབ་བྱ་བ། །ཐམས་ཅད་མཐར་ཐུག་གྱུར་པར་བརྗོད། །འདི་ལས་རྟོགས་བྱ་གཞན་མེད་དེ། །འདི་ལས་གོང་ན་ཐོབ་བྱ་མེད། །ཕུང་པོར་བཅས་པའི་མྱ་ངན་འདས། །ཐུབ་སྐུ་གཉིས་ལ་བཞག་པ་ཡིན། །ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་བཤད་དོ། །གལ་ཏེ་ལང་ཀར་གཤེགས་པ་ལས། བློ་ཡི་རྣམ་པར་ཤིག་ན་ནི། །གཞན་དབང་མེད་ཅིང་ཀུན་བརྟགས་མེད། །གྲུབ་པའི་ངོ་བོའང་ཡོད་མིན་ན། །བློ་ཡིས་ཇི་ལྟར་རྣམ་པར་བརྟག །ཅེས་བཤད་པ་དེ་ཇི་ལྟར་ཞེ་ན། དེ་ནི་ཆོས་ཀྱི་དབྱིངས་འགྱུར་བ་མེད་པའི་ཡོངས་གྲུབ་ལ་བཏུགས་ན་ཅིའང་མེད་པ་སྟོན་པ་ཡིན་གྱི། ཐ་སྙད་ཀུན་རྫོབ་ཏུའང་དེ་དག་མེད་པར་བཤད་པ་མ་ཡིན་ནོ། །དེའི་ཕྱིར་རང་བཞིན་གསུམ་དབུ་མར་གྲུབ་ལ། ཀུན་བརྟགས་བཞིན་གཞན་དབང་དང་། ཡོངས་གྲུབ་ཀྱང་བརྫུན་པ་ཐམས་ཅད་བརྫུན་པའི་དབུ་མ་ནི་དེ་ལྟར་སྣང་དུ་གྲུབ་པ་ཡིན་ནོ། །འོ་ན་སེམས་ཙམ་དང་དབུ་མ་གྲུབ་མཐའ་གཅིག་ཏུ་སོང་པས་སངས་རྒྱས་པ་བཞི་ཇི་ལྟར་བྱེད་ཅེ་ན། ཤེས་པ་རྣམ་པ་མེད་པ་དང་། རྣམ་པ་དང་བཅས་པས་དོན་འཛིན་པ་ནི་བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པའོ། །དོན་བེམས་པོ་མི་འདོད་ཀྱི་ཐོག་མ་མེད་པའི་དོན་དུ་རྟོགས་པའི་བག་ཆགས་ཀྱིས་ཤེས་པ་སྔོན་པོ་ལ་སོགས་དོན་གྱི་རྣམ་པར་སྐྱེས་པ་སྨྲ་བ་ནི་སེམས་ཙམ་པའོ། །ཤེས་བྱའི་གནས་ཚུལ་རང་བཞིན་གསུམ་དུ་སྨྲ་བ་ནི་དབུ་མ་པའོ། །ཤེས་བྱ་ཐམས་ཅད་བརྫུན་པར་སྨྲ་བ་ནི་དབུ་མ་ལྟར་སྣང་བ་ཡིན་ནོ། །ཞེས་རང་འགྲེལ་ལས་བཤད་དོ། །འདི་ལྟར་རང་བཞིན་གསུམ་ནི་བཀའ་འཁོར་ལོ་རིམ་པ་གསུམ་ཀའི་དགོངས་པ་སངས་རྒྱས་ཀྱིས་ཤེས་བྱའི་གནས་ཚུལ་བསྟན་པ་ཡིན་ཏེ། འདི་དང་མི་མཐུན་པ་གྲུབ་མཐའ་བཞི་གང་ལ་བྱུང་ཡང་ནོར་པར་ཤེས་པར་བྱའོ། །བཀའ་དང་པོའི་དགོངས་པ་ངོ་བོ་ཉིད་གསུམ་ཡིན་ཚུལ་ནི་ཕྱི་རོལ་དོན་གྲུབ་ཏུ་སློབ་དཔོན་དགེ་སྲུང་གིས་བཤད་དེ་དེར་ཤེས་པར་བྱའོ། །ཀུན་རྫོབ་ལ་བདེན་བརྫུན་ལེགས་པར་འབྱེད་ཤེས་པའི་གྲུབ་མཐའ་གང་ལ་ཡང་ངོ་བོ་ཉིད་གསུམ་དང་འགལ་བའི་སྐྱོན་མེད་དོ། །རྩ་བའི་དོན་ལྔ་པ་ལུགས་དེ་དག་ལ་སྐྱེ་བ་གཅིག་ན་སངས་རྒྱས་བ་བྱམས་པ་ཚད་མར་བསྟན་པ་ནི། མ་འཁྲུལ་བའི་བློ་ཚད་མ་མངོན་སུམ་རྗེས་དཔག་གཉིས་དང་། སངས་རྒྱས་ཀྱི་ལུང་དང་། བྱམས་པ་ལ་སོགས་པའི་བསྟན་བཅོས་ཀྱིས་སྦྱར་ཞིང་བསྒྲུབས་པས་ངོ་བོ་ཉིད་གསུམ་རྟོགས་པ་དེ་འདིར་དབུ་མའི་ལམ་ཡིན་ཏེ། ཡོད་མེད་ཀྱི་མཐའ་དང་བྲལ་བའི་དོན་རྟོགས་པའི་ཕྱིར་རོ། །དེས་ན་འདི་ལ་སཾསྐྲྀ་ཏའི་སྐད་དུ་མ་དྷྱ་པྲ་ཏི་པ་ཏ་སིདྡྷི་ཟེར་ལ། བོད་སྐད་དུ་དབུ་མའི་ལམ་གྲུབ་པའམ་རྟོགས་པ་གྲུབ་པ་ཅེས་ཟེར་རོ། །དེ་དབུ་མ་ཡིན་པ་ཅིས་གྲུབ་ཅེ་ན། རང་བཞིན་གསུམ་གང་ཞིག་རྒྱལ་བ་ཡིས་ནི་གསུངས་པའི་དོན་ལ་མི་ཕམ་མགོན་པོ་ཇི་ལྟར་ཚད་མ་ཡིན། དྲང་པོ་མ་ཡིན་པའི་དྲི་བས་ཚད་མ་མིན་པ་འགོག་པ་སྟེ་ཚད་མར་གྱུར་པའི་བྱམས་པས་དབུས་མཐའ་ལས་དབུས་རྣམ་འབྱེད་པའི་བསྟན་བཅོས་ཏེ་ཞེས་གསུམ་པོ་དེ་དབུ་མར་བཤད་པའི་ཕྱིར་རོ། །གལ་ཏེ་དེ་ནི་དགོངས་འགྲེལ་ལ་སོགས་པའི་དོན་བཤད་པ་ཡིན་གྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ནི་ཐམས་ཅད་བརྫུན་པའི་དབུ་མ་འདི་ཡིན་ནོ་ཞེ་ན། ཆོས་སྐུའི་ཕྲིན་ལས་གང་ཡིན་པར་ངོ་བོ་ཉིད་གསུམ་དུ་བསྟན་ཏེ། ཉི་ཤུ་རྩ་བདུན་གྱི་ཉི་ཤུ་རྩ་གཉིས་པ་ཕྱིན་ཅི་མ་ལོག་པ་ལ་འཇུག་པའམ་ཕྱིན་ཅི་ལོག་སྤངས་པ་ལ་འགོད་པ་ལས། བྱམས་པས་ཡུམ་ལ་སྤྱོད་པའི་བྱང་ཆུབ་སེམས་པས་གཟུགས་ནས་སངས་རྒྱས་ཀྱི་བར་ལ་ཇི་ལྟར་བསླབ་པར་བགྱི་ཞེས་ཞུས་པས། ངོ་བོ་ཉིད་གསུམ་གྱི་སྒོ་ནས་སློབ་པ་གསུངས་ཏེ་དེར་སངས་རྒྱས་ཀྱི་བྱམས་པ་ལ་ཀུན་བརྟགས་པའི་གཟུགས་ནས་སངས་རྒྱས་ཀྱི་བར་ནི་རྫས་སུ་མེད་ལ། གཞན་དབང་གི་དེ་དག་ནི་རྫས་སུ་ཡོད་ཅིང་། ཆོས་ཉིད་ཡོངས་གྲུབ་ཀྱི་དེ་དག་ནི་རྫས་སུ་མེད་པའང་མ་ཡིན་ཏེ་དེ་དོན་ལ་ཡོད་ལ། རྫས་སུ་ཡོད་པའང་མ་ཡིན་ཏེ་དོན་དམ་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །འདིའི་བཤད་པ་རྒྱས་པ་ནི་དབྱིག་གཉེན་གྱི་གཞུང་འགྲེལ་དུ་ལྟའོ། །འདི་ཉི་ཁྲིའི་ཞབས་སུ་བྱམས་པས་ཡུམ་ལ་སློབ་ཚུལ་སྤྱིར་ཞུས་པ་དེ་འཕགས་པ་རྣམ་གྲོལ་སྡེས་ཕྱིན་ཅི་ལོག་སྤངས་པའི་ཕྲིན་ལས་ཀྱི་མདོར་བྱས་པ་ཡིན་ནོ། །དེས་ན་སློབ་དཔོན་འདིའང་ངོ་བོ་ཉིད་གསུམ་དབུ་མར་འདོད་པ་ཡིན་ནོ། །འཕགས་པ་ཐོགས་མེད་རྗེས་འབྲང་དང་བཅས་པ་ནི་ཡུམ་ཐམས་ཅད་འདིས་བཤད་དེ་བརྒྱད་སྟོང་དོན་བསྡུ་ལས། ཤེས་རབ་ཕ་རོལ་ཕྱིན་པ་ནི། །བསྟན་པ་གསུམ་ལ་ཡང་དག་བརྟེན། །ཤེས་རབ་ཕ་རོལ་ཕྱིན་པར་ནི། །སངས་རྒྱས་ཀྱིས་ནི་གཞན་བསྟན་མེད། །ཅེས་གང་བཤད་པ་ཡིན་ནོ། །རང་བཞིན་གསུམ་པོ་དེ་ནི་དུས་གསུམ་གྱི་སངས་རྒྱས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཡིན་ཏེ། དེ་ནི་ཕྱིན་ཅི་ལོག་ཐམས་ཅད་ཀྱི་གཉེན་པོ་ཡིན་པ་ལས་འདིས་ཡོད་མེད་སྣ་ཚོགས་ཕྱིན་ཅི་ལོག་ཏུ་ལྟ་བ་འཇོམས་པའི་ཕྱིར་རོ། །མདོ་ལས་ཡོད་མེད་སྣ་ཚོགས་སུ་བཤད་པའི་དོན་ངོ་བོ་ཉིད་གསུམ་གྱི་ཡོད་མེད་དུ་ཤེས་པའི་ཤེར་ཕྱིན་གྱིས་ཡོད་མེད་ཕྱིན་ཅི་ལོག་ཏུ་ཤེས་པ་ཐམས་ཅད་འཇོམས་སོ་ཞེས་སྟོན་པ་ཡིན་ནོ། །དེས་ན་ཡུམ་ཤེར་ཕྱིན་གྱི་དོན་དྲང་དོན་ངེས་དོན་འབྱེད་པ་ལ་འབྱེད་བྱེད་ཚད་མ་གསུམ་གྱི་ཚད་མའི་གཙོ་བོ་ནི་འདིར་བྱམས་པ་དང་དེས་ཞུས་པའི་ལུང་ཡིན་གྱི། ཚད་མ་གཞན་གཉིས་ནི་དྲང་དོན་ངེས་དོན་གྱི་ཆ་ཤས་ལ་འཇུག་པའི་ཕལ་པ་ཡིན་ཏེ། འཕགས་པའི་ཆོས་རྣམས་དེ་གཉིས་ཀྱིས་མི་རྟོགས་པའི་ཕྱིར་རོ། །དེས་ན་གང་ཞིག་རྒྱལ་བའི་ཞལ་ནས་གསུངས་ཤིང་བསྟན་པའི་ངེས་དོན་དེས་དོན་ཕྱིན་ཅི་མ་ལོག་པ་ལ་བློ་ངེས་པར་འཇུག་པར་མཛད་དོ། །འདི་སྐད་སྟོན་པ་ཡིན་ཏེ་བཀའ་ཐམས་ཅད་ཀྱི་དྲང་དོན་ངེས་དོན་ནི་བཀའ་ཉིད་ཀྱིས་འབྱེད་ཀྱི། བྱམས་པ་ལ་སོགས་པ་ས་བཅུའི་དབང་ཕྱུག་རྣམས་ཀྱིས་ཀྱང་མ་ཤེས་པར་སངས་རྒྱས་ལ་ཞུས་ནས་བྱམས་ཞུས་དང་། དགོངས་པ་ངེས་འགྲེལ་དང་། ལང་ཀར་གཤེགས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །དེས་ན་སངས་རྒྱས་ཉིད་ཀྱིས་དྲང་དོན་ངེས་དོན་ཕྱེ་བ་དེ་ལྟར་བཟུང་གི ཤེས་བྱ་ཐམས་ཅད་ཀུན་བརྟགས་ལྟར་བརྫུན་པར་བཟུང་ན་ནི་ཕྱིན་ཅི་ལོག་གི་གཡང་སར་ལྟུང་བར་འགྱུར་རོ། །མདོའི་དོན་དགོངས་པ་གཞན་དུ་ནི་ཚད་མས་འདྲེན་དགོས་པ་ཡིན་ན་བྱམས་པ་ནི་ཚད་མ་གསུམ་ཀའི་དབང་ཕྱུག་ཡིན་པས་དེས་བསྟན་པ་གཞན་དུ་དྲང་དུ་མི་བཏུབ་བོ། །ཀུན་བརྟགས་ལྟར་ཐམས་ཅད་བརྫུན་པ་ལ་ནི་ལུང་ཡོད་ཀྱང་ཚད་མ་མེད་པས་དྲང་དོན་ཡིན་ཏེ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཚད་མ་གཉིས་ཀས་གནོད་པའི་ཕྱིར་རོ། །ཞེས་སྟོན་པ་ཡིན་ནོ། །རྩ་བའི་དོན་དྲུག་པ་བསྟན་བཅོས་འདི་དག་གི་དོན་དུ་བརྩམས་བསྟན་པ་ནི། གལ་ཏེ་སྔར་བཤད་པའི་དབུ་མའི་ལུགས་དེ་དག་ཐམས་ཅད་ནི་སྔོན་གྱི་སློབ་དཔོན་རྣམས་ཀྱིས་བཤད་ཟིན་པས་འདི་དོན་མེད་དོ་ཞེ་ན། ཚད་མའི་ཚུལ་ལ་ཞེས་གསུངས་ཏེ་ཐམས་ཅད་བརྫུན་པ་ལ་སོགས་པ་འགའ་ཞིག་ནི་ཚད་མ་སྤོང་ལ། ངོ་བོ་ཉིད་གསུམ་མི་འདོད་པའི་དབུ་མ་པ་རྣམས་ནི་སངས་རྒྱས་ཀྱི་ལམ་ལ་མི་མཁས་པས་ཚད་མ་ལ་མཁས་པ་དང་། སངས་རྒྱས་ཐེག་པ་སྟེ་དེའི་ལམ་ལ་མཁས་པ་རྣམས་ལ་དེ་གཉིས་ཀ་ཚངས་པའི་གཞུང་འདིས་དགའ་བ་བསྐྱེད་པའི་ཕྱིར་སྦྱར་བ་ཡིན་ནོ། །འདི་ལྟ་བུའི་གཞུང་ཉུང་ངུས་མདོ་རྒྱུད་ཐམས་ཅད་ཀྱི་དྲང་དོན་ངེས་དོན་འཆད་ཅིང་ལྟ་བ་ཡང་དག་ལྟར་སྣང་ཐམས་ཅད་ཤེས་པའི་བསྟན་བཅོས་ནི་བསྟན་པ་འདི་ལ་བྱུང་བ་མེད་དེ། དེའི་ཕྱིར་རྟོག་པ་དང་ལྡན་པའི་མཁས་པ་རྣམས་ཀྱིས་བསླབ་པར་རིགས་སོ་ཞེས་གནས་སོ། །ཕྱིན་ཅི་ལོག་གི་ལྟ་ངན་སྣ་ཚོགས་ལས། །སྒོ་གསུམ་སྤྱོད་ངན་སྣ་ཚོགས་བྱུང་གྱུར་ཏེ། །འཁོར་བའི་རྒྱ་མཚོ་མཐའ་མེད་འདིར་འཁྱམས་ཞེས། །རྒྱལ་དང་རྒྱལ་སྲས་རྣམས་ཀྱི་གཞུང་ལས་གསུངས། །ཐུབ་པས་ལུང་བསྟན་འཇམ་དཔལ་དངོས་གྲུབ་བརྙེས། །དུས་མཐའི་ཀུན་མཁྱེན་གཉིས་པར་རབ་གྲགས་པའི། །གཞུང་འདི་མཐོ་རིས་ཐར་པ་འདོད་རྣམས་ཀྱིས། །མཁས་ལ་མཉན་ནས་བསླབ་པར་རིགས་པ་ཡིན། །ཡོད་ན་མཐར་འཛིན་ལྟ་བའི་མུན་འཇོམས་ཤིང་། །སྐལ་ལྡན་བློའི་པདྨོ་ཁ་འབྱེད་པ། །རིན་ཆེན་འབྱུང་གནས་གཞུང་གི་ཉི་མ་འདི། །གངས་རིའི་ཁྲོད་འདིར་སྔོན་ཆད་གསལ་མ་ནུས། །དུས་གསུམ་སངས་རྒྱས་ཀུན་གྱི་ངེས་པའི་དོན། །རྒྱལ་བའི་བཀའ་དང་རྒྱལ་སྲས་བྱམས་པ་ཡིས། །ལེགས་གསུང་མཐའ་བྲལ་དབུ་མའི་ལུགས་བཤད་པའི། །དགེ་བས་ཀུན་མཁྱེན་མྱུར་དུ་ཐོབ་པར་ཤོག །དབུ་མ་རྒྱན་གྱི་རྣམ་པར་བཤད་པ་ཚིག་དོན་གསལ་བའི་མེ་ཏོག་ཅེས་བྱ་བ། མང་དུ་ཐོས་པའི་དགེ་སློང་བཅོམ་ལྡན་རལ་གྲིས་སྦྱར་བ་རྫོགས་སོ། །དགེའོ།།  །།

བརྒྱུད་སྐུལ།

མཆན་སྤེལ།