དབུ་མ་རྩ་ཤེར་རྒྱན་གྱི་མེ་ཏོག

དབུ་མ་རྩ་ཤེར་རྒྱན་གྱི་མེ་ཏོག

༅། །དབུ་མ་རྩ་ཤེར་རྒྱན་གྱི་མེ་ཏོག་བཞུགས་སོ། །

 

བཅོམ་ལྡན་རིག་པའི་རལ་གྲི།

 

རྒྱ་གར་སྐད་དུ། པྲཛྙཱ་མཱུ་ལ་མ་དྷྱ་ཨ་ལཾ་ཀཱ་ར་པུཥྤ་ནཱ་མ། བོད་སྐད་དུ། དབུ་མ་རྩ་བ་ཤེས་རབ་རྒྱན་གྱི་མེ་ཏོག་ཅེས་བྱ་བ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཇི་བཞིན་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། །འཁོར་འདས་ཆོས་ཀུན་མཐའ་གཉིས་དང་བྲལ་བར། །གཟིགས་ནས་མཐའ་གཉིས་ལྟ་བའི་མུན་སེལ་བ། །སྟོན་པ་ཉི་མའི་གཉེན་ལ་གུས་ཕྱག་འཚལ། །རྒྱལ་བས་ལུང་བསྟན་ས་རབ་དགའ་བ་ཐོབ། །རྒྱལ་སྲས་ཀླུ་སྒྲུབ་ཇི་ལྟར་བཞེད་པའི་གཞུང་། །རྟག་དང་ཆད་པར་སྨྲ་བའི་ལུགས་སྤངས་ཏེ། །བདེན་གཉིས་མི་འགལ་དབུ་མའི་ལུགས་སུ་བཤད། །

རྐྱེན་བརྟག་པ།

དེ་ལ་ལང་ཀར་གཤེགས་པ་ལས། དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ཞེས་བྱ་བ་དང་། འཇམ་དཔལ་རྩ་རྒྱུད་ལས། བསྟན་བཅོས་སྣ་ཚོགས་དོན་དང་ནི། །དངོས་པོ་མེད་པའི་དོན་དེས་རིག །ཅེས་སློབ་དཔོན་འདི་ལུང་བསྟན་ཏོ། །གཞུང་འདི་འཆད་པའི་རྒྱ་བོད་སློབ་དཔོན་མང་པོ་ནི་བདེན་གཉིས་མ་ཕྱེ་བར་དོན་དམ་པར་མེད་པར་འཆད་པ་ཐམས་ཅད་ཀུན་རྫོབ་ཏུའང་མེད་པར་འཆད་དོ། །དེ་ལྟར་ན་འཇིག་རྟེན་རྒྱང་འཕེན་པའང་ལུང་བསྟན་པ་དེའི་དོན་དང་ལྡན་པར་འགྱུར་ཏེ། ཀུན་རྫོབ་ཏུའང་མེད་པ་ལ་མངོན་པར་ཞེན་པའི་ཕྱིར་རོ། །ལུགས་དེ་ནི་སློབ་དཔོན་གྱིས་ཀྱང་རིན་པོ་ཆེའི་ཕྲེང་བར་སྨད་དེ། ཆོས་འདི་ལོག་པར་ཤེས་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་ཟ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །གཞན་ཡང་དེ་ནི་ལོག་བཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་རུང་བདག་ཉིད་ཅན། །མནར་མེད་པར་ནི་སྤྱི་ཚུགས་འགྲོ། །ཞེས་བཤད་པ་ཡིན་ནོ། །དེ་བཞིན་དུ་རིགས་པ་དྲུག་ཅུ་པར། རེ་ཞིག་ཉེས་ཀུན་འབྱུང་བའི་གནས། །མེད་ཉིད་རྣམ་པར་བཟློག་ཟིན་གྱིས། །རིགས་པ་གང་གིས་ཡོད་ཉིད་ཀྱང་། །དགག་པར་འགྱུར་བ་མཉན་པར་གྱིས། །བཤད་པ་དང་། རིན་ཆེན་ཕྲེང་བར། མེད་པ་བ་ནི་ངན་འགྲོར་འགྲོ། །ཡོད་པ་བ་ནི་བདེ་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ན། །གཉིས་ལ་མི་བརྟེན་ཐར་བར་འགྱུར། །ཞེས་ཀུན་རྫོབ་ཏུ་མེད་པར་ལྟ་བ་སུན་ཕྱུང་ངོ་། །དེས་ན་ཀུན་རྫོབ་ཆད་པ་ངན་སོང་གི་རྒྱུ་མ་རིག་པར་རང་རྒྱུད་ཀྱི་བརྟག་བྱར་རུང་མི་རུང་དང་རང་གཞན་གྱི་སྐྱེ་བ་འགོག་པའི་ངག་གི་འགོད་ཚུལ་རྩོད་པ་བྱེད་པ་དེ་དག་གིས་ནི་སྐྱོན་ཡོན་གྱི་གཡང་ས་ཆེ་ཆུང་དཔྱོད་མི་ཤེས་པ་ཉིད་དོ། །དེས་ན་ལང་ཀར་གཤེགས་པ་ལས། ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཆོས་རྣམས་ངོ་བོ་ཉིད་མེད་པ། །དམ་པའི་དོན་དུ་ཉེ་བར་བསྟན། །ཅེས་གསུངས་པ་བཞིན་བཞེད་དོ། །དེ་ལ་ཀུན་རྫོབ་ནི་མ་དཔྱད་པ་ཡིན་མོད་དོན་དམ་པར་ནི་རིགས་པ་ཡིན་ཏེ་སྟོང་ཉིད་བདུན་བཅུ་པའི་རང་འགྲེལ་ལས། ཡོངས་སུ་བརྟགས་པ་ན་འདུ་བྱེད་རྣམས་སྒྱུ་མ་དང་འདྲའོ། །ཞེས་བྱ་བ་དང་། བདེན་གཉིས་ལས། བསླུ་བ་མེད་པས་རིག་པ་ནི། །དོན་དམ་ཡིན་ཏེ་ཞེས་འབྱུང་བ་བཞིན་ནོ། །དོན་དམ་སྤྲོས་བྲལ་ནི་བརྗོད་དུ་མེད་པས་དགག་སྒྲུབ་ཀྱི་གནས་མ་ཡིན་ཏེ། བདེན་གཉིས་ལས། ཡང་དག་ཉིད་དུ་གཉིས་མེད་དེ། །དེ་ནི་སྤྲོས་པ་མེད་པ་ཡིན། །ཞེས་བཤད་དོ། །དེ་ལ་རང་བཞིན་མེད་པའི་དགོངས་པ་ནི་འདི་ཡིན་ཏེ། ནི་སྭ་བྷཱ་ཝ་ཞེས་བྱ་བའི་ནི་མེད་པ་དང་སྭ་རང་དང་བྷཱ་ཝ་ངོ་བོའམ་དངོས་པོའམ་བཞིན་དུ་བསྒྱུར་ཏེ་ཆོས་ཐམས་ཅད་གཞན་དང་གཞན་ཚོགས་པའི་སྣང་བ་ཡིན་གྱི་གཞན་ལ་མ་ལྟོས་པའི་རང་གི་ངོ་བོའམ་དངོས་པོ་མེད་པ་ཡིན་ནོ། །དེས་ན་རྟེན་འབྲེལ་ཉིད་རང་བཞིན་མེད་པའམ་རང་གི་ངོ་བོས་སྟོང་པའི་དོན་ཡིན་ཏེ། བསྟོད་པ་ལས་རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ཉིད་ཁྱོད་ནི་སྟོང་པར་བཞེད། །ཅེས་བྱ་བ་དང་། རྩོད་པ་བཟློག་པ་ལས། དངོས་རྣམས་རྟེན་ནས་འབྱུང་བ་གང་། །དེ་ནི་སྟོང་ཉིད་ཅེས་བྱ་དང་། །གང་ཞིག་བརྟེན་ནས་འབྱུང་བ་དེ། །རང་བཞིན་མེད་ཉིད་ཡིན་པར་སྨྲ། །ཞེས་བཤད་དོ། །དེའི་ཕྱིར་རྟེན་འབྲེལ་དུ་སྒྲུབ་པ་ཉིད་རང་བཞིན་མེད་པའམ་སྟོང་ཉིད་དུ་སྒྲུབ་པའི་རིགས་པ་ཡིན་ནོ། །འདི་ལ་ནི་དབུ་མ་པ་ཕལ་ཆེར་འཁྲུལ་ཏེ་རང་བཞིན་མེད་པ་སྟོང་པ་ཕྱང་ཆད་དུ་ཞེན་ནས་རྒྱུ་འབྲས་སྤོང་བར་བྱེད་དོ། །དེའི་ཕྱིར་འདི་ལེགས་པར་མ་ཤེས་ན་ལྟ་ངན་དང་ངན་འགྲོའི་གཡང་ས་ཡོད་དེ། ཆོས་ཀྱི་མེ་ལོང་ཆེན་པོའི་མདོ་ལས། དམ་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་བཤད་པའི་ཅིའང་ཁས་མི་ལེན་པའི་ལྟ་བར་འགྱུར་བའི་ཕྱིར་རོ། །དབུ་མ་པའི་འདོད་ཚུལ་རྒྱས་པ་ནི་དབུ་མ་རྒྱན་གྱི་མེ་ཏོག་ཏུ་ལྟའོ། །སེམས་ཙམ་པ་རྣམས་ནི་སུམ་ཅུ་པ་ལས་ངོ་བོ་ཉིད་ནི་རྣམ་གསུམ་གྱི། །ངོ་བོ་ཉིད་མེད་རྣམ་གསུམ་ལ། །དགོངས་ནས་ཆོས་རྣམས་ཐམས་ཅད་ནི། །ངོ་བོ་ཉིད་མེད་བསྟན་པ་ཡིན། །ཞེས་འབྱུང་བ་ལྟར་ཀུན་བརྟགས་ལ་ཇི་ལྟར་བརྟགས་པའི་ངོ་བོ་ཉིད་མེད་པ་དང་། གཞན་དབང་རང་ལས་སྐྱེ་བའི་ངོ་བོ་ཉིད་མེད་པ་དང་། ཡོངས་གྲུབ་ནི་དོན་དམ་པ་ཡིན་པས་དོན་དམ་གྱི་ངོ་བོ་ཉིད་མེད་པའོ། །ཞེས་འཆད་དེ། དགོངས་པ་ངེས་པར་འགྲེལ་པ་ལ་སོགས་པའི་དགོངས་པ་ནི་དེ་ཁོ་ན་ལྟར་ཡིན་ལ། སློབ་དཔོན་བློ་བརྟན་གྱིས་ཀྱང་གཞུང་འདི་དེ་ལྟར་བཀྲོལ་ལོ་ཞེས་གྲགས་མོད་ཀྱི། སློབ་དཔོན་འདི་དེ་ལྟར་མི་བཞེད་དོ། །དེ་ལྟར་སྤྱིའི་དོན་བཤད་ནས་གཞུང་འདིའི་མཚན་གྱི་དོན་ནི་འདི་དབུ་མ་ཐམས་ཅད་ཀྱི་རྩ་བའམ་མདོར་བསྟན་ཡིན་པ་དང་། བདེན་གཉིས་ལ་དམིགས་པའི་ཤེས་རབ་བསྐྱེད་པས་ཤེས་རབ་སྟེ་ཡུལ་ཅན་གྱི་ཡུལ་ལ་བཏགས་པ་ཡིན་ནོ། །གཞུང་གི་དོན་ལ་རབ་ཏུ་བྱེད་པའམ་ལེའུ་ཉི་རྩ་བདུན་ཡོད་པ་ལས་ཉི་ཤུ་རྩ་ལྔ་པ་ཐེག་པ་ཆེན་པོའི་ལུགས་ཀྱི་དོན་དམ་པ་དང་། ཕྱི་མ་གཉིས་ཀྱི་ཉན་ཐོས་ཀྱི་ལུགས་ཀྱི་དོན་དམ་པ་སྟོན་པ་རང་འགྲེལ་ལས་བཤད་དོ། །དེ་ལ་ལེའུ་དང་པོ་རྐྱེན་བརྟགས་པ་ལ་མཆོད་པར་བརྗོད་པ་དང་། སྐྱེ་བ་དགག་པ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གསུམ་གྱི་དང་པོ་ནི་གང་ཟག་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ་རྫོགས་པའི་སངས་རྒྱས་དེ་ལ་ཕྱག་འཚལ་ལོ། །ཞེས་ཚིག་རྣམ་པར་སྦྱར་རོ། །དེ་ཅི་འདྲ་བ་ཡིན་ཞེས་ན། སྨྲ་བ་རྣམས་ཀྱི་དམ་པ་ཞེས་གསུངས་ཏེ་དགེ་སློང་དང་བྲམ་ཟེ་དང་ལྷ་དང་བདུད་དང་ཚངས་པ་ལ་སོགས་པ་སྨྲ་བ་ཐམས་ཅད་ཀྱི་ཤེས་བྱའི་གནས་ལུགས་སྟོན་མ་ཤེས་པ་དེ་བསྟན་པའི་ཕྱིར་རོ། །ཤེས་བྱའི་གནས་ལུགས་ནི་རྟེན་འབྲེལ་འགགས་པ་མེད་པ་ལ་སོགས་པའི་ཁྱད་པར་དང་ལྡན་པ་སྟེ་འདིར་སྐྱེ་བའི་སྒྲ་སྔོན་ལ་སྨོས་པར་རིགས་ཀྱང་དེར་སྔར་སྨོས་པ་ནི་སཾ་སྐྲྀ་ཏའི་སྡེབ་སྦྱོར་གྱི་དོན་ཡིན་ནོ། །ཞེས་རང་འགྲེལ་ལས་བཤད་པ་དེ་ཉིད་ཡིན་ནོ། །བཙུན་པ་སྤྱན་རས་གཟིགས་ཀྱི་འགྲེལ་བཤད་ལས་མདོ་མཛད་པ་ལ་རང་གི་འགྲེལ་པ་གང་ལས་འཇིགས་མེད་དུ་བཤད་པ་ཞེས་འབྱུང་བ་ཡིན་ནོ། །དགག་པའི་ཁྱད་པར་བརྒྱད་སྨོས་པ་ནི་དགག་བྱ་བརྒྱད་པོ་དེའི་ཚིག་གིས་མངོན་པར་ཞེན་པ་དེ་བཟློག་པའི་ཕྱིར་ཡིན་ནོ། །ཞེས་རང་འགྲེལ་ལས་བཤད་ལ། བཙུན་པ་སྤྱན་རས་གཟིགས་རྟུལ་ཞུགས་ཀྱི་མདོ་ལས་དེ་ལྟར་བཤད་དོ་ཞེས་མདོ་དྲངས་སོ། །བཀག་པའི་ཁྱད་པར་བརྒྱད་པོ་འདི་ཀུན་རྫོབ་ཀྱི་ཁྱད་པར་དུ་འཆད་པ་དེ་ནི་མ་ཡིན་ཏེ་རང་འགྲེལ་ལས་འདིས་ནི་དོན་དམ་པའི་བདེན་པ་བསྟན་པ་ཡིན་ནོ། །ཞེས་བཤད་པའི་ཕྱིར་དང་། ཀུན་རྫོབ་ཏུ་ནི་མཐའ་བརྒྱད་དུ་སྣང་བ་ཡོད་པའི་ཕྱིར་རོ། །དེ་ལ་ཆད་པ་མེད་པ་ནི་འཁོར་འདས་ཀྱི་རྟེན་འབྲེལ་ལ་རྒྱུན་གཏན་ནས་ཆད་པ་ནི་མེད་དེ་སྣོད་ཞིག་པ་རྣམས་ཀྱང་ཡང་འབྱུང་བའི་ཕྱིར་དང་། དགྲ་བཅོམ་པ་ཤི་བ་རྣམས་ཀྱང་འདིའི་ལུགས་ཀྱི་དག་པའི་འཇིག་རྟེན་དུ་ཡང་སྐྱེ་བར་འདོད་པའི་ཕྱིར་རོ། །རྟག་པ་ནི་གཏན་མི་འགྱུར་བ་སྟེ་དེ་ནི་འཁོར་འདས་གང་ལའང་མེད་དོ། །བྱེ་བྲག་པ་དང་གྲངས་ཅན་པ་གཉིས་རྒྱུ་འབྲས་ཐ་དད་དང་དོན་གཅིག་ཏུ་འདོད་པ་དེ་དགག་པའི་ཕྱིར་ཚིག་གཉིས་སྨོས་སོ། །ཞེས་རང་འགྲེལ་ལས་བཤད་མོད་ཀྱི་འོན་ཀྱང་རྟེན་འབྲེལ་ཐམས་ཅད་གཅིག་དང་དུ་བྲལ་དུ་གནས་པ་ཡིན་ཏེ། བསྟོད་པ་ལས། གཅིག་དང་གཞན་གཉིས་སྤངས་པས་ན། ཇི་ལྟ་བུ་ཡང་དངོས་མ་མཆིས། ཞེས་བཤད་པ་བཞིན་ནོ། །དེ་འདྲ་བའི་སྤྲོས་པ་བརྒྱད་ཞི་ཞིང་གཞུང་འདིར་འགོག་པའི་སྤྲོས་པ་གཞན་ཡང་ཞི་བའམ་ཡང་ན་ཞི་བ་མྱ་ངན་འདས་ཀྱི་དོན་དུ་བསྟན་པ་ཞེས་སྦྱར་རོ། །གཞུང་འདིར་བཀག་པའི་སྤྲོས་བྲལ་ཐམས་ཅད་ནི་ལུང་རིགས་ཀྱི་དཔྱད་པ་མཐུན་པའི་དོན་དམ་ཡིན་ཏེ་བདེན་གཉིས་ལས། སྐྱེ་སོགས་བཀག་པ་དོན་དམ་དང་། །མཐུན་པའི་ཕྱིར་ཡང་འདོད་པ་ཡིན། །ཞེས་བཤད་དོ། །འདིས་ནི་འདིའི་དགོས་འབྲེལ་བཞི་བསྟན་པ་ཡིན་ཏེ། འཁོར་འདས་ཀྱི་བརྟེན་ཅིང་འབྲེལ་བར་འབྱུང་བ་སྤྲོས་པ་དང་བྲལ་བ་ནི་བརྗོད་བྱའོ། །དེ་དག་ཇི་ལྟར་གནས་པ་བཞིན་རྟོགས་ནས་དེ་དག་བདག་དང་གཙོ་བོ་དང་དབང་ཕྱུག་དང་དུས་དང་སྒྲའི་ཚངས་པ་དང་རྡུལ་ཕྲན་རྟག་པ་སྟེ་མི་མཐུན་པའི་རྒྱུ་དང་རྒྱུ་མེད་པ་དང་རྟག་ཆད་ཀྱི་ལྟ་བ་བཟློག་པ་ནི་སྒྲུབ་པ་དང་དགག་པའི་དགོས་པ་ཡིན་ནོ། །རྟེན་འབྲེལ་སྤྲོས་བྲལ་དེ་ཐབས་སྙིང་རྗེ་ལ་སོགས་པ་དང་ལྡན་པར་གོམས་པར་བྱས་པས་ཆོས་སྐུ་ཐོབ་པ་ནི་དགོས་པའི་དགོས་པ་ཡིན་ནོ། །དེ་དགོས་པ་ལས་བྱུང་བ་དང་། དགོས་པ་བསྟན་བཅོས་ལས་བྱུང་བ་ནི་འབྲེལ་བ་ཡིན་ནོ། །དེ་སྐད་དུ་རིན་ཆེན་ཕྲེང་བ་ལས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེའི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་བཤད་དོ། །རྟེན་འབྲེལ་གྱི་སྒྲའི་དོན་ནི་རྟེན་ཅིང་ནི་ལྟོས་པ་དང་འབྲེལ་བ་ཕྲད་པ་དང་འབྱུང་བ་སྐྱེ་བ་ཡིན་ཏེ་དེ་དང་དེ་ལ་བརྟེན་ཅིང་ཕྲད་ནས་འབྱུང་བ་ཞེས། ཤེས་རབ་སྒྲོན་མ་ནས་བཤད་དོ། །ཡང་ན་པྲ་ཏྲི་དྱ་ཞེས་པ་ཕྲད་པའམ་ལྟོས་པ་ལ་འཇུག་ལ། པ་ཏ་ཞེས་བྱ་མྱ་ངན་འདས། །རྐང་པ་ཆ་དང་ཡུད་ཙམ་དང་། །གཞི་དང་བདེན་གཉིས་རྐང་པའི་ཕྱོགས། །རྗེས་དང་ཚིག་ལ་ཡོད་པ་ཡིན། །ཞེས་འབྱུང་ཡང་ས་མུད་གོང་ན་ཡོད་པའི་པ་ཏ་ནི་འབྱུང་བ་ལ་འཇུག་ལ། ཕྲད་པ་ནི་བར་མ་ཆད་པ་ཡིན་པས་རྒྱུ་རྐྱེན་ལ་ལྟོས་ནས་བར་མ་ཆད་པར་འབྱུང་བ་ཡིན་ལ། སྒྲ་དེས་དེ་ལ་མ་ལྟོས་པ་རང་བྱུང་གི་སྐྱེ་བ་བཀག་པ་ཡིན་ཏེ། རིགས་པ་དྲུག་ཅུ་པ་ནས། དེ་དང་དེ་འདྲེན་གང་འབྱུང་བ། །རང་གི་དངོས་པོར་དེ་མ་སྐྱེས། །ཞེས་འབྱུང་བ་ཡིན་ནོ། །དེས་ན་རྟེན་འབྲེལ་གྱི་སྒྲ་ནི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལས་མ་བྱུང་བའི་རྒྱུ་འབྲས་རྣམས་མི་སྟོན་པ་ཡིན་ལ། དེ་ཡང་མཛོད་ལས། །འདིར་ནི་འབྱུང་བ་རྒྱུ་ཡིན་ཏེ། །བྱུང་བ་འབྲས་བུ་ཡིན་པར་འདོད། །ཅེས་རྐྱེན་ཡོད་མེད་ཀྱིས་དོན་ཐ་དད་སྟོན་པར་བཤད་དོ། །དེ་ཙམ་ལས་གཞན་པའི་སྤྲོས་པ་མང་པོ་ནི་གདུལ་བྱ་བློ་འཁྲུགས་པར་འགྱུར་ལ་གཞུང་འདི་ནི་བསྟན་བཅོས་ཀྱི་ལུགས་ཀྱང་ཡིན་པས་རྒྱས་པར་འཆད་པར་འགྱུར་རོ། །གཉིས་པ་སྐྱེ་བ་དགག་པ་མདོར་བསྟན་པ་ནི་བདག་ལས་ཞེས་པའོ། །འདི་ལ་སློབ་དཔོན་ལེགས་ལྡན་འབྱེད་མཐའ་བཞིའི་སྐྱེ་བ་བཀག་པ་བསྒྲུབ་བྱ་དང་། དངོས་པོ་ཞེས་པ། གཏན་ཚིགས་སུ་འཆད་པ་དེ་ནི་མ་ཡིན་ཏེ། རང་འགྲེལ་ལས། རིམ་པ་བཞི་པོ་དེ་དག་གིས་དངོས་པོ་རྣམས་སྐྱེ་བར་མི་འཐད་པ་དེའི་ཕྱིར་བྱ་བ་དང་། རིམ་པ་བཞི་པོ་གང་དག་གིས་དངོས་པོ་རྣམས་སྐྱེ་བ་མེད་པར་དཔྱད་པ་དེ་ཞེས་སྔ་མ་བཞི་འཐད་པ་དང་ཕྱི་མ་འཐད་པ་ལས་བྱུང་བར་གསལ་པོར་བསྟན་པའི་ཕྱིར་རོ། །དེས་ན་དངོས་པོ་གང་དག་ཆོས་ཅན་ཡུལ་གང་ན་ཡང་དུས་ནམ་ཡང་སྐྱེས་པ་ཡོད་པ་མ་ཡིན་ཏེ་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་ལས་མ་སྐྱེས་པའི་ཕྱིར་ཞེས་བརྗོད་དེ་ཁྱབ་བྱེད་མ་དམིགས་པ་ཡིན་ནོ། །དེ་ལ་གྲངས་ཅན་རྣམས་ནི། ཞོ་གང་ཡིན་པ་དེ་འོ་མ། འོ་མ་གང་ཡིན་དེ་ཞོ་ཞེས། དྲག་པོ་ལེན་གྱིས་བཤད་པ་སྟེ། དེ་བཞིན་འབིགས་བྱེད་གནས་པའང་། འཆད་བྱེད་རྒྱུ་འབྲས་རྫས་གཅིག་ཏུ་འདོད་པས་རང་ལས་རང་སྐྱེ་བར་འདོད་དེ། དེ་ལའང་འབྲས་བུ་རང་གྲུབ་ན་སྐྱེ་བ་དོན་མེད་པར་འགྱུར་ཏེ་བུམ་པ་གྲུབ་ཟིན་པའང་རྫ་མཁན་ལས་སྐྱེ་བར་ཐལ་བའི་ཕྱིར་རོ། །རང་མ་གྲུབ་ནའང་རང་ལས་མི་སྐྱེ་བར་འགྱུར་ཏེ་རི་བོང་གི་རྭའང་རང་ལས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དངོས་པོར་སྨྲ་བ་གཞན་རྣམས་ནི་གཞན་ལས་སྐྱེ་བར་འདོད་དེ་གཞན་དེའང་ཞིག་ན་རྒྱུ་མེད་དང་། མ་ཞིག་ན་དུས་མཉམ་པ་ལ་རྒྱུ་འབྲས་སུ་ངེས་བྱེད་མེད་དེ་གཡས་གཡོན་གྱི་རྭ་བཞིན་ནོ། །གྲངས་ཅན་ལྷ་བཅས་པ་དག་གཙོ་བོ་དང་དབང་ཕྱུག་གཉིས་ལས་སྐྱེ་བ་དང་གཅེར་བུ་པ་རྣམས་གསེར་དང་མགར་བ་གཉིས་ལས་གསེར་རྒྱན་སྐྱེ་བས་རང་གཞན་གཉིས་ཀ་ལས་སྐྱེ་བར་འདོད་པ་དེའང་མི་རུང་སྟེ། སྐྱོན་སྔ་མ་གཉིས་སུ་འགྱུར་བའི་ཕྱིར་རོ། །འཇིག་རྟེན་རྒྱང་འཕེན་པ་རྣམས་དང་། །དངོས་པོ་རྣམས་ཀྱི་སྐྱེ་བ་ནི། །ཐམས་ཅད་རྒྱུ་ལས་སྐྱེ་བ་མེད། །ཇི་ལྟར་ཚེར་མ་ལ་སོགས་ཀྱི། །རྣོ་བ་ལ་སོགས་རྒྱུ་མེད་དེ། །གློ་བུར་བ་ཉིད་ཡིན་པ་ལྟར། །དེ་བཞིན་སྡུག་བསྔལ་སོགས་རྒྱུ་མེད། །ཅེས་ཟེར་བ་དེའང་མི་རིགས་ཏེ་རྒྱུ་མེད་ན་རེས་འགའ་བ་མ་ཡིན་པར་འགྱུར་བའི་ཕྱིར་རོ། །སློབ་དཔོན་སྣང་བྲལ་ནི་རྒྱུ་མེད་སྣང་བ་ལ་དགག་པའི་སྒྲར་བྱས་ནས་མུ་སྟེགས་པ་འདོད་པའི་རྒྱུ་རྣམས་ལའང་འཆད་དོ་ཡང་ན་གཞན་མུ་སྟེགས་བྱེད་ཀྱི་བརྟགས་པའི་སྐྱེ་བ་འགོག་ན་འདི་ལྟར་སྦྱར་ཏེ། དངོས་པོ་རྣམས་ཆོས་ཅན་མཐའ་བཞི་ལས་སྐྱེ་བ་མེད་དེ་སྐྱེ་བ་ཙམ་མེད་པའི་ཕྱིར་ནམ་མཁའ་བཞིན་ཞེས་བརྗོད་དེ་ཁྱབ་བྱེད་མ་དམིགས་པ་ཡིན་ནོ། །དེ་ལ་བདག་ནི་གང་ཟག་གི་བདག་སྟེ་ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། བྲམ་ཟེས་འགྲོ་བ་རྣམས་ཀྱི་རྒྱུད། །སྐྱེས་བུ་རྟགས་ཡིན་ཞེས་བརྟགས་བྱ་བ་དང་། །སེར་སྐྱ་ལ་སོགས་ཐར་པ་ཡི། །བདག་ནི་སྲིད་པའི་རྒྱུ་ཞེས་ཟེར། །ཞེས་འབྱུང་ངོ་། །དེ་ལ་འདིས་ཤེས་རིག་གི་བདག་རང་ཉིད་ཐར་པར་གནས་ཤིང་གཙོ་བོ་ཉི་ཤུ་རྩ་བཞི་སྲིད་པར་འཁོར་བའི་རྒྱུ་བྱེད་པར་འདོད་དོ། །རིགས་བྱེད་ཀྱི་མཐའ་གསང་བ་པ་རྣམས་ནི་སྲིད་པ་ཐམས་ཅད་དེ་ལས་སྐྱེས། །དར་གྱི་སྲིན་བུའི་སྐུད་པ་བཞིན། །ཞེས་བདག་དྲང་སྲོང་ཆེན་པོ་ཉི་མའི་མདོག་དང་རྣམ་ཤེས་དམ་པ་དང་ཤེས་པ་པོ་དང་ཀུན་གཞི་ཞེས་ཀྱང་བྱ་བ་དེས་འཁོར་འདས་ཐམས་ཅད་བསྐྱེད་པར་འདོད་དེ། དེ་ནི་ལྷ་དེའི་རྒྱུ་མ་ཡིན་ཞེས་བཤད་དོ། །གཉིས་པ་གཞན་ནི་དབང་ཕྱུག་གིས་སྤྲུལ་པའི་ཚངས་པ་གདོང་བཞི་པ་དང་། ཁྱབ་འཇུག་གི་ལྟེ་བའི་པདྨ་ལས་བྱུང་བའི་ཚངས་པ་གསེར་གྱི་སྐྱེ་གནས་ཅན་དང་། བརྡ་སྤྲོད་པ་རྣམས་ཀྱི་ཨོཾ་གྱི་བདག་ཉིད་ཅན་གྱི་སྒྲའི་ཚངས་པ་ལ་སོགས་པ་ཏེ། དབང་ཕྱུག་རྫ་མཁན་ལྟ་བུར་སྣ་ཚོགས་འདི་སྤྲུལ་བྱེད་པོར་མ་གྱུར་ན། ས་གཞི་འདི་མི་འགྲུབ་ཅིང་རི་རབ་འདི་མིན་རྒྱ་མཚོའང་མ་ཡིན་ཏེ། ཉི་ཟླ་སྐར་ལྡན་འདི་ལྟར་བཀོད་པ་འདི་དག་མིག་ཡུལ་དུ་མི་འགྱུར། ཡོད་པའི་ཕྱིར་ན་དབང་ཕྱུག་འགྲོ་བའི་བྱེད་པོ་ཡིན་ཞེས་ཁ་ཅིག་སྨྲ། ཞེས་བྱ་བ་དང་། དང་པོ་ཆུ་ནི་སྤྲུལ་པར་འགྱུར། །དེར་ནི་ས་བོན་བཅུག་གྱུར་པས། །དེ་ནི་གསེར་གྱི་སྒོ་ངར་འགྱུར། །དེ་ལས་ཚངས་པ་སྐྱེས་པ་ཡིན། །བྱ་བ་དང་། བཱ་ཏྲི་ཧ་རིས། ཐོག་མཐའ་མེད་པའི་ཚངས་པ་ནི། །སྒྲའི་དེ་ཉིད་གང་འཇིགས་མེད། །དེ་གྱུར་པ་ལས་དོན་རྣམས་བྱེད། །འགྲོ་བ་ཇི་ལྟར་བཞིན་དུ་སྤྱོད། །ཅེས་འབྱུང་བ་བཞིན་ནོ། །གཉིས་ནི་དེ་གཉིས་ཀའོ། །རྒྱུ་མེད་ནི་རྒྱང་འཕེན་པ་དང་ངོ་བོ་ཉིད་རྒྱུར་སྨྲ་བ་སྟེ། སྲན་ཟླུམ་ཚེར་མ་གཟེངས་རིང་རྣོ་བ་དང་། །རྨ་བྱའི་མཇུག་མ་མགྲིན་པའི་ཚོགས་བཀྲ་དང་། །ཕྱི་ནང་སྐྱེ་མཆེད་ཆོས་རྣམས་ཐམས་ཅད་ཀུན། །ངོ་བོ་ཉིད་ཀྱིས་བྱུང་སྟེ་རྒྱུ་ཡོད་མིན། །ཞེས་འབྱུང་བ་ཡིན་ནོ། །དེ་དག་ལ་སོགས་པ་ཐམས་ཅད་ནི་སྐྱེ་བ་ཙམ་བཀག་པས་ཁེགས་སོ། །འདི་དག་རྒྱས་པ་ནི་གྲུབ་མཐའ་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །ཁ་ཅིག་དབུ་མ་པའི་སྐྱེ་བ་ནི་རྟེན་འབྲེལ་གྱི་སྐྱེ་བ་ཞེས་བྱ་བ་མཐའ་ལྔ་པར་འདོད་དེ་དེ་ནི་སློབ་དཔོན་གྱིས་མཐའ་བཞིས་སྐྱེ་བ་ཐམས་ཅད་ཁེགས་པར་བཤད་པ་དང་འགལ་ཞིང་དབུ་མ་རྒྱན་གྱི་མེ་ཏོག་ཏུ་བསལ་ཟིན་ཏོ། །གཞུང་འདི་དམ་བཅའ་མི་འདོད་པ་འཕངས་པ་ན་ཐལ་འགྱུར་ཚུལ་གཉིས་སུའང་འགྱུར་མོད་ཀྱི་འགྲེལ་པ་བྱེད་པ་རྣམས་ཀྱིས་རྩ་བ་དང་མི་མཐུན་པའི་ཐལ་འགྱུར་བྱས་པ་དང་། སློབ་དཔོན་ལེགས་ལྡན་རང་རྒྱུད་ཀྱི་རྟགས་མེད་པའི་སར་ཡང་བྱེད་པ་དང་། སློབ་དཔོན་ཟླ་གྲགས་རང་རྒྱུད་ཡོད་པར་ཡང་མི་བྱེད་པ་ལ་སོགས་པ་ནི་སློབ་དཔོན་གྱི་དགོངས་པ་མ་ཡིན་པས་གཞུང་གིས་གང་ཐོབ་པ་དེ་བཤད་དོ། །དེ་བཞིན་དུ་སྐྱེ་བ་སོགས་པའི་དགག་བྱ་རྣམས་སོ་སོ་སྐྱེ་བོ་དང་འཕགས་པའི་རྗེས་ཐོབ་ན་ཡོད་ལ། མཉམ་བཞག་ན་མེད་པ་ནི་སེམས་ནང་དུ་བསྡུས་པས་དེས་དེ་ལ་མི་གནོད་དེ་གཟུགས་མེད་ཀྱི་སེམས་དང་གཉིད་ནང་གི་སེམས་ཀྱིས་དེ་ལ་མི་གནོད་པ་བཞིན་ནོ། །དེས་ན་ཟླ་གྲགས་ཀྱིས་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་འགོག་པ་དང་ཀུན་རྫོབ་ཏུ་འགོག་པ་གཉིས་ཀ་ནོར་ཏེ་ཡེ་ཤེས་ཀྱི་ཡུལ་ན་མེད་དེ་ཞེས་བཀག་པས་སོ་སོ་སྐྱེ་བོའི་བདེན་འཛིན་ལ་མི་གནོད་པའི་ཕྱིར་དང་། རིགས་པས་མ་དཔྱད་ན་བཀག་པ་མི་རྟོགས་ལ་དཔྱད་ན་དོན་དམ་ཡིན་པའི་ཕྱིར་རོ། །མཐར་ཐུག་གི་དོན་དམ་ལ་ནི་དགག་སྒྲུབ་མེད་དེ། བདེན་གཉིས་ལས། ཡང་དག་པར་ན་གཉིས་པོ་མེད། །གང་ཕྱིར་སྤྲོས་དང་བྲལ་བ་ནི། །ཡང་དག་འདོད་དེ་དེ་ཕྱིར་དེར། །གཏན་ཚིགས་ལ་སོགས་ཡན་ལག་མེད། །ཅེས་བཤད་དོ། །དེས་ན་སྐྱེ་བ་ལ་སོགས་པ་འགོ་པ་དང་སྒྱུ་མའི་དཔེ་བརྒྱད་ལ་སོགས་པར་སྒྲུབ་པ་ཐམས་ཅད་རྣམ་གྲངས་ཀྱི་དོན་ལ་བྱེད་པ་ཡིན་ནོ་ཞེས་དབུ་མ་རྒྱན་གྱི་མེ་ཏོག་ཏུ་བཤད་དོ། །སེམས་འགྲེལ་ལས། །གང་ཕྱིར་རྟག་པ་ཅིག་ཅར་དང་། །རིམ་གྱིས་ཀྱང་དོན་མི་བྱེད་པ། །དེ་ཉིད་ཕྱིར་ན་ཕྱི་ནང་དུ། །རྟག་པའི་དངོས་པོ་ཡོད་མ་ཡིན། །ཞེས་བྱ་བ་དང་། འཕགས་པ་ལྷས་ཡེ་ཤེས་སྙིང་པོ་ལས། །བློ་མཆོག་ལྡན་པས་རྣམ་པར་ཤེས། །དོན་དམ་མི་འདོད་གང་གི་ཕྱིར། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་ཕྱིར་ནམ་མཁའི་པདྨ་བཞིན། །ཞེས་བྱ་བ་ལ་སོགས་པས་རང་རྒྱུད་ཀྱི་རྟགས་ཤིན་ཏུ་གསལ་བར་བསྟན་པ་ཡིན་ནོ། །གསུམ་པ་སྐྱེ་བ་དགག་པ་རྒྱས་པ་བཤད་པ་ལ་དང་པོ་ཆོས་མངོན་པ་ནས་བཤད་པའི་རྐྱེན་རྗེས་སུ་བརྗོད་པ་ནི་འབྲས་བུ་བསྐྱེད་པའི་རྐྱེན་རྣམས་བཞི་སྟེ་ཞེས་སྨོས་ཏེ་དེ་ལ་རྒྱུ་རྐྱེན་གྱི་ཁྱད་པར་ནི་ཤེས་རབ་སྒྲོན་མ་ནས་རྒྱུའི་མཚན་ཉིད་ནི་ཐུན་མོང་མ་ཡིན་པ་དང་། གཅིག་པུ་དང་རང་གི་དོན་བྱེད་པ་དང་དེ་མ་ཐག་པ་དང་ཆ་མཉམ་པ་བསྐྱེད་པ་ལ་སོགས་པ་ཡིན་ནོ། །རྐྱེན་གྱི་མཚན་ཉིད་ནི་དེ་ལ་ཟློག་པ་ཐུན་མོང་བ་དང་། དུ་མ་དང་གཞན་གྱི་དོན་བྱེད་པ་དང་ཐག་རིང་བ་དང་ཆ་མི་མཉམ་པ་སྐྱེད་པ་ལ་སོགས་པ་ཡིན་ནོ། །ཞེས་བཤད་དོ་དེ་ལ་འབྲས་བུ་བསྐྱེད་པའི་ས་བོན་ནི་རྒྱུའི་རྐྱེན་ནོ། །དམིགས་པའི་ཡུལ་ནི་དམིགས་རྐྱེན་ནོ། །རྒྱུ་འབྲས་རིག་པར་མཚུངས་པའི་རིག་པ་སྔ་མ་ནི་དེ་མ་ཐག་པའི་རྐྱེན་ནོ། །རྐྱེན་གསུམ་ལས་གཞན་པ་འབྲས་བུ་ལ་དབང་བྱེད་པ་ནི་བདག་རྐྱེན་ནོ། །དེ་ལ་དམིགས་པ་དང་དེ་མ་ཐག་པ་གཉིས་ནི་རིག་པ་ཁོ་ནའི་རྐྱེན་ཡིན་གྱི་བེམ་པོ་རྣམས་ནི་གཞན་གཉིས་ལས་སྐྱེ་བ་ཡིན་ནོ། །དེའི་ཕྱིར་བེམ་པོ་ལ་རྐྱེན་བཞི་ཀ་རྩི་བ་ནོར་བ་ཡིན་ནོ། །རྐྱེན་དུ་འདོད་པ་ལྔ་པ་སྔར་བཤད་པའི་མུ་སྟེགས་པ་འདོད་པ་རྣམས་ནི་རྐྱེན་མ་ཡིན་ལ་གོས་དམར་དེ་ལ་སོགས་པས་བརྟགས་པ་མདུན་དུ་སྐྱེས་པ་དང་ཡོད་པ་དང་མེད་པ་རྣམས་ཀྱང་རྐྱེན་ཡིན་པ་རྣམས་ནི་བཞི་པོ་འདིར་འདུས་པའི་ཕྱིར་ཡོད་པ་མ་ཡིན་ནོ། །རྐྱེན་དེ་དག་ལ་མཐའ་བཞི་དགག་པ་ནི་དངོས་པོ་རྣམས་ཀྱི་རང་བཞིན་ཏེ་རང་གི་ངོ་བོ་ནི་རྐྱེན་བཞི་དང་ལ་སོགས་པ་མུ་སྟེགས་པས་བརྟགས་པའི་རྒྱུ་དེ་དག་ལ་ཡོད་མ་ཡིན་ཏེ་ཆོས་ཐམས་ཅད་ལ་རང་བཞིན་འགོག་པའི་ཕྱིར་རོ། །བདག་གི་དངོས་པོ་སྟེ་རང་གི་ངོ་བོ་ཡོད་མིན་ན། གཞན་དངོས་ཏེ་དེའི་ངོ་བོ་ཡོད་པ་མ་ཡིན་ཏེ་རང་གཞན་ནི་ལྟོས་ནས་འཇོག་པ་ལས་ལྟོས་ས་རང་མེད་པའི་ཕྱིར་རོ། །དེས་ན་དེ་གཉིས་སོ་སོ་ལས་སྐྱེ་བ་དང་གཉིས་ཀ་ལས་སྐྱེ་བ་ཁེགས་ལ་རྒྱུ་མེད་ལས་ཀྱང་མི་སྐྱེ་བས་རྩ་བའི་གཏན་ཚིགས་དེ་མ་གྲུབ་པ་མ་ཡིན་ནོ། །སློབ་དཔོན་ནི་རྩ་བའི་མཐའ་བཞི་སྐྱེ་བྲལ་དེར་བཞེད་ལ་དེས་ན་འདི་རང་འགྲེལ་ན་རྐྱེན་བཞིའི་གོང་ན་ཡོད་པ་དེ་ལེགས་ཏེ་འདིས་གཏན་ཚིགས་སྒྲུབ་པའི་ཕྱིར་རོ། །འགྲེལ་པ་མཁན་པོས་འོག་ཏུ་ཕྱུང་བ་ནི་མ་འབྲེལ་བ་ཡིན་ནོ། །འགྲེལ་པས་འབྲས་བུའི་དངོས་པོ་རྣམས་ཀྱི་རང་བཞིན་རྐྱེན་ལ་མེད་པའི་བཤད་པ་བྱས་པའང་ནོར་བ་ཡིན་ནོ། །རང་འགྲེལ་ན་ཁོ་བོས་བཤད་པ་དེ་ཁོ་ན་ལྟར་ཡོད་དོ། །རྐྱེན་གྱི་བྱ་བ་དགག་པ་ནི་བཞི་པོ་དེ་དག་གིས་འབྲས་བུ་སྐྱེ་བའི་བྱ་བ་བྱེད་པར་འདོད་པ་དེ་དེ་ལ་བྱ་བ་རྐྱེན་དང་ལྡན་པ་མ་ཡིན་ཏེ་ཆོས་ཐམས་ཅད་བྱ་བྱེད་མེད་པར་སྟོན་པའི་ཕྱིར་རོ། །རྐྱེན་དང་མི་ལྡན་ཏེ་དེ་མེད་པའི་བྱ་བ་མེད་དེ་རྐྱེན་མེད་པར་འབྲས་བུ་སྐྱེ་བའི་བྱ་བ་མ་མཐོང་བའི་ཕྱིར་རོ། །འབྲས་བུ་སྐྱེ་བའི་བྱ་བ་དང་མི་ལྡན་པ་ནི་རྐྱེན་མ་ཡིན་ཏེ་ཧ་ཅང་ཐལ་བའི་ཕྱིར་རོ། །རྐྱེན་དེ་བྱ་བ་དང་ལྡན་ནམ་འོན་ཏེ་མི་ལྡན་ཡང་རུང་འདི་དག་ལ་བརྟེན་ཏེ་སྐྱེ་བ་དེ་ཕྱིར་འདི་དག་རྐྱེན་ཅེས་གྲགས་ནི་ཕྱི་ནང་གི་རྐྱེན་གྱི་འདོད་པ་སྟོན་པ་སྟེ་ལོ་དང་ཞེའོ་བྱ་བ་ཡང་དེ་བཞིན་ནོ། །དེ་ལ་འདི་སྐད་དུ་ཇི་སྲིད་འབྲས་བུ་མི་སྐྱེ་བ་དེ་སྲིད་དུ་རྐྱེན་འདི་དག་འབྲས་བུའི་རྐྱེན་མིན་ཇི་ལྟར་མིན་མི་སྐྱེ་བ་རྐྱེན་ཡིན་ན་ཧ་ཅང་ཐལ་བའི་ཕྱིར་རོ། །འབྲས་བུ་མེད་དམ་ཞེས་བསྟན་ནས་མེད་ན་དེ་གང་གི་རྐྱེན་དུ་འགྱུར་དམུས་ལོང་ལ་མིག་ཤེས་མེད་པས་དེ་དེའི་རྐྱེན་མ་ཡིན་པ་བཞིན་ནོ། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ་སངས་རྒྱས་ལ་དུས་གསུམ་མཁྱེན་པ་ཡོད་པས་དེའི་རྐྱེན་མི་དགོས་པ་ཡིན་ནོ། །དེ་ལྟར་རྐྱེན་སྤྱིར་བཀག་ནས་སོ་སོར་དགག་པ་ལ་རྒྱུའི་རྐྱེན་དགག་པ་ནི་གང་ཚེ་འབྲས་བུའི་ཆོས་ནི་རྒྱུ་ལ་ཡོད་པ་དང་མེད་པ་དང་ཡོད་མེད་འགལ་བ་ཅིག་ལ་མི་སྲིད་པས་མི་སྒྲུབ་པ་ཇི་ལྟར་སྒྲུབ་བྱེད་ཀྱི་རྒྱུ་ཞེས་བྱ། གསུམ་ག་མི་སྒྲུབ་པ་དེ་ལྟ་ཡིན་པའི་ཕྱིར་ན་རྒྱུའི་རྐྱེན་དུ་མི་རིགས་ཏེ་ཧ་ཅང་ཐལ་བའི་ཕྱིར་རོ། །ན་ཕལ་ཆེར་ནི་གཏན་ཚིགས་སུ་ལྟའོ། །དམིགས་རྐྱེན་ལུང་གིས་དགག་པ་ནི་མ་དཔྱད་ན་ཡིན་པའི་ཆོས་སེམས་དང་སེམས་བྱུང་འདི་དམིགས་མེད་དུ་བསྟན་པ་ནི་ཡུམ་ལས་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་དག་ཏུ་ཆོས་གང་བསྟན་པ་དེ་ནི་རོ་གཅིག་པ་དམིགས་པ་མེད་པ་ཁོ་ན་ཡིན་ནོ། །ཞེས་གསུངས་པ་སྟེ་ཁོ་ན་ནི་དམིགས་པ་སེལ་བའི་ངོས་བཟུང་ངོ་། །དེ་ལྟར་ཞེས་བྱ་བ་ནི་སངས་རྒྱས་ཀྱིས་དམིགས་མེད་དུ་བསྟན་པ་དེ་རྐྱེན་བཞི་སྨྲ་བ་ཁྱེད་ཇི་ལྟར་དམིགས་བཅས་སུ་སྟོན། དམིགས་པ་རིགས་པས་དགག་པ་ནི་འཆད་པར་འགྱུར་རོ། །དེ་མ་ཐག་རྐྱེན་དང་འགག་པ་དུས་གཅིག་ཏུ་དགག་པ་ནི་བཤད་ཟིན་དང་འཆད་འགྱུར་གྱི་རིགས་པས་ཆོས་རྣམས་ཞེས་པ་སྟེ་ཁྱབ་བྱེད་མ་དམིགས་པ་ཡིན་ནོ། །འགག་པ་མེད་པ་དེའི་ཕྱིར་བྱ་བ་དེ་མ་ཐག་པ་དང་འགགས་མ་ཐག་པ་ནི་རྣམས་གྲངས་ཡིན་པའི་ཕྱིར་རོ། །དེ་མ་འགགས་ན་འགགས་མ་ཐག་པར་མི་འཐད་ལ་འགགས་ན་དེ་རྐྱེན་ཡང་གང་ཞིག་ཡིན་མེད་པ་ནི་རྐྱེན་མ་ཡིན་པའི་ཕྱིར་རོ། །ཚིག་རྐང་པ་ཕྱི་མ་གཉིས་གོ་བསྣོལ་གྱི་དེ་ལྟར་སྦྱར་བ་ནི་སྡེབ་སྦྱོར་གྱི་དོན་ཡིན་ནོ། །ཞེས་ཟླ་གྲགས་ཀྱིའོ། །བདག་རྐྱེན་དགག་པ་ནི་གང་གི་ཕྱིར་དངོས་པོ་རང་བཞིན་ཏེ་རང་གི་ངོ་བོ་མེད་རྣམས་ཀྱི་རྒྱུ་འབྲས་ཀྱི་ཡོད་པ་དེ་རང་གི་ངོ་བོའི་ཡོད་པ་མིན་ན་སྟེ་མིན་པའི་ཕྱིར་བདག་གམ་དབང་བྱེད་པ་འདི་ཡོད་པས་ཞེས་སྦྱར་ཏེ་གཉིས་ཀ་ལ་རང་གི་ངོ་བོ་མེད་པའི་ཕྱིར་རོ། །འདི་འདྲ་བའི་གཞུང་ཐམས་ཅད་སྦྱོར་བ་ལ་དགའ་ན་ཐལ་འགྱུར་རམ་རང་རྒྱུད་གང་འཐད་པར་བཤད་དོ། །དེ་ལྟར་ན་རྐྱེན་རྣམས་ཞེས་པ་ལ་མེད་པའི་དོན་སྒྲ་ཇི་བཞིན་པའམ་ཡང་ན་དེ་གཉིས་ཀྱིས་མི་སྐྱེད་པ་ལ་བཤད་དོ། །ཅི་སྟེ་ཞེས་བྱ་བས་བཟློག་པ་ལ་གནོད་པ་ཅན་སྟོན་པ་ཡིན་ནོ། །འབྲས་བུ་མེད་པས་རྐྱེན་དང་རྐྱེན་མ་ཡིན་པའང་མེད་པ་ནི་འབྲས་བུ་རྐྱེན་ལས་བྱུང་བ་ཡིན་ན་ཞེས་པ་སྟེ་དེ་རང་ལས་མ་བྱུང་བ་ནི་རང་སྐྱེ་མེད་པའི་ཕྱིར་རོ། །དེས་ན་རྒྱུ་ཐམས་ཅད་རང་བྱུང་མིན་པར་རྒྱུ་ཐུག་པ་མེད་ལས་བྱུང་བའི་འབྲས་བུ་གང་ཡིན་པ་དེ་ནི་ཅི་ལྟར་རྐྱེན་ལས་བྱུང་སྟེ་བྱུང་པར་འདོད་པའི་རྐྱེན་རྣམས་ནི་རང་གི་ངོ་བོར་མ་གྲུབ་པའི་ཕྱིར་རོ། །རྐྱེན་མ་གྲུབ་པ་དེ་ཕྱིར་བྱ་བ་དང་རྐྱེན་དང་རྐྱེན་མིན་གཉིས་ཀ་ལས་མ་བྱུང་བའི་འབྲས་བུ་མེད་པས་འབྲས་ལ་ལྟོས་པའི་རྐྱེན་དང་རྐྱེན་མིན་ག་ལ་འགྱུར་ཏེ་དོན་དམ་པར་མེད་དོ། །བཞི་བརྒྱ་པ་ལས། བུམ་པ་རྒྱུ་ལས་གྲུབ་འགྱུར་ཞིང་། །རྒྱུ་ཡང་གཞན་ལས་གྲུབ་འགྱུར་བས། །གང་ཞིག་རང་གི་གྲུབ་མེད་པ། །དེས་གཞན་བསྐྱེད་པ་ཇི་ལྟར་འགྱུར། །ཞེས་བཤད་དོ། །འདིར་འབྲས་བུ་རྐྱེན་གྱིས་རང་བཞིན་ན། །རྐྱེན་རྣམས་བདག་གི་རང་བཞིན་མིན། །བྱ་བ་དང་། གཞན་དུ་ཡང་རང་འགྲེལ་དང་མི་མཐུན་པའི་གཞུང་འདོན་ལུགས་མི་འདྲ་བ་མང་པོ་དང་བཤད་པ་མི་མཐུན་པ་མང་པོ་འགྲེལ་པ་མཁན་པོ་རྣམས་ཀྱིས་བྱས་པ་དེ་ནི་སློབ་དཔོན་གྱིས་དགོངས་པ་མ་ཡིན་པར་རང་འགྲེལ་ཉིད་ལས་ཤེས་པས་སྤང་བར་བྱའོ། །སློབ་དཔོན་གྱིས་བཀག་པ་རྣམས་ཀྱང་། བྱ་བ་བྱེད་པ་དང་ལྟོས་པ་དང་འཐད་པ་སྒྲུབ་པ་དང་ཆོས་ཉིད་ཀྱི་རིགས་པ་བཞི་སངས་རྒྱས་ཀྱིས་གསུངས་པ་རྣམས་ཀྱིས་ལན་གདབ་པར་ནུས་པ་རྣམས་ནི་ལྟག་ཆོད་དུ་འགྱུར་སྲིད་དེ་འདིར་དགག་པར་མི་བྱའི་ཁོ་བོས་བྱས་པའི་ཚད་མ་ཀུན་ལས་བཏུས་ཀྱི་ཊཱི་ཀར་བལྟའོ། །དཔེར་ན་འབྲས་བུ་མེད་མཉམ་ལ་རྐྱེན་ལས་སྐྱེ་ལ་རྐྱེན་མིན་ལས་སྐྱེ་བ་ནི་གཉིས་པོ་དེའི་ཆོས་ཉིད་ཡིན་ནོ། །ཞེས་པ་བཞིན་ཏེ་མ་ཏི་ཙི་ཏྲས། རིགས་པའི་ནང་ནས་ཆོས་ཉིད་ལྟར། །ཁྱོད་ནི་ལུས་ཅན་ཀུན་གྱི་མཆོག །ཅེས་བཤད་པ་བཞིན་ནོ། །དབུ་མ་རྩ་བའི་བཤད་པ་རྒྱན་གྱི་མེ་ཏོག་ལས་རྐྱེན་བརྟག་པའི་རབ་ཏུ་བྱེད་པ་དང་པོ་བཤད་ཟིན་ཏོ།།  །།

 

འགྲོ་འོང་བརྟག་པ།

འགག་པ་མེད་པ་སྐྱེ་མེད་པ་བཤད་ནས་འོང་བ་མེད་པར་མདོ་ལས་གསུངས་པ་དེ་བཤད་པའི་ཕྱིར་རེ་ཤིག་ཅེས་འགོག་པའི་རིམ་པ་སྟོན་པའི་སྒྲ་གསུངས་སོ། །སོང་ཟིན་གྱི་ལམ་ལ་འགྲོ་བ་མེད་དེ་སོང་ཟིན་པའི་ཕྱིར་རོ། །མ་སོང་བའི་ལམ་ལ་འགྲོ་བ་མེད་དེ་དེར་མ་ཕྱིན་པའི་ཕྱིར་རོ། །དེ་ལྟར་འདས་མ་འོངས་ལ་འགྲོ་བ་བཀག་ནས་ད་ལྟར་བ་ལ་འགོག་པ་ནི་དེ་གཉིས་མ་གཏོགས་པའི་བགོམ་པ་སྟེ་འགོང་པ་ཤེས་པར་མི་འགྱུར་ཏེ་གོམ་པ་འདེགས་བཞིན་པའི་ཚེ་ན་ས་དེའི་ཆ་ཤས་ཕྲ་མོའང་སོང་མ་སོང་གཉིས་ལས་མི་འདའ་བའི་ཕྱིར་རོ། །དེ་ལ་གལ་ཏེ་གང་ན་གཡོ་བ་དེ་ན་འགྲོ་བ་ཡོད་ལ་གཡོ་བ་དེ་ཡང་གང་ཕྱིར་སྟེ་འདི་ལྟར་བགོམ་པ་ལ་ཡོད་ལ་གཡོ་བ་དེ་ནི་སོང་མ་སོང་གཉིས་ཀ་མིན་པ་དེ་ཕྱིར་བགོམ་ལ་འགྲོ་བ་ཡོད་དོ་ཞེས་ན། དེ་དགག་པའི་ཕྱིར་བགོམ་ལ་ཞེས་སྨོས་ཏེ། དེའི་རྒྱུ་མཚན་གང་ཚེ་སྟེ་གང་ཕྱིར་འགྲོ་བ་མེད་པའི་བགོམ་པ་མི་འཐད་ལ་རྐང་པ་གཡོ་བའི་འགྲོ་བ་ནི་སོང་མ་སོང་གཉིས་ཀྱིས་བསྡུས་པས་དི་གཉིས་ཀ་མ་ཡིན་པར་མི་རུང་བའི་ཕྱིར་རོ། །རྒོལ་བ་གང་གི་ཞེས་བྱ་བའི་བགོམ་པ་ཁོང་དུ་ཆུད་པ་ནི་བཤད་ཟིན་པ་སྟེ་སོང་མ་སོང་གཉིས་ལས་གཞན་པའི་བགོམ་པ་མེད་ལ་དེ་ལ་འགྲོ་བ་བཀག་ཟིན་པའི་ཕྱིར་རོ། །འདིར་ཡང་བགོམ་པ་ལ་འགྲོ་བ་ཡིན་ཕྱིར་རོ་བྱ་བ་ནི་ནོར་བ་ཡིན་ནོ། །དེ་ལ་སྐྱོན་གཉིས་པ་བརྗོད་པའི་གྲོ་བ་གཉིས་སུ་འགྱུར་བ་ནི་གང་གི་བགོམ་པའི་འགྲོ་བ་དེ་དང་འགོང་པ་དེ་ལ་ཡོད་པའི་འགྲོ་བ་གཉིས་བྱུང་བས་སོ། །ཐལ་བ་དེར་གྱུར་ན་བྱེད་པ་པོའི་གང་ཟག་དང་ལས་གྲངས་མཉམ་པས་འགྲོ་བ་པོའང་གཉིས་སུ་འགྱུར་ཏེ་དེ་གཉིས་ཡ་བྲལ་མི་རུང་བའི་ཕྱིར་ཞེས་སྟོན་པར་འགྱུར་བའི་རྒྱུ་མཚན་གང་ཕྱིར་འགྲོ་པོ་ཞེས་པའོ། །དུས་གསུམ་ལ་བརྟེན་པའི་འགྲོ་བ་དགག་པ་ནི་གལ་ཏེ་འགྲོ་པོ་བྱ་བས་ནི་དེ་གཉིས་ཕན་ཚུན་རྟེན་པས་མེད་པར་སྟོན་ནོ། །རེ་ཞིག་འགྲོ་པོ་བྱས་པས་ནི་གཉིས་པོ་དེ་དངོས་འགལ་ཡིན་པས་གསུམ་པ་མི་སྲིད་པ་སྟོན་ནོ། །བརྟག་པ་དང་པོ་རེ་ཞིག་བྱ་བ་ལ་སོགས་པའི་རྒྱས་པར་འཆད་དེ། འགྲོ་བ་མེད་པ་ནི་གཏན་ཚིགས་སོ། །སྐྱོན་གཉིས་པ་འགོད་པ་ནི་གང་གི་ཞེས་པ་སྟེ་ཁྱད་པར་མེད་པའི་ཁྱད་པར་ཅན་དུ་ཐལ་བ་སྟེ་འགྲོ་པོ་ཡིན་པར་ཞེས་འཐད་ཀྱི་འགྲོ་སྒྲ་ཡིན་པ་ནོར་རོ། །འགྲོ་པོ་འགྲོ་བར་འདོད་པ་ནི་རྗེས་སུ་བརྗོད་པ་སྟེ་རྟགས་ནི་འགྲོ་བ་བཀག་ཟིན་པས་མེད་པའི་ཕྱིར་འགྲོ་བ་གཉིས་སུ་ཐལ་བ་ནི་ད་ལྟར་འགྲོ་བར་མངོན་པ་དང་འགྲོ་པོར་གྱུར་ནས་ཕྱིས་འགྲོ་བ་སྟེ་གང་གིས་ནི་གཏན་ཚིགས་སོ། །འགྲོ་པོ་དང་འགྲོ་བ་ནི་གཅིག་ཁོ་ནར་འདོད་དོ། །འགྲོ་བའི་རྩོམ་པ་དགག་པ་ནི་སོང་ཟིན་པའི་ལམ་ལ་རྩོམ་པ་མེད་དེ་འདས་པའི་ཕྱིར་རོ། །མ་སོང་བའི་ལམ་ལའང་འགྲོ་བའི་རྩོམ་པ་མེད་དེ་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ། །བགོམ་པ་ལ་འགྲོ་བའི་རྩོམ་པ་མེད་དེ་དེ་གཉིས་ལས་གཞན་པའི་བགོམ་པ་མེད་པའི་ཕྱིར་རོ། །འགྲོ་བར་རྩོམ་པའི་ཞེས་བྱ་བས་ནི་འགྲོ་རྩོམ་གཉིས་ཡུལ་མེད་པར་བསྟན་ནས་དེ་དག་ཐམས་ཅད་རིགས་ངོ་ནས་སྣང་བ་མེད་པར་སྟོན་ཏོ། ཡུལ་གང་དུ་བྱ་བ་དང་མ་སོང་བ་ལ་འགྲོ་བར་བྱ་བ་དང་ཅི་ནི་འགོག་པའི་ཚིག་གོ །སྡོད་པ་དགག་པ་ནི་རེ་ཞིག་ཅེས་པ་སྟེ་འགྲོ་བཞིན་པ་ནི་སྡོད་པར་མི་འཐད་པ་དང་། འགྲོ་བ་པོ་མིན་ནི་སྡོད་པ་སྟེ་དེ་ལ། སྡོད་པ་གཉིས་པས་དོན་མེད་པ་དང་དེ་ལ་འགྲོ་བ་མེད་པས་འགྲོ་བ་ལྡོག་པ་མེད་པའི་ཕྱིར་རོ། །འགྲོ་བ་མེད་པས་འགྲོ་པོ་སྡོད་པར་མི་འཐད་དོ་ཞེས་སྟོན་པ་ནི་རེ་ཤིག་ཅེས་པའོ། །ཡང་བགོམ་ལས་སྡོད་པར་མི་འགྱུར་བ་ནི་དེ་འགྲོ་བའི་ཕྱིར་རོ། །སོང་མ་སོང་ནི་འགྲོ་བ་མེད་པ་ཡིན་པས་འགྲོ་བ་ལས་ལྡོག་པའི་སྡོད་པ་མི་སྲིད་དོ། །འདི་ལྟོག་པར་འདོན་པའང་ནོར་རོ། །འགྲོ་བ་དཔྱད་པ་དེ་བཞིན་དུ་འཇུག་ལྡོག་གཉིས་དེ་དང་མཚུངས་པ་ནི་འཇུག་པ་ནི་འགྲོ་བ་ཡིན་ལ་ལྡོག་པ་ནི་སྡོད་པ་ཡིན་པའི་ཕྱིར་རོ། །དེ་གཉིས་གཅིག་དང་ཐ་དད་དགག་པ་ནི་འགྲོ་བ་དེ་དང་ཞེས་པ་སྟེ་གཞན་ནི་མ་ལྟོས་པའི་ཐ་དད་ཡིན་ནའོ། །གང་དག་ནི་དབུ་མ་པའམ་ཡང་འགྲོ་བ་དང་འགྲོ་པོའོ། །ཆོས་ཐམས་ཅད་གཅིག་དང་དུ་བྲལ་དུ་འདོད་པ་ལ་གཉིས་ཆོས་གང་ཡང་མེད་པའོ། །འགྲོ་བ་གང་གིས་འགྲོ་པོར་མངོན་ཏེ་དེས་དེར་འཇོག་པར་བྱེད་པའི་འགྲོ་བ་དེ་ནི་འགྲོ་བ་པོ་དེ་འཇོག་པར་བྱེད་པ་མིན་ཏེ་དེའི་རྒྱུ་མཚན་གང་ཕྱིར་འགྲོ་པོ་དེ་འགྲོ་བའི་སྔ་རོལ་ན་མེད་པའི་ཕྱིར་རོ། །དེས་ན་གང་ཟག་གང་ཞིག་ཡུལ་གང་དུ་འགྲོ་བར་བྱེད་པར་འགྱུར། དེ་གཉིས་སྔ་ཕྱིར་མེད་ལ་དུས་མཉམ་པ་ལ་བྱ་བྱེད་མེད་པའི་ཕྱིར་རོ། །ཡང་འགྲོ་བ་དེ་འགྲོ་པོ་དེ་ལས་གཞན་པ་དེ་འགྲོ་བྱེད་མིན་ཏེ་འགྲོ་པོ་གཅིག་པུ་ལ་འགྲོ་པོར་མངོན་པའི་འགྲོ་བ་དང་འགྲོ་པོར་གྱུར་ནས་ཀྱི་འགྲོ་བ་ཞེས་བྱ་བ་དང་ས་བོན་གཅིག་ལ་མྱུ་གུ་གཉིས་ཞེས་འགྲེལ་པས་འཆད་མོད་ཀྱི། འགྲོ་བ་འགྲོ་བ་པོའི་སྔོན་ལ་མེད་པ་དང་འགྲོ་བ་གཅིག་གིས་འགྲོ་པོ་གཉིས་བྱེད་པར། མི་འཐད་ཅེས་བཤད་ན་བདེའོ། །བྱེ་བྲག་པའི་ཡན་ལག་ཅན་ལས་ཐ་དད་ཀྱི་འགྲོ་བས་དེ་འགྲོ་བ་ནི་མ་མཐོང་བས་ཁེགས་སོ། །ཉེ་བར་བསྡུ་བ་ནི་འགྲོ་པོ་ཞེས་པ་སྟེ་དེར་འདོད་པ་དང་དེ་ཡིན་པར་འདོད་པ་དང་དེ་གཉིས་ཀ་ཡིན་པ་སྟེ་འདྲེས་པ་གསུམ་ག་འགྲོ་རྣམས་གསུམ་སོང་བ་དང་མ་སོང་བ་དང་འགོང་བ་གསུམ་དུ་བརྟགས་ན་འགྲོ་བ་མེད་པའོ། །བགྲོད་པར་བྱ་བ་ནི་ལམ་མོ། །འགྲོ་འོང་སྣང་བ་ནི་མགལ་མེའི་འཁོར་ལོ་དང་འདྲའོ། །གཉིས་པ་འགྲོ་འོང་བརྟག་པ་བཤད་ཟིན་ཏོ།།  །།

 

སྐྱེ་མཆེད་བརྟག་པ།

སྐྱེ་མཆེད་རང་བཞིན་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་སྐྱེ་མཆེད་བརྟག་པ་ལ་དེའི་དབྱེ་བ་དགོད་པ་ནི་ལྟ་དང་ཞེས་པ་ལ་སོགས་པ་སྟེ་ཡིད་ཀྱིས་ནི་ཤེས་པར་བྱ་བའི་ཆོས་སོ། །མིག་གི་ལྟ་བ་འགོག་པ་ན་ལྟ་བ་དེ་རང་གི་བདག་ཉིད་དུ་འདོད་ན་དེ་ནི་རང་དེ་ལ་མི་ལྟ་སྟེ་རྟགས་སུ་སློབ་དཔོན་སྐལ་ལྡན་རང་ལ་མི་ལྟ་བར་གྲགས་པ་འགོད་ལ་སློབ་དཔོན་ཟླ་གྲགས་རང་ལ་བྱ་བ་འགལ་བར་འགོད་དོ། །མི་ལྟ་བའི་དཔེར་རང་འགྲེལ་ལས་དམུས་ལོང་འགོད་དེ་མཐུན་ཕྱོགས་ལ་མཐོང་བ་ཙམ་ནི་སྒྲུབ་པ་དང་སུན་འབྱིན་གཉིས་ཀ་ལྟར་སྣང་དུ་བཤད་དོ། །རང་ལ་མི་ལྟའང་གཞན་ལ་ལྟ་བ་མེ་རང་མི་སྲེག་ཀྱང་གཞན་སྲེག་པའི་དཔེས་ནི་དེ་སྒྲུབ་པར་ནུས་པ་མ་ཡིན་ཏེ་འགྲོ་བ་འགོག་པའི་རིགས་པས་མེའི་དཔེ་དེ་ལྟ་བ་དང་བཅས་པ་ལ་ལན་བཏབ་སྟེ་དེ་གཉིས་ཀ་སུན་ཕྱུང་བའི་ཕྱིར་རོ། །དེའང་སོང་བ་དང་མ་སོང་བ་དང་བགོམ་པ་ལ་འགྲོ་བ་མི་འཐད་པ་བཞིན་དུ་བསྲེགས་པ་དང་མ་བསྲེགས་པ་དང་སྲེག་པ་གསུམ་ལ་བསྲེག་པ་མི་འཐད་དེ་སྲེག་པ་ནི་མེའམ་བུད་ཤིང་གི་རྣམ་འགྱུར་ཡིན་ཀྱང་རུང་སྐད་ཅིག་ལ་སྲེག་ལོང་མེད་དོ། །དེ་བཞིན་དུ་བལྟས་པ་དང་མ་བལྟས་པ་ལ་ཡང་ལྟ་བ་མེད། དེ་འདས་པ་དང་མ་སྐྱེས་པའི་ཕྱིར་རོ། །གང་ཚེ་གཉིས་ཀ་ལ་མི་ལྟ་བ་དེའི་ཚེ་ཅུང་ཟད་ལྟ་བར་ཞེས་སྦྱར་རོ། །བལྟས་པ་དང་མ་བལྟས་པ་ལ་ལྟ་བ་མེད་ཀྱང་ལྟ་བ་ཉིད་ལ་བལྟ་བ་ཡོད་དོ་ཞེ་ན་བལྟ་བས་ཞེས་བསྟན་ནས་ལྟ་བ་ལྟ་ཉིད་མ་ཡིན་ཏེ་བྱ་བས་ངེས་བསྟན་བྱེད་དེ་དེ་སྐད་ཅིག་ཡིན་ན་ལྟ་ལོང་མེད་པར་འཇིག་ལ། དེ་འཁྲིགས་པའི་རྒྱུན་མེད་ཅིང་རྟག་ན་རྟག་ཏུ་ལྟ་བ་མི་སྲིད་རེས་ལྟ་ན་རྟག་པ་འཇིག་པའི་ཕྱིར་རོ། །ལྟ་བ་མིན་པའང་མི་ལྟ་སྟེ་ལྟ་བའི་བྱ་བ་མེད་པའི་ཕྱིར་དང་། ཧ་ཅང་ཐལ་བའི་ཕྱིར་རོ། །ལྟ་བ་བཀག་པ་ཉིད་ཀྱིས་ལྟ་བ་པོ་བཀག་པའང་རྣམ་པར་བཤད་དེ་གོ་བར་བྱས་སོ། །འདི་ལྟར་དེ་སངས་རྒྱས་པ་རྣམ་པར་ཤེས་པའམ། མུ་སྟེགས་པ་བདག་ལ་འདོད་ཀྱང་རུང་རང་དང་གཞན་ལ་མི་ལྟ་བ་ལ་སོགས་པའི་རིགས་པ་མཚུངས་པའི་ཕྱིར་རོ། །རྣམ་པར་ངེས་པ་ལས་ཀྱང་རིགས་པ་མཚུངས་ན་ཅི་སྟེ་མི་གྲུབ་ཅེས་བཤད་དོ། །ཡང་ལྟ་བ་མ་སྤངས་ཏེ་ལྟ་བ་དེ་ལ་ལྟོས་པའི་ལྟ་བ་པོ་ཡོད་མིན་ཏེ་ལྟོས་ས་ལྟ་བ་མེད་པས་དེའང་མེད་པའི་ཕྱིར་ལྟ་བ་སྤངས་པར་འགྱུར་ཏེ་དེ་ལ་མ་ལྟོས་པའི་ལྟ་པོའང་མེད་དེ་དེ་ལའང་ལྟོས་ས་ལྟ་བ་མེད་པའི་ཕྱིར་དང་ཁྱད་པར་མེད་པའི་ཁྱད་པར་ཅན་མི་རུང་བའི་ཕྱིར་རོ། །དེ་ལྟར་ལྟ་པོ་མེད་ན་དངོས་སྨྲ་ཁྱོད་ཀྱི་བལྟ་བྱ་གཟུགས་དང་དེ་ལ་ལྟ་བ་ག་ལ་ཡོད་དེ་མི་སྲིད་ཏེ་ཕན་ཚུན་ལྟོས་པའི་ལྟོས་ས་མེད་པའི་ཕྱིར་རོ། །འདིར་རིན་ཆེན་ཕྲེང་བའི་ཇི་ལྟར་ཕ་དང་མ་དག་ལ་བརྟེན་ནས་ཞེས་བྱའི་ཚིགས་བཅད་གསལ་ན་རྩ་བར་བྱས་ཡོད་དེ། དེ་ནི་རང་འགྲེལ་དང་ཤེས་རབ་སྒྲོན་མ་དང་སངས་རྒྱས་བསྐྱངས་གསུམ་ཀ་ན་མེད་པས་རང་གིས་བཅུག་པར་ཤེས་པར་བྱའོ། །དེ་གཉིས་མེད་ན་དེ་གཉིས་ལ་བརྟེན་པའི་རྣམ་པར་ཤེས་པ་དང་སོགས་པས་བསྡུས་པ་རེག་པ་དང་ཚོར་བ་དང་སྲེད་པ་བཞི་དང་ཉེ་བར་ལེན་པ་དང་སོགས་པས་བཟུང་བ་སྲིད་པ་དང་སྐྱེ་བ་ལ་སོགས་པ་ལྷག་མ་རྣམས་ཀྱང་མེད་དོ། །རིགས་ཅན་གཞན་ལ་སྦྱར་བ་ནི་ལྟ་བ་བཀག་པས་ཅེས་པ་སྟེ། ཡིད་ཀྱིས་ཆོས་ཤེས་པའི་བར་སྣང་གི་སྐྱེ་མཆེད་དྲུག་དང་། ཉན་པ་པོ་ལ་སོགས་པ་རྣམ་པར་ཤེས་པ་དྲུག་དང་། མཉན་བྱ་ལ་སོགས་པ་ཡུལ་གྱི་སྐྱེ་མཆེད་དྲུག་སྟེ་ཁམས་བཅོ་བརྒྱད་རང་བཞིན་མེད་པར་བཤད་པ་ཡིན་ཏེ་བཤད་བྱ་རྣམས་ལ་རིགས་པ་རྣམས་ཇི་ལྟར་རིགས་པ་བཞིན་སྦྱར་ལ་བཤད་དོ། །གསུམ་པ་སྐྱེ་མཆེད་བརྟག་པ་བཤད་ཟིན་ཏོ།།  །།

ཕུང་པོ་བརྟག་པ།

ཕུང་པོ་རང་བཞིན་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་ཕུང་པོ་བརྟག་པ་སྟོན་པ་ན་དང་པོ་གཟུགས་ཀྱི་ཕུང་པོ་རྟེན་འབྲེལ་རང་བཞིན་མེད་པར་བཤད་པའི་ཕྱིར་རོ། །གཟུགས་ཀྱི་རྒྱུ་ནི་ཞེས་གསུངས་པ་ཏེ་མ་གཏོགས་པ་ནི་མེད་པའམ་མི་ལྟོས་པར་བཤད་ཀྱི་དེ་གཉིས་ཐ་དད་མེད་པར་ནི་མི་བཤད་ཀྱི་དེ་འབྱུང་བ་དང་འབྱུང་གྱུར་ཐ་དད་དུ་མཐོང་བའི་ཕྱིར་དང་། དེ་གཉིས་གཅིག་ཡིན་པ་བཙུན་པ་སངས་རྒྱས་ལྷའི་ལུགས་ཡིན་པའི་ཕྱིར་དང་། རྒྱུ་འབྲས་ཐ་མི་དད་པ་གྲངས་ཅན་གྱི་ལུགས་ཡིན་པའི་ཕྱིར་རོ། །དེ་རྒྱས་པར་འཆད་པ་ན་དེ་མེད་པའམ་དེ་ལ་མ་ལྟོས་པར་གཟུགས་ཡོད་ན་ཞེས་སྦྱར་ཏེ་འབྱུང་བཞི་ལས་གཞན་པའི་རྒྱུ་མེད་པའི་ཕྱིར་རོ། །དོན་གང་ཡང་ཞེས་བྱ་བས་བསལ་བ་སྟོན་པར་བྱེད་དོ། །དེ་བཞིན་དུ་གཟུགས་ལ་མ་ལྟོས་པའི་དེའི་རྒྱུ་ཡོད་ན་ཞེས་སྦྱར་ཏེ་འབྲས་བུ་མེད་པ་ནི་དེ་ལ་མ་ལྟོས་པའོ། །མ་ལྟོས་པའི་རྒྱུ་འབྲས་ནི་མེད་དེ་ཕ་དང་བུ་བཞིན་ནོ། །འབྲས་བུ་ཡེ་མེད་ནའང་རྒྱུར་མི་རུང་སྟེ་དངོས་མེད་བཞིན་ནོ། །དེ་ལྟར་དེ་གཉིས་རྟེན་འབྲེལ་དུ་བསྟན་ནས་རྒྱུ་འབྲས་མེད་པར་སྟོན་པ་ནི་གཟུགས་ཡོད་དེ་གྲུབ་ན་ཡང་དེའི་རྒྱུ་མེད་གྲུབ་ཟིན་པ་ལ་རྒྱུ་མི་དགོས་པའི་ཕྱིར་རོ། །དེ་མེད་དེ་མ་གྲུབ་ནའང་དེའི་རྒྱུ་མེད་མི་འཐད་དེ་རི་བོང་གི་རྭ་རྒྱུར་མི་འཐད་པ་བཞིན་ནོ། །རྒྱུ་མེད་པའི་ཞེས་བྱ་བས་ནི་རྒྱང་འཕེན་པའི་འདོད་པ་སྟོན་སྟེ་དགག་པ་གཉིས་སྨོས་པ་ནི་འདོད་པ་དེ་ཐ་ཆད་དུ་བསྟན་པའི་ཕྱིར་རོ། །དཔྱད་ན་གཟུགས་མེད་པ་དེ་ཕྱིར་བྱ་བ་ལ་འགའ་ཡང་ནི་དབྱིབས་དང་ཁ་དོག་གི་དབྱེ་བ་མང་པོ་དང་ཐོགས་བཅས་ཐོགས་མེད་ལ་སོགས་པའོ། །བརྟག་བ་མི་བྱ་ནི་དེའི་དེ་བཞིན་ཉིད་ལ་ལྟ་བར་འདོད་པས་སོ། །གཞན་ཡང་འདྲ་བས་རྒྱུ་འབྲས་སུ་འཇོག་གམ་མི་འདྲ་བས་འཇོག དང་པོ་འགོག་པ་ནི་འབྲས་བུ་ཞེས་པ་སྟེ་རྒྱུ་འབྱུང་བཞི་ནི་སྲ་གཤེར་དྲོད་དང་གཡོ་བ་ཡིན་ལ། དབང་པོ་དང་དོན་ལྔ་ནི་དེ་ལྟ་མ་ཡིན་པས་རྒྱུ་འབྲས་མ་ཡིན་པར་འགྱུར་རོ། །གཉིས་པ་འགོག་པ་ནི་ཡང་འབྲས་བུ་ཞེས་བྱ་བ་སྟེ་རྒྱུ་འབྲས་འདྲ་བ་སྐལ་མཉམ་གྱིས་རྒྱུ་འབྲས་རྣམས་དེ་མ་ཡིན་པར་འགྱུར་རོ། །ཡང་ན་རིགས་པས་དཔྱད་པ་དེ་གཉིས་ལ་འདྲ་མི་འདྲ་གཉིས་ཀ་མི་རུང་བའི་ཕྱིར་རོ། །དེ་རིགས་ཅན་གཞན་ལ་སྦྱར་བ་ནི། ཚོར་དང་ཞེས་པ་སྟེ་སེམས་ནི་རྣམ་པར་ཤེས་པའོ། །དངོས་པོ་ཐམས་ཅད་ནི་ཕུང་པོར་མ་འདུས་པའི་དངོས་པོ་མེད་ཀྱང་དེའི་བྱེ་བྲག་འགོག་པར་འདོད་པས་བུམ་པ་སྣམ་བུ་དང་སྒྲ་དང་དྲི་རོ་དང་རེག་པ་དང་ཡིད་ལ་བྱེད་པ་ལ་སོགས་པའོ། རིམ་པ་ནི་རིགས་པ་སྟེ་སྔར་བཤད་པ་ཐམས་ཅད་མཚུངས་པར་སྦྱར་རོ་ཞེས་བྱ་བའི་དོན་ཏོ། །རིགས་པ་གཅིག་གིས་ཐམས་ཅད་ཁེགས་པ་དེའི་ཕྱིར་སྟོང་ཉིད་དུ་སྒྲུབ་པའི་རིགས་པས་བརྩད་དེ་དགག་པར་བྱ་བའི་ཚེ། རྟག་དང་དཔེ་དང་གཞན་གྱིས་ལན་འདེབས་པ་སྨྲ་བ་དེ་ཡི། ལན་མི་ཐེབས་ཏེ་ལན་དེ་ཉིད་རྩ་བའི་བསྒྲུབ་བྱའམ་རྩོད་གཞི་དང་མཚུངས་པར་སྟོང་ཉིད་དུ་སྒྲུབ་པའི་ཕྱིར་རོ། །དེ་བཞིན་དུ་སྟོང་ཉིད་དུ་བཤད་ཅིང་སྒྲུབ་པའི་ཚེ། གཞན་སྐྱོན་བརྗོད་པ་དེས་ཀྱང་དེ་མི་ཁེགས་ཏེ་སྐྱོན་དེ་ཡང་རྩ་བའི་བསྒྲུབ་བྱ་དང་མཚུངས་པར་སྟོང་ཉིད་དུ་སྒྲུབ་པའི་ཕྱིར་རོ། །ཇི་སྐད་དུ་བཞི་བརྒྱ་པ་ལས། །དངོས་པོ་གཅིག་གིས་ལྟ་པོ་གང་། །དེ་ནི་ཀུན་གྱི་ལྟ་པོར་བརྗོད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཡིན། །ཞེས་བཤད་དོ། །བཞི་པ་ཕུང་པོ་བརྟག་པ་བཤད་ཟིན་ཏོ།།  །།

 

ཁམས་བརྟག་པ།

ཁམས་དྲུག་རང་བཞིན་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་ཁམས་བརྟག་པ་སྟོན་པ་ན་ཕ་རོལ་ལ་གྲགས་པས་མ་གྲགས་པ་སྒྲུབ་པས་དང་པོ་ནམ་མཁའི་ཁམས་རང་བཞིན་མེད་པར་བསྟན་པའི་ཕྱིར་ནམ་མཁའི་ཞེས་གསུངས་ཏེ་དེའི་མཚན་ཉིད་ནི་བྱེ་བྲག་ཏུ་སྨྲ་བས་མི་སྒྲིབ་པ་ལ་འདོད་ལ། ཆོས་མངོན་པ་ཐེག་པ་ཆེན་པོ་ལས་གཟུགས་མེད་ལ་བྱེད་པ་ཐམས་ཅད་ཀྱི་གོ་འབྱེད་པ་ལ་བཤད་དོ། །དེ་འདྲ་བའི་མཚན་ཉིད་ཀྱི་སྔ་རོལ་ན་དེ་མེད་དེ་དེ་གཉིས་དབྱེར་མེད་པའི་ཕྱིར་རོ། །དེ་ལ་ཐལ་བ་བརྗོད་པ་དང་བསལ་བ་གལ་ཏེ། ཞེས་པ་དང་མཚན་ཉིད་ཅེས་པས་སྟོན་ནོ། །འདི་བྱེ་བྲག་ཏུ་སྨྲ་བ་དང་བྱེ་བྲག་པས་འདུས་མ་བྱས་རྟག་པའི་རྫས་སུ་འདོད་པས་དངོས་པོ་ཞེས་བསྟན་ཏོ། །མཚན་ཉིད་མེད་པའི་ནམ་མཁའི་དངོས་པོ་མེད་ན་ནམ་མཁའི་མཚན་ཉིད་གང་དུ་འཇུག་པར་འགྱུར་ཏེ་འཇུག་པ་མེད་པའི་ཕྱིར་རོ། །གཞན་ཡང་མཚན་ཉིད་མེད་ལ་མཚན་ཉིད་མི་འཇུག་སྟེ་རི་བོང་གི་རྭ་བཞིན་ནོ། །མཚན་ཉིད་བཅས་ལ་འཇུག་པ་མིན་ཏེ་དོན་མེད་ཅིང་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །དེ་གཉིས་ལས་གཞན་ལའང་འཇུག་པར་མི་འགྱུར་ཏེ་དེ་ནི་མི་སྲིད་པའི་ཕྱིར་རོ། །དེ་ལྟར་བརྟགས་ན་མཚན་ཉིད་འཇུག་པ་མེད་པས་མཚན་གཞི་མེད་ལ་དེ་མེད་ན་མཚན་ཉིད་ཀྱང་མེད་དེ་རྟེན་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་གཉིས་ཀ་མེད་ལ་དེ་གཉིས་ལས་གཞན་པའི་དངོས་པོའང་མེད་པས་དེ་དངོས་པོ་ཡིན་པ་ཁེགས་སོ། །མདོ་སྡེ་པ། ནམ་མཁའ་མོ་ཤམ་བུ་དང་མཚུངས། །འགོག་པ་གཉིས་ཀྱང་ནམ་མཁའ་བཞིན། །ཞེས་དེ་དངོས་མེད་དུ་འདོད་པ་འགོག་པ་ནི་དངོས་པོ་ཞེས་པ་སྟེ་དགག་བྱ་མེད་ན་བཀག་པའང་མེད་དེ་རི་བོང་གི་རྭ་དངོས་པོར་མེད་པས་དེ་ཆགས་པའི་དངོས་མེད་ཀྱང་མེད་པ་བཞིན་ནོ། །གལ་ཏེ་ནམ་མཁའ་ལ་དངོས་དང་དངོས་མེད་དུ་ཤེས་པའི་བློ་ཡོད་པས་དེ་གཉིས་སུ་ཡོད་དོ་ཞེ་ན། དངོས་དང་དངོས་མེད་མི་མཐུན་ཏེ་འགལ་བའི་ཆོས་གང་ཟག་གང་གིས་དངོས་དང་དངོས་མེད་དུ་ཤེས་པས་དེར་ཡོད་པར་འགྱུར་ཏེ་བློས་བརྟགས་པ་ལྟར་ཡོད་ན་ཧ་ཅང་ཐལ་བའི་ཕྱིར་དང་། དེ་གཉིས་སུ་ཡོད་པའི་སྒྲུབ་བྱེད་མེད་པའི་ཕྱིར་རོ། །ད་ནི་ཇི་ལྟར་བསྟན་པ་དེ་ལྟར་བསྡུ་བའི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཞེས་གསུངས་སོ། །དེ་རིགས་མཐུན་གཞན་ལ་སྦྱོར་བ་ནི་ཁམས་ལྔ་པོ་ཞེས་པ་སྟེ་ཁམས་ནི་འབྱུང་ཁུངས་ཀྱི་དོན་ཏེ་སྡུག་བསྔལ་དང་ཡིད་མི་བདེ་ལ་སོགས་པའི་འབྱུང་ཁུངས་ཡིན་ནོ། །ལྔ་ནི་ས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པའི་ཁམས་སོ། ནམ་མཁའ་ལས་གཞན་གང་དག་མདོ་ལས་བཤད་པ་དེ་དག་ཀྱང་ཆོས་ཅན་སྤོས་ནས་ནམ་མཁའ་དང་རིགས་པ་མཚུངས་པས་དགག་སྟེ་སྡུད་པའི་བར་ཇི་ལྟ་བ་བཞིན་སྦྱར་རོ། །མཐའ་བྲལ་དུ་ལྟ་བའི་བློ་མེད་པའི་བློ་ཆུང་གང་དག་ཅེས་བྱ་བས་ནི་མཐར་འཛིན་སྨད་པ་སྟོན་ཏེ་བལྟ་བྱ་བ་ནི་སྤྲོས་བྲལ་ལོ། །སྤྲོས་པ་ཉེ་བར་ཞི་བའི་ཞི་བ་དེ་ནི་མདོ་ལས། །གང་ཚེ་འཇིག་རྟེན་ཡོད་མིན་ཞིང་། །མེད་མིན་ཡོད་མིན་མི་མཐོང་བ། །དེ་ཚེ་སེམས་ནི་རྣམ་ལྡོག་ཅིང་། །བདག་མེད་ཉིད་ཀྱང་རྟོགས་པར་འགྱུར། །ཞེས་བཤད་དོ། །ལྔ་པ་ཁམས་བརྟག་པ་བཤད་ཟིན་ཏོ།།  །།

 

ཆགས་པ་བརྟག་པ།

ཀུན་ནས་ཉོན་མོངས་པ་རང་བཞིན་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་འདོད་ཆགས་ལ་སོགས་པ་བརྟག་པ་སྟོན་པ་ནི་གལ་ཏེ་ཞེས་པ་སྟེ་འདི་ལ་འགྲེལ་པ་བྱེད་པ་རྣམས་ཀྱིས་ཆགས་པ་དང་འདོད་ཆགས་དང་ལྷག་པར་ཆགས་པ་ལ་སོགས་པ་ནི་མིང་གི་རྣམ་གྲངས་སུ་བཤད་དོ། །བོད་ཀྱི་སློབ་དཔོན་རྣམས་ནི་ཆགས་པ་ནི་ཆགས་ཅན་གྱི་གང་ཟག་དང་། འདོད་ཆགས་ནི་ཉོན་མོངས་པ་ལ་འཆད་དོ། །དེ་ལ་རང་འགྲེལ་ལས་འདོད་ཆགས་དང་ཆགས་པ་དག་རིམ་གྱིས་སྐྱེ་བ་ཞེས་ཞེན་པ་ཆུང་འབྲིང་ཆེ་གསུམ་གྱི་རིམ་པ་ཡིན་པས་ཆགས་པ་ལས་འདོད་ཆགས་རིམ་གྱིས་སྐྱེ་བ་སྟོན་པ་ནི་འདོད་ཆགས་སྔ་རོལ་ན་ཞེས་པ་སྟེ་རྗེས་འགྲོ་བརྗོད་པ་ཡིན། དེ་འགོག་པ་ནི་ཆགས་པ་ཞེས་པ་སྟེ་ཡོད་པ་ཉིད་མ་གྲུབ་པས་དེ་གཉིས་ཀྱི་ཡོད་པར་ག་ལ་འགྱུར་ཏེ་མི་སྲིད་པའི་དོན་ཏོ། །ཆགས་པ་ལ་ཡང་འདོད་ཆགས་ནི་སྔར་ཡོད་དམ་མེད་ཀྱང་རུང་རིམ་པ་སྟེ་ཚུལ་མཚུངས་པས་འོག་ནས་འགོག་གོ །དེ་གཉིས་འཆད་པ་ན་འདོད་ཆགས་ལས་ཆགས་པ་སྐྱེ་བའི་རིམ་པ་སྟོན་པ་ནི་གལ་ཏེ་ཞེས་རྗེས་འགྲོ་བརྗོད་ནས། འདོད་ཆགས་ཞེས་ཡོད་པ་གཉིས་ཀ་མ་གྲུབ་པས་སུན་འབྱིན་ཏེ་སྔ་མ་དང་མཚུངས་པས་རིམ་པ་མཚུངས་ཞེས་གསུངས་སོ། །སངས་རྒྱས་བསྐྱངས་ཀྱིས་རིམ་པ་མཚུངས་ཞེས་ཕྱི་མ་འདི་མེད་པའི་བཤད་པ་བྱས་སོ། །ཚིག་གསལ་ནས་འདོད་པ་བརྗོད་པའི་ཚིགས་བཅད་གཅིག་དང་རིམ་པ་མཚུངས་ཕྱི་མ་གཉིས་ཀ་མེད་པ་བཤད་དོ། །རང་འགྲེལ་དང་ཤེས་རབ་སྒྲོན་མ་ནས་ཐམས་ཅད་བཤད་ནས་དེ་གཉིས་ལྟོས་པའི་དཔེ་ཕ་དང་བུ་ལ་བྱས་སོ། །གཉིས་པ་དེ་གཉིས། ཅིག་ཅར་སྐྱེ་བ་དགག་པ་ནི་དེ་གཉིས་ནི་སེམས་དང་སེམས་བྱུང་ཡིན་ཏེ་འདོད་ཆགས་ཀྱིས་ཆགས་པར་བྱས་པའི་སེམས་ལ་ཆགས་པ་ཟེར་རོ་ཞེ་ན། འདོད་ཆགས་དང་ནི་ཞེས་སྨོས་ཏེ། དེའི་དངོས་བསྟན་འདི་ལྟར་ཞེས་པ་སྟེ་ལྟོས་མེད་ཀྱི་དཔེ་རྭ་གཡས་གཡོན་ལ་བྱས་སོ། །ཡང་དེ་གཉིས་གཅིག་གམ་ཐ་དད་དང་པོ་འགོག་པ་ནི་གཅིག་ཉིད་ཅེས་པ་སྟེ་དེ་ལ་ནི་གཉིས་དགོས་པའི་ཕྱིར་རོ། །གཉིས་པ་འགོག་པ་ནི་ཅི་སྟེ་ཅེས་པའོ། །དེ་གཉིས་རིམ་པ་བཞིན་གསལ་བར་བྱེད་པ་ནི་གལ་ཏེ་ཞེས་པ་སྟེ་ཐ་དད་ལྷན་ཅིག་ན་གྲོགས་མེད་པ་ཡང་ལྷན་ཅིག་ཏུ་འགྱུར་བ་ནི་བུམ་སྣམ་ལྷན་ཅིག་པ་ལ་དུས་ནི་དུས་ཅན་ལས་རྫས་གུད་པར་མ་གྲུབ་པས་དུས་གཅིག་པ་མེད་ལ་དེ་གཉིས་ཡུལ་ནི་མི་གཅིག་པས་རང་ཡུལ་ན་གྲོགས་མེད་པར་ལྷན་ཅིག་ཏུ་འགྱུར་བས་དེ་ལ་གཉིས་མི་དགོས་པར་ཐལ་བ་ཡིན་ནོ། །ཐ་དད་ལ་ལྷན་ཅིག་དགག་པ་རྒྱས་པར་འཆད་པ་ནི་གལ་ཏེ་ཐ་དད་ལ་ལྷན་ཅིག་འདོད་ན་འདོད་ཆགས་དང་ཆགས་པ་ལ་དེ་གཉིས་ཀ་ཅི་ཞིག་ཡོད་པ་ཡིན། དེ་གཉིས་ཐ་དད་དུ་གྲུབ་ན་རྒྱུ་དེ་ན་དེ་གཉིས་ལྷན་ཅིག་ཏུ་མི་འགྱུར་རོ། །དེ་གཉིས་གསལ་བར་འཆད་པ་ནི་གལ་ཏེ། ཞེས་པ་སྟེ་དེ་གཉིས་ཐ་དད་དུ་གྲུབ་ན་ལྷན་ཅིག་ཏུ་ཅིའི་ཕྱིར་རྟོག་སྟེ་དེ་ལ་ལྷན་ཅིག་བཀག་ཟིན་པའི་ཕྱིར་རོ། །དེས་ན་ཁྱེད་དེ་གཉིས་ཐ་དད་དུ་མ་གྲུབ་པས་དེ་སྒྲུབ་པའི་ཕྱིར་དེ་གཉིས་ལྷན་ཅིག་དུ་འདོད་ལ། དེ་གཉིས་ལྷན་ཅིག་ཏུ་སྒྲུབ་པའི་ཕྱིར་ཐ་དད་དུ་འདོད་པས་གྲུབ་པ་ཕན་ཚུན་རྟེན་པའི་ཕྱིར་གཅིག་མ་གྲུབ་པར་གཅིག་མི་འགྲུབ་པས་ལྷན་ཅིག་དང་ཐ་དད་གཉིས་ཀ་མི་འགྲུབ་པར་འགྱུར་རོ། །དེས་ན་དེ་གཉིས་ཐ་དད་བྱ་བ་དང་། ཐ་དད་དུ་མ་གྲུབ་པ་གང་ཞིག་ལ་ལྷན་ཅིག་ཅེས་ཚིག་རྣམ་པར་སྦྱར་རོ། འདི་དང་གཞན་དུ་ཡང་དགག་པའི་སྒྲ་རྩ་བར་བྲི་དགོས་པ་མ་བྲིས་པ་རྣམས་ནི་སྡེབ་སྦྱོར་གྱི་ངོར་ཡིན་ཏེ། རང་འགྲེལ་ན་དཀྱུས་སུ་བྲིས་ཡོད་དོ། །དེའི་ཕྱིར་ཐམས་ཅད་དུ་རང་འགྲེལ་ཉིད་ཚད་མ་ཡིན་ནོ། །སྔར་བསྟན་པའི་ཚུལ་དེ་ལྟར་ཞེས་པས་སྐབས་ཀྱི་དོན་བསྡུས་ནས་འདོད་ཆགས་བཞིན་དུ་ཞེས་པས་གཞན་ལ་སྦྱོར་ཏེ། ཆོས་རྣམས་ཀུན་ནི་ཞེ་སྡང་བ་དང་གཏི་མུག་དང་རྨོངས་པ་དང་ལ་སོགས་པའམ་ཡང་ན་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་དེ་བཞིན་རིགས་པ་མཚུངས་པའི་ཕྱིར་རོ། །འདིའི་དཔེ་མདུང་ཁྱིམ་ལ་མཛད་པ་ནི་ཀུན་རྫོབ་ཏུ་ཕན་ཚུན་ལྟོས་པ་དང་དོན་དམ་པར་ལྟོས་པའི་ངོ་བོ་ཉིད་མེད་པར་བསྟན་པའི་ཕྱིར་ཡིན་ནོ། །དྲུག་པ་འདོད་ཆགས་དང་ཆགས་པ་བརྟག་པ་བཤད་ཟིན་ཏོ།།  །།

འདུས་བྱས་བརྟག་པ།

སྐྱེ་འཇིག་གནས་གསུམ་རང་བཞིན་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་དེ་དག་བརྟག་པ་སྟོན་པ་ན་དང་པོ་སྐྱེ་བ་དགག་པ་ནི་གལ་ཏེ་སྐྱེ་བ་ཞེས་གསུངས་ཏེ་མཚན་ཉིད་གསུམ་པོ་ལ་ཡང་མཚན་ཉིད་གསུམ་དགོས་པའི་ཐུག་མེད་དང་སྔ་མ་རྣམས་མཚན་གཞིར་འགྱུར་རོ། །ཅི་སྟེ་ཞེས་བྱ་བ་ནི་རིགས་མི་མཐུན་གྱི་མཚན་ཉིད་དུ་མི་འཐད་དེ་ཧ་ཅང་ཐལ་བའི་ཕྱིར་རོ། །གཞན་ཡང་གསུམ་པོ་དེ་ལས་གཉིས་མེད་པའི་རེ་རེ་བ་ནི་མི་སྲིད་ལ་གསུམ་དུས་གཅིག་ལ་ཚོགས་པ་ནི་མི་སྲིད་དེ་འགལ་བའི་ཕྱིར་རོ་ཞེས་སྟོན་པ་ནི་སྐྱེ་བ་ལ་སོགས་གསུམ་ཞེས་པའོ། །མཚན་ཉིད་གཞན་ཡོད་ན་ཐུག་མེད་དང་མེད་ན་གསུམ་པོ་དེ་འདུས་བྱས་སུ་མི་འགྱུར་རོ་ཞེས་སྟོན་པ་ནི་སྐྱེ་དང་ཞེས་པའོ། །དེ་ལ་ཕན་ཚུན་རྟེན་པས་ཐུག་པ་མེད་པའི་སྐྱོན་སྤོང་སྟེ་ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་ནི་དེ་དག་སྐྱེ་བའི་སྐྱེ་བ་ལ་སོགས། དེ་ཆོས་བརྒྱད་དང་གཅིག་ལ་འཇུག་ཅེས་སྨྲ་སྟེ་རྩ་བའི་སྐྱེ་བས་བུམ་པ་ལ་སོགས་པའི་འདུས་བྱས་རང་ཉིད་དང་མཚན་ཉིད་གཞན་གསུམ་དང་མཐུན་པའི་མཚན་ཉིད་བཞི་སྟེ་དེ་ཆོས་བརྒྱད་བསྐྱེད་པ་ལ་འཇུག་གོ །སྐྱེ་བའི་སྐྱེ་བས་ནི་རྩ་བའི་སྐྱེ་བ་གཅིག་ཉིད་བསྐྱེད་དོ། །གནས་པ་དང་རྒས་པ་དང་མི་རྟག་པའང་དེ་དག་གནས་པའི་གནས་ལ་སོགས་ཞས་བཤད་པར་བྱའོ། །ཡང་ན་འདུས་བྱས་གཅིག་སྐྱེ་བ་ན་རང་ཉིད་དང་བཅོ་ལྔ་སྐྱེ་སྟེ་ཆོས་དེ་ཉིད་དང་དེའི་སྐྱེ་བ་ལྡན་པ་གནས་པ་རྒས་པ་མི་རྟག་པ། གཞི་དེ་དགེ་བ་ཡིན་ན་ཡང་དག་པའི་རྣམ་གྲོལ། དེ་ངེས་འབྱུང་ཡིན་ན་ངེས་པར་འབྱུང་བ། དེ་ལོག་པ་ཡིན་ན་དེའི་རྣམ་གྲོལ། དེ་ངེས་འབྱུང་མ་ཡིན་ན་ངེས་འབྱུང་མ་ཡིན་པ་སྟེ། གཞི་དེ་དགེ་མི་དགེའི་དབང་གིས་ནི་ཕྱི་མ་བཞི་གཉིས་གཉིས་སུ་འགྱུར་བས་སྔ་མ་ལྔ་དང་བདུན་ནི་གཞི་དེའི་འཁོར་ཡིན་ལ། དེ་དག་ལ་སྐྱེ་བའི་སྐྱེ་བ་བྱ་བ་ནས་གཞིའི་དབང་གིས་ངེས་འབྱུང་མ་ཡིན་པའི་ངེས་འབྱུང་མ་ཡིན་པ་ཞེས་བྱ་བའི་བར་བདུན་ནི་འཁོར་གྱི་འཁོར་ཡིན་ནོ། །དེ་ལ་རྩ་བའི་སྐྱེ་བས་རང་མ་ཡིན་པ་བཅུ་བཞི་བསྐྱེད་ལ་སྐྱེ་བའི་སྐྱེ་བས་ནི་རྩ་བའི་སྐྱེ་བའོ། །དེ་བཞིན་དུ་རྩ་བའི་ངེས་འབྱུང་མ་ཡིན་པས་ཆོས་བཅུ་བཞིར་འཁོར་བ་ལས་ངེས་པར་མི་འབྱུང་ལ། ངེས་འབྱུང་མ་ཡིན་པ་གཉིས་པས་ནི་རྩ་བའི་ངེས་འབྱུང་མ་ཡིན་པ་ཉིད་ངེས་པར་འབྱུང་བར་མི་བྱེད་པའི་བར་དུ་སྦྱར་རོ། །འདིའང་རང་འགྲེལ་ལས་མིང་མ་སྨོས་ལ། ཤེས་རབ་སྒྲོན་མ་ནས་གནས་མ་བུའི་འདོད་པ་དང་ཚིག་གསལ་ནས་མང་པོས་བཀུར་བའི་འདོད་པར་བཤད་དོ། །དེ་དག་ནི་གཟུགས་དང་སེམས་དང་སེམས་བྱུང་མ་ཡིན་གྱི་མི་ལྡན་པའི་འདུ་བྱེད་རྫས་གྲུབ་འདུས་བྱས་ཕུང་པོ་ལྔ་ལས་ཐ་དད་དུ་མི་དམིགས་ཀྱང་ཐ་དད་ལྡན་པར་འདོད་དེ་མཛོད་ལས་ཆོས་ཐམས་ཅད་རྟོག་གེའི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་མི་ལྡན་པའི་འདུ་བྱེད་ཀྱང་རྫས་སུ་གྲུབ་པ་ཁོ་ན་སྟེ་འདི་ནི་ཁོ་བོ་ཅག་གི་གྲུབ་པའི་མཐའ་འོ་ཞེས་བཤད་དོ། །དེ་དག་སྨྲས་པ་ནི་སྐྱེ་བའི་སྐྱེ་བས་ཞེས་པ་སྟེ་འབའ་ཞིག་ནི་ཁོ་ནའོ། །དེ་འགོག་པ་ནི་གལ་ཏེ་ཞེས་རྗེས་སུ་བརྗོད་ནས་རྩ་བས་མ་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་ཇི་ལྟར་བསྐྱེད་དེ་རང་ཉིད་མ་སྐྱེས་པའི་ཕྱིར་རོ། །གལ་ཏེ་རྩ་བའི་སྐྱེ་བས་བསྐྱེད་པའི་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་བསྐྱེད་ན་སྐྱེ་ཆུང་དེས་མ་བསྐྱེད་པའི་རྩ་བ་དེས་སྐྱེ་ཆུང་དེ་ཇི་ལྟར་བསྐྱེད་དེ་རྩ་བ་རང་ཉིད་མ་སྐྱེས་པའི་ཕྱིར་རོ། །དེས་ཕན་ཚུན་བསྐྱེད་པ་ཁེགས་པས་ཐུག་མེད་ཉིད་དུ་འགྱུར་རོ། །ཡང་ཁྱོད་ཀྱི་རྩ་བའི་སྐྱེ་བ་དེ་སྐྱེ་བཞིན་པ་མ་སྐྱེས་པ་སྐྱེ་བ་མ་རྫོགས་པ་དེ་ཡིས་སྐྱེད་ཆུང་བསྐྱེད་པར་འདོད་ན་འདོད་ལ་རག་དེ་མི་ནུས་ཏེ་རང་ཉིད་རྫོགས་པར་མ་གྲུབ་པའི་ཕྱིར་བུམ་པ་བྱེད་འཕྲོས་ཆུ་འཛིན་མི་ནུས་པ་བཞིན་ནོ། །དཔེས་ཐུག་མེད་ཀྱི་སྐྱོན་སྤོང་བ་ནི་ཇི་ལྟར་ཞེས་པ་སྟེ་དེ་འགོག་པ་ནི་མར་མེ་དང་དེ་གང་ན་འདུག་པ་དེ་ན་མུན་པ་མེད་ན་མར་མེས་ཅི་ཞིག་སྣང་བར་བྱེད་མུན་པ་སེལ་བ་སྣང་བྱེད་ཡིན་ནོ་ཞེ་ན། བསལ་བྱའི་མུན་པ་རང་ལའང་མེད་ལ་རང་འདུག་ས་དེ་ནའང་མེད་པའི་ཕྱིར་ཅི་ཞིག་སེལ། ཅི་སྟེ་མར་མེ་གྲུབ་ཟིན་པས་མི་སེལ་ཀྱང་སྐྱེ་བཞིན་པས་སེལ་ལོ་ཞེ་ན། དེའང་དེ་དང་ཕྲད་པ་མེད་པས་མི་སེལ་ལོ། །དེའི་ཁྱབ་པ་སྒྲུབ་པ་ནི་མར་མེ་ཕྲད་ལ་ཞེས་གསུངས་པ་ཡིན་ནོ། །མར་མེ་རང་དང་ཞེས་པས་རྒྱུ་མཚན་མཚུངས་པའི་མགོ་སྙོམས་བྱེད་དེ་རང་སྒྲིབ་ན་མུན་པ་མེད་པས་མཚན་མོའང་སྣང་བར་འགྱུར་རོ། །མར་མེ་རང་གཞན་གཉིས་ཀ་སྣང་བས་མུན་པའང་གཉིས་ཀ་སྒྲིབས་པར་འགྱུར་བའི་རྒྱུ་མཚན་མེད་པའི་ཕྱིར། འདི་ལྟག་ཆོད་ཡིན་ཏེ་ལྕགས་ཀྱིས་རང་གཞན་གཉིས་ཀ་གཅོད་ན་སྒྲས་ཀྱང་རང་གཞན་གཉིས་ཀ་གཅོད་པར་འགྱུར་བ་དང་འདྲའོ། །དེ་བཞིན་དུ་མུན་པ་ཐམས་ཅད་སེལ་བར་ཐལ་བ་ཡང་དེའི་ཁྱབ་པས་ཁས་བླངས་དང་ཚད་མ་གཉིས་ཀ་མེད་ན་ལྟག་ཆོད་ཡིན་ཏེ་ཁབ་ལེན་གྱིས་མ་ཕྲད་པའང་ལེན་ན་གཞན་གྱི་ལྕགས་ཀྱང་ལེན་པར་འགྱུར་དང་འདྲའོ། །དེ་ལྟར་དཔེ་བཀག་ནས་དོན་དགག་པའི་ཕྱིར་སྐྱེ་བ་འདི་ནི་ཞེས་གསུངས་ཏེ་དེ་མ་སྐྱེས་པས་རང་བསྐྱེད་ན་ནམ་མཁའི་པདྨས་ཀྱང་རང་བསྐྱེད་པར་འགྱུར་རོ། །རང་སྐྱེས་པས་སྐྱེད་ན་སྐྱེས་ན་བསྐྱེད་དུ་ཅི་ཡོད། དེ་ན་སྐྱེ་བས་རང་མི་བསྐྱེད་དོ། །སྐྱེ་བས་གཞན་བསྐྱེད་པ་ལ་ཡང་སོང་བ་ལ་སོགས་པ་གསུམ་ལ་འགྲོ་བ་མི་འཐད་པས་བཤད་པ་ཡིན་ཏེ་འདི་ལྟར་སྐྱེས་པ་ནི་མི་སྐྱེ་སྟེ་ཐུག་མེད་དུ་འགྱུར་བའི་ཕྱིར་དང་བྱས་པ་ལ་བྱ་བ་མེད་པ་དང་སོང་བ་ལ་འགྲོར་མེད་པ་དང་བསྲེགས་པ་ལ་སྲེག་ཏུ་མེད་པའི་ཕྱིར་རོ། །མ་སྐྱེས་པ་ཡང་མི་བསྐྱེད་དེ་སྐྱེ་བའི་བྱ་བ་མེད་པའི་ཕྱིར་དང་། རིགས་ཆད་ལ་བྱང་ཆུབ་དང་མི་གཡོ་བའི་དགྲ་བཅོམ་ལ་ཉོན་མོངས་སྐྱེ་བ་དང་མི་སྲིད་པ་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་རོ། །སྐྱེ་བཞིན་པ་ཡང་མི་བསྐྱེད་དེ་སྐྱེས་མ་སྐྱེས་ལས་གཞན་པའི་སྐྱེ་བཞིན་པ་མེད་པའི་ཕྱིར་རོ། །གཞན་ཡང་གང་ཚེ་སྐྱེ་བ་ཡོད་པས་སྐྱེ་བཞིན་པ་འདི་འབྱུང་བ་ཡིན་པ་ལ་སྐྱེ་བ་ཉིད་མེད་པ་དེའི་ཚེ་སྐྱེ་བ་ལ་བརྟེན་པའི་སྐྱེ་བཞིན་པ་ཞེས་ཇི་ལྟར་བརྗོད་པར་བྱ་ཁྱབ་བྱེད་མེད་པའི་ཁྱབ་བྱ་དང་ཁྱད་པར་མེད་པའི་ཁྱད་པར་ཅན་མེད་པའི་ཕྱིར་རོ། །སྐྱེ་བ་ཡེ་མེད་ན་རྟེན་འབྲེལ་ཡང་མེད་པར་འགྱུར་རོ་ཞེ་ན། ཀུན་རྫོབ་པའི་རྟེན་འབྲེལ་ནི་དོན་དམ་པར་ངོ་བོ་ཉིད་ཞི་སྟེ་མེད་པ་ཡིན་པ་དེ་ཕྱིར་སྐྱེ་བཞིན་དང་སྐྱེ་བ་ཡང་ཞི་སྟེ་མེད་པ་ཉིད་དེ། དོན་དམ་དུ་མེད་པས་ཀུན་རྫོབ་ལ་མི་གནོད་དོ། །བྱེ་བྲག་ཏུ་སྨྲ་བ་འདུས་བྱས་རྣམས་དུས་འཕོ་བའི་ཕྱིར་མ་འོངས་པ་ད་ལྟར་དུ་སྐྱེ་བ་ནི་ཡོད་པ་སྐྱེ་བར་འདོད་དེ་དེ་ལ་གལ་ཏེ་དངོས་པོ་མ་སྐྱེས་པ་འགའ་ཞིག་མ་འོངས་པའི་དུས་གང་ན་ཡོད་པར་གྱུར་ན་དེ་ཅིའི་ཕྱིར་ད་ལྟར་གྱི་དུས་དེར་སྐྱེ་བར་འགྱུར་ཏེ་དེ་ཡོད་ན་སྟེ་ཡོད་པའི་ཕྱིར་དང་འདིར་སྐྱེ་བར་མི་འགྱུར་ཏེ་དོན་མེད་པའི་ཕྱིར་རོ་སྙམ་ན་དགོངས་པ་ཡིན་ནོ། །འདིས་ནི་བཙུན་པ་ཆོས་སྐྱོབ་དངོས་པོ་གཞན་དུ་འགྱུར་བ་དང་། བཙུན་པ་དབྱངས་སྒྲོགས་མཚན་ཉིད་གཞན་དུ་འགྱུར་བ་དང་བཙུན་པ་དབྱིག་བཤེས་གནས་སྐབས་གཞན་དུ་འགྱུར་བ་དང་། བཙུན་པ་སངས་རྒྱས་ལྷ་གཞན་དུ་འགྱུར་བ་སྟེ་དུས་གསུམ་རྫས་གྲུབ་ལུགས་བཞི་དགག་པ་བཤད་དོ། །མ་སྐྱེས་པ་ལ་རྫས་གྲུབ་གང་ཡང་མི་རུང་བའི་ཕྱིར་རི་བོ་གི་རྭ་བཞིན་ནོ། །ཡང་གལ་ཏེ་རྩ་བའི་སྐྱེ་བ་དེ་ཡིས་སྐྱེ་བཞིན་པ་སྐྱེད་པར་བྱེད་ན་འོ་ན་རྩ་བའི་སྐྱེ་བ་དེ། སྐྱེས་པར་བྱེད་པའི་སྐྱེ་བ་ཡང་གང་ཞིག་ཡིན། གལ་ཏེ་སྐྱེ་བའི་སྐྱེ་བ་གཞན་ཞིག་གིས་དེ་སྐྱེད་ན་དེའང་གཞན་ཞིག་གིས་བསྐྱེད་པས་ཐུག་མེད་དུ་འགྱུར་རོ་ཞེས་བཤད་ཟིན་ཏོ། །ཅི་སྟེ་ཐུག་མེད་སྤངས་པའི་ཕྱིར་རྩ་བའི་སྐྱེ་བ་དེ་གཞན་མེད་པར་སྐྱེས་ན་འདུས་བྱས་ཐམས་ཅད་དེ་བཞིན་དུ་སྐྱེད་བྱེད་མེད་པར་སྐྱེ་བ་རྒྱང་འཕེན་པའི་ལུགས་སུ་འགྱུར་རོ། །རེ་ཤིག་ཅེས་བྱ་བས་ནི་བཤད་ཟིན་པ་དྲན་པར་བྱེད་དེ་རྐྱེན་རྟག་པར་ཡོད་དམ་མེད་པའི་དོན་ལ་ཡང་། རྐྱེན་ནི་རུང་བ་མ་ཡིན་ཏེ་ཞེས་བྱ་བ་ལ་སོགས་པས་གོང་དུ་བསྟན་པ་ཉིད་ཡིན་ནོ། །གཞན་ཡང་དངོས་པོ་འགག་བཞིན་པ་ལ་སྐྱེ་བ་མི་འཐད་དེ་ཆོས་འགལ་བ་གཉིས་གཅིག་ལ་མི་རུང་བའི་ཕྱིར་སྣང་བ་དང་མུན་པ་བཞིན་ནོ། །ད་ལྟར་གྱི་དངོས་པོ་ཐམས་ཅད་ནི་འགག་བཞིན་པ་ཡིན་པས་སྐྱེ་བ་མེད་པ་འགག་བཞིན་པ་མ་ཡིན་པ་འདས་མ་འོངས་ནི་དངོས་པོར་མི་འཐད་པས་ནམ་མཁའི་མེ་ཏོག་ལྟར་སྐྱེ་བ་མེད་དེ་སྐྱེ་བ་དགག་པ་བཤད་ཟིན་ཏོ། །ཉིས་པ་གནས་པ་དགག་པ་ནི་དངོས་པོ་གནས་ཟིན་པ་མི་གནས་ཏེ་གནས་པའི་བྱ་བ་འགག་ཟིན་པའི་ཕྱིར་རོ། །དངོས་པོ་མི་གནས་པའང་གནས་པ་མིན་ཏེ་གནས་པ་དང་བྲལ་བའི་ཕྱིར་རོ། །གནས་བཞིན་པའང་མི་གནས་ཏེ་མ་སྐྱེས་པ་དེ་རྒྱུ་གང་གིས་གནས་པར་བྱེད་དེ་གནས་པའི་རྒྱུ་མེད་པའི་ཕྱིར་རོ། །ཡང་དངོས་པོ་འགག་བཞིན་པ་ལ་གནས་པ་མི་འཐད་དེ་དེ་གཉིས་འགལ་བའི་ཕྱིར་རོ། །གང་ཞིག་ཅེས་པ་ནི་བཤད་ཟིན་ཏོ། །དངོས་པོ་ཞེས་བྱ་བ་ལ་རྒས་པ་ནི་འགྱུར་བའོ། །འཆི་བ་ནི་འཇིག་པའོ། །གནས་པ་ནི་དེ་གཉིས་མེད་པར་འགྱུར་ན་ཡོད་པའི་ཕྱིར་གནས་པ་མེད་དོ། །ཡང་གནས་པ་དེ་གནས་པ་གཞན་གྱིས་མི་གནས་ཏེ་དེའང་གཞན་གྱི་གནས་དགོས་པས་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱིས་ཀྱང་མི་གནས་ཏེ་འཇིག་མི་སྲིད་པར་ཐལ་བའི་ཕྱིར་རོ། །སྐྱེ་བ་ལ་བཤད་པ་བཞིན་གནས་པ་ལའང་སྦྱར་བར་བྱའོ། །གསུམ་པ་འགག་པ་དགག་པ་ནི་འགགས་པ་མི་འགག་པ་ནི་འགགས་ཟིན་པའི་ཕྱིར་རོ། །མ་འགགས་པའང་མི་འགག་སྟེ་འགག་པའི་བྱ་བ་མེད་པའི་ཕྱིར་རོ། །འགག་བཞིན་པའང་མི་འགག་སྟེ་མ་སྐྱེས་པའི་ཕྱིར་ཏེ། མ་སྐྱེས་པ་གང་ཞིག་འགག་པར་བྱེད་དེ་རི་བོང་གི་རྭ་བཞིན་ནོ། །ཡང་དངོས་པོ་གནས་པ་ལ་འགགས་པ་མེད་དེ་དེ་གཉིས་འགལ་བའི་ཕྱིར་རོ། །དངོས་པོ་མི་གནས་པ་ལའང་འགགས་པ་མེད་དེ་དེ་ཉིད་མེད་པའི་ཕྱིར་རོ། །ཡང་འོ་མའི་གནས་སྐབས་དེ་ཡིས་གནས་པ་ནི་གནས་སྐབས་དེས་འགག་པར་མི་འགྱུར་ཏེ་དེ་ཉིད་དུ་གནས་པའི་ཕྱིར་རོ། །དེ་གནས་སྐབས་གཞན་ཞོར་གནས་པའི་ཚེའང་གཞན་དེས་མི་འགག་སྟེ་འོ་མ་ནི་མེད་ལ་ཞོ་ནི་དེ་ཉིད་དུ་གནས་པའི་ཕྱིར་རོ། །གང་ཚེ་ཞེས་པས་ནི་རྒྱུའམ་ཁྱབ་བྱེད་མེད་པས་འགག་པ་མེད་པར་སྟོན་ནོ། །ཡང་དངོས་པོ་ཡོད་པ་ལ་འགག་པ་མེད་དེ་དངོས་པོར་གནས་པ་དང་དེ་འགག་པ་འགལ་བའི་ཕྱིར་རོ། །འགག་པ་ནི་རང་བཞིན་ལས་ཉམས་པའི་དངོས་མེད་དེ་དེས་ན་དེ་གཉིས་གཅིག་ཉིད་དུ་ནི་འཐད་པ་མེད་ཅེས་སྦྱར་རོ། །དངོས་མེད་ལ་འགག་པ་མི་འཐད་པ་ནི་འགག་རྒྱུ་མེད་པའི་ཕྱིར་ཏེ། མགོ་གཉིས་པ་མེད་པས་དེ་ལ་བཅད་དུ་མེད་པ་བཞིན་ནོ། །འདི་ལ་བན་དེ་ཡེ་ཤེས་སྡེས། །ཡོད་པ་མིན་པའི་དངོས་པོ་ལ། །འགག་པ་འཐད་པ་མ་ཡིན་ཏེ། །ཇི་ལྟར་མགོ་ལ་ལན་གཉིས་སུ། །གཅད་དུ་མེད་པ་དེ་བཞིན་ནོ། །ཞེས་བསྒྱུར་ཏེ་མ་ཡིན་དགག་ལ་དགག་པ་མེད་དེ་དེ་ནི་དངོས་པོ་ཡིན་པས་མགོ་ལ་ལན་གཉིས་བཅད་དུ་མེད་པ་བཞིན་བཀག་ཟིན་པའི་དོན་ཏོ། །ཡང་འགག་པ་གཞན་གྱིས་འགག་ན་ཐུག་མེད་དུ་འགྱུར་ལ། དེ་ཉིད་ཀྱིས་འགག་ན་འགགས་པས་འགག་པ་དགག་ཏུ་མེད་པ་ལ་སོགས་པ་སྐྱེ་བ་འགོག་པ་བཞིན་བརྗོད་དོ། །བཞི་པ་དེ་བཀག་པས་དོན་ཐམས་ཅད་དགག་པ་སྒྲུབ་པ་ནི་སྐྱེ་དང་ཞེས་པ་སྟེ་མཚན་ཉིད་མེད་པའི་མཚན་གཞི་མི་རུང་བའི་ཕྱིར་རོ། །དེ་མེད་ན་འདུས་མ་བྱས་མེད་པ་ནི་དགག་བྱ་མེད་ན་བཀག་པ་མེད་པའི་ཕྱིར་ཏེ་རྨི་ལམ་གྱི་གྲོང་ཁྱེར་ཞིག་པ་བཞིན་ནོ། །ཐེག་ཆེན་གྱི་ཆོས་མངོན་པ་ལས་འདུས་མ་བྱས་བརྒྱད་བཤད་པ་དེ་དག་ཀྱང་དགག་བྱ་བཀག་པ་འབའ་ཞིག་ཡིན་ཏེ་དེ་བཞིན་ཉིད་ཀྱང་བདག་གཉིས་བཀག་པ་ཡིན་པའི་ཕྱིར་རོ། །ནམ་མཁའ་ལ་སོགས་ནི་ཀུན་རྫོབ་ཏུའང་རི་བོང་གི་རྭ་བཞིན་དུ་གྲགས་སོ། །ཡུམ་ལས་གང་འདུས་བྱས་དང་འདུས་མ་བྱས་ལ་མི་སྤྱོད་པ་དེ་ནི་ཡུམ་ལ་སྤྱོད་པ་ཡིན་ནོ་ཞེས་གསུངས་སོ། །ལྔ་པ་ལུང་འགལ་སྤང་བ་ནི་མདོ་ལས་གསུམ་པོ་དེ་གསུངས་པ་དང་འགལ་ལོ་ཞེ་ན། རྨི་ལམ་ཇི་བཞིན་ཞེས་གསུངས་ཏེ་གསུམ་པོ་འདི་ནི་མཚོན་པ་སྟེ། རྡོ་རྗེ་གཅོད་པ་ལས། །སྐར་མ་རབ་རིབ་ལ་སོགས་པ་དང་། །བཞི་བརྒྱ་པ་ལས། མགལ་མེའི་འཁོར་ལོ་སྤྲུལ་པ་དང་། །རྨི་ལམ་སྒྱུ་མ་ཆུ་ཟླ་དང་། །ཁུག་སྣ་ནང་གི་བྲག་ཆ་དང་། །སྨིག་རྒྱུ་སྤྲིན་དང་སྲིད་པ་མཚུངས། །ཞེས་བཤད་དོ། །བདུན་པ་འདུས་བྱས་བརྟག་པ་བཤད་ཟིན་ཏོ།།  །།

 

ལས་བརྟག་པ།

བྱེད་པ་པོ་དང་། ལས་རང་བཞིན་མེད་པར་གསུངས་པའི་འཐད་པ་བསྟན་པའི་ཕྱིར་དེ་གཉིས་བརྟག་པ་སྟོན་པ་ན་དེ་གཉིས་འཇིག་རྟེན་དང་སྒྲའི་བསྟན་བཅོས་དང་ལས་ཀྱི་མཐའ་སྨྲ་བའི་རིག་བྱེད་པ་འདོད་དེ་དེ་ལ་བྱེད་པ་པོ་ཡིན་པར་ཞེས་བྱ་བའི་དམ་བཅའ་གཉིས་གསུངས་ནས་དེ་གཉིས་འཆད་པ་ན་གྱུར་མ་གྱུར་ཐམས་ཅད་ནི་གྲུབ་མ་གྲུབ་ཡིན་ནོ། །དེ་ཡང་གྱུར་པ་དང་གྲུབ་པ་དང་སྐྱེས་པ་དང་རེད་པ་དང་བྱུང་བ་ལ་སོགས་པ་ནི་རྣམ་གྲངས་ཀྱི་སྒྲའོ། །དེ་ལ་དམ་བཅའ་དང་པོ་སྒྲུབ་པ་ནི་བྱེད་པོ་ཡིན་པར་གྱུར་པ་ལས་དེ་བྱེད་བཞིན་པ་ལ་དེའི་ཚེ་བྱ་བའི་ལས་དེ་མེད་ན་ལས་ཀྱང་བྱེད་པ་པོ་མེད་པར་འགྱུར་ལ་བྱེད་པ་པོ་ཡང་ལས་མེད་པར་འགྱུར་ཏེ། དེ་གཉིས་ཡ་བྲལ་བའི་ཕྱིར་ནོར་དང་བདག་པོ་ཡ་བྲལ་ནས་རྒྱང་རིང་པོ་ན་གནས་པ་བཞིན་ནོ། །ཡིན་པར་འགྱུར་ཕྱི་མ་ནི་མེད་ཀྱང་ཆོག་གོ །དེ་ལ་དེ་ཡ་མ་བྲལ་བར་ཡོད་ན་ནི་ཕན་ཚུན་ལྟོས་པའི་རྟེན་འབྲེལ་དུ་འགྱུར་རོ། །དམ་བཅའ་གཉིས་པ་སྒྲུབ་པ་ནི་གལ་ཏེ་བྱེད་པོར་མ་གྱུར་པ་ལས་དེ་མི་བྱེད་པས་དེའི་ལས་སུ་མ་གྱུར་པ་གཞན་གྱིས་བྱེད་པ་ཞིག་བྱེད་ན་ནི་རང་གི་བྱ་བ་ལས་ལ་རྒྱུ་མེད་པར་འགྱུར་ཏེ་རང་གཞན་གཉིས་ཀས་དེ་མི་བྱེད་པའི་ཕྱིར་རོ། །རང་གི་ལས་བྱེད་པ་པོ་དེ་ཡང་དེར་འཇོག་པའི་རྒྱུ་མེད་པར་འགྱུར་ཏེ་རང་གི་ལས་བྱེད་པས་བྱེད་པ་པོར་འཇོག་པ་ན་ལས་དེ་མ་བྱས་པའི་ཕྱིར་རོ། །དེ་གཉིས་རྒྱུ་མེད་ན་ཅིར་འགྱུར་ཞེས་ན། རྒྱུ་མེད་ན་ནི་ཞེས་བྱ་བས་གནོད་པ་དྲུག་སྟོན་པར་བྱེད་དེ་དང་པོ་རྒྱུ་མེད་པ་ནི་འབྲས་བུ་དང་ཞེས་པའོ། །གཉིས་པ་བྱ་བྱེད་མེད་པ་ནི་རྒྱུ་འབྲས་དེ་མེད་ན་ནི་ཞེས་པའོ། །གསུམ་པ་དགེ་སྡིག་མེད་པ་ནི་བྱ་བ་ལ་སོགས་ཅེས་པའོ། །བཞི་པ་དེའི་འབྲས་བུ་མེད་པ་ནི་ཆོས་དང་ཆོས་མིན་ཞེས་པའོ། །ལྔ་པ་ལམ་མེད་པ་ནི་འབྲས་བུ་མེད་ན་ཞེས་པའོ། །དྲུག་པ་བྱ་བ་འབྲས་བུ་མེད་པའི་གནོད་པ་ནི་བྱ་བ་དག་ནི་ཞེས་པ་སྟེ་རྒྱང་འཕེན་པའི་ལྟ་བར་འགྱུར་བའི་ཕྱིར་བྱེད་པ་པོ་མ་ཡིན་པར་གྱུར་པས་ལས་སུ་མ་གྱུར་པ་མི་བྱེད་དོ། །གཉིས་པས་གཉིས་ཀ་བྱེད་པ་འགོག་པ་ནི་བྱེད་པ་པོར་གྲུབ་མ་གྲུབ་གཉིས་ཀས་ལས་སུ་གྲུབ་མ་གྲུབ་གཉིས་ཀ་མི་བྱེད་དེ་ཡིན་མ་ཡིན་གཉིས་ནི་འགལ་བས་གཅིག་ལ་དུས་གཅིག་ཏུ་བྱ་བ་ཡོད་མེད་གཉིས་མི་སྲིད་པའི་ཕྱིར་རོ། །གྲུབ་པས་མ་གྲུབ་པ་བྱེད་པ་ལ་སོགས་པ་འགོག་པ་ནི་བྱེད་པ་པོར་གྱུར་པས་ལས་མ་གྱུར་པ་དང་བྱེད་པ་པོར་མ་གྱུར་པས་ལས་གྱུར་པ་མི་བྱེད་དེ་ཡིན་པར་གྱུར་ལ་བྱ་བ་མེད་བྱ་བའི་ཡ་བྲལ་གྱི་སྐྱོན་དེ་ཐལ་བའི་ཕྱིར་རོ། །དེ་ལྟར་བྱེད་པོ་དང་ལས་གྲངས་མཉམ་བཀག་ནས་གྲངས་མི་མཉམ་པ་འགོག་པ་ན་བྱེད་པ་པོར་གྱུར་པ་དང་བཅས་པས་ལས་མ་གྱུར་པ་དང་གྱུར་མ་གྱུར་གཉིས་ཀ་མི་བྱེད་ལ། ཡང་བྱེད་པ་པོར་མ་གྱུར་པས་ལས་གྱུར་པ་དང་ལས་གྱུར་མ་གྱུར་གཉིས་ཀ་མི་བྱེད་ཅིང་། གཉིས་ཀས་གཉིས་ཀ་བྱེད་པ་ནི་ཕན་ཚུན་འགལ་བས་བཀག་ཟིན་ཏོ། །དེ་དག་ནི་དམ་བཅའ་ཐ་དད་ཡིན་ལ་གཏན་ཚིགས་གོང་དུ་བསྟན་པའི་དོན་ནི་འདི་ཡིན་ཏེ། ལས་དང་བྱེད་པོ་རིགས་མཐུན་ཡ་བྲལ་ན་དེ་གཉིས་མི་འགྲུབ་ལ། རང་གི་ལས་མ་བྱས་པར་གཞན་གྱི་ལས་བྱས་ན་རང་གི་ལས་རྒྱུ་མེད་ལ་སོགས་པ་དྲུག་ཏུ་འགྱུར་ཞིང་། གཉིས་ཀས་གཉིས་ཀ་བྱས་པ་ནི་ཇི་ལྟར་བྱས་ཀྱང་མི་སྲིད་པས་མི་སྲིད་པ་བྱས་པར་འགྱུར་བ་ལ་སོགས་པ་སྔར་བཤད་པ་རྣམས་ཤེས་པར་བྱའོ། །དེས་ན་ལས་དང་བྱེད་པོ་ཐམས་ཅད་རྟེན་འབྲེལ་དུ་སྟོན་པ་ནི་བྱེད་པོ་ཞེས་པ་སྟེ་དེ་གཉིས་ཕན་ཚུན་ལྟོས་ནས་འདོགས་ལ་བརྟེན་པ་དེ་མ་གཏོགས་པར་འགྲུབ་པའི་རྒྱུ་གཞན་མུ་སྟེགས་པས་བརྟགས་པ་རྣམས་ནི་མ་མཐོང་བའི་ཕྱིར་དེ་གཉིས་རང་བཞིན་མེད་པར་འགྲུབ་བོ། །དེ་གཞན་ལ་སྦྱོར་བ་ནི་གཉིས་པོ་དེ་བཞིན་དུ་ཉེར་ལེན་ཀྱང་ཤེས་པར་བྱ་དེ་ལ་དེ་གཉིས་བསལ་བས་དེ་ལའང་བསལ་བའི་ཕྱིར་རོ། །དེ་ལ་ཕུང་པོ་ཉེ་བར་ལེན་པ་པོ་ནི་བདག་གོ་ཉེ་བར་བླང་བྱ་ནི་ཕུང་པོ་སྟེ། དེ་གཉིས་ཀྱང་ཕན་ཚུན་ལྟོས་པའི་རྟེན་འབྲེལ་ལོ། །དངོས་པོ་ལྷག་མ་ནི་བསྐྱེད་བྱ་སྐྱེད་བྱེད་དང་། མཚན་ཉིད་མཚན་ཉིད་དང་ཡོན་ཏན་ཅན་དང་ཡན་ལག་དང་ཡན་ལག་ཅན་དང་བལྟ་བྱ་ལྟ་བྱེད་དང་འབྱུང་བྱ་འབྱུང་བྱེད་དང་ཚད་མ་དང་གཞལ་བྱ་ལ་སོགས་པའང་ངོ་བོ་ཉིད་མེད་པར་དེ་དག་ཏུ་གྱུར་མ་གྱུར་ལ་མེད་པའི་རིགས་པ་དེ་ཉིད་ཀྱིས་ཤེས་པར་བྱ་སྟེ་དེ་དག་ཐམས་ཅད་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་པའི་ཕྱིར་རོ། །བརྒྱད་པ་བྱེད་པ་པོ་དང་ལས་བརྟག་པ་བཤད་ཟིན་ཏོ།།  །།

བླང་བྱ་བརྟག་པ།

ཆོས་ཐམས་ཅད་བདག་མེད་པར་གསུངས་པའི་འཐད་པ་བསྟན་པ་དང་བདག་དགག་པའི་ཕྱིར་ཉེ་བར་ལེན་པ་དང་བླང་བྱ་བརྟག་པ་འཆད་པ་ན་ཕྱོགས་སྔ་མ་སྟོན་པ་ནི་ལྟ་བ་དང་ཉན་པ་དང་ལ་སོགས་པ་སྣོམ་པ་དང་མྱང་བ་དང་རེག་པའི་དབང་པོ་རྣམས་དང་ཚོར་བ་དང་སོགས་པ་རྣམ་པར་ཤེས་པ་དང་ཡིད་ལ་བྱེད་པ་དང་ཡང་དེ་ལ་སོགས་པ་ཆོས་གང་དག་གིས་དབང་དུ་བྱས་པ་དངོས་པོ་གང་ཡིན་པ་དེ་དག་གི་སྔ་རོལ་ན་རྟག་མི་རྟག་ཏུ་བརྗོད་དུ་མེད་པའི་བདག་དེ་ཡོད་ཅེས་མང་པོས་བཀུར་བ་དང་གནས་མ་བུའི་སྡེ་པའི་སློབ་དཔོན་ཁ་ཅིག་གིས་སྨྲའོ། །གལ་ཏེ་རྒྱུ་བདག་གི་དངོས་པོ་དེ་ཡོད་པ་མ་ཡིན་ན་འབྲས་བུ་ལྟ་ལ་སོགས་པ་ཇི་ལྟར་འགྱུར། དེ་དག་ཡོད་པའི་རྒྱུ་མཚན་དེ་ཕྱིར་ལྟ་ལ་སོགས་དེ་དག་གི་སྔ་རོལ་ན་བདག་གི་དངོས་པོ་གནས་པ་དེ་ཡོད་དོ་ཞེས་ཟེར་རོ། །དེ་དགག་པ་ནི་ལྟ་དང་ཞེས་པ་སྟེ་བདག་དེ་ནི་གང་གང་གིས་གདགས་པ་སྟེ་བཞག་པར་བྱ་སྟེ་དེའི་ཚེ་འཇོག་བྱེད་ལྟ་བ་སོགས་པ་མེད་པའི་ཕྱིར་རོ། །འཇོག་བྱེད་དེ་མེད་པར་ཡང་དེ་ཡོད་ན་བདག་དེ་མེད་པར་ཡང་དབང་པོ་དེ་དག་ཡོད་པར་འགྱུར་ཏེ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །དེ་ལྟ་ཡིན་ན་ལྟ་བ་ལ་སོགས་པ་ཅི་ཡིས་བདག་གི་དངོས་པོ་གསལ་བར་བྱེད་བདག་གང་གིས་ཀྱང་ལྟ་བ་ལ་སོགས་པ་ཅི་ཞིག་གསལ་བར་བྱེད་དེ་བཞིན་དུ་ལྟ་བ་ལ་སོགས་པ་ཅི་ཞིག་མེད་པས་བདག་གང་ཞིག་ག་ལ་ཡོད་དེ་མེད་པར་འགྱུར་བདག་གམ་མེད་པས་ལྟ་བ་ལ་སོགས་པ་ཅི་ཞིག་ག་ལ་ཡོད་དེ་མེད་པར་འགྱུར་ཏེ་ཕན་ཚུན་ལྟོས་པ་མེད་པ་དག་ཀྱང་གསལ་བྱ་གསལ་བྱེད་དང་ལྡོག་བྱ་ལྡོག་བྱེད་དུ་འགྱུར་ན་ཧ་ཅང་ཐལ་བའི་ཕྱིར་རོ། །དེ་ལ་གལ་ཏེ་བདག་དེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་མེད་ཀྱི་དེ་གཞན་དག་སྟེ་རེ་རེས་དུས་གཞན་གྱི་ཚེ་ན་བདག་དེ་ལྟ་བ་པོ་དང་ཉན་པ་པོ་དང་ཚོར་བ་པོ་ཞེས་གསལ་བར་བྱེད་པས་རེ་རེའི་སྔ་རོལ་ནའང་ཡོད་ལ་རེ་རེས་དེ་དེ་ལྟར་གསལ་བར་ཡང་བྱེད་དོ་ཞེ་ན་ལྟ་བ་ལ་སོགས་པ་ཞེས་གསུངས་ཏེ་ཐམས་ཅད་ཀྱི་སྔ་རོལ་ན་མེད་པ་དེ་ནི་རེ་རེའི་སྔ་རོལ་དུའང་མེད་པར་འགྱུར་ལ་རེ་རེའི་སྔ་རོལ་ན་ཡོད་ན་ཐམས་ཅད་ཀྱི་སྔ་རོལ་དུའང་ཡོད་པར་འགྱུར་ཏེ་དེ་རིམ་གྱིས་དེ་ལྟར་འགྱུར་བའི་ཕྱིར་རོ། །ཡང་རེ་རེའི་སྔ་རོལ་ན་ཡོད་པའི་བདག་དེ་ལྟ་པོ་དང་ཉན་པོ་དང་ཚོར་པོ་ཡང་དེ་ཉིད་དུ་འགྱུར་ན་གཟུགས་ལ་ལྟ་བའི་ཚེ་ཡུལ་མེད་པར་ཡང་ཉན་པོ་ལ་སོགས་པར་འགྱུར་ན་དེ་ནི་མི་རིགས་སོ། །གལ་ཏེ་དེ་དག་གཞན་ཡིན་ན་བདག་དུས་གཅིག་ལ་མང་པོར་འགྱུར་ཏེ་ལྟ་པོའི་ཚེ་ན་ཉན་པ་པོ་ལ་སོགས་པའང་ཡོད་པའི་ཕྱིར་རོ། །དེ་རེས་འགག་བ་ཡིན་ན་ནི་མི་རྟག་པར་འགྱུར་རོ། །ཡང་ལྟ་བ་ལ་སོགས་པའི་བེམས་རིག་དེ་དག་གང་ལས་འབྱུང་བར་འགྱུར་བའི་འབྱུང་བ་བཞི་པོ་དེ་ལའང་བདག་དེ་ཡོད་པ་མ་ཡིན་ཏེ་ཐམས་ཅད་དང་རེ་རེའི་སྔར་ཡོད་པ་མི་རིགས་པའི་ཕྱིར་རོ། །དེས་ན་ལྟ་བ་ལ་སོགས་པ་བདག་གང་གི་ཡིན་པའི་བདག་མེད་དེ་མེད་ན་བདག་དེའི་ལྟ་བ་ལ་སོགས་དེ་དག་ཀྱང་ཡོད་པ་མིན་པར་འགྱུར་ཏེ། ཁྱད་པར་མེད་པའི་ཁྱད་པར་ཅན་མེད་པའི་ཕྱིར་རོ། །དེ་ལྟར་རིགས་པས་དཔྱད་ན་བདག་གང་ཞིག་ལྟ་ལ་སོགས་པའི་སྔ་རོལ་དང་ད་ལྟར་དང་ཕྱི་ན་མེད་པ་དེ་ལ་ཡོད་མེད་ཀྱི་རྟོག་པ་ལྡོག་པར་འགྱུར་རོ། །མདོར་བསྡུས་པའི་དོན་ནི་འདི་ཡིན་ཏེ་ཉེ་བར་ལེན་པ་སྟེ་བྱེད་པ་པོ་བདག་དང་། དེས་བླངས་པ་སྟེ་བྱས་པའི་ལྟ་བ་ལ་སོགས་པ་ཕན་ཚུན་ལྟོས་ན་རྟེན་འབྲེལ་དང་། མི་ལྟོས་ན་བྱ་བྱེད་དུ་མི་འགྱུར་རོ། །ཞེས་བསྟན་པ་ཡིན་ནོ། །དབུ་མ་རྒྱན་ནས། སྐད་ཅིག་སྐད་ཅིག་མ་ཡིན་པར། །གང་ཟག་བསྟན་དུ་མི་རུང་བ། །གཅིག་དང་དུ་མའི་རང་བཞིན་དང་། །བྲལ་བར་གསལ་བར་རབ་ཏུ་ཤེས། །ཞེས་བཤད་དོ། །དགུ་པ། ལེན་པ་པོ་དང་བླང་བྱ་བརྟག་པ་བཤད་ཟིན་ཏོ། །

 

མེ་དང་བུད་ཤིང་བརྟག་པ།

ཐ་དད་དོན་མིན་དོན་གཅིག་མིན་ཞེས་བསྟན་པ་དེ་བཤད་པ་དང་མེ་དང་བུད་ཤིང་ལ་སོགས་པ་ལྟོས་པ་རྣམས་ལ་འཇིག་རྟེན་པ་དང་བསྟན་བཅོས་པ་གཉིས་ཀ་རང་བཞིན་དུ་ཞེན་ནས་བདག་དང་ཕུང་པོ་ལའང་དེ་ལྟར་རྟོག་པས་དེ་དགག་པའི་ཕྱིར་དེ་གཉིས་བརྟག་པ་སྟོན་པ་ན་གལ་ཏེ་ཞེས་པས་དེ་གཉིས་གཅིག་ཡིན་པར་འགོག་ལ། གལ་ཏེ་ཤིང་ལས་མེ་དེ་ལྟོས་པ་མེད་པའི་གཞན་ཡིན་ན་ཞེས་བཤད་ཀྱི་གཞན་ཡིན་ན་དེ་མེད་པར་འབྱུང་བ་མཐོང་བ་ཙམ་གྱིས་ལྟག་ཆོད་དུ་འགྱུར་རོ། །དེས་ན་དེ་ལ་མི་ལྟོས་པར་འབར་ན་རྟག་ཏུ་འབར་བ་དང་། འབར་བྱེད་མེད་པའི་རྒྱུ་ལས་བྱུང་ཞེས་འགྲེལ་པ་གསུམ་ལས་འཆད་ལ་ཚིག་གསལ་ནས་འབར་བྱེད་རྒྱུ་ལས་མི་འབྱུང་ཞིང་ཞེས་འཆད་དོ། །སྤོར་བའི་རྩོམ་པ་དོན་མེད་པ་དང་ཤིང་མེད་པ་དེ་ལྟ་ཡིན་ན་ལས་ཀྱང་མེད་དོ། །སྐྱོན་བཞིའི་བར་པ་གཉིས་འཆད་པ་ནི་ཤིང་མེད་ན་དེ་ལས་གཞན་ལ་ལྟོས་པ་མེད་པའི་ཕྱིར་འབར་བྱེད་ཀྱི་རྒྱུ་མེད་པ་ལས་བྱུང་བར་འགྱུར་ཞེས་སྦྱར་རོ། །རྩོམ་པ་ནི་སྤར་བའིའོ། །དེ་ལ་གལ་ཏེ་སྲེག་བཞིན་པ་ཁོ་ན་བུད་ཤིང་ཡིན་པས་དེ་གཉིས་ཀ་གཞན་ཡིན་ཡང་ཤིང་མེད་པར་མི་འབྱུང་ངོ་ཞེ་ན། སྲེག་བཞིན་པ་དེ་ཙམ་ཁོ་ན་བུད་ཤིང་ཡིན་ན་མེ་གང་གིས་བུད་ཤིང་སྲེག་པར་བྱེད་དེ་དེ་ལས་གཞན་པའི་མེ་མ་མཐོང་བའི་ཕྱིར་རོ། །དེ་གཉིས་གཞན་ཡིན་ན་སྣང་མུན་ལྟར་མི་ཕྲད་ཅེས་པ་སྟེ་ལྟག་ཆོད་ཡིན་པས་དེ་གཉིས་ལྟོས་མེད་ཀྱི་གཞན་ཡིན་ན་མི་ཕྲད་པར་འགྱུར་ཏེ། ཕྲད་པ་ཐམས་ཅད་ལ་གཉིས་པོ་དེ་ལྟོས་པས་ཁྱབ་པའི་ཕྱིར་རོ། །ཕྲད་པ་མེད་ན་སྲེག་པར་མི་འགྱུར་ལ་མི་སྲེག་ན་ཤིང་ཡང་མི་ཟད་ལ་མེ་ཡང་འཆི་བར་མི་འགྱུར་ཏེ་བུད་ཤིང་མེད་པར་གྲུབ་པའི་ཕྱིར་རོ། །མི་འཆི་ན་མེ་རང་གི་རྟགས་ཚ་བ་དང་སྲེག་པ་ལ་སོགས་པ་དང་ལྡན་པར་གནས་པར་འགྱུར་རོ། །དེ་ལ་གལ་ཏེ་དེ་གཉིས་གཞན་ཡིན་ཡང་ཕོ་མོ་ལྟར་ཕྲད་དོ་ཞེ་ན། དེ་གཉིས་གཅིག་གིས་གཅིག་བསལ་ཏེ་ཐ་དད་དུ་བྱས་པར་གྱུར་ན་དེ་གཉིས་གཞན་ཡིན་ཡང་ཕྲད་པར་འདོད་ལ་རག་སྟེ་ཕྲད་པ་རུང་ན་དེ་གཉིས་ཐ་དད་མེད་པར་སྣང་བའི་ཕྱིར་ཕྲད་པ་མེད་དོ། །གལ་ཏེ་ཞེས་པས་ནི་དེ་གཉིས་ལྟོས་པས་ངོ་བོ་ཉིད་དུ་གྲུབ་པོ་ཞེས་སྟོན་ལ་གང་ལ་ཞེས་པས་ནི་དེ་གཉིས་དང་པོར་གང་གྲུབ་ཅེས་འགོག་པ་ཡིན་ནོ། །གལ་ཏེ་ཤིང་དང་པོར་གྲུབ་ལ་དེ་ལ་བལྟོས་ནས་མེས་ཕྱིས་མེ་གྲུབ་པ་ཡིན་ན་གྲུབ་ཟིན་པ་སྒྲུབ་པར་འགྱུར་ཏེ་མ་གྲུབ་པ་ལ་ལྟོས་ས་མེད་པའི་ཕྱིར་ཏེ་རི་བོང་གི་རྭ་བཞིན་ནོ། །མེ་འབར་བཞིན་པའི་ཤིང་ནི་བུད་པར་བྱ་བའི་ཤིང་སྟེ་དེ་ལའང་མེད་པར་འགྱུར་ཏེ་སྔ་ཕྱི་བ་མེད་པའི་ཕྱིར་རོ། །དེ་གཉིས་དུས་མཉམ་དུ་སྒྲུབ་པ་ཕན་ཚུན་ལྟོས་པ་འགོག་པ་ནི་གལ་ཏེ་ཤིང་གི་དངོས་པོ་གང་ལ་ལྟོས་ནས་འགྲུབ་པའི་མེ་དེ་ཉིད་ལ་བལྟོས་ནས་བལྟོས་བྱའི་ཤིང་དེ་གྲུབ་ན་དེ་གཉིས་གང་ལ་བལྟོས་ནས་གང་ཞིག་འགྲུབ་སྟེ་བལྟོས་ནས་གྲུབ་པ་མི་སྲིད་དོ། །དེ་ཉིད་གསལ་བར་འཆད་པ་ནི་དངོས་པོ་ཞེས་པ་སྟེ་དེ་གཉིས་གྲུབ་མ་གྲུབ་གཉིས་ཀ་ལ་ལྟོས་པ་མི་འཐད་པའི་ཕྱིར་རོ། །རིགས་པ་དེ་ཉིད་ཀྱིས་ཤིང་ལ་བལྟོས་པའི་མེ་དང་མེ་ལ་བལྟོས་པའི་ཤིང་མེད་པར་གྲུབ་བོ། །ཡང་བུད་ཤིང་ལ་མ་བལྟོས་པའི་མེ་མེད་དེ་རྟག་ཏུ་འབར་བ་ལ་སོགས་པ་སྔར་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །མེ་ལ་མ་བལྟོས་པའི་བུད་ཤིང་ཡང་མེད་དེ་མེ་མེད་ཅིང་སྲེག་བཞིན་མ་ཡིན་པ་བུད་ཤིང་དུ་མི་འགྱུར་བའི་ཕྱིར་རོ། །ཡང་མེ་ནི་བུད་ཤིང་ལས་གཞན་ལས་མི་འོང་སྟེ་མ་མཐོང་བའི་ཕྱིར་དང་མེ་ལྕགས་དང་མེ་རྡོའང་བུད་ཤིང་དུ་འཐད་པའི་ཕྱིར་རོ། །ཤིང་ལའང་མེ་ནི་ཡོད་པ་མ་ཡིན་ཏེ་མ་དམིགས་པའི་ཕྱིར་དང་རྩོམ་པ་དོན་མེད་དུ་འགྱུར་བའི་ཕྱིར་རོ། །ཞེས་རང་འགྲེལ་དང་སངས་རྒྱས་བསྐྱངས་ཀྱིས་བཤད་པ་ལ་དེ་རྟགས་སུ་མི་འགྲུབ་ཅིང་རྩོམ་པ་དོན་ཡོད་དུ་བཤད་པ་དང་འགལ་ལོ་ཞེས་ཤེས་རབ་སྒྲོན་མ་ནས་སུན་འབྱིན་ནོ། །སོང་དང་ཞེས་བྱ་བ་ནི་རེ་ཤིག་བསྲེགས་པ་མི་སྲེག་སྟེ། མ་བསྲེགས་པ་ལའང་བསྲེགས་པ་མེད། །བསྲེགས་དང་མ་བསྲེགས་མ་གཏོགས་པའི། །སྲེག་བཞིན་ཤེས་པར་མི་འགྱུར་རོ། །ཞེས་བྱ་བས་ཤིང་ལ་དགག་པ་ལྷག་མ་བསྟན་པར་བྱའོ། །ཡང་ཤིང་ཉིད་དང་མེ་གཅིག་པ་མ་ཡིན་ཏེ་སྔར་བཀག་པའི་ཕྱིར་རོ། །ཤིང་ལས་གཞན་ལ་མེ་མེད་དེ་ཐ་དད་དགག་པ་སྔར་བསྟན་པའི་ཕྱིར་རོ། །མེ་ཤིང་དང་མི་ལྡན་པ་དང་མེ་ལ་ཤིང་མེད་པ་དང་ཤིང་དེར་མེད་དེ་མེད་པ་ཡང་ཐ་དད་དགག་པས་བསྟན་ཏོ། །དེ་ལྟར་རྣམ་པ་ལྔས་མེ་དང་ཤིང་དགག་པའི་རིགས་པས་ཉེ་བར་ལེན་པ་བདག་དང་ཉེ་བར་བླང་བྱའི་རིམ་པ་ལྔ་པོ་ཀུན་དང་བུམ་སྣང་དང་ལ་སོགས་པ་རྒྱུ་འབྲས་དང་ཡན་ལག་དང་ཡན་ལག་ཅན་དང་མཚན་ཉིད་དང་མཚན་གཞི་དང་ཡོན་ཏན་དང་ཡོན་ཏན་ཅན་ལ་སོགས་པ་མ་ལུས་པ་ལྷན་ཅིག་ཏེ་དུས་གཅིག་ཏུ་དགག་པ་བཤད་དེ་གལ་ཏེ་བདག་དེ་ཕུང་ཡིན་ན་བྱ་བ་དང་གལ་ཏེ་བདག་དེ་ཕུང་གཞན་ན་བྱ་བ་ལ་སོགས་པས་ཆོས་ཅན་སྤོས་ལ་ཇི་ལྟར་རིགས་པས་སྦྱར་ལ་བཤད་པར་བྱའོ། །དངོས་པོར་ལྟ་བ་སྨད་པ་ནི་གང་དག་ཅེས་པ་སྟེ་གནས་མ་བུ་པ་དང་མུ་སྟེགས་པ་བདག་དང་ཕུང་པོ་དེ་བཅས་ཏེ་གཅིག་པ་དང་ཐ་དད་པར་སྟོན་པ་དང་། ཡང་མུ་སྟེགས་པ་དང་སངས་རྒྱས་པའི་དངོས་སྨྲ་བ་རྣམས་སྔར་བསྟན་པའི་རྒྱུ་འབྲས་ལ་སོགས་པའི་དངོས་པོ་རྣམས་གཅིག་དང་ཐ་དད་པར་སྟོན་པ་དེ་དག་བསྟན་དོན་ལ་མི་མཁས་པ་ནི་རིགས་པས་གནོད་པའི་དོན་སྟོན་པའི་ཕྱིར་རོ། །འདིས་ནི་ཕྱི་ནང་གི་འདོད་པ་ཐམས་ཅད་བསྡུས་ནས་བསྟན་ཏེ་དེ་དག་བདག་དང་ཕུང་པོ་གཅིག་དང་ཐ་དད་དུ་འདོད་པའི་ཚུལ་དང་རྒྱུ་འབྲས་ལ་སོགས་པ་གཅིག་དང་ཐ་དད་དུ་ཇི་ལྟར་འདོད་པ་རྒྱས་པར་བཤད་ན་འབྱམས་ཀླས་པར་འགྱུར་བས་གྲུབ་མཐའ་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །འགྲེལ་པ་མཁན་པོས་བདག་དང་ཕུང་པོ་གཅིག་དང་ཐ་དད་སངས་རྒྱས་པ་རྣམས་ལའང་སྦྱར་བ་ནི་མི་འཐད་དེ་དེ་དག་བདག་མེད་པར་སྨྲ་བ་ལ་དེ་སྦྱོར་བ་དོན་འགལ་བའི་ཕྱིར་དང་བདག་རྣམ་པར་ཤེས་པ་ལ་བྱེད་ན་ཕུང་པོར་འདུས་པའི་ཕྱིར་རོ། །སངས་རྒྱས་ཀྱིས་གཅིག་དང་ཐ་དད་དུ་གསུངས་པ་ནི་ཀུན་རྫོབ་ཏུ་གསུངས་ཀྱི་དོན་དམ་དུ་མ་གསུངས་པའི་ཕྱིར་རོ། །བཅུ་པ་མེ་དང་བུད་ཤིང་བརྟག་པ་བཤད་ཟིན་ཏོ།། །།

 

འཁོར་བ་བརྟག་པ།

ཐོག་མ་དང་ཐ་མ་མེད་པའི་མདོ་ལས། དགེ་སློང་དག་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་དེ་སྔོན་དང་ཕྱི་མའི་མཐའ་མི་མངོན་ནོ་ཞེས་གསུངས་པའི་འཐད་པ་བསྟན་པ་དང་འཇིག་རྟེན་པ་དང་བསྟན་བཅོས་པ་ཐམས་ཅད་འཁོར་བ་ལ་མངོན་པར་ཞེན་པས་དེ་དགག་པའི་ཕྱིར་དེ་བརྟག་པ་སྟོན་པ་ན་མུ་སྟེགས་བྱེད་ཀྱི་བྲམ་ཟེ་གཅིག་གིས་གཽའུ་ཏ་མ་འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ་ཐུབ་པ་ཆེན་པོས་མིན་ཏེ་དེ་མི་མངོན་ནོ་ཞེས་གསུངས། འཁོར་བ་སྤྱི་ལ་ཐོག་མ་མཐའ་མེད་དེ་དེ་གཉིས་མེད་པའི་འཁོར་བའི་སྤྱི་དེ་ལ་སྔོན་མེད་ཕྱི་མ་མེད་འཁོར་བ་གང་ལ་ཁྱབ་བྱེད་ཐོག་མེད་ཐ་མ་མེད་པ་དེ་ལ་ཁྱབ་བྱ་དབུས་མེད་དེ་ཤིང་ཙམ་མེད་ན་ཤ་བ་མེད་པ་བཞིན་ནོ། །དེ་དག་ཐམས་ཅད་མེད་པའི་ཕྱིར་རང་བཞིན་མེད་དེ་ནམ་མཁའ་བཞིན་ནོ། །དེས་སངས་རྒྱས་ཐམས་ཅད་མཁྱེན་པ་མ་ཡིན་པར་ནི་མི་འགྱུར་ཏེ་མེད་པ་ལ་མེད་པར་ཤེས་པས་དེ་འཇིག་ན་རི་བོང་ལ་རྭ་མེད་པར་ཤེས་པས་ཀྱང་དེ་འཇིག་པར་འགྱུར་པའི་ཕྱིར་རོ། །བདག་མེད་པའི་ལམ་ལ་ཞུགས་པ་རྣམས་ལ་ནི་ཐ་མ་ཡོད་དེ་འབྲུ་ལ་སོགས་པ་བཞིན་ནོ། །ཇི་སྐད་དུ་འཕགས་པ་ལྷས། ཇི་ལྟར་ས་བོན་མཐའ་མཐོང་ཞིང་། །དེ་ལ་ཐོག་མ་ཡོད་མིན་ལྟར། །དེ་ཕྱིར་རྒྱུ་ནི་མ་ཚང་ཕྱིར། །སྐྱེ་བའང་འབྱུང་བར་མི་འགྱུར་རོ། །ཞེས་བཤད་དོ། །ཐོག་མ་ཡོད་ན་ནི་འཁོར་བའི་དང་པོ་རྒྱུ་མེད་པར་འགྱུར་རོ། །འཁོར་བ་མེད་པའི་ཕྱིར་འཁོར་བ་པོའི་བདག་ཀྱང་མེད་དོ། །འཁོར་བའི་དོན་ནི་རྟེན་འབྲེལ་ཡིན་པ་ན་འཁོར་བ་མེད་པ་དེ་ཕྱིར་འཁོར་བའི་དོན་རྟེན་འབྲེལ་དེ་ལ་ལྷན་ཅིག་སྟེ་དུས་གཅིག་པ་ལ་སོགས་པའི་རིམ་པ་མེད་དོ། །དེ་ཉིད་སྟོན་པ་ནི་གལ་ཏེ་ཞེས་པ་སྟེ་སྐྱེ་བ་སྔ་ལ་རྒ་ཤི་ཕྱི་བར་ངེས་པ་ཡིན་ན་སྐྱེ་བའི་སྔར་རྒ་ཤི་མེད་པ་དང་དེར་མ་ཟད་མ་ཤི་བར་ཡང་སྐྱེ་བར་འགྱུར་ལ་དེ་འདོད་ན་དེ་ལ་ཐོག་མ་ཡོད་པ་དང་རྒྱུ་མེད་པ་དང་རྒྱང་འཕེན་པའི་ལྟ་བ་སྟེ་གསུམ་དུ་འགྱུར་རོ། །བེམ་པོའི་འབྲས་བུ་སྐྱེ་བ་རྣམས་ཀྱང་རང་གི་རྒྱུ་དེ་འགྱུར་བ་དང་ཞིག་ནས་སྐྱེ་བའི་ཕྱིར་དེ་གཉིས་རྒ་ཤིའི་དོན་ཡིན་པས་མ་ངེས་པ་མེད་དོ། །ཡང་གལ་ཏེ་སྐྱེ་བ་ཕྱི་ལ་རྒ་ཤི་སྔ་བ་ཡིན་ན་རྒ་ཤི་རྒྱུ་མེད་པར་འགྱུར་ཏེ་སྐྱེ་བ་མེད་པའི་ཕྱིར་རོ། །རྒྱུ་མེད་ན་ཇི་ལྟར་འབྱུང་བར་འགྱུར་ཏེ་རྒྱང་འཕེན་པའི་ལྟ་བར་འགྱུར་རོ། །དེ་གཉིས་དུས་གཅིག་ན་སྐྱེ་བཞིན་པ་ན་འཆི་བ་དང་གཉིས་ཀ་རྒྱུ་མེད་པར་འགྱུར་ཏེ་དུས་མཉམ་པ་ལ་ཕན་གདགས་བྱ་འདོགས་བྱེད་མེད་པའི་ཕྱིར་རོ། །དེ་ལྟར་བརྟགས་ན་གཉིས་པོ་དེ་གང་ལ་ཞེས་སྦྱར་ཏེ་རྒྱུ་མཚན་ཅིའི་ཕྱིར་སྤྲོས་པ་མེད་པ་སྤྲོས་པར་བྱེད་དེ་དེ་དག་མ་སྐྱེས་པའི་ཕྱིར་རོ། །དེ་གཞན་ལ་སྦྱོར་བ་ནི་འཁོར་བ་འབའ་ཞིག་ཏུ་མ་ཟད་རྒྱུ་འབྲས་ལ་སོགས་པ་ཐམས་ཅད་ལའང་སྔོན་མཐའ་མེད་དེ་རྒྱུ་སྔ་ལ་འབྲས་བུ་ཕྱི་ན་འབྲས་བུ་མེད་པའི་རྒྱུ་དང་། འབྲས་བུ་སྔ་ལ་རྒྱུ་ཕྱི་ན་འབྲས་བུ་རྒྱུ་མེད་པར་འགྱུར་ལ་དུས་མཉམ་ན་གཉིས་ཀ་རྒྱུ་མེད་དུ་འགྱུར་རོ། །དེ་བཞིན་དུ་དངོས་པོ་ཐམས་ཅད་སྟེ་ཤེས་པ་དང་ཤེས་བྱ་དང་ཚད་མ་དང་གཞལ་བྱ་དང་བསྒྲུབ་བྱ་སྒྲུབ་བྱེད་དང་ཡན་ལག་དང་ཡན་ལག་ཅན་དང་། མཚན་ཉིད་དང་མཚན་གཞི་དང་ཡོན་ཏན་དང་ཡོན་ཏན་ཅན་ལ་སོགས་པ་དེ་དག་ལའང་སྔོན་མཐའ་དེ་ཁོ་ན་བཞིན་དགག་པར་བྱ་སྟེ་དེ་ཡོད་ན་རྒྱུ་མེད་དུ་འགྱུར་བའི་ཕྱིར་རོ། །བཅུ་གཅིག་པ་འཁོར་བ་བརྟག་པ་བཤད་ཟིན་ཏོ།། །།

སྡུག་བསྔལ་བརྟག་པ།

མདོ་ལས་སྡུག་བསྔལ་རང་བཞིན་མེད་པར་གསུངས་པའི་འཐད་པ་བསྟན་པ་དང་རང་གཞན་གྱི་སྡེ་བ་རྣམས་སྡུག་བསྔལ་མཐའ་བཞིས་བྱས་པར་འདོད་པ་དགག་པའི་ཕྱིར་དེ་བརྟག་པ་སྟོན་པ་ན་ཁ་ཅིག་ཅེས་གསུངས་ཏེ་དྲང་སྲོང་སེར་སྐྱའི་རྗེས་སུ་འབྲང་བ་དང་བྲམ་ཟེ་རྣམས་ནི་སྡུག་བསྔལ་བདག་གིས་བྱས་པར་འདོད་དོ། །དབང་ཕྱུག་པ་དང་སྒྲའི་ཚངས་པ་འདོད་པ་རྣམས་ནི་གཞན་དེ་གཉིས་ཀྱིས་བྱས་པར་འདོད་དོ། །དྲང་སྲོང་ཆུར་ལྷུང་ལ་སོགས་པ་གྲངས་ཅན་ལྷ་བཅས་རྣམས་ནི་བདག་གཙོ་བོ་དང་གཞན་དབང་ཕྱུག་གཉིས་ཀས་བྱས་པར་འདོད་དོ། །རྒྱང་འཕེན་པ་དང་ངོ་བོ་ཉིད་རྒྱུར་སྨྲ་བ་རྣམས་ནི་རྒྱུ་མེད་ལས་བྱུང་བར་འདོད་དེ་སྡུག་བསྔལ་དེ་ནི་རིམ་པ་བཞི་པོ་གང་གི་ཡང་བྱ་བ་འབྲས་བུར་མི་རུང་ངོ་། །དེ་ལ་དང་པོ་འགོག་པ་ན་སློབ་དཔོན་ལེགས་ལྡན་མུ་སྟེགས་བྱེ་བྲག་པ་ཕུང་པོ་ཞིག་ཀྱང་བདག་མི་འཇིག་པས་བྱེད་པ་ལ་སྦྱོར་ལ་སློབ་དཔོན་ཟླ་གྲགས་སྡུག་བསྔལ་རང་གིས་རང་བྱེད་པ་ལ་སྦྱོར་ཏེ་དེས་བྱས་ན་བརྟེན་ནས་མི་འབྱུང་བར་འགྱུར་ན་ཕུང་པོ་སྔ་མ་འདི་དག་ལ་བརྟེན་ནས་ཕུང་པོ་ཕྱི་མ་འབྱུང་བའི་ཕྱིར་དེ་གཉིས་ཀྱིས་མ་བྱས་ཏེ་བདག་རྟག་པ་དེ་རྣམས་ནི་བྱེད་པས་སྟོང་པའི་ཕྱིར་དང་། རང་ཉིད་ལ་བྱ་བྱེད་གཉིས་མེད་པའི་ཕྱིར་རོ། །གཉིས་པ་འགོག་པ་ནི་གལ་ཏེ་ཞེས་པ་སྟེ་དེ་སྐྱེད་བྱེད་དང་འདི་སྡུག་བསྔལ་ལ་སྦྱར་ཏེ་གཞན་ཉིད་མ་གྲུབ་པས་དེ་མི་འགྲུབ་པའི་དོན་ཏོ། །གལ་ཏེ་བདག་དང་གཞན་སྡུག་བསྔལ་མེད་པ་གཅིག་གིས་སྡུག་བསྔལ་དེ་བྱས་ནས་བདག་གཞན་གཉིས་ལ་སྟེར་རོ་ཟེར་བ་རིམ་བཞིན་འགོག་པ་ནི་གལ་ཏེ་གང་ཟག་བདག་གིས་ནི་བྱ་བ་དང་གལ་ཏེ་གང་ཟག་གཞན་ལས་ནི་ཞེས་བྱ་བ་སྟེ་མེད་པའི་གང་ཟག་བསྟན་དགོས་ན་གཉིས་ཀའི་རྒྱུད་ལ་དེ་མེད་པ་བསྟན་དུ་མེད་པའི་ཕྱིར་མི་རིགས་སོ། །ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། །བྲམ་ཟེ་རྣམས་ནི་དགེ་སྡིག་དག །སྦྱིན་པ་ལེན་བཞིན་འཕོ་བར་སྨྲ། །ཁྱེད་ཀྱིས་བྱས་ཆུད་མི་ཟ་དང་། །མ་བྱས་པ་དང་ཕྲད་མེད་གསུངས། །ཞེས་འབྱུང་བ་བཞིན་ནོ། །འདི་སྡུག་བསྔལ་མ་གཏོགས་སུ་བྱས་པ་ནི་ནོར་ཏེ་རང་འགྲེལ་ལ་ཁོ་བོས་བཤད་པ་དེ་ཁོ་ན་ལྟར་ཡོད་དོ། །བར་འདིར་ཚིག་གསལ་ན། །གལ་ཏེ་གང་ཟག་གཞན་སྡུག་བསྔལ། །འབྱུང་ན་གང་གིས་དེ་བྱས་པས། །གཞན་ལ་སྟེར་བའི་གང་ཟག་གཞན། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །ཞེས་བྱ་བ་ཡོད་དེ། དེ་ནི་རང་འགྲེལ་ལ་སོགས་པའི་འགྲེལ་པ་གསུམ་ན་མེད་པའི་ཕྱིར་རང་ཉིད་ཀྱིས་བྱས་པ་ཡིན་ནོ། །བདག་གིས་མ་བྱས་ན་བདག་གཞན་གཉིས་ཀས་བྱས་པ་ཁེགས་ཏེ་དེ་གཞན་གྱིས་བྱེད་ནའང་གཞན་དེའི་བདག་གིས་བྱ་དགོས་པ་ལས་བདག་ཉིད་མེད་པའི་ཕྱིར་ཞེས་སྟོན་པ་ནི་བདག་གིས་བྱས་པར་མ་གྲུབ་པས་ཞེས་བྱ་བ་ཡིན་ནོ། །རེ་ཤིག་གིས་ནི་བྱེད་པ་འགལ་བས་བདག་གིས་བྱས་པ་དང་། གཞན་གྱིས་བདག་གིས་ཞེས་སྦྱར་བས་ནི་གཞན་གྱིས་བྱས་པ་འགོག་གོ །གསུམ་པ་དེ་གཉིས་ཀས་བྱས་པ་འགོག་པ་ནི་གལ་ཏེ་ཞེས་པ་སྟེ་གཉིས་ཀས་བྱས་པ་ལ་རེ་རེས་བྱས་པས་ཁྱབ་པ་ལས་ཁྱབ་བྱེད་དེ་མེད་པའི་ཕྱིར་རེ་རེས་མ་བྱིན་ན་གཉིས་ཀས་བྱིན་པ་མེད་པ་བཞིན་ནོ། །དེ་ལ་མཐའ་གསུམ་པོ་དེ་རྟག་པས་བྱས་པ་ནི་བདག་དང་གཙོ་བོ་དང་དབང་ཕྱུག་དང་སྒྲའི་ཚངས་པ་ལ་སོགས་པ་གང་གིས་བྱས་ཀྱང་རུང་སེམས་འགྲེལ་ནས་བཤད་པའི་རིམ་དང་ཅིག་ཅར་གྱིས་དོན་བྱེད་པས་སྟོང་པར་དགག་གོ །གསུམ་པོ་དེ་མི་རྟག་པས་བྱེད་པ་དགག་པ་ནི་སྔར་བསྟན་པ་བཞིན་ནོ། །བཞི་པ་རྒྱུ་མེད་ལས་བྱུང་བ་འགོག་པ་ནི་གཞན་གྱིས་ཞེས་པ་སྟེ་ག་ལ་འབྱོར་ནི་མི་སྲིད་པ་སྟེ་རྟག་ཏུ་ཐམས་ཅད་ལས་བྱུང་བ་དང་རྩོམ་པ་ཐམས་ཅད་དོན་མེད་དུ་འགྱུར་བ་ལ་སོགས་པའི་ཕྱིར་རོ། །དེ་གཞན་ལའང་སྦྱོར་བ་ནི་སྡུག་བསྔལ་འབའ་ཞིག་སྟེ་དེ་ཁོ་ན་ལ་རྣམ་པ་བཞི་མེད་པར་མ་ཟད་ཀྱི་གཟུགས་ལ་སོགས་པ་ཀུན་ལ་མེད་དེ་ཆོས་ཅན་སྤོས་ལ་སྔར་བཞིན་དགག་གོ །བཅུ་གཉིས་པ་སྡུག་བསྔལ་བརྟག་པ་བཤད་ཟིན་ཏོ།།  །།

དེ་ཁོ་ན་བརྟག་པ།

མདོ་ལས་འདུ་བྱེད་ཐམས་ཅད་རང་བཞིན་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་དེ་བརྟག་པ་སྟོན་པ་ན་ཆོས་གང་ཞེས་གསུངས་ཏེ་ཉན་ཐོས་ཀྱི་མདོ་སྡེ་ལས་གང་བསླུ་བ་དེ་ནི་བརྫུན་པའོ། །དགེ་སློང་དག་འདི་ལྟ་སྟེ། མི་བསླུ་བའི་ཆོས་མྱ་ངན་ལས་འདས་པ་དེ་ནི་བདེན་པའི་མཆོག་གོ །བྱ་བ་དང་ཐེག་ཆེན་ལས་ཀྱང་རབ་འབྱོར་ཇི་ཙམ་དུ་འདུས་བྱས་པ་དེ་ཙམ་དུ་བརྫུན་ལ་ཇི་ཙམ་དུ་འདུས་མ་བྱས་པ་དེ་ཙམ་དུ་མི་བརྫུན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདུ་བྱེད་ཐམས་ཅད་ཆོས་ཅན་བརྫུན་པ་ཡིན་ཏེ་བསླུ་བའི་ཆོས་ཡིན་པའི་ཕྱིར་རོ། །ཞེས་བྱའོ། །གལ་ཏེ་བསླུ་བའི་ཆོས་གང་ཡིན་པ་དེ་བརྫུན་ན་དེ་གཉིས་ཀ་མེད་པའི་ཆོས་དེ་ལ་ཇི་ཞིག་བསླུ་སྟེ་མེད་པས་མེད་པ་ཇི་ལྟར་སྒྲུབ། རྣམ་འགྲེལ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པ་ནི། །མི་བསླུ་ཞེས་བྱ་བ་དང་། །རྣམ་པར་ངེས་པ་ལས། དོན་བྱ་བ་ལ་བསླུ་བ་མེད་པའི་ཕྱིར་རོ། །ཞེས་མི་བསླུ་བ་དངོས་པོ་ཡིན་ལ་བསླུ་བ་ནི་དེ་དགག་པའི་མེད་དགག་ཏུ་རིགས་པའི་ཕྱིར་རོ་ཞེ་ན། ཉན་ཐོས་སྡེ་པ་ན་རེ། བཅོམ་ལྡན་འདས་ཀྱིས་དེ་སྐད་དུ་གསུངས་པ་དེ་ནི་ཉན་ཐོས་རྣམས་ལ་གང་ཟག་ལ་བདག་མེད་པའི་སྟོང་ཉིད་མི་རྟག་པ་ལ་སོགས་པའི་མ་ཡིན་དགག་བསྟན་པ་ཡིན་ནོ། །དེ་སྒྲུབ་པ་ནི་ཕྱི་ནང་གི་དངོས་པོ་རྣམས་ཆོས་ཅན། གང་ཟག་གི་ངོ་བོ་ཉིད་མེད་པ་ཡིན་ཏེ། གཞན་དུ་འགྱུར་བ་སྣང་བའི་ཕྱིར་རོ། །ངོ་བོ་ཉིད་ཡེ་མེད་པའི་དངོས་པོ་ནི་མེད་དེ་གང་ཕྱིར་དངོས་རྣམས་ཡེ་མེད་པའི་སྟོང་ཉིད་ཡིན་ན་སངས་རྒྱས་ཀྱིས་གསུངས་པའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱང་མི་འཐད་པའི་ཕྱིར་རོ། །འདིར་ཡང་དངོས་པོ་ངོ་བོ་ཉིད་མེད། ཅེས་འདོན་པ་ནི་བཤད་དུ་མི་རུང་ངོ་། །གལ་ཏེ་ཆོས་ཀྱི་ངོ་བོ་ཉིད་ཡེ་མེད་ན་གཞན་དུ་འགྱུར་བ་དེ་གང་གིས་ཡིན། དེ་མི་འཐད་ན་ནམ་མཁའ་བཞིན་ནོ། །རང་འགྲེལ་ལས། དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བརྫུན་པ་ཞེས་གསུངས་པ་ནི་དངོས་པོ་རྣམས་ལ་གང་ཟག་གི་ངོ་བོ་ཉིད་མེད་པའི་དོན་ཡིན་གྱི་ཆོས་ཀྱི་ངོ་བོ་ཉིད་མེད་པ་མ་ཡིན་ནོ། །ཞེས་བཤད་པའི་ཕྱིར་སྟོང་ཉིད་ཡོངས་སུ་བསྟན་པའི་དོན་ཡང་ཆོས་མེད་པར་བསྟན་པར་འཆད་པ་དེ་ནི་མ་ཡིན་ནོ། །དེ་འགོག་པ་ན་ངོ་བོ་ཉིད་དང་གཞན་དུ་འགྱུར་བ་འགལ་ལོ་ཞེས་སྟོན་པ་ནི་གལ་ཏེ་ངོ་བོ་ཉིད་ཡོད་ན་ཞེས་པའོ། །དེ་འཆད་པ་ནི་འགྱུར་བ་དེ་དེ་ཉིད་དམ་གཞན་ལ་ཡོད་གྲང་ན། དེ་གཉིས་ཀ་ལ་མེད་དོ། །དེ་ཉིད་ལ་འགོག་པ་ནི་གཞོན་ནུ་ལ་རྒས་པའི་འགྱུར་བ་མེད་ལ་རྒས་པ་ལའང་དེ་གཉིས་པའི་འགྱུར་བ་མེད་དེ་རྒས་པ་ལས་རྒས་པ་འབྱུང་བ་དེའང་སྔ་མ་དེའི་འགྱུར་བ་མ་ཡིན་ཏེ་དེ་འགགས་པའི་ཕྱིར་རོ། །ཡང་གལ་ཏེ་དེ་ཉིད་གཞན་དུ་འགྱུར་ན་འོ་མ་ཉིད་དེའི་ཚེ་ཞོར་འགྱུར་ལ་གཞན་ཞིག་གཞན་དུ་འགྱུར་ན་འོ་མ་ལ་གཞན་གང་གིས་དངོས་པོ་ཞོ་ཡིན་པར་འགྱུར། འདིར་ཡང་གང་ཞིག་ནི། ཞོའི་དངོས་པོ་ཡིན་པར་འགྱུར་ཞེས་འདོན་པ་དེ་ནི་བཤད་དུ་མི་བཏུབ་བོ། །དེ་ལྟར་མི་སྟོང་པ་བཀག་ནས་སྟོང་པ་འགོག་པ་ནི་སྟོང་པ་དེ་མཐར་ཐུག་པའི་དོན་ཡིན་ནམ་ཞེ་ན་གལ་ཏེ་མི་སྟོང་ཞེས་གསུངས་ཏེ་འདི་དེ་གཉིས་གཉེན་པོ་དང་རྣལ་འབྱོར་པའི་བློ་ལ་ལྟོས་ནས་མེད་པ་ལ་སོགས་པའི་བཤད་པ་མང་པོ་འགྲེལ་པ་བྱེད་པ་རྣམས་ཀྱིས་བྱས་མོད་ཀྱི་སློབ་དཔོན་གྱི་དགོངས་པ་ནི་བདེན་གཉིས་ལས། དགག་བྱ་ཡོད་པ་མ་ཡིན་པས། །ཡང་དག་ཏུ་ན་དགག་མེད་གསལ། །ཞེས་བྱ་བ་དང་། །བརྟགས་པའི་རང་གི་ངོ་བོ་ཡི། །བཀག་པ་བརྟགས་མིན་ཇི་ལྟར་འགྱུར། །ཞེས་བཤད་པ་དེ་ཉིད་ཡིན་ཏེ་དགག་བྱ་རིགས་ངོ་ན་མེད་པས་བཀག་པའང་རིགས་ངོ་ན་མེད་པ་དང་དགག་བྱ་དངོས་སྨྲའི་བློས་བརྟགས་པ་ཡིན་པས་བཀག་པའང་བློས་བརྟགས་པ་ཡིན་ཏེ་རྨི་ལམ་གྱི་གྲོང་ཁྱེར་ཞིག་པ་དང་མོ་གཤམ་གྱི་བུའི་སྔོ་བསངས་བརྟགས་པ་ཡིན་པས་སྔོ་བསངས་མ་ཡིན་པའི་རྣམ་པའང་ཀུན་བརྟགས་ཡིན་པ་བཞིན་ནོ། །སྟོང་པར་ཞེན་པའི་ཉེས་པ་སྟོན་པ་ནི་རྒྱལ་བ་ཞེས་པ་སྟེ་ལྟ་བ་ནི་རྟོགས་པའི་བདག་ཉིད་ཅན་གྱི་ཤེས་རབ་ཉོན་མོངས་པ་ཅན་ནོ་དེ་ངེས་པར་འབྱིན་པ་ནི་འཇོམས་པའོ། །སྒྲུབ་ཏུ་མེད་པ་ནི་ཐར་པའོ། །གསུངས་པ་ནི་འོད་སྲུང་གིས་ཞུས་པ་ལས་དེ་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ་ཞེས་བྱ་བ་དང་སྨན་ནད་དུ་སོང་བའི་དཔེས་གསུངས་ཏེ། མེད་པ་ལ་ཞེན་པའི་རྟོག་པ་དེས་འཆིང་ངོ་སྙམ་དུ་དགོངས་སོ། །དོན་འདི་ཉིད་བསྟོད་པ་ལས་ཀྱང་། །ཀུན་རྟོག་ཐམས་ཅད་སྤངས་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་མཛད་ལ། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཡང་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་བཤད་དོ། །འདིར་བསམ་གཏན་པའི་མགོ་ལ་ཐོད་པ་བཞིན་ནོ། །ཞེས་རང་འགྲེལ་ལས་བཤད་པའི་དོན་ནི་དེ་རང་གི་ཐོད་པ་ལ་མི་རྟོག་པ་བཞིན་དུ་ལྟ་བའི་བྱ་བ་དང་བྲལ་བ་རྣམས་ནི་སྟོང་མི་སྟོང་གི་མཐར་མི་ལྟའོ། །ཞེས་པའམ་ཡང་ན་དེའི་མགོ་ལ་ཐོད་པ་ཅིག་འབྱར་རོ་སྙམ་པ་ན་གཅིག་གི་ཐོད་པ་གཅིག་བོར་ཏེ་ད་དེ་མེད་དོ་ཞེས་བརྗོད་པས་དེའི་རྟོག་པ་ལོག་པ་བཞིན་ནོ། །བཅུ་གསུམ་པ་དེ་ཁོ་ན་བརྟག་པ་བཤད་ཟིན་ཏོ།།  །།

 

ཕྲད་པ་བརྟག་པ།

བཅོམ་ལྡན་འདས་ཀྱིས་འཁོར་འདས་ཀྱི། ཆོས་རྣམས་ཕན་ཚུན་སྦྱར་ཞིང་ཕྲད་པར་གསུངས་པ་དེ་རང་བཞིན་མེད་པར་བསྟན་པའི་ཕྱིར་དང་འཇིག་རྟེན་པ་དང་བསྟན་བཅོས་པ་གཉིས་ཀ་རང་རང་ལ་གྲགས་པའི་ཆོས་རྣམས་ཕན་ཚུན་ཕྲད་པར་མངོན་པར་ཞེན་པ་དེ་དགག་པའི་ཕྱིར་ཕྲད་པ་བརྟགས་པ་སྟོན་པ་ན་བལྟ་བྱ་ཞེས་བྱ་བས་དམ་བཅའ་གསུངས་ཏེ་ཐམས་ཅད་ནི་གསུམ་གའོ། །ཆགས་པར་འགྱུར་ནི་ཆགས་པར་བྱ་བའོ། །ལྷག་མ་ནི་ཞེ་སྡང་ལ་སོགས་པ་དང་རྣ་བ་ལ་སོགས་པ་རྣམ་པ་གསུམ་ནི་དང་པོ་བཞིན་བལྟ་སྟེ་ཤེས་པར་བྱའོ། །གཏན་ཚིགས་སྟོན་པ་ནི་དེ་དག་གཞན་ཡིན་ན་ཞེས་པ་སྟེ་བལྟ་བྱ་ལ་སོགས་པ་ཆོས་ཅན་ཕྲད་པ་མེད་དེ་གཞན་མེད་པའི་ཕྱིར་ཞེས་སྦྱར་རོ། །དེ་གཞན་ལ་སྦྱོར་བ་ནི་བལྟ་བྱ་ཞེས་པ་སྟེ་དངོས་པོ་གང་ཡང་ཞེས་སྦྱར་རོ། །གཞན་མེད་པ་ཉིད་སྟོན་པ་ན་མ་ལྟོས་པའི་གཞན་མེད་པ་ནི་གཞན་ནི་ཞེས་པ་སྟེ་གཞན་མེད་ན་གཞན་ལས་གཞན་དུ་མི་འགྱུར་ཞེས་སྦྱར་རོ། །ལྟོས་པའི་གཞན་མེད་པ་ནི་གཞན་གང་ལ་བརྟེན་ཏེ་གཞན་གང་ཡིན་པར་འདོད་ན་དེ་ནི། ཞེས་སྦྱར་རོ། །དང་པོའི་འཐད་པ་སྟོན་པ་ནི་གལ་ཏེ་གཞན་ནི་གཞན་ལས་གཞན་དུ་འཇོག་པ་དེ་གཞན་མེད་པར་ཡང་རུང་བར་འགྱུར་ཏེ་མ་ལྟོས་པའི་ཕྱིར་རོ། །དེ་འདོད་ན་བུམ་པ་ཉིད་ཀྱང་བུམ་པ་ལས་གཞན་དུ་འགྱུར་ཏེ་གང་ལའང་མི་ལྟོས་པར་གཞན་དུ་འགྱུར་བའི་ཕྱིར་རོ། །གཉིས་པའི་འཐད་པ་སྟོན་པ་ནི་གཞན་ལ་ལྟོས་པའི་གཞན་པའི་གཞན་པ་དེ་ལྟོས་པའི་གཞན་དེ་མེད་ན་མེད་པ་དེ་ཕྱིར་ལྟོས་པའི་གཞན་པ་མེད་དེ་ལྟོས་པ་ཉིད་མེད་པའི་ཕྱིར་རོ། །གཟེགས་ཟན་པ་ན་རེ་ཟླ་ལ་ལྟོས་པ་མེད་ཀྱང་གཞན་ཉིད་ཅེས་བྱ་བའི་སྤྱི་དེ་ལ་ལྟོས་ནས་གཞན་ཡིན་ཏེ་སྤྱི་དེའང་རྣམ་འགྲེལ་ལས་ཁ་དོག་དབྱིབས་ཡིག་རྣམ་པ་ཡིས། །སྟོང་པ་བ་ལང་ཉིད་དུ་བརྗོད། །ཅེས་འབྱུང་བ་བཞིན་ཏེ་སྤྱི་དང་སྤྱི་ཅན་ནི་ཐ་དད་པའི་ཕྱིར་རོ། །དེ་ལ་དེ་གཉིས་ལྟོས་ན་ནི་དེ་གཉིས་ལྟོས་པའི་རྟེན་འབྲེལ་དུ་ཁས་བླངས་པར་འགྱུར་རོ། །དེ་འགོག་པ་ནི་གཞན་ཉིད་ཀྱི་སྤྱི་དེ་གཞན་ལ་ཡོད་མ་ཡིན་ལ། གཞན་མ་ཡིན་དེ་ཉིད་དམ་གཅིག་པའང་ཡོད་མ་ཡིན། དེ་ཅིའི་ཕྱིར་ཞེ་ན་གཞན་ནམ་དེ་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེའི་འཐད་པའང་གཞན་ཉིད་ཡོད་པ་མ་ཡིན་པའི་ཕྱིར་རོ། །དོན་བསྡུ་བ་ནི་དེ་ཉིད་ནི་དེ་དང་འཕྲད་པ་མེད་དེ་གཉིས་མེད་པའི་ཕྱིར་རོ། །གཞན་དང་ཡང་མེད་དེ་གཞན་མེད་པའི་ཕྱིར་རོ། །ཕྲད་བཞིན་པ་ནི་ད་ལྟ་བའོ། །ཕྲད་པ་ནི་ཕྲད་པའི་བྱ་བ་རྫོགས་པའོ། །འཕྲད་པ་པོ་ནི་ཕྲད་པ་ལ་དབང་བྱེད་པར་གནས་པའོ། །དེ་ལྟར་ན་བེམ་པོའམ་རིག་པ་ཕན་ཚུན་སྦྱོར་ཞིང་ཕྲད་པར་མདོ་ལས་གསུངས་པ་དང་དེ་ལྟར་སྣང་བ་དེ་དག་ནི་རིགས་པས་རྣམ་པར་བརྟགས་ན་འཕྲད་ཅིང་སྦྱར་བའི་རང་བཞིན་མེད་དེ་གནས་པ་བཞིན་ནོ། །བཅུ་བཞི་པ་ཕྲད་པ་བརྟག་པ་བཤད་ཟིན་ཏོ།།  །།

 

དངོས་པོ་བརྟག་པ།

མདོ་ལས་དངོས་པོ་དང་དངོས་པོ་མེད་པ་རང་བཞིན་མེད་པར་གསུངས་པའི་འཐད་པ་བསྟན་པའི་ཕྱིར་དང་འཇིག་རྟེན་དང་བསྟན་བཅོས་པ་ཐམས་ཅད་དེ་གཉིས་ལ་ཞེན་པས་བཅིངས་པའི་ཕྱིར་དེ་གཉིས་འགོག་པ་ན་དང་པོ་དངོས་པོ་འགོག་པ་ནི་ངོ་བོ་ཉིད་ནི་ཞེས་གསུངས་ཏེ་དེའི་འཐད་པ་ནི་རྒྱུ་དང་ཞེས་པ་སྟེ་དེས་བྱས་ན་དེ་ལ་ལྟོས་པས་མ་ལྟོས་པའི་རང་གི་ངོ་བོ་ཞིག་པའི་ཕྱིར་དང་། ལྟོས་ན་ནི་རྟེན་འབྲེལ་གྱི་སྟོང་ཉིད་ཡིན་པའི་ཕྱིར་རོ། །དེས་ན་རང་གི་ངོ་བོ་ཉིད་ནི་བྱ་བ་དང་། བཅོས་མིན་ཏེ་བྱས་མིན་དང་། ལྟོས་མེད་ཡིན་ཏེ་ནམ་མཁའ་བཞིན་ནོ། །བྱས་པ་དང་ལྟོས་ན་ནི་ངོ་བོ་ཉིད་འཇིག་སྟེ་རྒྱུ་དང་ལྟོས་པ་ནས་དཔྱད་ན་དེ་མེད་པར་འགྱུར་བའི་ཕྱིར་རོ། །རང་གི་ངོ་བོ་བཀག་ནས་གཞན་གྱི་དངོས་པོ་འགོག་པ་ནི་ངོ་བོ་ཉིད་ནི་ཞེས་པ་སྟེ་དེའི་འཐད་པ་ནི་གཞན་གྱི་དངོས་པོ་ངོ་བོ་ཉིད་དེ་གཞན་གྱི་དངོས་པོ་ཡིན་ནོ་ཞེས་བརྗོད་ཅིང་སྨྲ་བར་བྱེད་ན་ངོ་བོ་ཉིད་མེད་པ་ལ་རང་གཞན་གང་གིའང་ངོ་བོ་ཉིད་མེད་པའི་ཕྱིར་རོ། །ཇི་སྐད་བསྟན་པའི་དོན་སྡུད་པ་ནི་རང་གི་ངོ་བོ་ཉིད་དང་ཞེས་པ་ཡིན་ནོ། །གཉིས་པ་དངོས་མེད་འགོག་པ་ནི་གལ་ཏེ་ཞེས་པ་སྟེ་བུམ་པ་གྱོ་མོར་འགྱུར་ན་བུམ་པ་མེད་དོ་ཞེས་སྨྲ་བ་ཡིན་ན་འདིར་རིགས་ངོ་ན་དངོས་པོར་མ་གྲུབ་ན་རིགས་ངོ་ན་དངོས་མེད་མི་འགྲུབ་སྟེ་རིགས་ངོ་ན་གཞན་དུ་འགྱུར་རྒྱུའི་དངོས་པོ་མ་གྲུབ་པའི་ཕྱིར་རོ། །མ་བརྟགས་པའི་ཀུན་རྫོབ་པའི་དངོས་པོ་དངོས་མེད་ནི་ནམ་ཡང་མི་འགོག་གོ །གལ་ཏེ་དངོས་པོའི་ངོ་བོ་མཐོང་བས་ཐར་པ་འཐོབ་པར་གྲགས་སོ་ཞེ་ན། གང་དག་རང་གི་དངོས་པོ་ལ་སོགས་པ་མཐའ་བཞིར་ལྟ་བ་དེ་དག་ཅེས་སྦྱར་ཏེ་རིགས་པས་གནོད་པའི་དོན་མཐོང་བའི་ཕྱིར་རྨི་ལམ་བཞིན་ནོ། །རིགས་པ་དང་འགལ་བ་བཤད་ནས་ལུང་དང་འགལ་བ་སྟོན་པ་ནི་བཅོམ་ལྡན་ཞེས་པ་སྟེ་གདམས་ངག་ནི་མདོ་སྡེ་སྟེ་འདི་སྡེ་པ་ཐམས་ཅད་མཐུན་པར་འདོན་པ་ཡིན་ནོ། །ཀ་ཏ་ཡ་ན་འཇིག་རྟེན་འདི་ནི་གཉིས་ལ་མངོན་པར་ཞེན་ཏེ་འཁོར་བ་ལས་གྲོལ་བར་མི་འགྱུར་ཞེས་གསུངས་སོ། །གལ་ཏེ་གཞན་ལ་མ་ལྟོས་པའི་རང་བཞིན་ཡོད་ན་དེ་ནི་མེད་པར་མི་འགྱུར་ཏེ་འདུས་མ་བྱས་ནམ་མཁའ་བཞིན་ནོ། །རང་བཞིན་གཞན་དུ་འགྱུར་བ་ཡང་མི་འཐད་དེ་མེའི་རང་བཞིན་ཚ་བ་གྲང་བར་མི་འགྱུར་བ་བཞིན་ནོ། །གཞན་དུ་འགྱུར་བ་དེ་ནི་རང་བཞིན་དུ་མི་རུང་སྟེ་ཆུའི་ཚ་བ་གྲང་མོར་འགྱུར་བས་དེ་དེའི་རང་བཞིན་མ་ཡིན་པ་བཞིན་ནོ། །ཡང་རང་བཞིན་བྱ་བས་ནི་འགྱུར་རྒྱུ་མེད་པས་འགྱུར་བ་མེད་དེ་རི་བོང་གི་རྭ་བཞིན་ནོ། །ཡོད་པ་ལ་འགྱུར་བ་ནི་བསལ་ཟིན་ཏོ། །གཞན་ཡང་དངོས་པོ་རྟག་པར་འཛིན་པ་ཁོ་ནར་མ་ཟད་ཡོད་ཅེས་བྱ་བའང་རྟག་པར་འཛིན་ལ་རྒྱང་འཕེན་པའི་ལྟ་བ་ཁོ་ནར་མ་ཟད་མེད་ཅེས་བྱ་བའང་ཆད་ལྟ་ཡིན་ཏེ་ཀུན་དགའ་བོ་ཡོད་ཅེས་བྱ་བ་ནི་རྟག་པར་འགྱུར་ལ། མེད་ཅེས་བྱ་བ་ནི་ཆད་པར་འགྱུར་རོ་ཞེས་བཤད་དེ་དེ་ཕྱིར་ཞེས་སྦྱར་རོ། །དེ་གཉིས་རྟག་ཆད་དུ་འགྱུར་བའི་འཐད་པ་སྟོན་པ་ནི་གང་ཞིག་རང་བཞིན་ནམ་ངོ་བོ་ཉིད་དུ་ཡོད་པ་དེ་ནི་མེད་པར་མི་འགྱུར་བས་རྟག་པ་དང་སྔོན་རང་བཞིན་དུ་བྱུང་སྟེ་གྲུབ་ནས་ད་ལྟ་མེད་ཅེས་པ་ཆད་པ་སྟེ་ཐལ་བར་འགྱུར་ནི་གཉིས་ཀ་ལ་རང་འགྲེལ་གྱིས་སྦྱར་ཏེ་དེ་གཉིས་ལ་རྟག་ཆད་ཀྱི་མཚན་ཉིད་ཚང་བའི་ཕྱིར་རོ། །དངོས་པོ་རང་བཞིན་མེད་པར་ལྟ་བ་ལ་ནི་དེ་གཉིས་མེད་དེ་རང་བཞིན་ལ་རྟག་པ་དང་རང་བཞིན་དེ་ཆད་པ་གཉིས་ཀ་མེད་པའི་ཕྱིར་རོ། །དེ་ན་མཐོང་བ་ནི་དེ་ཁོ་ན་ཉིད་མཐོང་བ་དབུ་མའི་ལམ་དོན་དམ་པ་གྲུབ་པ་ཡིན་ནོ་ཞེས་རང་འགྲེལ་ནས་བཤད་དོ། །ཇི་སྐད་དུ་འོད་སྲུང་ཡོད་པ་དང་མེད་པ་འདི་ནི་མཐའ་གཉིས་ཏེ་དེ་གཉིས་ཀྱི་དབུས་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་གསུངས་པ་ཡིན་ནོ། །བཅོ་ལྔ་པ་དངོས་པོ་དང་དངོས་པོ་མེད་པ་བརྟག་པ་བཤད་ཟིན་ཏོ།།  །།

བཅིངས་ཐར་བརྟག་པ།

མདོ་ལས་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་བཅིངས་པ་དང་གྲོལ་བ་མེད་པར་གསུངས་པའི་འཐད་པ་བསྟན་པ་དང་བསྟན་བཅོས་པ་ཐམས་ཅད་བཅིངས་གྲོལ་ལ་མངོན་པར་ཞེན་པ་དེ་དགག་པའི་ཕྱིར་བཅིངས་པ་དང་ཐར་པ་འཁོར་འདས་རྟག་པ་སྟོན་པ་ན་གྲངས་ཅན་རྣམས་ནི་རང་བཞིན་དང་རྣམ་འགྱུར་གྱི་གཙོ་བོ་རྟོག་པ་འཁོར་བར་འདོད་དོ། །བྱེ་བྲག་པ་རྣམས་ནི་རྡུལ་ཕྲ་རབ་རྟག་པ་འཁོར་བར་འདོད་དོ། །རང་གི་སྡེ་པ་རྣམས་ནི་འདུ་བྱེད། མི་རྟག་པ་འཁོར་བར་འདོད་དོ། །དེ་ལ་གལ་ཏེ་གཙོ་བོ་དང་རྡུལ་ལ་སོགས་པ་སེམས་ཅན་མ་ཡིན་པའི་འདུ་བྱེད་འཁོར་ཞེ་ན། དེ་དག་རྟག་ན་མི་འཁོར་བར་འགྱུར་ཏེ་འགྲོ་འོང་མེད་པའི་ཕྱིར་དང་ངོ་བོ་ཉིད་ཡོད་པའི་ཕྱིར་དང་མི་འགྱུར་བའི་ཕྱིར་ནམ་མཁའ་བཞིན་ནོ། །མི་རྟག་ན་ཡང་འཁོར་མི་འགྱུར་ཏེ་འཇིག་པའི་ཕྱིར་དང་། ངོ་བོ་ཉིད་མེད་པའི་ཕྱིར་དང་། འགྱུར་ནས་རྒྱུན་ཆད་པར་འགྱུར་བའི་ཕྱིར་རོ། །སེམས་ཅན་འཁོར་བར་འདོད་པ་ནི་ཡང་བྱེ་བྲག་ཏུ་སྨྲ་བ། །ཆད་དང་མཚམས་སྦྱོར་འདོད་ཆགས་བྲལ། །ཉམས་དང་འཆི་འཕོ་སྐྱེ་བ་རྣམས། །ཡིད་ཀྱི་རྣམ་ཤེས་ཁོ་ནར་འདོད། །ཅེས་དེ་འཁོར་བར་འདོད་པ་དང་། སེམས་ཙམ་པ་རྣམས་ལ་ལང་ཀར་གཤེགས་པ་ལས། དེ་བཞིན་གཤེགས་པའི་སྙིང་པོ་ནི། །རྣམ་ཤེས་བདུན་དང་ལྡན་པར་ཡང་། །འཛིན་པ་གཉིས་ཀྱི་རབ་འཇུག་སྟེ། །ཡོངས་སུ་ཤེས་པས་ལྡོག་པར་འགྱུར། །ཞེས་བཤད་པ་བཞིན་ཀུན་གཞི་ཉིད་འཁོར་བར་འཇུག་པ་དང་ལྡོག་པར་འདོད་དོ། །དེ་ལ་སེམས་ཅན་ལའང་རིམ་འདི་མཚུངས་ཞེས་གསུངས་ཏེ་དེ་རྟག་པ་དང་མི་རྟག་པ་འཁོར་གྲང་ན་སྐྱོན་གྱི་རིམ་པ་སྔ་མ་བཞིན་བརྗོད་དོ། །གལ་ཏེ་གང་ཟག་འཁོར་ཞེ་ན། ཞེས་བྱ་བ་ལ་གནས་མ་བུ་པ་རྣམས་ནི་སེམས་ཅན་གྱི་ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ་དེ་ཉིད་དང་གཞན་དང་རྟག་པ་དང་མི་རྟག་པར་བརྗོད་དུ་མེད་པའི་བདག་འཁོར་བར་འདོད་དོ། །དེ་བཞིན་དུ་བདག་ཕུང་པོ་ལ་ཡོད་པར་འདོད་པ་གྲང་ཅན་དང་འུག་ཕྲུག་པ་དང་གཅེར་བུ་པ་དང་རིག་བྱེད་སྨྲ་བའི་བྲམ་ཟེ་རྣམས་དང་སེར་སྐྱ་པ་ལ་སོགས་པ་གང་ཟག་གི་བདག་འཁོར་བར་འདོད་དེ་རིན་པོ་ཆེའི་ཕྲེང་བ་ལས། གང་ཟག་ཕུང་པོ་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །ཞེས་བྱ་བ་དང་། ཁྱད་པར་དུ་འཕགས་པའི་བསྟོད་པ་ལས། གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །བྱ་བ་དང་། དེ་ཁོ་ན་ཉིད་བསྡུས་པ་ལས། གཞན་གྱི་བདག་གི་མཚན་ཉིད་ནི། །འདོད་དང་སྡང་སོགས་ཡོན་ཏན་ཅན། །རྟེན་དང་ཀུན་འཇུག་ཟ་བ་པོ། །སེམས་མིན་སེམས་དང་ལྡན་པར་འདོད། །ཅེས་འབྱུང་སྟེ་བདག་གི་རྣམ་གྲངས་རྒྱས་པར་ནི་གྲུབ་མཐའ་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །དེ་ལ་རྣམ་པ་ལྔས་བཙལ་བ་ནི་རང་འགྲེལ་ལས་བདག་དེ་ཆོས་གསུམ་པོ་དེ་ཉིད་དམ་དེ་ལས་གཞན་ནམ་བདག་ལ་གསུམ་པོ་དེ་ཡོད་དམ་གསུམ་པོ་དེ་ལ་བདག་ཡོད་དམ་བདག་དེ་གསུམ་པོ་དེ་དང་ལྡན་ནམ་ཞེས་བཤད་ལ་ཤེས་རབ་སྒྲོན་མ་ནས་ཕུང་པོ་ལྔ་ལ་བྱས་སོ། །དེ་ལྟ་བུས་དཔྱད་ན་མེད་དེ་དེས་ན། མེད་པའི་བདག་གང་ཞིག་འཁོར་བར་འགྱུར། འཁོར་བར་འདུན་པ་དང་འདོད་ཆགས་ནི་ཉེར་ལེན་ཡིན་ལ་དེ་དང་ལྡན་པའི་ཕུང་པོ་ནི་ཉེར་ལེན་གྱི་ཕུང་པོ་སྟེ་འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར་ཞེས་འབྱུང་བའི་ཕྱིར་རོ། །དེ་གཉིས་མེད་པའི་ཕུང་པོ་ནི་ཉེར་ལེན་མེད་པའི་ཕུང་པོ་ཡིན་ཏེ་འཁོར་བར་མི་སྐྱེ་བའི་ཕྱིར་རོ། །རྣམ་འགྲེལ་ལས། ཆགས་བྲལ་སྐྱེ་བ་མ་མཐོང་ཕྱིར། ཞེས་འདི་སློབ་དཔོན་རྣམས་ཀྱིས་གསུངས། ཞེས་བཤད་དོ། །དེ་ལ་ཉེར་ལེན་དང་བཅས་པའམ་བྲལ་བ་ཞིག་འཁོར་གྲངས་ན་འདིའི་ཉེ་བར་ལེན་པ་ནས་ཕྱི་མའི་ཉེར་ལེན་བར་འཁོར་ན་དེ་གཉིས་ཀྱི་བར་ན་བར་དོའི་སྲིད་པ་མེད་པར་འགྱུར་ལ། བར་སྲིད་དེས་སྦྲེལ་ནས་འཁོར་ནའང་བདག་མེད་པའི་འགྲོ་བའི་ཕུང་པོ་ཡོད་པར་འགྱུར་ཏེ་བར་དོའི་ཕུང་པོ་ནི་འགྲོ་བས་མ་བསྡུས་པའི་ཕྱིར་རོ། །འདི་ལྟར་འགྲོ་བ་ནི་སྐྱེས་ནས་མ་ཤི་བར་མི་འགྱུར་བ་ཡིན་ན་བར་དོའི་ནི་འགྱུར་བ་ཡིན་ནོ། །འདི་དག་རྒྱས་པ་ནི་ཀུན་ལས་བཏུས་པ་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །ཉེར་ལེན་མེད་པ་འཁོར་རོ་ཞེ་ན་འདུན་པ་དང་འདོད་ཆགས་མེད་པའི་སྲིད་པ་དང་ཉེར་ལེན་མེད་ན་མེད་པ་དེ་གང་ཞིག་འཁོར་བར་འགྱུར་སྐྱེ་བ་དང་འཆི་བ་དང་བར་དོ་དང་སྐྱེས་ནས་མ་ཤིའི་བར་གྱི་སྲིད་པ་བཞི་དང་དེ་དག་གི་དུས་ཀྱི་ཉེར་ལེན་གྱི་ཕུང་པོ་ལྔ་ཆར་ཡང་ཉེར་ལེན་མེད་པ་མི་སྲིད་དེ་རྒྱུ་མེད་པས་དེ་དག་ཀྱང་མེད་པར་ཐལ་བའི་ཕྱིར་རོ། །འདི་ལ་འགྲེལ་པ་མཁན་པོ་རྣམས་ཀྱི་བཤད་པ་མང་པོ་བྱས་ཀྱང་རང་ཉིད་ཆོས་མངོན་པ་མི་ཤེས་པར་སྟོན་པར་ཟད་དོ། །མྱ་ངན་འདས་པ་དགག་པ་ནི་འདུ་བྱེད་ཅེས་པ་ཏེ་ཇི་ལྟ་བུས་ནི་སེམས་ཅན་དང་གཉིས་ཀ་རྟག་ན་འགྱུར་བ་མེད་པ་དང་མི་རྟག་ན་ངོ་བོ་ཉིད་མེད་པ་དང་དེ་གཉིས་ཀ་མ་སྐྱེས་པ་ལ་སོགས་པའི་ཕྱིར་རོ། །དེ་གཉིས་ལ་བཅིངས་ཐར་དགག་པ་ནི་སྐྱེ་འཇིག་ཅེས་པ་སྟེ་འཆིང་འགྲོལ་གྱི་ལོང་མེད་པར་འཇིག་པའི་ཕྱིར་རོ། །སྔ་མ་བཞིན་དུ་ལྔས་བཙལ་ནས་སེམས་ཅན་སྟེ་བདག་ཀྱང་ཞེས་སྦྱར་རོ། །གལ་ཏེ་རྟག་མི་རྟག་ལ་དེ་དག་མེད་ཀྱང་གནས་མ་བུ་པ་དེ་གཉིས་སུ་བརྗོད་དུ་མེད་པ་ལ་སྐྱོན་དེར་མི་འགྱུར་རོ་ཞེ་ན། མ་ཡིན་ཏེ་རྟག་མི་རྟག་དངོས་འགལ་ཡིན་པས་དེ་གཉིས་སུ་མ་འདུས་པ་མེད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། གང་གི་རང་བཞིན་འཇིག་མེད་པ། །དེ་ལ་མཁས་རྣམས་རྟག་ཅེས་བརྗོད། །དེས་ན་ངོ་ཚའི་ལྟ་བ་འདི། །སྤོང་ལ་དེ་ནི་རྟག་པར་སྨྲོས། །ཞེས་བཤད་དོ། །ཡང་གལ་ཏེ་ཉེ་བར་ལེན་པ་ཉོན་མོངས་པས་འཆིང་ན་དེ་དང་བཅས་པ་འཆིང་བར་མི་འགྱུར་ཏེ་བཅིངས་ཟིན་པའི་ཕྱིར་འདས་པའི་ཕུང་པོ་བཞིན་ནོ། །དེ་མེད་པ་མི་འཆིང་སྟེ། འཆིང་བྱེད་མེད་པའི་ཕྱིར་རོ་དེ་གཉིས་ལས་གཞན་ཡང་མེད་པས་གནས་སྐབས་ཞེས་སོ། །འཆིང་བྱེད་སྔར་ཡོད་ན་དེ་འཐད་ན་དེ་མེད་དོ་ཞེས་སྟོན་པ་ནི་གལ་ཏེ་ཞེས་པ་སྟེ་རག་ནི་རུང་བའོ། །དེ་མེད་པ་ནི་བཅིང་བྱ་དང་ལྷན་ཅིག་ཏུ་བྱུང་བའི་ཕྱིར་རོ། །ལྷག་མ་ནི་བཅིངས་པ་དང་མ་བཅིངས་པ་དང་འཆིང་བཞིན་པ་ལ་དེ་མེད་པའོ། །མ་བཅིངས་པ་ལ་གྲོལ་བ་མེད་པ་ནམ་མཁའ་དང་འདྲ་ལ། བཅིངས་པ་མི་གྲོལ་བའི་འཐད་པ་ནི་དེ་གཉིས་དུས་གཅིག་ཏུ་འགྱུར་བ་ཡིན་ན་མི་མཐུན་པ་ནི་དུས་གཅིག་ཏུ་མི་འབྱུང་སྟེ་སྣང་མུན་བཞིན་ནོ། །དེ་མེད་ན་གྲོལ་བ་ལ་སྨོན་པ་དེ་ཇི་ལྟ་བུ་ཞེ་ན། བདག་ནི་ནམ་ཞིག་ལེན་པ་ཉོན་མོངས་པ་མེད་པའི་མྱང་འདས་སུ་འགྱུར། ལེན་པ་མེད་པའི་མྱ་ངན་འདས། བདག་གིར་གྱུར་ཅིག་ཅེས་འཛིན་པ་དེ་དག་ནི་ལེགས་པར་ཟིན་པ་མ་ཡིན་ཏེ་མཐར་འཛིན་གྱི་བློ་ཡིན་པའི་ཕྱིར་རོ། །དོན་དམ་པ་གང་ལ་དེ་གཉིས་བསྐྱེད་པ་དང་བརྩལ་ཏེ་སྤང་དུ་མེད་པ་དེ་ལ་བྱ་བ་དང་བརྟག་ཏུ་མེད་ཅེས་སྦྱར་རོ། །མདོ་སྡེ་རྒྱན་ནས། བདག་ཏུ་ལྟ་བ་བདག་ཉིད་བདག་མཚན་མིན། །ངན་པར་གནས་མིན་མཚན་ཉིད་མི་འདྲའི་ཕྱིར། །གཉིས་ལ་གཞན་མེད་དེ་ནི་ནོར་བ་སྐྱེ། །དེ་ཕྱིར་ཐར་པ་ནོར་བ་ཟད་ཙམ་ཡིན། །བྱ་བ་དང་། རྣམ་འགྲེལ་ལས། གྲོལ་བ་པོ་ནི་མེད་ན་ཡང་། །ལོག་པར་སྒྲོ་འདོགས་གཞོམ་ཕྱིར་བརྩོན། །ཞེས་བཤད་དོ། །བཅུ་དྲུག་པ་བཅིངས་ཐར་བརྟག་པ་བཤད་ཟིན་ཏོ།།  །།

ལས་འབྲས་བརྟག་པ།

ལས་དང་འབྲས་བུ་རང་བཞིན་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་དེ་བརྟག་པ་སྟོན་པ་ན་བདག་ཉིད་ཅེས་གསུངས་ཏེ་སྒོ་གསུམ་གྱི་སྡིག་པ་སྡོམ་པ་དང་གཞན་ལ་ཕན་འདོགས་པ་དང་བྱང་སེམས་དགེ་བའི་ཆོས་ཡིན་ལ་དེ་ནི་འཇིག་རྟེན་འདི་དང་གཞན་དུ་འདོད་པའི་འབྲས་བུ་དག་གི་ས་བོན་ཏེ་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་ཏེ་ཐུན་མོང་བ་ལ་ནི་ས་བོན་ཞེས་མི་བརྗོད་དོ། །ཞེས་ཟླ་གྲགས་འཆད་ལ་བྷ་བྱ་ནི་རྒྱུ་རྐྱེན་གཉིས་ཀར་འཆད་དོ། །ལས་དེ་མདོར་བསྡུས་པའི་ཚུལ་གྱིས་སྟོན་པ་ན་དྲང་སྲོང་མཆོག་སངས་རྒྱས་དང་བསྒྲགས་པ་ནི་གསུངས་པའོ། །ཇི་ལྟར་ཞེ་ན་དེ་ལ་ཞེས་སྨོས་ཏེ་དེ་ལྟར་མདོར་བསྡུས་པའི་རྣམ་པ་དུ་མ་ནི་གསུམ་ཡིན་ནོ། །དེ་རྒྱས་པར་འཆད་པ་ན་ངག་ནི་ལུང་དུ་སྟོན་པའི་སྒྲའོ། །བསྐྱོད་ནི་ལུས་ཀྱི་གཡོ་བའོ། །སྡིག་པ་མི་སྤོང་བའི་རྣམ་རིག་བྱེད་མིན་ནི་ཉ་པ་དང་བཤན་པ་དང་བྱ་དང་རི་དྭགས་གསོད་པ་དང་གླང་པོ་ཆེ་འཛིན་པ་དང་སྦྲུལ་གཅེས་པས་འཚོ་བ་ལ་སོགས་པ་སྡོམ་མིན་རྣམས་སོ། །སྡིག་པ་སྤོང་བའི་རྣམ་རིག་བྱེད་མིན་པ་གཞན་དག་ནི་སོ་སོ་ཐར་པ་རིགས་བརྒྱད་དང་བསམ་གཏན་གྱི་སྡོམ་པའོ། །དེ་བཞིན་འདོད་ནི་དེ་གཉིས་རིག་བྱེད་མ་ཡིན་པར་འདྲ་བའོ། །ལོངས་སྤྱོད་ལས་བྱུང་བསོད་ནམས་ནི་གཙུག་ལག་ཁང་དང་འཚོ་བ་ནར་མ་དང་མལ་སྟན་ལ་སོགས་པ་བར་མ་དགེ་བའོ། །བསོད་ནམས་མ་ཡིན་པ་ནི་སྡོས་དང་ལྕགས་དང་བྱ་དང་ཉ་དང་རི་དྭགས་ཀྱི་རྒྱ་དང་ཤོ་གམ་དང་འཕྲང་བཅས་ལ་སོགས་པ་བར་མ་མི་དགེ་བ་རྣམས་ཏེ་ཚུལ་དེ་བཞིན་ནི་དེ་གཉིས་ཀྱང་རིག་བྱེད་མ་ཡིན་པར་འདྲ་བའོ། །དེ་དག་ཐམས་ཅད་ཀྱི་རྒྱུ་ནི་སེམས་པ་སྟེ་བདུན་ནོ། །འདི་སྐད་སྟོན་པ་ཡིན་ཏེ་ལས་ལ་རྣམ་པར་རིག་བྱེད་དང་རིག་བྱེད་མ་ཡིན་པ་གཉིས་ལས་ལུས་ངག་གཉིས་ནི་རིག་བྱེད་ཀྱི་ལས་སོ། །གཞན་བཞི་ནི་རིག་བྱེད་མ་ཡིན་པ་སྟེ་དེ་དག་ལེན་པའི་བསམ་པས་དམ་བཅའ་བ་ན་དགེ་བའམ་མི་དགེ་བའི་གཟུགས་ནགས་ལ་མེ་ཞུགས་པའམ་གླང་ལ་ཁལ་བཀལ་བ་ལྟ་བུའི་གཟུགས་མི་ལྡན་པའི་འདུ་བྱེད་ཐོབ་པ་ཐག་པ་ལྟ་བུས་བསྡུམ་པ་སྐྱེ་བར་བྱེ་བྲག་ཏུ་སྨྲ་བ་འདོད་དོ། །དེ་ནི་གཟུགས་དང་བྱེད་པའི་རང་བཞིན་ཡིན་ཀྱང་ལུས་ངག་གི་ལས་ལྟར་གཞན་གྱིས་རིག་པར་མི་བྱེད་པས་རིག་བྱེད་མ་ཡིན་པའི་གཟུགས་སོ། །དེ་ནི་དགེ་མི་དགེར་ངེས་ཏེ་ལུང་མ་བསྟན་ལ་དེ་བསྐྱེད་པའི་ནུས་པ་མེད་དེ། མཛོད་ལས། རྣམ་རིག་ལུང་བསྟན་མིན་པ་མེད། ཅེས་བྱ་བ་དང་། གཡེངས་དང་སེམས་མེད་པ་ཡི་ཡང་། །དགེ་དང་མི་དགེ་རྗེས་འབྲེལ་གང་། །འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། །དེ་ནི་རྣམ་རིག་བྱེད་མིན་བརྗོད། །ཅེས་འབྱུང་ངོ་། །ལས་དེ་དག་གིས་འབྲས་བུ་འབྱིན་པར་གསུངས་པའི་ཕྱིར་དངོས་པོའི་ངོ་བོ་ཉིད་ཡིན་ནོ་ཞེ་ན། དེ་འགོག་པར་གལ་ཏེ་ཞེས་གསུངས་ཏེ། སྨན་པ་ནི་འབྲས་བུ་ཕུང་པ་སྟེ་དེ་སྲིད་དུ་རྟག་པར་འགྱུར་ལ་འགགས་པ་ནི་དངོས་མེད་ཡིན་པའི་ཕྱིར་རོ། །འདི་ནི་རང་འགྲེལ་ལ་སོགས་པ་གསུམ་ནས་སློབ་དཔོན་རང་ཉིད་ཀྱིས་བརྗོད་པར་བཤད་དེ་ཚིག་གསལ་ལས། གཞན་གྱི་བརྗོད་པར་བཤད་པ་ནི་ནོར་རོ། །དེ་ལ་གྱེས་པའི་སྡེ་པའི་བྱེ་བྲག་འགའ་ཞིག་ལན་འདེབས་པ་ན་དཔེ་སྟོན་པ་ནི་མྱུ་གུ་ལ་སོགས་ཏེ་སྡོང་བུ་དང་ལོ་མ་ཞེས་དང་རྒྱུན་དེ་ལས་འབྲས་བུ་ལོ་ཏོག་ཏེ་དེ་རྣམས་ས་བོན་ཞེས་སྦྱར་རོ། །མི་རྟག་པ་ལས་དེ་ལྟར་འབྱུང་བ་དེ་ཕྱིར་རྒྱུ་དང་རྒྱུན་ཆད་པ་དང་རྟག་པ་མིན་ཏེ་དེ་གཉིས་ལས་གྲོལ་ལོ། །དཔེས་མཚོན་པའི་དོན་སྟོན་པ་ནི་སེམས་ཀྱི་ཞེས་པ་སྟེ་སེམས་ནི་སེམས་སོ། །སེམས་ཀྱི་སྐད་ཅིག་སྔ་མ་ལས་ཕྱི་མ་རྒྱུན་ཆགས་སུ་བྱུང་ནས་ད་ལས་འདོད་མི་འདོད་ཀྱི་འབྲས་བུ་འབྱུང་ཞིང་སྔར་བཤད་པའི་ལས་ནི་ཞེས་བྱ་བ་དང་མི་རྟག་པའི་རྒྱུ་འབྲས་རྒྱུན་མ་ཆད་པར་འབྱུང་བས་རྟག་ཆད་ལས་གྲོལ་ལོ། །དཀར་པོའི་རྒྱུ་འབྲས་སྟོན་པ་ནི་དཀར་པོའི་ཆོས་ཞེས་ཏེ་ཐབས་ནི་རྒྱུའོ། །ལམ་ནི་ལས་ཀྱི་ལམ་སྟེ་ལུས་ཀྱི་གསུམ་དང་ངག་གི་བཞི་དང་ཡིད་ཀྱི་གསུམ་སྟེ་མི་དགེ་བ་བཅུ་སྤོང་བའི་དགེ་བ་བཅུའོ། །གཞན་ནི་ཕྱི་མའོ། །འདི་ལ་འདོད་པའི་ཁམས་ན་ཡོན་ཏན་དུ་ལྟ་བའམ་འདོད་པར་བྱ་བའི་ཡོན་ཏན་ཡིན་པས་ཏེ་གཟུགས་ལ་སོགས་པ་ལྔའོ། །དེ་མང་པོས་བཀུར་བ་ལ་སོགས་པས་འགོག་པ་ནི་བརྟག་པ་སྟེ་དཔེ་དོན་དེ་ལྟ་བུར་གྱུར་ཏེ་ས་བོན་དང་འབྲས་བུ་ནི་རིགས་མཐུན་པ་ཁོ་ན་རྒྱུ་འབྲས་སུ་འགྱུར་གྱི་མི་མཐུན་པ་མ་ཡིན་པ་བཞིན་དུ་སེམས་ཀྱང་དེ་ལྟར་ཡིན་ན་ཉེས་པ་མང་པོ་ནི་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་སེམས་ལས་ཀྱང་རིགས་མཐུན་པ་ཁོ་ན་འབྱུང་གི་མི་མཐུན་པ་མི་འབྱུང་བ་དང་དེ་བཞིན་དུ་ཁམས་གསུམ་དང་ཟག་བཅས་ཟག་མེད་སོགས་པའང་མཐུན་པ་ཁོ་ན་རྒྱུ་འབྲས་སུ་འགྱུར་གྱིས་མི་མཐུན་པ་ནི་མི་འགྱུར་ན་དེ་ལྟ་མ་ཡིན་ཏེ་དེ་ལས་གཞན་དུ་མཐོང་བའི་ཕྱིར་དང་། ཆོས་མངོན་པ་ལས། སེམས་མཐུན་མི་མཐུན་གྱི་རྒྱུ་འབྲས་རྒྱ་ཆེན་པོ་བསྟན་པའི་ཕྱིར་རོ། །རྣམ་སྨིན་གྱི་རྒྱུ་མི་དགེ་བ་དང་དགེ་བ་ཟག་བཅས་དང་དེའི་འབྲས་བུ་ལུང་མ་བསྟན་ཡིན་པ་ལ་སོགས་པ་རྒྱུ་འབྲས་མི་མཐུན་པ་གྲངས་མེད་པ་འབྱུང་བ་ལ་མི་རུང་ངོ་། །མང་པོས་བཀུར་བ་རང་ཉིད་ཀྱི་ལུགས་སྟོན་པ་ནི་སངས་རྒྱས་ལ་སོགས་པས་མདོ་ནས་གསུངས་པ་ལས་འབྲས་འབྲེལ་བའི་བརྟག་པ་ནི་ལས་བརྒྱ་པ་ལ་སོགས་པ་ནས། ལས་རྣམས་བསྐལ་པ་བརྒྱར་ཡང་ནི། །ཆུད་མི་ཟ་བ་ཉིད་དུ་གནས། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་དེའི་འཐད་པ་ནི་ཇི་ལྟར་ཏེ་དཔེར་ན་ཞེས་པས་སྟོན་ཏེ། ནོར་བདག་གིས་བུ་ལོན་བཏང་ནས་དཔང་རྒྱ་ཁས་ལེན་ནམ་གཏེ་བས་དེ་ཆུད་མ་ཟོས་ཤིང་སྐྱེད་དང་བཅས་པར་བྱེད་པ་དེ་ལྟ་བུ་བུ་ལོན་གཏོང་བ་དང་འདྲ་བའི་ལས་བྱས་པའི་ཚེ་དཔང་རྒྱ་དང་འདྲ་བ་ཆུད་མི་ཟ་བའི་རྫས་ཞེས་བྱ་བ་མི་ལྡན་པའི་འདུ་བྱེད་ཅིག་སྐྱེས་ནས་དེས་ལས་དེ་ཆུད་མ་ཟོས་པར་འབྲས་བུ་དང་སྦྲེལ་བར་བྱེད་དོ། །དཔང་རྒྱས་བུ་ལོན་དེ་ཁུགས་ནས་དཔང་རྒྱ་ལ་ནོར་འགུགས་པའི་བྱེད་པ་མེད་པ་བཞིན་དུ་ལས་ཀྱི་འབྲས་བུ་ཕྱུང་ནས་ཆུད་མི་ཟ་བའི་རིགས་འདྲ་རྒྱུད་ལ་ཡོད་ཀྱང་དེ་ལ་ལས་ཀྱི་འབྲས་བུ་འབྱིན་པའི་བྱེད་པ་མེད་དོ། །ཆུད་མི་ཟ་བ་དེ་ནི་ཁམས་གསུམ་དང་འཕགས་པའི་རྒྱུད་ལ་ཡོད་པའི་ཟག་མེད་ཆུད་མ་ཟོས་པར་བྱེད་པ་དང་རྣམ་པ་བཞིའོ། །དེ་རང་བཞིན་ལུང་མ་བསྟན་ཡིན་པ་ནི་དགེ་བ་ཡིན་ན་དགེ་རྩ་ཆད་པ་རྣམས་ལ་མེད་པར་འགྱུར་ལ། མི་དགེ་བ་ཡིན་ན་འཕགས་པ་རྣམས་ལ་མེད་པར་འགྱུར་བ་དེ་གཉིས་ལ་རིམ་པ་བཞིན་མི་དགེ་བ་དང་ཟག་མེད་ཀྱི་ཆུད་མི་ཟ་བ་ཡོད་དོ། །སྤོང་བ་ནི་སྡེབ་སྦྱོར་གྱི་དོན་ཡིན་པས་དེ་མཐོང་བས་སྤང་བྱ་མ་ཡིན་ཏེ་འཕགས་པས་རྣམ་སྨིན་མི་མྱོང་བར་འགྱུར་བའི་ཕྱིར་རོ། །དེས་ན་སྒོམ་པས་སྤོང་ལ་ཀྱང་གི་སྒྲས་མི་སློབ་པས་ཀྱང་སྤོང་སྟེ་དེ་གཉིས་ཀ་ལ་སྤང་བྱ་དེ་ཡོད་པ་དེ་ཕྱིར་དེ་གཉིས་ལ་ཆུད་མི་ཟ་བས་འབྲས་བུ་བདེ་སྡུག་བསྐྱེད་པར་བྱེད་དོ། །དེ་མཐོང་བས་སྤོང་བ་དང་ཟག་བཅས་ཀྱི་ལས་ཟག་མེད་དུ་འཕོ་བ་དང་མཐུན་ཏེ་དེ་ཟག་མེད་དུ་གྱུར་ན་དེའི་ཚེ་ཟག་བཅས་ཀྱི་ལས་འཇིག་པ་དང་ཟག་མེད་ནི་སྲེད་པའི་རླན་དང་བྲལ་ནས་རྣམ་སྨིན་བསྐྱེད་མི་ནུས་པའི་ཕྱིར་འཕགས་པ་ལ་ལས་འབྲས་མེད་པ་དང་དེ་མེད་པའི་ལོག་ལྟ་ལ་སོགས་པའི་སྐྱོན་དུ་འགྱུར་བས་དེ་ལྟ་མ་ཡིན་ནོ། །ཡང་ཀུན་བརྟགས་ལ་དེ་གཉིས་པ་བརྩེགས་པ་ནི་འདོད་པ་ལ་སོགས་པ་ཁམས་མཚུངས་ཏེ་གཅིག་པའི་ལས་ནི་དགེ་མི་དགེ་དང་ཟག་བཅས་ཟག་མེད་ལ་སོགས་པར་ཆ་མཚུངས་པ་དང་ཆ་མི་མཚུངས་པ་ཐམས་ཅད་འཆི་བའི་ཚེ་ཆུས་མི་ཟ་ཐམས་ཅད་གཅིག་ཏུ་འགྲིལ་བར་འགྱུར་ལ། ཚེ་འདི་ལ་སྟེ་མི་འཆིའི་བར་དུ་དགེ་མི་དགེའི་ལས་གཉིས་པོ་ཐམས་ཅད་ཀྱི་ཆུད་མི་ཟ་ཐ་དད་དུ་སྐྱེ་ཞིང་རྣམ་སྨིན་གྲུབ་ཀྱང་ཆུད་མི་ཟ་གནས་པར་བཤད་ཟིན་ཏོ། །ཡང་དེ་ནི་རྒྱུན་ཞུགས་ཕྱིར་འོང་ལ་སོགས་པ་འབྲས་བུ་བཞི་འཕོས་པ་ལ་སྔ་མའི་ཆུད་མི་ཟ་འགགས་ནས་ཕྱི་མའི་ཆུད་མི་ཟར་འགྱུར་ལ་འཆི་བའི་ཚེ་འདི་ནི་དུ་མ་འགགས་ནས་གཅིག་ཏུ་འགྱུར་རོ། །འདོད་པ་ལ་སོགས་པའི་ཁམས་འཕོས་ནའང་གཅིག་གི་འཕོས་ནས་གཅིག་གིར་འགྱུར་རོ། །དེའི་དབྱེ་བ་ནི་ཟག་བཅས་ཟག་མེད་གཉིས་ཡིན་པས་སྐྱེ་འཕགས་རྣམས་ལུས་ལ་སོགས་པ་སྣ་ཚོགས་སུ་འགྱུར་བ་ནི་ལས་སྣ་ཚོགས་ཆུད་མ་ཟོས་པ་ལས་བྱུང་བ་ཡིན་ནོ། །དེ་འདྲ་བའི་ལས་དང་འབྲས་བུ་འབྲེལ་བར་བྱས་པ་དེ་གང་ཟག་གི་བདག་གིས་སྟོང་བ་ཉིད་དང་རྒྱུན་ཆད་པ་མིན་པ་དང་འགྱུར་བས་རྟག་པ་མིན་པ་དང་། འགྲོ་བ་སྣ་ཚོགས་སུ་འཁོར་བ་དང་། ལས་ཆུད་མི་ཟ་ཞེས་སངས་རྒྱས་ཀྱི་བསྟན་པ་དེ་ཡང་གྲུབ་པ་ཡིན་ནོ། །དེ་འགོག་པ་ནི་ལས་ལ་ངོ་བོ་ཉིད་ཡོད་ན་སྔ་ཕྱིའི་རྒྱུན་རྗེས་སུ་འབྲེལ་བའམ་ཆུད་མི་ཟ་བས་སྦྲེལ་བས་ལས་འབྲས་འབྲེལ་བར་རིགས་ན་དོན་དམ་པར་དེ་གཉིས་ཀ་མེད་དོ་ཞེས་སྟོན་པ་ནི་གང་ཕྱིར་ཞེས་པ་སྟེ། ལས་ཆོས་ཅན་དོན་དམ་པར་སྐྱེ་བ་མེད་དེ་དངོས་པོའི་རང་བཞིན་མེད་པའི་ཕྱིར་ནམ་མཁའ་བཞིན་ནོ། །ཆུད་མི་ཟ་བར་གསུངས་པའི་དགོངས་པ་ནི་མ་སྐྱེས་པས་ཆུད་ཟ་བར་མི་འགྱུར་བ་ལ་དགོངས་ཏེ་སྐྱེས་ན་ཇི་ལྟར་ཆུད་མི་འཛའ། སྐྱེས་པ་ལ་ནི་ཆུད་འཛའ་བས་ཁྱབ་པོ། །དེས་ན་ལས་ཆོས་ཅན་ཆུད་མི་འཛའ་སྟེ་མ་སྐྱེས་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ། །རྩ་བའི་གཏན་ཚིགས་སྒྲུབ་པ་ནི་གལ་ཏེ་ལས་ལ་དངོས་པོའི་རང་བཞིན་ཡོད་ན་ལས་དག་པར་འགྱུར་སྟེ་མི་རྟག་ན་རང་བཞིན་འཇིག་པའི་ཕྱིར་རོ། །ཡང་ལས་མ་བྱས་པ་དང་བྱ་བ་མེད་པར་འགྱུར་ཏེ་རྟག་པ་ལ་དེ་གཉིས་མི་འཐད་པའི་ཕྱིར་རོ། །ལས་དེ་མ་བྱས་ན་ལས་མ་བྱས་པ་དེས་ཀྱང་འབྲས་བུ་མྱོང་བས་མ་བྱས་པ་དང་ཕྲད་པའི་འཇིག་པར་འགྱུར་རོ། །ཚངས་སྤྱོད་ལ་མི་གནས་པའང་ཚངས་སྤྱོད་ལ་གནས་པའི་སྐྱོན་དུ་འགྱུར་ཏེ་གནས་པའི་ལས་དེ་མ་བྱས་པའང་ཡོད་པའི་ཕྱིར་རོ། །ཐ་སྙད་ཐམས་ཅད་ཡང་འགལ་ཏེ་ཅིའང་མི་བྱེད་པ་ཐམས་ཅད་ལ་གང་མ་བྱས་པ་དེ་ཐམས་ཅད་ཡོད་པའི་ཕྱིར་རོ། །བསོད་ནམས་དང་སྡིག་བྱེད་པའི་རྣམ་དབྱེ་མེད་པར་འགྱུར་ཏེ་དེ་གཉིས་མ་བྱས་པ་དེ་ལའང་དེ་ཡོད་པའི་ཕྱིར་རོ། །ཡང་ལས་དེའི་རྣམ་སྨིན་ཟིན་པ་དེ་ལ་རྣམ་སྨིན་རྒྱུན་མི་ཆད་པར་འགྱུར་ཏེ་ལས་གནས་པ་དེའི་ངོ་བོ་ཉིད་རྟག་ཏུ་དེ་ལྟར་གནས་པའི་ཕྱིར་རོ། །རྒྱུ་ཉོན་མོངས་པ་ཡོད་པས་ལས་ཡོད་དོ་ཞེ་ན་བདག་ཉིད་ལས་བྱུང་ན་ཞེས་སྦྱར་ཏེ་ཡང་དག་ནི་དངོས་པོའོ། །དོན་དམ་པར་དེས་དེ་བྱས་པ་མེད་པའོ། །དེ་གཉིས་ཀྱི་འབྲས་བུ་ལུས་ཡོད་པས་དེ་གཉིས་ཡོད་དོ་ཞེ་ན་དེ་གཉིས་དེའི་རྐྱེན་དུ་ལུང་ལས་བསྟན་པ་དེ་ནི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་མ་ཡིན་ཏེ་དེ་སྟོང་པ་ཡིན་པའི་ཕྱིར་ལུས་ལ་རྐྱེན་དུ་ཇི་ལྟར་བརྗོད། ཅི་སྟེ་ལས་དེའི་འབྲས་བུ་ལ་ལོངས་སྤྱོད་པའི་ཟ་བ་པོ་ཡོད་པས་ལས་ཡོད་དོ་ཞེ་ན་མ་རིག་པས་བསྒྲིབས་པ་ནི་བཏུམས་པ་སྟེ་མ་རིག་པའི་སྒོ་ངའི་སྦུབ་ན་གནས་པ་ཞེས་འབྱུང་བ་བཞིན་ནོ། །དེས་གྲངས་མེད་པ་སྐྱེ་བས་ན་སྐྱེ་བའོ། །སྲེད་པ་ནི་འདོད་ཆགས་སྟེ་དེ་དང་ལྡན་པ་ནི་ཟ་བ་པོ་སྟེ་རྣམ་སྨིན་ལ་སྤྱོད་པ་པོ་ཡིན་ཞིང་དེ་ཡང་སྔོན་བྱེད་པ་པོ་ལས་རྒྱུད་གཞན་མིན་ཞིང་དེ་ཉིད་ཀྱང་མ་ཡིན་པ་དེ་གཉིས་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ཏེ་ཐོག་མ་དང་ཐ་མ་མེད་པའི་མདོ་ལས། མ་རིག་སྒྲིབ་པའི་སེམས་ཅན་དག །སྲེད་པའི་ཀུན་ཏུ་སྦྱོར་དང་ལྡན། །བྱ་བ་དང་། ཁྱོད་རང་གི་སྡིག་པའི་ལས་འདི་བྱས་ན་ཁྱོད་རང་ཉིད་དེའི་རྣམ་སྨིན་མྱོང་བར་བྱ་དགོས་སོ་ཞེས་གསུངས་སོ་ཟེར་བ་འགོག་པ་ནི་གང་ཕྱིར་ཞེས་པ་སྟེ་འདི་ནི་བྱེད་པ་པོ་རྟག་པ་ལ་སོགས་པ་བཤད་ཟིན་ཏེ་ཟ་བ་པོ་མེད་པ་ནི་རྒྱུ་མེད་པའི་ཕྱིར་རོ། །འཁོར་བ་རྒྱུན་ཆགས་སུ་འཇུག་པ་སྣང་ལ་རང་བཞིན་མེད་པ་དཔེས་གསལ་བར་བྱེད་པ་ནི་ཇི་ལྟར་ཞེས་པ་སྟེ་སྟོན་བྱེད་པ་ནི་སངས་རྒྱས་པ་ལ་སོགས་པའོ། །དེས་སྤྲུལ་པའི་བརྒྱུད་པ་དུ་མ་བྱེད་པ་བཞིན་དུ་འཁོར་བའང་ཡིན་ཏེ་ཡུམ་ལས་ལ་ལ་ནི་ལས་དང་ཉོན་མོངས་པའི་སྤྲུལ་པ་ཡིན་ཞེས་འབྱུང་བ་བཞིན་ནོ། །དཔེ་གཞན་ཡང་སྟོན་པ་ནི་ཉོན་མོངས་ཞེས་པ་སྟེ་དཔེ་འདི་དག་ནི་སངས་རྒྱས་ཀྱི་སྤྲུལ་པ་སྣ་ཚོགས་ཇི་ལྟར་བསྟན་པ་ལ་སོགས་པས་རྒྱས་པར་བརྗོད་དོ། །དབུ་མ་པའི་རྟག་ཆད་དང་བྲལ་བའི་ཚུལ་ནི་ཀུན་རྫོབ་ཏུ་ཆོས་ཐམས་ཅད་ཁྱད་པར་མེད་པར་ཡོད་ལ་དོན་དམ་པར་སྣང་བ་ཙམ་དུའང་མེད་པ་ཡིན་ནོ། །འདིར་ཐེག་ཆུང་བའི་ལས་འབྲས་དེ་འདྲ་བ་ནི་ལོག་པའི་ཀུན་རྫོབ་ཡིན་ལ་ཐེག་ཆེན་པའི་ལས་འབྲས་སེམས་ཀུན་གཞིའི་རྣམ་ཤེས་ལས་ཇི་ལྟར་འབྱུང་བའི་ཚུལ་ནི་ཡང་དག་གི་ཀུན་རྫོབ་ཡིན་ཏེ་དེའང་སློབ་དཔོན་གྱིས་བྱང་ཆུབ་སེམས་འགྲེལ་དང་རིན་ཆེན་ཕྲེང་བ་དང་ཆོས་ཀྱི་དབྱིངས་སུ་བསྟོད་པ་ལ་སོགས་པར་གསལ་བར་བཤད་ཅིང་དེ་ཉིད་དུའང་དཔྱོད་པར་འགྱུར་བའི་ཕྱིར་འདིར་མ་དཔྱད་དོ། །བཅུ་བདུན་པ་ལས་འབྲས་བརྟག་པ་བཤད་ཟིན་ཏོ།།  །།

 

བདག་དང་ཆོས་བརྟག་པ།

མདོ་ལས་བདག་དང་ཆོས་རང་བཞིན་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་དང་མུ་སྟེགས་པ་རྣམས་ནི་བདག་ཏུ་ཞེན་ལ་སངས་རྒྱས་པ་རྣམས་ནི་ཆོས་སུ་མངོན་པར་ཞེན་པས་དེ་དགག་པའི་ཕྱིར་བདག་དང་ཆོས་བརྟག་པ་སྟོན་པ་ན་རང་འགྲེལ་ལས་བདག་དང་བདག་གི་བ་དང་བྲལ་བ་ནི་དེ་ཁོ་ནའི་མཚན་ཉིད་ཡིན་ལ་རིགས་པ་མངོན་དུ་བཏང་སྟེ་ཡོངས་སུ་རྟོག་པས་ནི་དེ་ཁོ་ན་རྟོག་པར་འགྱུར་རོ་ཞེས་བཤད་དོ། །དེ་ལ་བཞི་བརྒྱ་པ་ལས། ལ་ལས་ཀུན་ཏུ་སོང་བར་མཐོང་། །ལ་ལས་སྐྱེས་བུའི་ལུས་ཙམ་ཞིག །ལ་ལས་རྡུལ་ཙམ་ཞིག་མཐོང་སྟེ། །ཤེས་རབ་ཅན་གྱིས་མེད་ཅེས་མཐོང་། །ཞེས་བཤད་དེ་བྱེ་བྲག་པ་བདག་ནི་ཐམས་ཅད་ན་ཁྱབ་པར་ཡོད་དེ་བདག་གི་ཡོན་ཏན་བདེ་སྡུག་ཐམས་ཅད་ན་ཡོད་པའི་ཕྱིར་ཞེས་འདོད་ལ། ལུས་ཙམ་ནི་གཅེར་བུ་པའོ། །སྙིང་ནང་ན་རྡུལ་ཙམ་ཡོད་པ་ནི་རིགས་པ་ཅན་ནོ། །གསང་བ་པ་ནི། སྐྱེས་བུ་དྲང་སྲོང་ཆེན་པོ་ཉི་མའི་མདོག མུན་ལས་གཞན་དུ་འགྱུར་པ་དེ་རིག་ན། ཞེས་པའི་འོག་ན་མུན་པ་དང་དེའི་འོག་ན་གནས་པར་འདོད་ལ། དཔྱོད་པ་པའི་གཞོན་ནུ་མ་ལེན་ནི། །དེ་ཕྱིར་གཉིས་ཀ་དོར་ནས་ནི། །ལྡོག་དང་རྗེས་འཇུག་བདག་ཉིད་ཅན། །སྐྱེས་བུ་ཞིག་ནི་ཁས་བླང་བྱ། །འཁྱིལ་བ་ལ་སོགས་སྦྲུལ་བཞིན་ནོ། །ཞེས་འདོད་དོ། །དེ་དག་ཐམས་ཅད་བདག་གི་མཚན་ཉིད་རྟག་ཅིང་རང་དབང་ཅན་དུ་འདོད་དེའང་ཕུང་པོ་དང་གཅིག་ཏུ་འདོད་ན་གལ་ཏེ་ཕུང་པོ་ཞེས་གསུངས་ཏེ་གོ་སླའོ། །དེ་ལ་གཞན་ཡིན་ན་དེ་ལ་ཕུང་པོའི་མཚན་ཉིད་གཟུགས་ལ་སོགས་པ་ལྔ་མེད་པས་ཕུང་པོ་ནི་བདག་མེད་པར་གྲུབ་བོ། །ཡང་ན་ཕུང་པོའི་མཚན་ཉིད་ལས་གཞན་ན་མེད་པར་འགྱུར་ཏེ་མ་དམིགས་པའི་ཕྱིར་ཞེས་སྦྱར་རོ། །བདག་མེད་ན་ནི་བདག་གི་གཟུགས་དང་ཚོར་བ་ལ་སོགས་པ་མེད་དེ་ཁྱད་པར་མེད་པའི་ཁྱད་པར་ཅན་མེད་པའི་ཕྱིར་ཏེ་ཞྭ་མེད་ན་ཞྭ་ཅན་བཞིན་ནོ། །ཡུལ་བདག་དང་བདག་གི་ཞི་སྟེ་མེད་པའི་ཕྱིར་ཡུལ་ཅན་ངར་འཛིན་དང་ང་ཡིར་འཛིན་མེད་འགྱུར་ཏེ་བུམ་པ་མེད་ན་བུམ་འཛིན་མེད་པ་བཞིན་ནོ། །དེ་གཉིས་མེད་པ་གང་ཡིན་པ་དེ་ཡང་ཡོད་པ་མ་ཡིན་ཏེ་དེ་གཉིས་མེད་པ་གང་གིས་མཐོང་བ་དེས་གང་ཟག་མེད་པའི་དེ་ཁོ་ན་མི་མཐོང་ཏེ་མེད་པར་ལྟ་བའམ་དེ་གཉིས་མེད་པའི་གང་ཟག་ཏུ་ལྟ་བ་ཡིན་པའི་ཕྱིར་རོ། །ནང་ལ་བདག་དང་ཕྱི་རོལ་ལ་བདག་གིས་ཟད་ན་འཁོར་བ་ཉེ་བར་ལེན་པ་བཞི་འགགས་ཏེ་འདོད་པ་དང་ལྟ་བ་དང་ཚུལ་ཁྲིམས་དང་རྟུལ་ཞུགས་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་པ་བཞི་འགགས་ཏེ་རྒྱུ་མེད་པའི་ཕྱིར་རོ། །བཞི་པོ་དེ་ཟད་པས་སྲིད་པར་སྐྱེ་བ་ཟད་པ་དེ་ནི་གང་ཟག་ལ་བདག་མེད་པའི་དེ་ཁོ་ན་རྟོགས་པའི་འབྲས་བུ་ཉོན་སྒྲིབ་ཟད་པ་ཕུང་པོ་ལྷག་བཅས་ཀྱི་མྱང་ངན་འདས་ཡིན་ནོ། །ད་ནི་ཆོས་བདག་མེད་པའི་དེ་ཁོ་ན་རྟོགས་པའི་འབྲས་བུ་ཤེས་སྒྲིབ་ཟད་པ་ཕུང་པོ་ལྷག་མེད་ཀྱི་མྱ་ངན་འདས་ཆོས་སྐུ་ཐོབ་པའི་ཐབས་སྟོན་པ་ན་འཁོར་བར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་ཟད་པས་ནི་སྡུག་བསྔལ་ལས་ཐར་པའི་ལྷག་བཅས་ཀྱི་མྱ་ངན་འདས་འཐོབ་བོ། །དེ་གཉིས་ནི་རྣམ་རྟོག་ལས་བྱུང་སྟེ། འདོད་པ་ཁྱོད་ཀྱིས་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་བྱུང་། །ཁྱོད་ལ་རྟོག་པར་མི་འགྱུར་བ། །དེ་ཕྱིར་ང་ལ་མི་འབྱུང་ངོ་། །ཞེས་སངས་རྒྱས་འོད་སྲུངས་ཀྱི་གསུང་རབ་ལས་བྲམ་ཟེ་རྣམས་ལ་བརྒྱུད་དེ་བྱུང་བ་ཡིན་ནོ། །རྣམ་རྟོག་དེ་དག་ནི་ཐ་སྙད་ཀྱི་བདེན་པ་ལ་ཞེན་པའི་སྤྲོས་པ་ལས་བྱུང་ངོ་། །སྤྲོས་པ་ནི་ཆོས་བདག་མེད་པའི་སྟོང་པ་ཉིད་རྟོགས་པས་འགགས་པར་འགྱུར་ཏེ་དེ་ནི་ཕུང་པོ་ལྷག་མེད་དུ་འཇུག་པ་བསྟན་ནོ། །འདིར་རང་འགྲེལ་དང་བྷ་བྱ་གཉིས་ཉན་རང་གི་གང་ཟག་གི་བདག་མེད་ཁོ་ན་རྟོགས་ལ་ཆོས་ཀྱི་བདག་མེད་བྱང་ཆུབ་སེམས་དཔས་རྟོགས་པར་བཤད་པ་ལ་ཟླ་གྲགས་སློབ་དཔོན་གྱི་དགོངས་པ་དེ་གཉིས་ཀྱིས་ཀྱང་ཆོས་ཀྱི་བདག་མེད་རྟོགས་པ་ཡིན་ནོ་ཞེས་སུན་འབྱིན་པ་ནི་སློབ་དཔོན་གྱི་བཞེད་པ་མ་ཡིན་ཏེ་གཞུང་འདི་ཉིད་དང་གཞན་དུ་ཡང་སྤངས་རྟོགས་ཀྱི་རིམ་པ་འདི་ཁོ་ན་བཞིན་བཤད་པའི་ཕྱིར་དང་དེས་ཆོས་ཀྱི་བདག་མེད་རྟོགས་ན་ཤེས་སྒྲིབ་སྤངས་བར་འགྱུར་བའི་ཕྱིར་རོ། །ལྷག་བཅས་ལྷག་མེད་ཀྱི་ཐ་སྙད་མཛད་པ་ནི་ཉན་རང་གི་ཆོས་ཀྱི་བདག་མེད་མ་རྟོགས་པས་ཟག་བཅས་ཀྱི་ལྷག་མ་ཡོད་པའི་ཕྱིར་དང་། སངས་རྒྱས་དེ་ལས་བཟློག་པའི་ཕྱིར་རོ། །འདི་རྒྱས་པ་ནི་མངོན་པར་རྟོགས་པ་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །འོ་ན་མདོ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །བྱ་བ་དང་། གནག་དང་དཀར་བའི་ལས་ནི་འཇིག་མི་འགྱུར། །བདག་གིས་བྱས་པ་མྱོང་བར་འགྱུར་བ་ཡིན། །ཞེས་བདག་བཤད་དོ་ཞེ་ན། དེ་ནི་རྒྱང་འཕེན་པ་བདག་མེད་པས་སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་མེད་པར་སྨྲ་བ་དང་མུ་སྟེགས་པ་ཁ་ཅིག་བདག་མེད་ན་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་འཕྲད་པས་འཇིག་པ་བསལ་བའི་ཕྱིར་ཕུང་པོ་ལྔ་ལ་བདག་ཡོད་ཅེས་བརྟགས་ནས་བསྟན་ལ། བདག་ལྟས་བཅིངས་པ་རྣམས་ལ་བདག་མེད་པའང་བསྟན་ཏོ། །གདུལ་བྱ་སྐལ་ལྡན་སྤྲོས་བྲལ་གྱི་སྣོད་དུ་གྱུར་པ་སངས་རྒྱས་ཀྱི་ལམ་གྱི་འགྲོ་བ་རྣམས་ལ་དེ་གཉིས་ཀ་མེད་པར་བསྟན་ནོ། །སངས་རྒྱས་རྣམས་ཀྱིས་ནི་སྔ་མ་གཉིས་ལའང་སྦྱར་རོ། །སྤྲོས་པ་སྟོང་ཉིད་ཀྱིས་དགག་པའི་རིགས་པ་བཤད་པ་ནི་སྤྲོས་བྲལ་དེ་ལ་སྒྲས་བརྗོད་པར་བྱ་བ་ལྡོག་པས་ཏེ། དེ་ལ་སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །བློ་གྲོས་མི་ཟད་པར་བསྟན་པའི་མདོ་ལས། དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱང་མི་རྒྱུ་ན་ཡི་གེ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་བཤད་དོ། །དེ་སྒྲ་བློའི་ཡུལ་ལས་ཇི་ལྟར་འདས་པའི་ཚུལ་ནི། དབུ་མ་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །ལྡོག་པའི་རྒྱུ་མཚན་རང་བཞིན་གྱིས་ཡེ་ནས་མ་སྐྱེས་པ་དང་མ་འགགས་པ་ནི་ཆོས་ཉིད་མྱ་ངན་ཏེ་སྤྲོས་པ་ལས་འདས་པ་དང་མཚུངས་ཏེ་གཅིག་ཡིན་པའི་ཕྱིར་རོ། །དོན་དམ་པ་དེ་ལྟ་ཡིན་ན་ཐ་སྙད་དུ་ཆོས་བསྟན་པའི་ཚུལ་ཇི་ལྟར་ཡིན་ཞེ་ན། ཐམས་ཅད་ཡང་དག་ནི་ཀུན་རྫོབ་ཏུ་ཡོད་པ་བསྟན་པའོ། །ཡང་དག་མིན་ནི་དོན་དམ་པར་ཇི་ལྟར་སྣང་བ་བཞིན་མེད་པའོ། །ཡང་དག་ཡང་དག་མ་ཡིན་ཉིད་ནི་བདེན་པ་གཉིས་དང་རིམ་པ་བཞིན་སྦྱར་རོ། །ཡང་དག་མིན་མིན་ཡང་དག་མིན་མངོན་པར་རྟོགས་པའི་དུས་ན་རྣལ་འབྱོར་པ་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ལ་རྣམ་པར་མི་རྟོག་པ་རྟོགས་པའི་ཕྱིར་རོ། །ཡང་ན་ཉོན་སྒྲིབ་སྤོང་བའི་བདག་མེད་དང་། །གཟུང་བ་འགོག་པའི་སེམས་ཙམ་དང་། །འཛིན་པ་འགོག་པའི་གཉིས་མེད་དང་། །གཉིས་མེད་འགོག་པའི་སྤྲོས་བྲལ་བཞི་དང་རིམ་པ་བཞིན་སྦྱར་རོ། །དེ་ནི་སངས་རྒྱས་ཀྱི་ཆོས་བསྟན་པའི་ཚུལ་ལོ། །བདེན་གཉིས་ལས། ཐུགས་རྗེའི་བདག་ཅན་དེ་ཉིད་ཀྱིས། །རྟོག་པས་བཅིངས་པ་གཟིགས་ནས་ནི། །སེམས་ཙམ་ལ་སོགས་བྱེ་བྲག་གིས། །རྣམ་པར་ཐར་པ་བསྟན་པར་མཛད། །ཅེས་བཤད་དོ། །དོན་དམ་གྱི་མཚན་ཉིད་ལ་གཞན་ལས་ཤེས་མིན་ནི་སྒྲ་དང་རྟགས་ཀྱིས་མི་ཤེས་པར་ནམ་མཁའ་ལྟ་བུ་མངོན་སུམ་དུ་བྱར་མེད་པའི་ཚུལ་གྱིས་མངོན་སུམ་དུ་བྱེད་པའོ། །ཞི་བ་ནི་ངོ་བོ་ཉིད་དང་བྲལ་བའོ། །མངོན་པར་བརྗོད་པའི་སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ་ནི་བརྗོད་པ་སྒྲ་བཅས་སུ་བཟུང་དུ་མེད་པའོ། །རྣམ་རྟོག་མེད་པ་ནི་དོན་གྱི་རྣམ་པ་ཅན་གྱི་རྟོག་པས་བརྟག་ཏུ་མེད་པའོ། །དོན་ཐ་དད་མིན་ནི་ཆོས་ཉིད་རོ་གཅིག་པས་ཐ་དད་ཀྱི་དབྱེ་བ་མེད་པའོ། །ཡང་ན་སྔ་མས་ཕྱི་མ་བཤད་དོ། །ལྔ་པོ་དེ་ནི་དེ་ཉིད་རྣམ་གྲངས་མ་ཡིན་པའི་དོན་དམ་གྱི་མཚན་ཉིད་དོ། །ཀུན་རྫོབ་ཀྱི་མཚན་ཉིད་ནི་རྒྱུ་གང་ལ་བརྟེན་ཏེ་འབྲས་བུ་གང་བྱུང་བ་དེ་ནི་ཞེས་པ་སྟེ་རེ་ཤིག་ནི་བཤད་པའི་རིམ་པའོ། །དེ་ཉིད་དེ་གཅིག་མིན་པ་ནི་གྲངས་ཅན་གྱི་ལྟ་བར་འགྱུར་བའི་ཕྱིར་རོ། །དེ་ལས་དེས་མ་ལྟོས་པའི་གཞན་པའང་མ་ཡིན་ཏེ། རྒྱང་འཕེན་པའི་ལྟ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡིན་པ་དེའི་ཕྱིར་ཀུན་རྫོབ་ཆད་པ་མིན་ཏེ་རྒྱུ་འབྲས་གཅིག་ན་དེ་མི་སྲིད་པས་དེ་ཆད་པར་འགྱུར་བའི་ཕྱིར་རོ། །ལྟོས་ནས་འབྱུང་བ་ནི་མི་རྟག་པ་ཡིན་པས་དེ་རྟག་པ་མ་ཡིན། འཕགས་པ་ལྷས། གང་ཕྱིར་དངོས་པོ་འཇུག་འགྱུར་བ། དེས་ན་ཆད་པར་མི་འགྱུར་ཞིང་། གང་ཕྱིར་དངོས་པོ་ལྡོག་འགྱུར་བ། དེས་ན་རྟག་པར་མི་འགྱུར་རོ། །ཞེས་བཤད་དོ། །འདི་ལ་འགྲེལ་པས་རྣམ་པ་གཞན་དུ་འཆད་པ་དེ་དག་གི་ནོར་བ་ཡིན་ནོ། །རྒྱ་ཆེ་རོལ་པའི་མདོ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་པས་དེ་ལྟར་བཤད་དོ། །དོན་གཅིག་མིན་པ་ལ་སོགས་པ་བཞི་ནི་མཚོན་པ་སྟེ་མཐའ་བརྒྱད་དང་བྲལ་བ་དེ་ནི་སངས་རྒྱས་ཀྱི་ཆོས་བསྟན་པ་བདུད་རྩི་ཡིན་ཏེ་ཉོན་མོངས་པའི་ནད་མ་ལུས་པ་སེལ་ནུས་པའི་ཕྱིར་རོ། །རྟེན་འབྲེལ་བདག་ཉིད་ཀྱིས་སྟོང་པ་དེ་ལ་ཐོས་བསམ་སྒོམ་གསུམ་གྱིས་གོམས་པར་བྱས་ན་སྲིད་པ་ཐ་མའི་དུས་ན་སློབ་དཔོན་མེད་པར་ཡང་རང་བྱུང་བྱང་ཆུབ་ཏུ་འགྱུར་རོ་ཞེས་སྟོན་པ་ནི་རྫོགས་སངས་རྒྱས་རྣམས་ཞེས་པ་སྟེ་བསྟེན་པ་མེད་ནི་སློབ་དཔོན་མེད་པའི་འདུ་འཛི་མེད་པའོ། །རབ་ཏུ་སྐྱེ་ནི་རང་བྱུང་དུ་སྐྱེ་བའོ། །འདི་རྒྱས་པར་ནི་མངོན་པར་རྟོགས་པར་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །བཞི་བརྒྱ་པ་ལས། །དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོ་ཀྱང་། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་བཤད་དོ། །འཕགས་པ་རྣམས་རྟེན་འབྲེལ་ལ་བདག་མེད་གཉིས་ཀྱི་ཇི་ལྟར་ལྟ་བའི་ཚུལ་རྒྱས་པ་ནི་བཅོམ་ལྡན་འདས་བྱམས་པ་དང་། འཕགས་པ་ཐོགས་མེད་ཀྱི་གཞུང་དུ་རིག་པར་བྱའོ། །བཅོ་བརྒྱད་པ་བདག་དང་ཆོས་བརྟག་པ་བཤད་ཟིན་ཏོ།།  །།

དུས་བརྟག་པ།

མདོ་ལས་དུས་གསུམ་རང་བཞིན་མེད་པར་བསྟན་པའི་འཐད་པ་བཤད་པ་དང་དུས་གསུམ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་དུས་བརྟག་པ་སྟོན་པ་ན་ད་ལྟར་བྱུང་དང་ཞེས་པ་ནི་ལྟོས་ན་དེ་ན་ཡོད་པ་དང་མེད་ན་ལྟོས་པ་འཇིག་པ་སྟེ། ལྟོས་ཆོས་ལྟོས་ས་ན་མེད་པར་ཡང་ལྟོས་ན་ཐམས་ཅད་ཐམས་ཅད་ལ་ལྟོས་པར་འགྱུར་ལ་དེ་ན་མེད་ཀྱང་ལྟོས་པའི་དཔེ་གཞན་གྱིས་ཀྱང་མི་འགྲུབ་སྟེ་དེ་ཡང་དེས་འགོག་པའི་ཕྱིར་རོ། །མ་ལྟོས་པ་འགོག་པ་ནི་འདས་པ་ལ་ནི་ཞེས་པ་སྟེ་འདས་པ་ལས་ད་ལྟར་བ་དང་དེ་ལས་མ་འོངས་པ་འབྱུང་བར་གྲགས་པས་ཀུན་རྫོབ་ཏུའང་འདས་པ་མེད་ན་དེ་གཉིས་མེད་དོ། །དེ་ཕྱིར་ནི་སྐབས་ལ་སྦྱོར་བའོ། །ལྟོས་མ་ལྟོས་ཀྱི་རིགས་པའི་ཚུལ་འདིས་དུས་གཞན་གཉིས་པོར་བསྣོལ་བ་སྟེ་སྤོས་ལ་དགག་སྟེ་གང་གང་ལ་ལྟོས་པ་དེ་དེའི་དུས་ན་ཡོད་པར་འགྱུར་ལ་མེད་ན་མི་ལྟོས་པར་འགྱུར་རོ། །མ་ལྟོས་པར་ནི་གཞན་གཉིས་ཀྱང་མི་འགྲུབ་སྟེ་དུས་གསུམ་ནི་ནང་ཕན་ཚུན་ལྟོས་པ་ཁོ་ནས་འཇོག་པའི་ཕྱིར་རོ། །མཆོག་འབྲིང་གི་སོགས་པས་ནི་གསུམ་ཚན་སྲིད་ཚད་བསྡུ་སྟེ་སྐྱེ་གནས་འཇིག་གསུམ་དང་དགེ་མི་དགེ་ལུང་མ་བསྟན་དང་སྔོན་དང་དབུས་དང་ཕྱི་མ་ཁམས་གསུམ་དང་སློབ་མི་སློབ་དེ་གཉིས་ཀ་མ་ཡིན་པ་ལ་སོགས་པའོ། །གཅིག་གི་སོགས་པས་ནི་གཉིས་དང་མང་པོ་བསྡུའོ། །ཤེས་པར་བྱ་ནི་ལྟོས་མ་ལྟོས་བརྟགས་ནས་དགག་པའོ། །དུས་དགག་པ་ནི་བྱེ་བྲག་པ་ལ་སོགས་པ་དུས་རྒྱུར་སྨྲ་བ་ན་རེ། །དུས་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་དགུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོགས་སད་པར་བྱེད། །དུས་ལས་འདས་པ་ཤིན་ཏུ་དཀའ། །ཞེས་ཟེར་རོ། །དེ་ལ་དུས་ཀྱི་ཚད་དང་སྐད་ཅིག་ཐང་ཅིག་ཡུད་ཙམ་དང་ཉིན་ཞག་དང་ཟླ་བ་དང་ལོ་ལ་སོགས་པ་ཡོད་དོ་ཞེ་ན་མི་གནས་པ་ལ་ནི་དུས་སུ་སུ་ཡང་འཛིན་པར་མི་བྱེད་དེ་རི་བོང་གི་རྭ་བཞིན་ནོ། །དངོས་པོ་ལས་གཞན་པ་གང་ཞིག་གཟུང་བར་བྱ་བའི་དུས་གནས་པ་ནི་མེད་དེ་བཀག་ཟིན་ཅིང་མ་དམིགས་པའི་ཕྱིར་རོ། །ངོ་བོ་ཉིད་གང་དུའང་མ་བཟུང་བ་ལ་ནི་དུས་སུ་ཇི་ལྟར་གདགས་ཏེ་ཧ་ཅང་ཐལ་བའི་ཕྱིར་རོ། །ཡུད་ཙམ་ལ་སོགས་པ་དེ་ཡང་ཉི་མའི་འགྲོས་དང་འཆར་ནུབ་ལ་སོགས་པ་ལ་བཏགས་པ་ཡིན་གྱི་དངོས་པོ་ལས་གུད་པ་ནི་མེད་དོ། །རྟགས་དགག་པ་ནི་དུས་ཡོད་དེ་སྔ་ཕྱི་དང་རིམ་དང་ཅིག་ཅར་དང་ཡུན་རིང་པོ་དང་མྱུར་བ་ལ་སོགས་པའི་རྟགས་ཡོད་པའི་ཕྱིར་རོ། །མེད་པ་ལ་ནི་རྟགས་མེད་དོ་ཞེ་ན། གལ་ཏེ་དུས་ནི་དངོས་པོ་ལ་བརྟེན་པ་ཡིན་ན་དངོས་པོ་མེད་པའི་ཕྱིར་དུས་མེད་དོ། །འགའང་ནི་གཅིག་ཀྱང་ངོ་སྔ་ཕྱི་ལ་སོགས་པ་ནི་དངོས་པོ་ལ་སོགས་པ་ཡིན་པས་དེ་མེད་ན་དེའང་མེད་དོ། །དུས་མེད་པས་སྔར་བསྟན་པའི་དུས་ཀྱི་ཚད་ཀྱང་མེད་དེ་མགལ་མེའི་འཁོར་ལོ་བཞིན་ནོ། །བཅུ་དགུ་པ་དུས་བརྟག་པ་བཤད་ཟིན་ཏོ།།  །།

རྒྱུ་འབྲས་བརྟག་པ།

མདོ་ལས་རྒྱུ་འབྲས་རང་བཞིན་མེད་པར་གསུངས་པའི་འཐད་པ་བསྟན་པའི་ཕྱིར་དང་དེ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་རྒྱུ་འབྲས་བརྟག་པ་སྟོན་པ་ན་མྱུ་གུ་ནི་ས་བོན་དང་འབྱུང་བ་བཞི་དང་ནམ་མཁའ་དང་དུས་དང་བདུན་ཚོགས་པ་ལས་སྐྱེ་ལ་ནང་གི་འབྲས་བུའང་ཚོགས་ཤིང་དུས་ལ་བབ་པ་ན། འབྲས་བུ་ཉིད་དུ་སྨིན་པར་འགྱུར། ཞེས་བཤད་དོ། །དེ་འགོག་པ་ནི་གལ་ཏེ་ཞེས་པ་སྟེ་སློབ་དཔོན་ལེགས་ལྡན་དེ་ལ་དེ་ཡོད་པར་རྗེས་སུ་དཔོགས་པས་སྐྱེ་བ་བཀག་པའི་སྐྱོན་ཅན་ཡིན་ཏེ་ཡོད་པ་མི་སྐྱེ་བའི་ཕྱིར་རོ། །ཞེས་འཆད་དོ། །འདི་ལྟར་ཚོགས་པ་ལས་འབྲས་བུ་མི་སྐྱེ་བར་འགྱུར་ཏེ་ཡོད་པའི་ཕྱིར་གྲུབ་ཟིན་པའི་བུམ་པ་བཞིན་ནོ། །ཞེས་བརྗོད་དོ། །མེད་པ་སྐྱེ་བ་འགོག་པ་ནི་གལ་ཏེ་ཞེས་པ་སྟེ་ཡང་དེ་ལས་དེ་མི་སྐྱེ་བར་འགྱུར་ཏེ་མེད་པའི་ཕྱིར་བྱི་མ་ལ་ཏིལ་མར་བཞིན་ནོ། །དེ་ལ་དེ་མེད་པར་རྗེས་སུ་དཔོག་པས་སྐྱེ་བ་བཀག་པའི་སྐྱོན་ཡང་ཡོད་དོ། །ཡོད་པ་མ་དམིགས་པས་འགོག་པ་ནི་གལ་ཏེ་ཞེས་པ་སྟེ་ཚད་མ་གསུམ་གྱིས་མ་དམིགས་པའི་ཕྱིར་མེད་དོ། །གྲངས་ཅན་པས་ཡོད་ཀྱང་མངོན་སུམ་གྱིས་མི་རྟོགས་པའི་རྒྱུ། ཧ་ཅང་ཉེ་ཕྱིར་རིང་ཕྱིར་དང་། ཆ་ཕྲའི་ཕྱིར་དང་སྒྲིབ་ཕྱིར་དང་། །ཟིལ་གནོན་ཕྱིར་དང་འདྲེས་ཕྱིར་དང་། །དབང་པོ་ཉམས་དང་ཡིད་མེད་ཕྱིར། །ཞེས་སྨྲ་བ་དང་། མཐུ་དང་ལྡན་པས་བྱིན་གྱིས་བརླབས་པས་ཡོད་ཀྱང་མི་སྣང་བ་ནི་མ་ཡིན་ཏེ་དེ་འདྲ་བའི་རིགས་གང་ཡང་འདི་ལ་མ་མཐོང་བའི་ཕྱིར་རོ། །ཡང་གྲངས་ཅན་དེ་ལ་དེ་ཡོད་དེ་དེ་ལས་དེ་འབྱུང་བའི་ཕྱིར་ཁང་པ་ན་རྟ་བཞིན་ནོ་ཞེས་སྨྲ་བ་དེའང་མ་ཡིན་ཏེ་འབྱུང་བ་ནི་ཡོད་མེད་གཉིས་ཀ་ལ་འཇུག་པས་མ་ངེས་པ་ཡིན་པའི་ཕྱིར་རོ། །མེད་པ་སྐྱེ་བ་ལ་སྐྱོན་གཞན་ཡང་རྒྱུ་རྐྱེན་ཆོས་ཅན་རྒྱུ་རྐྱེན་མ་ཡིན་པ་དང་དེར་མཚུངས་པར་འགྱུར་ཏེ་འབྲས་བུ་མེད་པའི་ཕྱིར་རི་བོང་གི་རྭ་བཞིན་ནོ། །ཡང་རྒྱུ་འབྲས་བུ་ལ་རྒྱུ་སྟེ་ནུས་པ་གཅིག་བྱིན་ནས་འགགས་ན་རྒྱུ་དང་འབྲས་བུའང་གཉིས་སུ་འགྱུར་ལ་རྒྱུ་གཞན་གཅིག་མ་བྱིན་པ་ལ་འགག་པ་ན་འགགས་ནས་སྐྱེས་པའི་འབྲས་བུ་རྒྱུ་མེད་དུ་འགྱུར་རོ། །གལ་ཏེ་སྒྲོན་མེ་དང་འོད་བཞིན་དུ་སྐྱེའོ་ཞེ་ན། ལྷན་ཅིག་ནི་དུས་གཅིག་པའོ། །སྐྱེད་པ་རྒྱུ་དང་གང་བསྐྱེད་པ་འབྲས་བུའོ། །དུས་གཅིག་པ་ལ་ནི་དེ་གཉིས་ཀྱི་ངེས་བྱེད་མེད་དེ་རྭ་གཡས་གཡོན་བཞིན་ནོ། །གལ་ཏེ་རྒྱུ་ཚོགས་པའི་སྔ་རོལ་དུ་འབྲས་བུ་སྐྱེད་པར་གྱུར་པ་དེ་ཚོགས་པ་སྐྱེས་པས་མར་མེ་གཟུགས་བཞིན་གསལ་བར་བྱེད་དོ་ཞེ་ན། འབྲས་བུ་རྒྱུ་མེད་དུ་འགྱུར་ཏེ་རྒྱུ་རྐྱེན་མེད་པའི་སྔར་ནས་གྲུབ་པའི་ཕྱིར་རོ། །རྒྱུའི་གནས་སྐབས་སྔ་མ་འགགས་ནས་རྒྱུའི་རང་བཞིན་མ་བོར་བ་དེ་འབྲས་བུ་འདོད་ན་རྒྱུ་འབྲས་བུར་འཕོ་བར་འགྱུར་ལ། སྔོན་སྐྱེས་པའི་རྒྱུ་སྐྱེ་བར་འགྱུར་ཏེ་རྒྱུ་དེ་ཉིད་ཡང་འབྲས་བུར་འཕོས་པའི་ཕྱིར་གར་མཁན་ཆ་བྱད་གཞན་བཏང་ནས་ཆ་བྱད་གཞན་དུ་འཕོས་པའམ་ལྷས་བྱིན་ཁྱིམ་ནས་ཁྱིམ་དུ་འཕོས་པ་བཞིན་ནོ། །ཡང་རྒྱུ་འགགས་པས་འབྲས་བུ་སྐྱེད་ན་འགག་པ་ནུབ་ནས་མེད་པ་དེ་རྒྱུ་མ་ཡིན་ལ་དེས་འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད་དེ་སྐྱེས་པ་བསྐྱེད་མི་དགོས་པའི་ཕྱིར་རོ། །ཡང་འབྲས་བུ་དང་འབྲེལ་ཏེ་ཚོགས་པའི་རྒྱུ་གནས་པས་ཀྱང་མི་སྐྱེད་དེ་མ་ཚོགས་ན་འབྲེལ་བ་འཇིག་ལ་དུས་མཉམ་དུ་ཚོགས་ན་རྒྱུ་འབྲས་འཇིག་པའི་ཕྱིར་རོ། །ཅི་སྟེ་རྒྱུ་འབྲས་མ་འབྲེལ་ཏེ་མ་ཚོགས་ནའང་འབྲས་བུ་མི་སྐྱེད་དེ་དུས་མཉམ་མམ་མི་མཉམ་ཡང་རུང་མ་ཚོགས་པའི་བསྐྱེད་ན་ཧ་ཅང་ཐལ་བའི་ཕྱིར་རོ། །ཡང་རྒྱུ་མིག་གི་དབང་པོས་གཟུགས་མཐོང་ནས་མིག་ཤེས་སྐྱེད་པར་མི་བྱེད་དེ་མཐོང་ན་ཤེས་པ་དོན་མེད་པའི་ཕྱིར་རོ། །དེས་མ་མཐོང་ནའང་མི་སྐྱེད་དེ་མཐོང་བའི་རྐྱེན་མེད་པའི་ཕྱིར་རོ། །འདི་ཚིག་གསལ་ནས་རྒྱུ་འབྲས་སྤྱི་ལ་སྦྱར་བ་ནི་ནོར་བ་ཡིན་ནོ། །ཡང་འབྲས་བུ་འདས་པ་དེ་རྒྱུ་འདས་པ་དང་རྒྱུ་མ་སྐྱེས་པ་དང་རྒྱུ་སྐྱེད་པ་ད་ལྟ་བར་དང་ལྷན་ཅིག་ཏེ་དུས་མཉམ་དུ་ཕྲད་པ་མི་སྲིད་དེ་འདས་པ་དངོས་མེད་ཡིན་པའི་ཕྱིར་རོ། །འབྲས་བུ་མ་སྐྱེས་པ་རྒྱུ་འདི་ལྟར་གསུམ་དང་ཕྲད་པ་མི་སྲིད་དེ་མ་སྐྱེས་པ་དངོས་མེད་ཡིན་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་རྒྱུ་སྐྱེས་པ་དང་ཕྲད་པ་མེད་དེ་དུས་གཅིག་པ་ལ་རྒྱུ་འབྲས་བཀག་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་རྒྱུ་མ་སྐྱེས་པ་དང་རྒྱུ་འདས་པ་དང་ཕྲད་པ་མེད་དེ་འདས་མ་འོངས་དངོས་མེད་ཡིན་པའི་ཕྱིར་རོ། །ཕན་ཚུན་དངོས་པོ་དངོས་མེད་ལ་ནི་དེ་གཉིས་ལ་ཕྲད་པ་མི་སྲུང་བ་རྒྱུ་མཚན་དུ་སྦྱར་ལ་དུས་མི་མཉམ་པ་ལ་ནི་དུས་ཐ་དད་པ་སྦྱར་རོ། །དོན་སྡུད་སྦྱོར་བར་བྱེད་པ་ནི་ཕྲད་པ་ཅེས་པ་སྟེ་རྒྱུ་ཆོས་ཅན། འབྲས་བུ་མི་བསྐྱེད་དེ། མ་ཕྲད་པའི་ཕྱིར་ཞེས་སྦྱར་རོ། །ཕྲད་པ་ཡོད་པ་ནི་གྲུབ་ན་སྐྱེ་མི་དགོས་པས་བཤད་ཟིན་ཏོ། །ཡང་འབྲས་བུ་སྟོང་པའི་རྒྱུས་འབྲས་བུ་མི་སྐྱེད་དེ་རྒྱུ་མ་ཡིན་གྱིས་ཀྱང་སྐྱེད་པར་འགྱུར་བའི་ཕྱིར་རོ། །འབྲས་བུ་མི་སྟོང་བའི་རྒྱུས་ཀྱང་འབྲས་བུ་མི་སྐྱེད་དེ་འབྲས་བུ་དེ་ཉིད་ཀྱིས་ཀྱང་དེ་ཉིད་བསྐྱེད་པར་འགྱུར་བའི་ཕྱིར་རོ། །འབྲས་ཕྱོགས་ནས་དཔྱད་པ་ནི་འབྲས་བུ་མི་སྟོང་སྟེ་རང་བཞིན་གྱིས་གྲུབ་ན་སྐྱེ་མི་འགྱུར་དང་མི་སྟོང་འགགས་པར་མི་འགྱུར་ཏེ་རང་བཞིན་དུ་གྲུབ་པ་ལ་སྐྱེ་འགག་མེད་པས་ཞེས་སྟོན་པ་ནི་མི་སྟོང་དེ་ནི་ཞེས་པའོ། །ཡང་འབྲས་བུ་དོན་དམ་པར་སྟོང་པ་བྱ་བ་དང་སྟོང་པ་དེ་ཡང་ནི་ཐལ་འགྱུར་རོ། །རང་འགྲེལ་ལས་འབྲས་བུ་སྐྱེ་བའི་སྔ་རོལ་དུ་འབྲས་བུ་མི་སྟོང་པ་དང་སྟོང་པ་ཞེས་འཆད་དོ། །དེ་ལྟར་གྲངས་ཅན་དང་རྒྱང་འཕེན་པ་རིམ་པ་བཞིན་འདོད་པ་ཡིན་ནོ། །ཡང་རྒྱུ་དང་ཞེས་པས་མདོར་བསྟན་ནས་སོ་སོར་བཤད་པ་ནི་རྒྱུ་དང་ཞེས་པ་སྟེ་རྒྱུ་དང་རྒྱུ་མིན་མཚུངས་པ་གཉིས་ཀ་རྒྱུ་ཡིན་པར་མཚུངས་པའམ་མ་ཡིན་པར་མཚུངས་པར་འགྱུར་བ་སྟེ་ལྟག་ཆད་དུ་གསལ་ལོ། །གཞན་དུ་མཚུངས་པ་ལ་དེ་གཉིས་སུ་མཚུངས་པས་ཁྱབ་པ་བདེན་པ་གཉིས་ཀ་ལ་ལྟོས་ནས་ཁས་བླངས་པའམ་ཚད་མས་གྲུབ་པ་མེད་དོ། །ཡང་རྒྱུ་དུས་ན་འབྲས་བུའི་ངོ་བོ་ཉིད་ཡོད་པ་དང་མེད་ན་ཞེས་བྱ་བས་ནི་ཡོད་སྐྱེ་དང་མེད་སྐྱེ་འགོག་གོ །འབྲས་བུ་སྐྱེ་བ་ཞེས་བྱ་བས་དེ་གཉིས་ཕན་ཚུན་ལྟོས་ནས་འཇོག་པས་གཅིག་མེད་ན་གཅིག་ཀྱང་མེད་པར་སྟོན་སྟེ་ལྟོས་ས་མེད་པའི་ལྟོས་ཆོས་མེད་པའི་ཕྱིར་རི་བོང་གི་རྭ་གཡས་གཡོན་བཞིན་ནོ། །ཚོགས་པས་རང་གིས་རང་མི་སྐྱེད་པ་ནི་དེ་རྫས་སུ་མེད་པའི་ཕྱིར་དང་རང་ལ་བྱ་བྱེད་འགལ་བའི་ཕྱིར་དང་གྲུབ་པ་སྐྱེ་མི་དགོས་པའི་ཕྱིར་རོ། །ཚོགས་པ་དེ་རང་གཞན་གཉིས་ལས་མ་གྲུབ་ན་འབྲས་བུ་ཇི་ལྟར་བསྐྱེད། མི་བསྐྱེད་པ་དེ་ཕྱིར་ཚོགས་པ་དང་ཚོགས་མིན་ཡ་གྱལ་ལམ་རྒྱུ་མེད་ཀྱིས་བྱས་པ་མེད་དོ། །གྲངས་ཅན་ན་རེ་ཚོགས་པ་ནི་རྫས་སུ་ཡོད་དེ་རང་གི་ཡ་གྱལ་ལས་གཞན་མ་ཡིན་པའི་ཕྱིར་ཆ་ཤས་ཉིད་བཞིན་ནོ་ཞེ་ན། དེ་ལ་འབྲས་བུ་ཞེས་གསུངས་ཏེ་འབྲས་བུ་མེད་པའི་རྐྱེན་གྱི་ཚོགས་པ་མེད་དེ་རི་བོང་གི་རྭའི་རྐྱེན་གྱི་ཚོགས་པ་བཞིན་དང་ཡ་གྱལ་རྫས་ཡོད་ཀྱི་དཔེར་མ་གྲུབ་པའི་ཕྱིར་དང་ཁྱད་པར་མེད་པའི་ཁྱད་པར་ཅན་ཚོགས་པ་དང་ཡ་གྱལ་གཉིས་ག་མེད་པའི་ཕྱིར་དང་། རྟགས་སུ་བཀོད་པ་དེ་མ་གྲུབ་པའི་ཕྱིར་རོ། །ཞེས་དགོངས་པ་ཡིན་ནོ། །དེའི་ཕྱིར་རྟེན་འབྲེལ་གྱི་སྐྱེ་བ་ནི་དཔྱད་ན་སྐྱེ་མེད་དང་སྟོང་པ་ཉིད་དང་མི་རྟག་པར་ཡང་གནས་པ་ཡིན་ཏེ། མ་གྲོས་པས་ཞུས་པ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་གིས་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་བྱ་བ་དང་། བཞི་བརྒྱ་པ་ལས། གང་ཞིག་གང་ན་ནམ་གྱི་ཚེའང་། །མ་བརྟེན་པར་ནི་ཡོད་ཉིད་མེད། །དེས་ན་ནམ་ཡང་གང་ཞིག་ཏུ། །རྟག་པ་འགའ་ཡང་ཡོད་མ་ཡིན། །ཞེས་བཤད་དོ། །ཉི་ཤུ་པ་རྒྱུ་འབྲས་བརྟག་པ་བཤད་ཟིན་ཏོ།།  །།

 

འབྱུང་འཇིག་བརྟག་པ།

འབྱུང་འཇིག་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་དང་འབྱུང་འཇིག་ལ་ཞེན་པ་དགག་པའི་ཕྱིར་དེ་བརྟག་པ་སྟོན་པ་ན་དང་པོ་དམ་བཅའ་མདོར་བསྟན་པ་ནི་འཇིག་པ་འབྱུང་བ་ཞེས་པ་སྟེ། འཇིག་པ་ནི་འགགས་པའོ། །འབྱུང་བ་ནི་སྐྱེ་བའོ། །ཉིད་ནི་རྩ་བ་ཁ་བསྐ་བའོ། །དེ་དག་རིམ་པ་བཞིན་འགོག་པ་ནི་འཇིག་པ་ཞེས་པ་སྟེ་དེ་དཔེས་གསལ་བར་བྱེད་པ་ནི་འཆི་བ་ཞེས་པ་སྟེ་དེ་གཉིས་ཀ་རྒྱུ་མེད་པར་ཡོད་པར་འགྱུར་བའི་ཕྱིར་རོ། །དེ་གཉིས་དུས་གཅིག་ཏུ་འབྱུང་བ་འགོག་པ་ནི་འཇིག་པ་འབྱུང་དང་ཞེས་པ་སྟེ་དཔེ་སྟོན་པ་ནི་འཆི་བ་སྐྱེ་དང་ཅེས་པ་སྟེ་མི་མཐུན་པ་གཉིས་དུས་གཅིག་ཏུ་འབྱུང་བར་འགྱུར་བའི་ཕྱིར་རོ། །འབྱུང་བ་འཇིག་པ་མེད་པར་ཡོད་པ་འགོག་པ་ནི་འབྱུང་བ་ལ་འཇིག་པ་མེད་ན་དངོས་པོ་རྟག་པར་འགྱུར་ན་དངོས་པོ་རྣམས་ལ་ཞེས་པས་བསལ་བ་སྟོན་ཏེ་སྣོད་ཀྱི་འཇིག་རྟེན་ཡང་དབྱར་དགུན་འགྱུར་བའི་ཕྱིར་རོ། །དེ་གཉིས་དུས་གཅིག་པ་འགོག་པ་རྒྱས་པར་འཆད་པ་ནི་འབྱུང་བ་འཇིག་དང་ཞེས་པ་སྟེ་བཤད་ཟིན་ཏོ། །གང་དག་ཅེས་པས་ནི་དོན་སྡུད་དེ་དེ་གཉིས་རིམ་ཅན་དང་དུས་གཅིག་ཏུ་མ་གྲུབ་ན་རྣམ་པ་གཞན་གྱིས་གནས་པ་མེད་པའི་ཕྱིར་རོ། །གལ་ཏེ་འབྱུང་བ་དང་འཇིག་པའི་བར་ན་གནས་པ་ཡོད་པས་དེ་གཉིས་ཕན་ཚུན་རྟེན་པར་མི་འགྱུར་རོ་ཞེ་ན། ཉིན་མཚན་ཆུའི་རྒྱུན་འབབ་པ་བཞིན་འགྱུར་ནས་ཟད་པ་ལ་འབྱུང་བ་མེད་དེ་ཟད་པ་དེ་ཡང་མི་འབྱུང་བའི་ཕྱིར་རོ། །འདུས་མ་བྱས་ནམ་མཁའ་བཞིན་རྟག་ཅིང་མི་འགྱུར་བའི་མ་ཟད་པ་ལའང་འབྱུང་བ་མེད་དེ་དེ་མི་འཕོ་བར་གནས་པའི་ཕྱིར་རོ། །ཟད་པ་ལ་འཇིག་པ་མེད་དེ་འཇིག་རྒྱུ་མེད་པ་དང་ཟད་ཟིན་པའི་ཕྱིར་རོ། །མ་ཟད་པའི་རྟག་པ་ནི་མི་འགྱུར་བས་འཇིག་པ་མེད་དོ། །དེའི་ཕྱིར་རྟག་མི་རྟག་གཉིས་ཀར་གནས་པ་ལ་འབྱུང་འཇིག་མེད་པས་གནས་པ་ལ་དེ་གཉིས་ཀ་མི་རུང་ངོ་། །འདི་ལ་འགྲེལ་པས་གཞན་དུ་བཤད་པ་དེ་ནི་ནོར་བ་ཡིན་ནོ། །འབྱུང་འཇིག་ནི་དངོས་པོའི་ཆོས་ཡིན་པས་ཆོས་མེད་པའི་ཆོས་ཅན་མེད་དོ་ཞེས་སྟོན་པ་ནི་འབྱུང་དང་ཞེས་པའོ། །ཆོས་ཅན་མེད་ནའང་ཆོས་མེད་དོ་ཞེས་སྟོན་པ་ནི་དངོས་པོ་ཞེས་པ་སྟེ་དེ་གཉིས་མེད་པ་ནི་རྟག་པའམ་དངོས་མེད་ཡིན་ནོ། །ཡང་སྟོང་པ་ལ་དེ་གཉིས་མི་འཐད་པ་ནི་ནམ་མཁའ་ལ་རི་མོ་མི་འཐད་པ་བཞིན་ནོ། །མི་སྟོང་པ་དངོས་པོ་ལ་མི་འཐད་དེ་དེ་མེད་པའི་ཕྱིར་རོ། །དེ་གཉིས་གཅིག་པ་མི་འཐད་པ་ནི་འགལ་བའི་ཕྱིར་རོ། །གཞན་དུ་མི་འཐད་པ་ནི་གཞན་ཉིད་མེད་པའི་ཕྱིར་རོ། །དེ་གཉིས་མཐོང་བས་ཡོད་པར་རྟོག་ན་དེ་གཉིས་གཏི་མུག་ཉིད་དེ་ཁོ་ནས་མཐོང་བ་ནི་བརྒྱད་སྟོང་དོན་བསྡུས་ལས། གང་ཕྱིར་མ་རིག་པས་སྤྲུལ་པ། །དེ་ནི་མེད་པ་ཁོ་ན་སྣང་། །མེད་པར་སྟོན་པར་ནུས་པས་ན། །དེ་ནི་མ་རིག་ཅེས་བརྗོད་དོ། །ཞེས་བཤད་པ་བཞིན་ནོ། །དེ་གཉིས་ཀས་ཡུམ་ལས། ཆོས་འདི་དག་ནི་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་དག་གིས་ཇི་ལྟར་བརྟགས་པ་དེ་བཞིན་དུ་མེད་དོ། །འོ་ན་ཇི་ལྟར་ཡོད་ཅེས་ན། ཇི་ལྟར་མེད་པ་དེ་བཞིན་དུ་ཡོད་དེ་དེའི་ཕྱིར་མ་རིག་པ་ཞེས་བྱའོ་ཞེས་གསུངས་པའི་དོན་སྟོན་པ་ཡིན་ནོ། །འདིར་སྐྱེ་འཇིག་ཏུ་སྣང་བ་ཐམས་ཅད་མ་རིག་པར་ནི་བརྟག་པར་མི་ནུས་ཏེ། སངས་རྒྱས་ཀྱི་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལ་སྣང་བ་བཞིན་ནོ། །དེས་ན་དེ་དག་དོན་དམ་པར་མེད་པར་སྟོན་པ་ནི་དངོས་པོ་ཞེས་པ་སྟེ་དངོས་པོ་ཡོད་མེད་ལས་སྐྱེ་བ་བཀག་ཟིན་པའི་ཕྱིར་དང་། དངོས་མེད་ལ་བསྐྱེད་བྱ་སྐྱེད་བྱེད་ཡོད་ན་དངོས་མེད་མ་ཡིན་པར་འགྱུར་བའི་ཕྱིར་དང་། དངོས་མེད་ཀྱིས་སྐྱེ་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ནོར་གྱིས་འཕོངས་པ་རྒྱུན་ཆད་དུ་འགྱུར་ཏེ་ཐམས་ཅད་ནམ་མཁའ་ལས་སྐྱེ་བའི་ཕྱིར་རོ། །ཡང་བདག་དང་གཞན་དང་བདག་གཞན་གཉིས་ཀ་ལས་མི་སྐྱེ་བ་ནི། བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པར་ག་ལ་འགྱུར། །ཞེས་བྱ་བ་དེར་བསྟན་ཟིན་ཏོ། །དངོས་པོ་ཡོད་པར་ཞེས་བྱ་བ་ལ་དེ་རྟག་པར་ལྟ་ན་རྟག་ལྟ་དང་མི་རྟག་པར་ལྟ་ན་ཆད་ལྟར་འགྱུར་བར་བརྗོད་པ་ལ། ཁ་ཅིག་དངོས་པོ་ཁས་བླངས་ཀྱང་དེར་མི་འགྱུར་ཏེ་འབྲས་བུ་འབྱུང་བ་དང་རྒྱུ་འཇིག་པའི་རྒྱུན་དེ་སྲིད་པ་ཡིན་ཕྱིར་ཏེ་རྒྱུན་ཡོད་པས་ཆད་པར་མི་འགྱུར་ལ་སྐྱེ་འཇིག་བྱེད་པས་རྟག་པར་མི་འགྱུར་བའི་ཕྱིར་རོ། །ཞེས་ཟེར་རོ། །དེ་འགོག་པ་ནི་འཇིག་པ་ཡང་བསྐྱར་ནས་སྐྱེ་བ་མེད་པའི་ཕྱིར་རྒྱུན་ཆད་པར་འགྱུར་ཏེ་ས་བོན་ཚིག་པ་བཞིན་ནོ། །དེ་གཉིས་ཀ་ལ་དངོས་པོའི་ངོ་བོ་ཉིད་ཡོད་ན་དངོས་མེད་དུ་འགྱུར་བ་མི་རིགས་པ་ནི་འགྱུར་ན་ངོ་བོ་ཉིད་མེད་པའི་ཕྱིར་རོ། །དེས་ན་རང་བཞིན་ཡིན་ན་སྐྱེ་འཇིག་མེད་པས་འཁོར་བ་རྟག་པར་ལྟ་བར་འགྱུར་རོ། །ཡང་འཁོར་བ་དེ་མྱང་འདས་དགྲ་བཅོམ་གྱི་དུས་ན་ཆད་པར་འགྱུར་ཏེ་དེའི་ཚེ་སྲིད་རྒྱུན་ཞི་སྟེ་ཆད་པའི་ཕྱིར་རོ། །དེས་ན་སྲིད་རྒྱུན་ཡོད་ན་ལྟག་ཆད་གཉིས་ཀར་ལྟ་བར་འགྱུར་རོ། །སྲིད་པའི་རྒྱུན་ཡང་མི་འཐད་དེ་འཆི་སེམས་ཐ་མ་འགགས་པ་ནི་སྐྱེ་སྲིད་དང་པོར་སྦྱོར་མི་འགྱུར་ཏེ་འགགས་ནས་མེད་པའི་ཕྱིར་རོ། །འཆི་སེམས་ཐ་མ་མ་འགགས་པའང་སྐྱེ་སྲིད་དང་པོར་སྦྱོར་མི་འགྱུར། ཐ་མ་རྟག་པ་དང་ས་བོན་མ་ཞིག་པར་འབྲས་བུ་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཐ་མ་འགགས་བཞིན་པ་སྲིད་པ་དང་པོར་སྐྱེ་ན་སྲིད་པ་གཉིས་སུ་འགྱུར་ཏེ་འགགས་བཞིན་པ་དང་སྐྱེ་བཞིན་པ་གཉིས་བྱུང་བའི་ཕྱིར་ཏེ་གཞན་ནི་གཉིས་པའོ། །གལ་ཏེ་འགགས་བཞིན་པ་དང་སྐྱེ་བཞིན་པ་དུས་གཅིག་ཏུ་མེད་ཀྱང་ཐ་མ་འགགས་པ་ན་སྲིད་པ་དང་པོ་སྐྱེ་བ་ཡོད་དོ་ཞེ་ན། གལ་ཏེ་དེ་གཉིས་ལྷན་ཅིག་ཏུ་མེད་ན་འཆི་སྲིད་ཀྱི་ཕུང་པོ་གང་ལ་འཆི་འགྱུར་བ་དེར་སྐྱེ་བའང་འབྱུང་བར་འགྱུར་ན་འགལ་བ་གཉིས་ཕུང་པོ་གཅིག་ལ་མེད་དོ། །དེ་ལྟར་བརྟགས་ན་དུས་གསུམ་བྱ་བ་དང་ཇི་ལྟར་སྲིད་པའི་རྒྱུན་དུ་འགྱུར་ཏེ་ས་བོན་ཚིག་པ་བཞིན་ནོ། །ཉི་ཤུ་གཅིག་པ་འབྱུང་འཇིག་བརྟག་པ་བཤད་ཟིན་ཏོ།།  །།

དེ་བཞིན་གཤེགས་པ་བརྟག་པ།

མདོ་ལས་སངས་རྒྱས་རང་བཞིན་མེད་པར་གསུངས་པའི་འཐད་པ་བསྟན་པ་དང་བཅོམ་ལྡན་འདས་བྱམས་པས། རྒྱས་ལ་སོགས་པ་ཆགས་པ་ཕྲ། །ཞེས་བཤད་པའི་ཞེན་པ་ཕྲ་མོ་དེ་དགག་པའི་ཕྱིར་དེ་རྟག་པ་སྟོན་པ་ན་སྐུ་ནི་འདིར་གཟུགས་ལ་སོགས་པ་ཟག་མེད་ཀྱི་ཕུང་པོ་ལྔ་སྟེ་སངས་རྒྱས་དེ་མིན་པ་ནི་དེ་ཕུང་པོ་འགོག་པའི་རིམ་པས་བཀག་ཟིན་པའི་ཕྱིར་དང་། ཐ་དད་དོན་མིན་དོན་གཅིག་མིན་པའི་ཕྱིར། སྐྱེ་འཇིག་ཅན་དུ་འགྱུར་བ་ལས་དེ་གཉིས་སངས་རྒྱས་ལ་མེད་པར་བཤད་པའི་ཕྱིར་རོ། །སྐུ་ལས་གཞན་ཡང་མ་ཡིན་ཏེ་གཞན་དུ་མ་དམིགས་པའི་ཕྱིར་དང་ཕུང་པོ་ལས་གཞན་ནི་འདུས་མ་བྱས་ཡིན་པས་རྟག་པ་དང་མ་བྱས་པ་དང་དོན་བྱེད་མི་ནུས་པར་ཐལ་བའི་ཕྱིར་རོ། །དེས་ན་སངས་རྒྱས་དེ་ལ་སྐུ་སྟེ་ཕུང་པོ་མེད་ལ་ཕུང་པོ་དེར་སྟེ་དེ་ལའང་སངས་རྒྱས་དེ་བརྟེན་པར་མེད་དེ་འདིས་ནི་དེ་གཉིས་རྟེན་དང་བརྟེན་པ་བཀག་གོ །སྐུ་ལྡན་མིན་ནི་སངས་རྒྱས་ལ་སྐུ་ཐ་དད་དང་ཐ་མི་དད་དུ་ལྡན་པ་བཀག་ཏེ་ཕུང་པོ་རྣམས་ནི་ངོ་བོ་ཉིད་མེད་པར་རྒྱས་པར་བསྟན་ཟིན་པའི་ཕྱིར་རོ། །སངས་རྒྱས་རི་བོང་གི་རྭ་ཡིན་མིན་དང་ཡོད་མེད་དུ་དཔྱོད་པ་བཞིན་ནོ། །དེ་ལྟར་ལྔས་བཙལ་ན་དེ་གང་ཞིག་ཡིན། གལ་ཏེ་སངས་རྒྱས་རང་དབང་དུ་མ་གྲུབ་ཀྱང་ཕུང་པོ་ལ་བརྟེན་ནས་གཟུགས་ལ་གཟུགས་བརྙན་ལྟར་འདོགས་སོ་ཞེ་ན། འོ་ན་དེ་ངོ་བོ་ཉིད་དུ་གྲུབ་པ་མེད་ལ་ངོ་བོ་ཉིད་དུ་མེད་པ་དེ་གཞན་དངོས་ལ་བརྟགས་ཀྱང་མེད་དེ་རྨི་ལམ་གྱི་ཁང་པ་ན་རི་དང་བྲག་ལ་བྲག་ཆ་བཞིན་ནོ། །དེས་ན་ཕུང་པོ་ལ་སོགས་པ་གཞན་གྱི་དངོས་པོ་ལ་བརྟེན་ནས་དེ་མི་འཐད་དེ་བདག་ཉིད་དེ་རང་གི་ངོ་བོར་མ་གྲུབ་པའི་ཕྱིར་གཟུགས་ལ་བརྟེན་པའི་གཟུགས་བརྙན་ལ་སོགས་པ་བཞིན་ནོ། །དེའི་ཕྱིར་མ་ལྟོས་པ་དང་ལྟོས་པའི་བདག་ཉིད་མེད་པ་དེ་ཇི་ལྟར་ཏེ་རྒྱུ་མཚན་གང་གིས་ཞེས་སྦྱར་རོ། །གལ་ཏེ་ཞེས་བྱ་བ་ནི་རང་གཞན་དུ་བརྟག་པ་སྟེ་བཤད་ཟིན་ཏོ། །གནས་མ་བུ་པ་སངས་རྒྱས་ཕུང་པོ་ལ་བརྟེན་ནས་འདོགས་ཀྱང་ཕུང་པོ་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པར་འདོད་པ་འགོག་པ་ནི་གལ་ཏེ་ཞེས་གསུངས་ཏེ་སངས་རྒྱས་ཕུང་པོ་ལ་མ་བརྟེན་པར་དེའི་སྔར་ཡོད་ན་དེ་ད་གདོད་ཕུང་པོ་ལ་བརྟེན་པར་འགྱུར་ཞིང་བརྟེན་ནས་ཕུང་པོ་དེ་ལས་སངས་རྒྱས་སུ་འགྱུར་ལ་རག་སྟེ་འགྱུར་ན་ཕུང་པོ་ལ་མ་བརྟེན་པའི་སངས་རྒྱས་ཕུང་པོའི་སྔར་འགའ་སྟེ་གཅིག་ཀྱང་མེད་ན་ཕུང་པོ་ལ་མ་བརྟེན་པར་ཕུང་པོའི་སྔར་ཡོད་མིན་པའི་སངས་རྒྱས་དེས་ཇི་ལྟར་ཕུང་པོ་ཉེ་བར་ལེན་པར་འགྱུར་ཏེ་ཕུང་པོ་དང་སངས་རྒྱས་ཐོག་མཐའ་མེད་པར་མཉམ་པའི་ཕྱིར་ཏེ་སངས་རྒྱས་ཐོག་མ་ཐ་མ་མེད་ཅེས་བྱ་བ་ལ་སོགས་བཤད་པ་ཡིན་ནོ། །དེ་གཉིས་ལ་སྔ་ཕྱི་ཡོད་ན་ནི་གཞན་དུ་ཐལ་བར་འགྱུར་རོ། །དེའི་ཕྱིར་སྔ་ཕྱི་མེད་པས་སངས་རྒྱས་ཀྱི་ཕུང་པོ་སྔར་མེད་གསར་དུ་ཉེ་བར་བླངས་བ་མ་ཡིན་པ་དེ་ཉེ་བར་ལེན་པར་ཅིར་ཡང་མི་འགྱུར་ཏེ་ཉེ་བར་མ་བླངས་ཀྱང་ཉེར་ལེན་ཡིན་ན་ཧ་ཅང་ཐལ་བ་དུ་མར་འགྱུར་བའི་ཕྱིར་རོ། །ཕུང་པོ་ཉེ་བར་ལེན་པ་མེད་པའི་སངས་རྒྱས་ནི་ཅིའང་མེད་དེ་སྐུ་གསུམ་པོ་ཐམས་ཅད་ཀྱང་ཀུན་རྫོབ་ཏུ་ཟག་མེད་ཀྱི་ཕུང་པོ་ལྔས་མ་བསྡུས་པ་མེད་ལ། དོན་དམ་པར་ནི་ཕུང་པོ་མེད་པའི་ཕྱིར་རོ། །དེས་ན་གནས་མ་བུ་པའི་སྡེ་པ་དང་གོས་དམར་བའི་སྡེ་པ་དག་སངས་རྒྱས་ཕུང་པོ་ལ་འདོགས་པ་ཡིན་པས་ཡོད་དོ། །གང་མེད་པ་དེ་ནི་གདགས་བྱ་མ་ཡིན་ཏེ་སྦྲུལ་གྱི་རྐང་པ་བཞིན་ནོ། །ཞེས་ཟེར་བ་ནི་རིགས་པ་མ་ཡིན་ཏེ་སྔར་བཤད་པའི་རྣམ་པ་ལྔས་ནི་ཞེས་སྦྱར་ཏེ་གང་ཞིག་དང་དེ་ནི་དེ་བཞིན་གཤེགས་པ་དང་འབྲེལ་ལོ། །ཉེ་བར་བླང་བྱ་དང་གཞན་དུ་བརྟགས་ནས་འགོག་པ་ནི་གང་ཞིག་ཅེས་པ་སྟེ་ཡོད་རེ་སྐན་ནི་ལྟོས་ས་བདག་མེད་པའི་ཕྱིར་རོ། །འདིར་རང་འགྲེལ་ལས་དེ་བདག་འགོག་པ་ལ་སྦྱོར་བ། བདག་ཅེས་བྱ་བ་བརྟེན་ནས་ཡིན། །རྣམ་ལྔའི་སྔ་རོལ་ཉེར་ལེན་མེད། །མ་བརྟེན་ཉེ་བར་ལེན་པ་ནི། །འགའ་ཡང་ཇི་ལྟར་ཡོད་མི་འགྱུར། །ཉེ་བར་བླངས་པ་དེ་ཡང་ནི། །ཉེར་ལེན་དེ་ཡི་སྔ་རོལ་ན། །ཉེ་བར་བླངས་པ་ཡོད་མིན་ན། །ཉེར་ལེན་ཇི་ལྟར་ཡོད་པར་འགྱུར། །ཉེར་ལེན་ཉེ་བར་བླངས་དེ་ལ། །བརྟེན་པ་ཡོད་མིན་མ་བརྟེན་མེད། །ཅེས་བྱ་བ་ལ་སོགས་པའི་ཤླཽ་ཀ་དྲུག་ཡོད་དོ། །དོན་སྡུད་པ་ནི་ད་ལྟར་ཞེས་པ་སྟེ་རྣམ་པ་ཀུན་ནི་རང་དངོས་གཞན་དངོས་དང་དེ་ཉིད་གཞན་ཉིད་ལ་སོགས་པའོ། །ཕུང་པོ་ལྔ་སྟོང་པས་ཞེས་པ་ནི་དོན་དམ་པར་སྟོང་པ་ལ་སྟོང་པ་གདགས་སུ་མི་རུང་སྟེ་ནམ་མཁའ་ལ་རི་བོང་གི་རྭ་གདགས་སུ་མི་རུང་བ་བཞིན་ནོ། །འོ་ན་སྟོང་པ་ཁོ་ནར་ངེས་སམ་ཞེ་ན། སྟོང་ངོ་ཞེས་གསུངས་ཏེ་དེ་གཉིས་ཀ་དང་གཉིས་ཀ་མིན་པ་ཞེས་མི་བྱ་སྟེ་དོན་དམ་པར་དེ་བློས་གདགས་པ་སྟེ་རྟོགས་པའི་དོན་དུ་བརྗོད་པར་བྱའོ། །རང་འགྲེལ་ལས་མི་མཐུན་ཕྱོགས་ཙམ་བསལ་བ་དང་རྟོག་པའི་དྲི་མ་བཀྲུ་བ་དང་དོན་དམ་པ་གདགས་པའི་དོན་དུ་བརྗོད་པར་བྱ་ཞེས་བཤད་དོ། །སངས་རྒྱས་ལ་ལུང་མ་བསྟན་བཅུ་བཞི་ཡང་མེད་པར་སྟོན་པ་ནི་རྟག་དང་ཞེས་པ་སྟེ་སོགས་པ་ནི་གཉིས་ཀ་ཡིན་མིན་ནོ། །ཞི་བ་ནི་སྤྲོས་པའོ། །ཡང་སོགས་པ་ནི་གཉིས་ཀ་ཡིན་མིན་ནོ། །དེ་བཞིན་དུ་སངས་རྒྱས་དགྲ་བཅོམ་པ་ཕན་ཆད་ཡོད་མེད་གཉིས་ཀ་ཡིན་མིན་བཞི་དང་ལུས་དང་སྲོག་གཅིག་པ་དང་ཐ་དད་པའང་མེད་དོ་ཞེས་སྟོན་པ་ནི་གང་གིས་ཅེས་པ་སྟེ་འཛིན་སྡུག་ནི་ཞེན་པ་ཆེ་བའོ། །འཐད་མི་འགྱུར་ནི་ཞེན་པའི་ཡུལ་མེད་པའི་ཕྱིར་རོ། །ཉན་ཐོས་སྡེ་པ་ལ་སོགས་པ་གང་དག་ཆོས་དབྱིངས་ཟག་པ་མེད་པ་དེ་ལ་སྤྲོས་བྱེད་པ་ནི་ཕུང་པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ལ་སོགས་པའི་སྤྲོས་པས་བློ་ཉམས་ཏེ་འཁྲུལ་པ་ཞེས་སྦྱར་ཏེ་རྟེན་འབྲེལ་མཐོང་བས་ཆོས་མཐོང་བ་དང་དེས་དེ་བཞིན་གཤེགས་པ་མཐོང་བ་ཞེས་ས་ལུ་ལྗང་པར་གསུངས་པ་ལ་དེས་ཟག་མེད་ཀྱི་རྟེན་འབྲེལ་དེ་མ་མཐོང་བའི་ཕྱིར་རོ། །ཡང་ན་རང་འགྲེལ་ལས་སྐུ་དང་ཡེ་ཤེས་དང་མཛད་པ་ལ་སོགས་པར་ལྟ་བས་སངས་རྒྱས་ཀྱི་ཆོས་ཉིད་མི་མཐོང་བར་བཤད་དོ། །དེའི་ཆོས་ཉིད་གང་ཡིན་ཞེ་ན། དེ་བཞིན་གཤེགས་པ་ཞེས་གསུངས་ཏེ་དངོས་ཉིད་དང་རང་བཞིན་མེད་དང་ངོ་བོ་ཉིད་ནི་རྣམ་གྲངས་སོ། །འདིས་ནི་སངས་རྒྱས་དང་སྣོད་བཅུད་ཀྱི་འགྲོ་བ་རང་བཞིན་མེད་པར་རང་བཞིན་གཅིག་ཏུ་བསྟན་ཏེ་སངས་རྒྱས་ཐམས་ཅད་ཀྱི་ཡུལ་ལ་འཇུག་པ་ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། དེ་བཞིན་གཤེགས་པ་རྟག་ཏུ་སྐྱེ་མེད་ཆོས། །ཆོས་རྣམས་ཐམས་ཅད་བདེ་བར་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །བྱ་བ་དང་། རྡོ་རྗེ་གཅོད་པ་ལས། གཟུགས་སུ་མཐོང་བས་ང་མི་མཐོང་བ་ལ་སོགས་པ་གསུངས་སོ། །ཉི་ཤུ་གཉིས་པ་དེ་བཞིན་གཤེགས་པ་བརྟག་པ་བཤད་ཟིན་ཏོ།།  །།

 

ཕྱིན་ཅི་ལོག་བརྟག་པ།

མདོ་ལས་དུག་གསུམ་ལ་སོགས་པའི་ཕྱིན་ཅི་ལོག་རང་བཞིན་མེད་པར་བསྟན་པའི་འཐད་པ་བཤད་པ་དང་། ཕྱིན་ཅི་ལོག་ལ་ཞེན་པ་དགག་པའི་ཕྱིར་དེ་བརྟག་པ་སྟོན་པ་ན་དུག་གསུམ་ཀུན་རྟོག་ལས་འབྱུང་བ་ནི་སངས་རྒྱས་འོད་སྲུང་གི་མདོ་དྲངས་ནས་བཤད་ཟིན་ཏོ།།  །།དུག་གསུམ་ཡུལ་ལས་འབྱུང་བ་སྟོན་པ་ནི་སྡུག་དང་ཞེས་པ་སྟེ་མི་རྟག་པ་ལ་རྟག་འཛིན་ལ་སོགས་པའི་ཕྱིན་ཅི་ལོག་ནི་དུག་གསུམ་ཀའི་རྒྱུར་རྒྱུད་བླ་མ་ནས་ཀྱང་བཤད་དོ། །རྟེན་འབྲེལ་ལ་རང་བཞིན་མེད་པས་ཁྱབ་པ་སྟོན་པ་ནི་དུས་གསུམ་གང་དག་ཅེས་པ་སྟེ་ཉོན་མོངས་པ་དེ་དག་ངོ་བོ་ཉིད་དུ་མེད་པ་དེ་ཕྱིར་ཡང་དག་སྟེ་དོན་དམ་དུ་མེད་ཅེས་སྦྱར་རོ། །གཞན་ཡང་ཉོན་མོངས་པའི་རྟེན་བདག་གི་ཞེས་བྱ་བས་ནི་མུ་སྟེགས་པ་ལ་རྟེན་མེད་པས་བརྟེན་པ་མེད་པར་སྟོན་ཏེ་ཉོན་མོངས་པ་དེ་དག་སྔར་བཤད་པའི་བདག་གང་གི་ཡིན་པའི་བདག་དེ་ཡང་འགྲུབ་པ་མེད་པའི་བདག་གང་ཡང་མེད་པའི་ཉོན་མོངས་ཅི་ཞིག་ཡོད་དེ་ནམ་མཁའ་ལའང་ཡོད་པར་འགྱུར་བའི་ཕྱིར་རོ། །སངས་རྒྱས་པ་རྣམས་བདག་མེད་ཀྱང་སེམས་ལ་ཉོན་མོངས་པ་ཡོད་པར་འདོད་པས་དེ་འགོག་པ་ནི་སྔར་རང་གི་ལུས་ཕུང་པོ་ལྔ་ལ་བདག་དང་སངས་རྒྱས་རྣམ་པ་ལྔས་ལྟ་ཞིང་བཙལ་བ་བཞིན་དུ་ཉོན་མོངས་རྣམས་ཉོན་མོངས་ཅན་གྱིས་སེམས་ལ་རྣམ་ལྔར་མེད། ཡང་རང་ལུས་ལྟ་བཞིན་ཉོན་མོངས་ཅན་གྱི་སེམས་ཉོན་མོངས་པ་ལ་རྣམ་ལྔར་བཙལ་ན་མེད་དེ་སྔར་བཞིན་དུ་བཤད་པར་བྱའོ། །ཡང་སྡུག་དང་ཞེས་བྱ་བས་ནི་རྒྱུ་ངོ་བོ་ཉིད་དུ་མེད་པས་དེ་ལ་བརྟེན་པའི་ཉོན་མོངས་པ་མེད་པར་སྟོན་ནོ། །གཟུགས་སྒྲ་ལ་སོགས་པ་ནི་གཞི་སྟེ་ཡུལ་ཡིན་ནོ། །གང་གི་ཞེ་ན་དུག་གསུམ་གྱི་ཡུལ་དུ་རྣམ་པར་བརྟག་སྟེ་དེ་ལས་སྡུག་མི་སྡུག་ཏུ་སྒྲོ་འདོགས་པའི་ཕྱིན་ཅི་ལོག་འབྱུང་ཞིང་དེ་ལས་ཉོན་མོངས་པ་འབྱུང་བའི་ཕྱིར་དེ་འགོག་པ་ནི་གཟུགས་སྒྲ་ཞེས་པ་སྟེ་རང་གི་ངོ་བོ་ཉིད་མེད་པ་འབའ་ཞིག་པ་ཡིན་ནོ། །དེ་ཅི་དང་འདྲ་ཞེ་ན་དྲི་ཟའི་གྲོང་ཁྱེར་ཞེས་སྨོས་ཏེ་དཔེ་ལྔ་པོ་དེ་དང་ངོ་བོ་ཉིད་མེད་པར་འདྲ་བ་དེ་དག་ལ་སྡུག་མི་སྡུག་གི་མཚན་མ་ཞེས་སྦྱར་ཏེ་དེ་མེད་པས་དེ་ལྟར་འཛིན་པའི་བློ་མེད་ལ་དེས་ན་ཉོན་མོངས་པ་མེད་དེ་རིན་ཆེན་ཕྲེང་བ་ལས། གང་གི་ས་བོན་བརྫུན་པ་དེའི། །སྐྱེ་བ་བདུན་པ་ག་ལ་ཞིག །ཅེས་བཤད་པ་བཞིན་ནོ། །ཡང་སྡུག་མི་སྡུག་ནི་ཕན་ཚུན་ལྟོས་པ་ཡིན་ཏེ་མཉམ་པོ་མཐོང་བ་ལ་དེ་གཉིས་ཀྱི་བློ་མེད་པའི་ཕྱིར་རོ། །ཕན་ཚུན་ལྟོས་པ་ནི་གཅིག་མེད་ན་གཉིས་ཀ་མེད་པ་དང་། ལྟོས་པ་རྟེན་འབྲེལ་ཡིན་པས་ངོ་བོ་ཉིད་མེད་དོ། །ཞེས་སྟོན་པ་ནི་སྡུག་པ་གང་ལ་བརྟེན་ནས་བྱ་བ་དང་མི་སྡུག་པ་གང་ལ་བརྟེན་ནས་ཞེས་གསུངས་པ་ཡིན་ཏེ་མ་ལྟོས་པར་དེ་གཉིས་འཐད་པ་མ་ཡིན་ལ་ལྟོས་ན་རང་གི་ངོ་བོ་མེད་པ་གྲུབ་པ་ཡིན་ནོ། །རྒྱུ་མེད་པས་འབྲས་བུ་ཡང་མེད་དོ་ཞེས་སྟོན་པ་ནི་སྡུག་པ་ཡོད་པ་མ་ཡིན་ན་ཞེས་བྱ་བ་ཡིན་ནོ། །གལ་ཏེ་ཤེས་བྱ་དང་མི་མཐུན་པ་ནི་ཕྱིན་ཅི་ལོག་ཡིན་ལ་དེ་དང་མཐུན་པ་ནི་ཕྱིན་ཅི་མ་ལོག་པས་དེ་གཉིས་ཡོད་དོ་ཞེ་ན། གལ་ཏེ་མི་རྟག་པ་ལ་རྟག་པ་ཞེས་སྨོས་ཏེ་མེད་དགག་དང་མ་ཡིན་དགག་གི་སྟོང་པ་གཉིས་ཀ་ལ་རྟག་པ་མེད་དེ་རྟེན་འབྲེལ་ནི་ཀུན་རྫོབ་ཏུ་མི་རྟག་པའི་ཕྱིར་དང་། སྤྲོས་བྲལ་ནི་རྟག་མི་རྟག་གང་དུ་ཡང་མ་གྲུབ་པའི་ཕྱིར་རོ། །དེས་ན་སྟོང་པ་ལ་རྟག་པར་འཛིན་པ་ཇི་ལྟར་ལོག་མ་ཡིན་དེ་ནི་ཕྱིན་ཅི་ལོག་ཡིན་ཏེ་དེ་དང་མི་མཐུན་པར་འཛིན་པའི་ཕྱིར་རོ། །ཡང་མི་རྟག་པ་ལ་མི་རྟག་ཅེས་འཛིན་པ་ལོག་པ་མིན་ན་སྟོང་པ་ཉིད་གཉིས་ཀ་ལ་མི་རྟག་པ་རང་གི་ངོ་བོར་ཡོད་མིན་པས་དེ་ལ་མི་རྟག་པ་རང་བཞིན་དུ་འཛིན་པ་ཇི་ལྟར་ལོག་པ་མ་ཡིན་ཏེ་ཕྱིན་ཅི་ལོག་ཡིན་ཏེ་མི་མཐུན་པར་འཛིན་པའི་ཕྱིར་རོ། །དེ་བཞིན་དུ་བདེ་དང་སྡུག་བསྔལ་དང་བདག་བཅས་བདག་མེད་དང་གཙང་མི་གཙང་ལ་སོགས་པ་ལའང་སྦྱར་བར་བྱའོ། །འཛིན་པ་ཙམ་དགག་པ་ནི་རྒྱུ་མཚན་གང་གིས་འཛིན་པ་དང་འཛིན་པའི་ངོ་བོ་ཉིད་གང་དང་འཛིན་པ་པོའི་གང་ཟག་དང་གང་གཟུང་བའི་ཡུལ་ཐམས་ཅད་ཀྱི་རང་བཞིན་ཉེ་བར་ཞི་བ་དེ་ཕྱིར་ཞེས་སྦྱར་ཏེ་ཇི་ལྟར་ཞི་ཚུལ་ནི་དེ་བཞིན་གཤེགས་པ་བརྟག་པར་བཤད་ཟིན་ཏོ། །གལ་ཏེ་ཕྱིན་ཅི་ལོག་དང་ལྡན་པ་ཡོད་པས་དེ་ཡོད་དོ་ཞེ་ན། ལོག་པའི་ཞེས་གསུངས་ཏེ་ཡང་དག་ནི་ཕྱིན་ཅི་མ་ལོག་པའོ། །གང་ཟག་གང་ལ་བྱ་བ་དང་ཡོད་དེ་དེ་གཉིས་ཀ་མེད་པའི་ཕྱིར་དེ་དང་ལྡན་པ་མེད་དོ། །གཞན་ཡང་ཕྱིན་ཅི་ལོག་ཏུ་གྱུར་པ་ལ་དེ་མི་སྲིད་པ་ནི་གྱུར་ཟིན་པ་ལ་གྱུར་པ་གཉིས་པ་མེད་པའི་ཕྱིར་ཏེ་སོང་ཟིན་པ་ལ་འགྲོ་བ་མེད་པ་བཞིན་ནོ། །དེར་མ་གྱུར་པ་ལ་དེ་ཡོད་ན་ཧ་ཅང་ཐལ་བའི་ཕྱིར་དང་། དེ་གཉིས་ལས་གཞན་པའི་གྱུར་བཞིན་པ་མེད་པའི་ཕྱིར་དང་གང་ལ་དེ་སྟེ་སྲིད་པ་བདག་ཉིད་གཟུ་བོར་གནས་པས་དཔྱོད་ཅིག་མ་སྐྱེས་པས་མེད་པར་སྟོན་པ་ནི་ཕྱིན་ཅི་ལོག་རྣམས་ཞེས་པ་སྟེ་ཕྱིན་ཅི་ལོག་ཅན་ནི་བདག་གམ་ཕུང་པོའོ། །གཞན་ཡང་བདག་དང་ཡིད་དུ་འོང་པ་ལ་སོགས་པ་བཞིན་ཡོད་ན་དེ་རྣམས་དེ་ལྟར་དུ་ཤེས་པ་བཞི་ཕྱིན་ཅི་ལོག་མ་ཡིན་པར་འགྱུར་ཏེ། བློ་དོན་དང་མཐུན་པའི་ཕྱིར་རོ། །བཞི་པོ་དེ་མེད་ན་ནི་བཞི་པོ་དེའི་བཟློག་ཕྱོགས་བདག་མེད་དང་མི་མཛེས་པ་ལ་སོགས་པ་བཞིའང་མེད་དེ་ལྟོས་ས་མེད་པའི་ལྟོས་ཆོས་དང་དགག་བྱ་མེད་ན་བཀག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མ་སྐྱེས་ཤིང་རང་གི་ངོ་བོ་མེད་པ་ལ་དེ་གཉིས་ཀ་མེད་པས་དེ་དག་ལ་དེ་ལྟར་དུ་ལྟ་བའི་ཕྱིན་ཅི་ལོག་བརྒྱད་ཀ་སྤང་བར་བྱའོ། །དེ་སྤངས་པའི་དགོས་པ་སྟོན་པ་ནི་ཚུལ་དེ་ལྟར་ཕྱིན་ཅི་ལོག་ཐམས་ཅད་འགགས་པས་དེས་བསྐྱེད་པའི་མ་རིག་པ་དང་འདུ་བྱེད་ལ་སོགས་པ་འཁོར་བའི་རྒྱུ་འབྲས་ཐམས་ཅད་འགགས་ཏེ་འཁོར་བ་ལས་ཐར་བར་གྱུར་རོ། །གལ་ཏེ་འགག་རྒྱུའི་ཉོན་མོངས་པ་དེ་ཉིད་དངོས་པོ་ཡིན་མོད་ཅེ་ན། དེ་མ་དཔྱད་ན་འཁོར་བར་འཁོར་བའི་དོན་བྱེད་ནུས་ཀྱང་དཔྱད་ན་རང་བཞིན་མེད་པ་ཡིན་ལ་རང་བཞིན་དུ་གྲུབ། སྤང་དུ་མི་རུང་ཞེས་སྟོན་པ་ནི་གལ་ཏེ་གང་ཟག་ལ་ལའི་ཞེས་པ་སྟེ་རང་བཞིན་དུ་ཡོད་པ་སུ་ཞིག་སྤོང་བར་བྱེད་དོ། །ཚ་བ་དང་ནག་པོ་མེ་དང་སོལ་བ་ལ་སྤང་དུ་མི་རུང་བ་བཞིན་ནོ། །དེ་ངོ་བོ་ཉིད་མེད་ནའང་སུ་ཞིག་སྤོང་སྟེ་མེ་ལ་གྲང་བ་སུས་ཀྱང་མི་སྤོང་བ་བཞིན་ནོ། །འདིས་ཀྱང་རང་བཞིན་གྱི་སྤང་བྱ་དང་དེ་སྤངས་པ་བཀག་པ་ཡིན་གྱི། རང་བཞིན་མེད་པ་རྟེན་འབྲེལ་གྱིས་དེ་གཉིས་བཀག་པ་ནི་མེད་དེ་རང་བཞིན་མེད་པའི་གཉིས་པོ་ནི་ཡོད་པ་ཡིན་ནོ། །ཉི་ཤུ་གསུམ་པ་ཕྱིན་ཅིག་ལོག་བརྟག་པ་བཤད་ཟིན་ཏོ།།  །།

 

འཕགས་པའི་བདེན་པ་བརྟག་པ།

མདོ་ལས་བདེན་པ་བཞི་རང་བཞིན་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་དང་དེ་ལ་ཞེན་པ་དགག་པའི་ཕྱིར་བདེན་པ་བཞི་བརྟག་པ་སྟོན་པ་ན་དང་པོ་ཐེག་ཆུང་པའི་རྒོལ་བ་དགོད་པ་ནི་གལ་ཏེ་འདི་དག་ཀུན་སྟོང་ན། །ཞེས་བྱ་བ་ནི་ཁས་བླངས་པའི་རྟགས་ཏེ་ཆོས་ཐམས་ཅད་ནམ་མཁའ་དང་འདྲ་བའི་སྟོང་པར་འདོད་ན་ཞེས་པའི་དོན་ཏོ། །འབྱུང་འཇིག་མེད་པའི་བདེན་བཞི་མེད་པར་འགྱུར་བ་ནི་འཁོར་བ་རྒྱུ་འབྲས་ནི་ཀུན་འབྱུང་ལས་དང་ཉོན་མོངས་པ་དང་སྡུག་བསྔལ་སེམས་ཅན་སྐྱེ་བ་དང་སྐྱེ་བའི་གནས་ཀྱིས་བསྡུས་པ་ཡིན་ལ། མྱ་ངན་ལས་འདས་རྒྱུ་འབྲས་ནི་རྒྱུ་ལམ་དང་འབྲས་བུ་འགོག་པ་ཡིན་ནོ། །རྒྱུ་འབྲས་རྣམས་ནི་རྒྱུ་འཇིག་ཅིང་འབྲས་བུ་སྐྱེ་བས་འབྱུང་འཇིག་མེད་ན་རྒྱུ་འབྲས་སུ་གྱུར་པའི་བདེན་བཞི་མེད་པར་འགྱུར་བ་ཡིན་ནོ། །དེ་མེད་ན་བཅོམ་ལྡན་འདས་ཀྱི་ལྔ་སྡེ་ལ་སོགས་པའི་སློབ་མ་རྣམས་ལ་དགེ་སློང་དག་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། ལམ་བསྒོམ་པར་བྱ། འགོག་པ་མངོན་དུ་བྱའོ་ཞེས་གསུངས་པ་དེ་མི་འཐད་པར་འགྱུར་རོ། །འདིར་སྒོམ་པ་གོང་དུ་སྟོན་པ་ནི་ཚིགས་བཅད་བསྡེབས་པའི་དོན་ཡིན་ནོ། །ཞེས་སློབ་དཔོན་སྣང་བྲལ་གྱིས་བཤད་དོ། །འདི་ལ་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་རིགས་དང་བསམ་པ་དང་བག་ལ་ཉལ་མཁྱེན་ནས་ཉན་ཐོས་ཀྱི་རིགས་ཅན་རྣམས་ལ་བདེན་པ་བཞི་ལ་གང་ཟག་གི་བདག་མེད་པའི་ཆོས་བསྟན་པ་དེ། དེ་དག་གི་ཐོས་བསམ་སྒོམ་གསུམ་གྱིས་བསྒྲུབས་པས་ཚོགས་ལམ་ཆུང་འབྲིང་ཆེ་གསུམ་དང་སྦྱོར་ལམ་དྲོད་རྩེ་བཟོད་མཆོག་ཐོབ་པའི་རྗེས་སུ་བདེན་བཞི་གང་ཟག་གི་བདག་མེད་པར་མངོན་སུམ་དུ་ཤེས་པའི་ཡེ་ཤེས་འབྱུང་སྟེ་དེ་ནི་ཕུང་པོ་ལྷག་བཅས་ལྷག་མེད་ཀྱི་མྱ་ངན་འདས་འཐོབ་པའི་འཕགས་པའི་ལམ་གྱི་རྒྱུན་གྱི་དང་པོ་ལ་ཞུགས་པས་རྒྱུན་དུ་ཞུགས་པ་ཞེས་བྱའོ། །འདིའི་ཞུགས་པ་ནི་སྦྱོར་ལམ་བཞི་དང་གནས་པ་ནི་མཐོང་ལམ་ཉིད་དུ་འཐད་མོད་ཀྱི་ཉན་ཐོས་སྡེ་པས་བདེན་བཞི་མི་རྟག་པ་ལ་སོགས་པ་བཅུ་དྲུག་ཏུ་མཐོང་བའི་བཅོ་ལྔ་པ་མན་ཆད་ལ་ཞུགས་པ་དང་བཅུ་དྲུག་པ་ལ་གནས་པར་བྱས་ཏེ། དེ་ལས་སྐད་ཅིག་བཅོ་ལྔ་ནི། །མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་སོ། །འདི་ཡང་བྱ་གང་ཟད་ལས་འཐོབ་པ་ནི་སྟོང་ཆེན་རབ་འཇོམས་ལས། །མཐོང་བ་འདི་ལ་སྦྱར་མ་ཐག་ཏུ་ཡང་། །འཇིག་ཚོགས་ལྟ་དང་ཚུལ་ཁྲིམས་རྟུལ་ཞུགས་དང་། །ཐེ་ཚོམ་དང་ནི་ཉོན་མོངས་གསུམ་པོ་དག །ཅིག་ཅར་སྤངས་ཏེ་འཕགས་པའི་བདེན་མཐོང་བ། ཞེས་བཤད་དོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི། སློབ་དཔོན་བདག་ཏུ་ལྟ་བ་ཅན་ལ་བདག་ལྟའི་ཆོས་ཉན་པ་ལས་བྱུང་བའི་ཀུན་བརྟགས་ཡིན་ཏེ་འཇིག་ལྟ་ནི་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེས་བསྐྱེད་པའི་ཁམས་གསུམ་གྱི་ཉོན་མོངས་པ་ཀུན་བརྟགས་ཐམས་ཅད་སྤོང་ངོ་། །གསུམ་ནི་གཙོ་བོ་ཡིན་པས་སྨོས་ཏེ་མཛོད་ལས། །འགྲོ་མི་འདོད་དང་ལམ་ནོར་དང་། །ལམ་ལ་ཐེ་ཚོམ་ཞུགས་པ་ནི། །ཐར་པར་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ཏོ། །ཞེས་བཤད་དོ། །མདོར་བསྡུས་པའི་རིས་ནི་འདོད་ཁམས་ན་བདེན་བཞི་མཐོང་བས་སྤང་བར་བྱ་བ་བཞི་དང་ཁམས་གོང་མ་གཉིས་ན་བཞི་སྟེ་བརྒྱད་དམ་ཡང་ན་བཞི་བཞི་སྟེ་བཅུ་གཉིས་སོ། །མཐོང་སྤང་བརྒྱ་རྩ་བཅུ་གཉིས་དང་བརྒྱད་བཅུ་རྩ་བརྒྱད་ལ་སོགས་པ་ནི་མངོན་པ་གོང་འོག་ལས་ཤེས་པར་བྱའོ། །འབྲས་བུ་ལྷག་མ་རྣམས་ནི་མཐོང་ལམ་དང་རྟོགས་པ་གཅིག་ཡིན་པས་དེས་ཐ་དད་དུ་མི་ཕྱེད་ཀྱི་སྤངས་པའི་རིམ་པས་དབྱེ་སྟེ། སྤང་བྱ་ལྷག་མ་སྒོམ་སྤང་ནི་ཁམས་གསུམ་གྱི་རིམ་གྱིས་སྤོང་བས་འདོད་ཁམས་ཀྱི་ཉོན་མོངས་པ་དྲུག་ཆེ་འབྲིང་ཆུང་གསུམ་ལ་རེ་རེ་ཞིང་དེ་ལྟར་གསུམ་དུ་ཕྱེ་བའི་དགུ་ལ་ལྔ་པ་ཟད་པ་ན་ལན་གཅིག་ཕྱིར་འོང་ལ་ཞུགས་པ་དང་དྲུག་པ་ཟད་པ་ན་ཕྱིར་འོང་ལ་གནས་པ་ཡིན་ནོ། །དེ་འདོད་པས་ཉོན་མོངས་ཆུང་གསུམ་གྱི་དེར་ལན་གཅིག་སྐྱེ་སྲིད་པས་ལན་གཅིག་ཕྱིར་འོང་བ་ཞེས་བྱའོ། །དེས་བདག་མེད་པ་བསྒོམས་པས་འདོད་པའི་ཉོན་མོངས་པ་བདུན་པ་དང་བརྒྱད་པ་སྤངས་པ་ན་ཕྱིར་མི་འོང་ལ་ཞུགས་པ་ཡིན་ནོ། །འདོད་པའི་དགུ་པ་ཟད་པ་ནི་རྒྱུ་མེད་པས་དེར་ལན་གཅིག་ཀྱང་མི་སྐྱེ་བས་ཕྱིར་མི་འོང་བ་ཞེས་བྱའོ། །དེས་བསམ་གཏན་དང་པོ་ནས་སྲིད་རྩེའི་ཉོན་མོངས་པ་བརྒྱད་པ་སྤོང་བའི་བར་ནི་ཕྱིར་མི་འོང་ཁྱད་པར་ཅན་དང་དགྲ་བཅོམ་ལ་ཞུགས་པ་ཡིན་ནོ། །སྲིད་རྩེའི་དགུ་པ་སྤངས་པ་དེའི་ཚེ་དགྲ་ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་བཅོམ་པས་དེ་ལ་གནས་པ་ཞེས་བྱའོ། །དེ་ལ་སྔ་མ་སྔ་མ་ཁྱད་པར་ཅན་ནི་ཕྱི་མ་ཕྱི་མའི་ཞུགས་པར་བལྟའོ། །ཅིའང་མེད་པའི་སྐྱེ་མཆེད་མན་ཆད་ཀྱི་ཉོན་མོངས་པ་ནི་ཕྱི་རོལ་པའི་དྲང་སྲོང་བདག་ཏུ་ལྟ་བ་བཞི་རགས་སུ་སྒོམ་པ་རྣམས་ཀྱིས་ཀྱང་སྤོང་བས་འབྲས་བུར་འགྱུར་བ་ལ་བདག་མེད་པ་མངོན་སུམ་གྱིས་མཐོང་བ་དང་མཐོང་སྤང་ཟད་པ་དགོས་སོ། །སྒོམ་སྤང་ནི་འཁོར་བ་དང་ལྷན་ཅིག་ཏུ་སྐྱེས་པའི་ཉོན་མོངས་པ་ལྔ་དང་ལྟ་བ་ལྔ་སྟེ་བཅུ་ཡིན་ལ། ཁམས་གོང་མ་གཉིས་ན་ཁོང་ཁྲོ་མེད་དེ་རྒྱུད་ཞི་གནས་ཀྱིས་དུལ་བའི་ཕྱིར་རོ། །དེ་ལ་སྒོམ་སྤང་བཞི་བརྒྱ་དང་། བཅུ་བཞི་དང་འབྲས་བུའི་དབྱེ་བ་རྒྱ་ཆེན་པོ་རྣམས་ནི་ཐེག་པ་ཆེ་ཆུང་གི་མངོན་པ་དང་མངོན་པར་རྟོགས་པ་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །དེ་གཞུང་དུ་སྟོན་པ་ནི་སྔར་བསྟན་པ་དེ་དག་མེད་ན་འབྲས་བུ་བཞི་མེད་ལ་འབྲས་བུ་བཞི་མེད་ན་ཞུགས་གནས་མེད་ལ་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་མེད་ན་དགེ་འདུན་མེད་ལ་དེའི་དམིགས་ཡུལ་བདེན་པ་རྣམས་མེད་པའི་ཕྱིར་དམིགས་པ་ལས་བྱུང་བའི་དམ་པའི་ཆོས་འགོག་ལམ་ཀྱང་མེད་ལ་དེ་གཉིས་མེད་ན་སངས་རྒྱས་མེད་པ་ནི་ཐེག་པ་ཆེན་པོའི་ཆོས་དང་དགེ་འདུན་ཀྱང་མེད་ལ་སངས་རྒྱས་ནི་དེས་བསྐྱེད་པའི་འབྲས་བུའམ་དགེ་འདུན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །དེས་ན་དེ་སྐད་སྨྲ་ན་དེ་གསུམ་ལ་གནོད་པ་བྱེད་དེ་ཡོད་པ་འཇིག་པའི་ལོག་ལྟས་དགེ་རྩ་རྒྱུན་གཅོད་པར་བྱེད་དོ། །ཞེས་སྟོན་པ་ཡིན་ནོ། །གཞན་ཡང་སྟོང་ཉིད་དེ་འདོད་མི་འདོད་ཀྱི་འབྲས་བུ་དང་དེའི་རྒྱུ་ཆོས་དང་ཆོས་མིན་དང་འཇིག་རྟེན་པའི་བླང་དོར་གྱི་ཐ་སྙད་ཀུན་ལའང་གནོད་པ་བྱེད་ཏེ་སྐུར་པ་འདེབས་པའི་ལྟ་བ་ཡིན་ནོ། །ཞེས་ཉན་ཐོས་སྡེ་པ་དག་ཟེར་ཏེ་ཇི་སྐད་དུ། དེ་ལྟར་རྒྱུ་དང་འབྲས་བུར་སྐུར་འདེབས་པ། །ལོག་ལྟས་དཀར་ཕྱོགས་དྲུངས་འབྱིན་དམ་ཆོས་ཀྱི། །ལོ་ཏོག་སེར་བས་ནམ་མཁའི་མེ་ཏོག་འདི། །ལེགས་འདོད་རྣམས་ཀྱིས་རྒྱང་སྲིང་སྤང་བར་བྱ། །ཞེས་དེ་དག་གིས་སྨྲས་པ་ཡིན་ནོ། །གཉིས་པ་ལན་ནི་དེ་ལ་ལན་བཤད་པ་ཞེས་བྱ་བས་སྟོན་པར་བྱེད་དེ་སྡེ་པ་ཁྱོད་ཀྱི་སྟོང་ཉིད་ཀྱི་དགོས་པ་སེམས་གྲོལ་བ་དང་སྟོང་ཉིད་ཀྱི་མཚན་ཉིད་དང་སྟོང་ཉིད་ཀྱི་དོན་རྟེན་འབྲེལ་ཡིན་པ་མ་རྟོགས་པས་དེ་ལྟར་གནོད་པ་སྟེ་འགོག་པར་བྱེད་དོ། །སློབ་དཔོན་རང་ཉིད་ཇི་ལྟར་འདོད་པའི་ཚུལ་སྟོན་པ་ནི་སངས་རྒྱས་རྣམས་ཀྱིས་ཅེས་པ་སྟེ་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས་ཀྱིས་ཤེས་བྱ་ཀུན་བསྟན་ལ་དེ་ནི་བདེན་གཉིས་ལ་ཡང་དག་ཏེ་ངེས་པར་བརྟེན་ནས་བཤད་དོ། །དེ་ལ་གཅིག་ནི་འཇིག་རྟེན་ཀུན་རྫོབ་བདེན་པ་སྟེ་འཇིག་རྟེན་མ་རིག་པས་བློ་བསྒྲིབས་པ་རྣམས་ཀྱི་ཡུལ་ན་བདེན་པ་གཟུགས་ནས་སངས་རྒྱས་ཀྱི་བར་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡིན་ནོ། །སཾ་བྲི་ཏི་ས་ཏྱ་ཅེས་པའི་སཾ་མྱཀ་ཡང་དག་པ་དང་བྷི་ཨ་ཝ་ར་སྒྲིབ་པ་དང་ས་ཏྱ་བདེན་པ་སྟེ་བདེན་གཉིས་ལས་གང་ཞིག་གིས་སམ་གང་ཞིག་ལ། ཡང་དག་སྒྲིབ་བྱེད་ཀུན་རྫོབ་འདོད། །ཅེས་བཤད་དོ། །འཇུག་པ་ལས་ཀྱང་། གཏི་མུག་ཡང་དག་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་བཤད་པ་བཞིན་ནོ། །སྐྱེས་བུ་མཁས་པ་རྣམས་ཀྱིས་འདོད་ཅིང་དོན་དུ་གཉེར་བྱ་ཡིན་པས་ན་དམ་པའི་དོན་ཏེ་མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་སོ། །དེའི་ངོ་ན་བདེན་པ་ནི་དོན་དམ་པའི་བདེན་པའོ། །གང་ཟག་གང་དག་གིས་དེ་འདྲ་བའི་བདེན་པ་དེ་གཉིས་རྣམ་དབྱེའི་གནས་ཚུལ་མི་ཤེས་པ་དེས་ནི་སངས་རྒྱས་ཀྱི་བསྟན་པ་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་དོན་ཟབ་མོ་དེ་ཉིད་མི་ཤེས་སོ། །སེམས་འགྲེལ་ལས། ཀུན་རྫོབ་སྟོང་པ་ཉིད་དུ་བཤད། །སྟོང་ཉིད་ཁོ་ན་ཀུན་རྫོབ་སྟེ། །བྱས་པ་དང་ནི་མི་རྟག་བཞིན། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་བཤད་པ་དེ་ནི་རྟེན་འབྲེལ་གྱི་སྟོང་ཉིད་ཡིན་གྱི་སྤྲོས་བྲལ་ནི་མ་ཡིན་ནོ། །ཅི་སྟེ་དོན་དམ་ཉིད་ཀྱིས་ཐར་པ་གྲུབ་པས་ཀུན་རྫོབ་བསྟན་པ་དོན་མེད་དོ་སྙམ་ན། ཐ་སྙད་ཀུན་རྫོབ་ལ་ནི་ཞེས་གསུངས་ཏེ་སློབ་དཔོན་སྣང་བྲལ་གྱི་དབུ་མ་སྙིང་པོ་ལས། ཡང་དག་ཀུན་རྫོབ་རྣམས་ཀྱི་སྐས། །མེད་པ་ཡང་དག་ཁང་པ་ཡི། །སྟེང་དུ་འགྲོ་བར་བྱ་བ་ནི། །མཁས་ལ་རུང་བ་མ་ཡིན་ནོ། །ཞེས་བཤད་དེ་དེའི་ཕྱིར་གཉིས་ཀ་བཤད་དགོས་སོ། །བདེན་གཉིས་རྒྱས་པར་ནི་དབུ་མ་རྒྱན་གྱི་མེ་ཏོག་ཏུ་ལྟའོ། །དེ་ལྟར་བདེན་གཉིས་ཀྱི་གནས་ཚུལ་ཀུན་རྫོབ་ཏུ་ནི་ཐམས་ཅད་ཡོད། །དམ་པའི་དོན་དུ་ཡོད་མ་ཡིན། །ཆོས་རྣམས་ངོ་བོ་ཉིད་མེད་པ། །དམ་པའི་དོན་དུ་ཉེ་བར་བསྟན། །ཞེས་གསུངས་པ་དེ་མི་ཤེས་པར་སྟོང་པ་ཉིད་ལ་བལྟ་ཉེས་པ་ནི་ཀུན་རྫོབ་ཆད་དེ་མེད་དགག་རྐྱང་པར་བཟུང་ན་ལས་འབྲས་མེད་པ་ལ་སོགས་པའི་ཆད་ལྟར་འགྱུར་ལ། འཕགས་པ་ལྷའི་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། གྲངས་ཅན་སྨྲ་རྣམས་ཡོན་ཏན་མེད། །སེར་སྐྱ་རྣམས་ནི་སྟོང་པའི་ཚུལ། །ཞེས་དྲང་སྲོང་སེར་སྐྱའི་སློབ་མ་རྣམས་དངོས་པོ་ཐམས་ཅད་སྟོང་པའི་ཚུལ་ལས་བྱུང་བར་འདོད་དེ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་མདོ་ལས་གསང་བ་པའི་བདག་པོ་སྟོང་པ་ཉིད་དངོས་པོར་སེམས་པ་དེ་དག་གིས་ནི་སྟོང་པ་ཉིད་རབ་ཏུ་མི་ཤེས་སོ་ཞེས་བཤད་དོ། །དེས་ན་དེ་ལྟར་བལྟས་ན་དེ་ལ་དངོས་པོར་འཛིན་པས་འཆིང་བར་འགྱུར་རོ། །དབུ་མའི་ལྟ་བ་ལ་མི་མཁས་པ་རྣམས་ལ་ནི་དེ་གཉིས་ཀ་ཡོད་དེ་ཁ་ཅིག་ནི་ཀུན་རྫོབ་ཏུའང་ལས་འབྲས་སྤོང་ལ་ཁ་ཅིག་ནི་འཁོར་འདས་ཐམས་ཅད་སྤྲོས་བྲལ་གྱི་སྟོང་ཉིད་ལས་བྱུང་བར་འདོད་པས་དེ་དངོས་པོ་ཁས་བླངས་པའི་ཕྱིར་རོ་དེའི་ཕྱིར་དེ་དག་ནི་ཤེས་རབ་ཆུང་ལྡན་ཡིན་ལ་ཕུང་བར་བྱེད་པ་ནི་ལྟ་བ་དེ་འདྲ་བས་མཐོ་རིས་དང་ཐར་པའི་སྲོག་གཅོད་པའི་ཕྱིར་རོ། །དེ་ཅི་དང་འདྲ་ཞེ་ན་ཇི་ལྟར་ཏེ་དཔེར་ན་ཞེས་གསུངས་ཏེ་སྨན་དང་སྔགས་དང་འཛིན་པའི་ཐབས་མེད་པར་དུག་སྦྲུལ་ལ་བཟུང་ན་དུག་དང་། སྒྲུབ་པའི་མན་ངག་དང་བྲལ་བས་རིག་སྔགས་བསྒྲུབས་ན་སླར་ལོག་པས་རང་ཉིད་འཆི་བ་བཞིན་ནོ། །གཞུང་འདི་ནི་དོན་དེ་ལས་གཞན་དུ་བཤད་ནས་རིན་པོ་ཆེའི་ཕྲེང་བ་དང་སྦྱོར་བར་བྱེད་པ་དེ་ནི་མི་འགྲིག་སྟེ་སུན་ཕྱུང་ན་མང་བར་འགྱུར་རོ་བལྟ་ཉེས་ན་ཕུང་བར་བྱེད་པ་དེ་ཕྱིར་བློ་ཞན་པས་ཞེས་བྱ་བ་ནི་རྒྱ་ཆེ་རོལ་པ་ལས། མི་སྨྲ་གཅིག་པུ་ནགས་སུ་གནས་པར་བྱ། །ཞེས་འབྱུང་བ་དེ་ཡིན་ནོ། །དེ་ལྟར་བདེན་པ་གཉིས་རྣམ་པར་བཞག་ནས་སྐབས་ཀྱི་རྒོལ་བའི་ལན་འདེབས་པ་ནི་ཉན་ཐོས་སྡེ་པ་ཁྱོད་ནི་བདེན་གཉིས་ཀྱི་དབྱེ་བ་མི་ཤེས་པར་ང་ལ་སྟོང་པ་ཉིད་ཡིན་ན་སྔར་བཤད་པའི་སྐྱོན་དུ་འགྱུར་བ་ཡིས་སྟོང་ཉིད་སྤོང་བར་བྱེད་པ་དེ་ནི་ངོ་བོ་ཉིད་སྟོང་པ་ལ་སྐྱོན་དེ་མི་འཐད་དེ་མེད་དོ། །འདི་ལྟར་འཁོར་འདས་ཀྱི་གང་ཟག་གང་ལ་རྟེན་འབྲེལ་རང་བཞིན་གྱིས་སྟོང་པ་ཉིད་རུང་བ་དེ་ལ་འཁོར་འདས་ཐམས་ཅད་རུང་བར་འགྱུར་ལ་དེ་མི་རུང་བ་ལ་ཐམས་ཅད་མི་རུང་སྟེ་རང་བཞིན་གཞན་དུ་འགྱུར་བ་ནི་ནམ་ཡང་མི་འཐད་པའི་ཕྱིར་རོ། །འདི་སྤྲོས་བྲལ་གྱི་སྟོང་པ་ལ་སྦྱོར་བ་དེས་ནི་ཅུང་ཟད་ཀྱང་ཁོང་དུ་མ་ཆུད་དེ་འདུས་མ་བྱས་ནམ་མཁའ་ལ་ནི་འཁོར་འདས་གང་ཡང་རུང་བ་མེད་དོ། །རྟེན་འབྲེལ་ནི་མཐུན་མི་མཐུན་གྱི་རྒྱུ་སྣ་ཚོགས་ལས་འབྲས་བུ་སྣ་ཚོགས་སུ་འགྱུར་བར་འཁོར་འདས་ཐམས་ཅད་ལ་མཐོང་བ་ཡིན་ནོ། །ཁྱོད་ཉིད་རང་གི་སྐྱོན་རང་བཞིན་གཞན་དུ་མི་འགྱུར་བ་ལ་གང་ཡང་མི་རུང་བ་རྣམས་ངལ་རྒྱུར་བྱེད་པ་དེ་རྟ་ལ་ཞོན་བཞིན་པས་རྟ་བརྗེད་པ་དང་འདྲ་སྟེ་རྟེན་འབྲེལ་རང་གི་ངོ་བོ་ལ་མི་གནས་པར་རྣམ་པ་སྣ་ཚོགས་སུ་འགྱུར་བ་མཐོང་བཞིན་དུ་དེ་བརྗེད་ནས་མི་ཤེས་པའི་ཕྱིར་ཏེ། འདིས་ནི་ཉན་ཐོས་སྡེ་པ་དེ་དག་ཤིན་ཏུ་བླུན་པར་བསྟན་ནོ། །གལ་ཏེ་དངོས་རྣམས་གཞན་ལ་མ་ལྟོས་པའི་དངོས་པོ་ཉིད་དུ་ཡོད་པར་ལྟ་ན་རྒྱུ་རྐྱེན་ལ་སོགས་པ་འདི་དག་ལ་ཐམས་ཅད་མེད་པར་ལྟ་ཞིང་གནོད་པ་སྟེ་དགག་པ་བྱེད་པ་ཡིན་ཏེ་རྒྱུ་འབྲས་ལ་སོགས་པ་དེ་དག་ནི་རྟེན་འབྲེལ་རང་བཞིན་མེད་པ་སྣ་ཚོགས་སུ་འགྱུར་བ་མཐོང་གི་འདུས་མ་བྱས་ནམ་མཁའ་མི་སྒྲིབ་པའི་རང་བཞིན་ཅན་ལ་དེ་དག་གང་ཡང་མ་མཐོང་ངོ་། །མེ་ཚ་བའི་རང་བཞིན་ཅན་ལ་དེ་དག་མཐོང་ངོ་ཞེ་ན། དེ་ནི་ཀུན་རྫོབ་ཀྱི་རྟེན་འབྲེལ་རང་བཞིན་མེད་པ་ལ་དེར་ཞེན་པ་ཡིན་ཏེ་རང་བཞིན་གྱི་ཆོས་གསུམ་གང་ཡང་མེད་པའི་ཕྱིར་ཏེ། དེ་བཞིན་དུ་རྣམ་པ་གཞན་ལའང་སྦྱར་རོ། །ཁོ་བོ་ཅག་གིས་ནི་རྟེན་ཅིང་འབྲེལ་འབྱུང་གང་ཡིན་པ་དེ་སྟོང་པ་ཉིད་དུ་བཤད་ལ་དེ་ནི་བརྟེན་ནས་གདགས་པ་སྟེ་བཏགས་པ་དང་རྟེན་འབྲེལ་གྱི་སྟོང་པ་དེ་ཉིད་དབུ་མའི་ལམ་ཡིན་ཏེ་རྟག་ཆད་དང་བྲལ་བའི་ཕྱིར་རོ། །དེ་ལྟར་གསུམ་པོ་དེ་ནི་མིང་གི་རྣམ་གྲངས་ཡིན་ལ་དབུ་མ་པ་ནི་ལམ་དེ་ལ་ཞུགས་ནས་འགྲོ་བ་ཡིན་ནོ། །ཡང་ན་རྟེན་འབྲེལ་སྟོང་ཉིད་དུ་མདོ་ནས་ཀྱང་བཤད་པ་སྟེ་རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །ཅེས་པས་སོ། །དེ་ལྟར་རྣམ་པར་དཔྱད་ན་གང་ཕྱིར་བྱ་བ་དང་འཁོར་འདས་ཀྱི་ཆོས་འགའ་ཞེས་སྦྱར་རོ། །བཞི་བརྒྱ་པ་ལས། །གང་ཞིག་གང་ན་ནམ་གྱི་ཚེའང་། །མ་བརྟེན་པར་ནི་ཡོད་ཉིད་མེད། །དེས་ན་ནམ་ཡང་གང་ཞིག་ཏུ། །རྟག་པ་འགའ་ཡང་ཡོད་མ་ཡིན། །ནམ་མཁའ་ལ་སོགས་རྟག་གོ་ཞེས། །སོ་སོ་སྐྱེ་བོ་དག་གིས་རྟོག །མཁས་པ་རྣམས་ཀྱིས་དེ་དག་ལ། །འཇིག་རྟེན་པས་ཀྱང་དོན་མ་མཐོང་། །ཞེས་བཤད་དོ། །ཉན་ཐོས་སྡེ་པས་བཀོད་པ་དེ་ཕྱིར་བཟློག་པར་བྱེད་པ་ནི་གལ་ཏེ་འཁོར་འདས་འདི་ཀུན་མི་སྟོང་སྟེ་རང་བཞིན་འདོད་ན་དེ་ལ་གང་ཡང་མི་རུང་ངོ་ཞེས་སྟོན་པ་ནི་འབྱུང་བ་མེད་ཅིང་ཞེས་པས་མདོར་བསྟན་ནས་རྒྱས་པར་འཆད་ན་རྟེན་ཅིང་ཞེས་པས་སྡུག་བསྔལ་མེད་པ་དང་ངོ་བོ་ཉིད་དུ་ཀུན་འབྱུང་དང་། སྡུག་བསྔལ་ཅེས་པ་དང་འགོག་པ་ཅེས་པས་འགོག་པ་དང་། ལམ་ནི་བྱ་བ་དང་ལམ་དེ་བསྒོམ་བྱ་ཡིན་ན་རྟེན་འབྲེལ་ཡིན་པས་དངོས་པོའམ་ངོ་བོ་ཉིད་མེད་ཅེས་པས་ལམ་མེད་པར་སྟོན་ནོ། །གང་ཚེ་ཞེས་བྱ་བས་ནི་ལམ་གྱི་སྡུག་བསྔལ་དང་ཀུན་འབྱུང་བཀག་ནས་འགོག་པ་མངོན་དུ་བྱས་པ་མི་རུང་བར་སྟོན་ལ། སྡུག་བསྔལ་ལ་རང་གི་ངོ་བོ་ཉིད་མེད་པས་ངོ་བོ་ཉིད་ཀྱི་ཤེས་པ་མ་ཡིན་ན་དེ་ཇི་ལྟར་སྤོངས་ཤེས་སུ་འགྱུར་ཏེ་ཁྱེད་ཀྱིས་དེ། དངོས་པོ་ཉིད་དུ་གནས་པ་ཤེས་པ་མ་ཡིན་ནམ་ཞེས་བྱ་བས་སྡུག་བསྔལ་ཤེས་པར་མི་རུང་བར་སྟོན་ཏོ། །དེ་བཞིན་དུ་ཀུན་འབྱུང་ངོ་བོ་ཉིད་དུ་གྲུབ་པ་སྤངས་བ་དང་འགོག་པ་ངོ་བོ་ཉིད་དུ་གྲུབ་པ་མངོན་སུམ་དུ་བྱ་བ་དང་། ལམ་ངོ་བོ་ཉིད་དུ་གྲུབ་པ་སྒོམ་པ་དང་འབྲས་བུ་བཞི་ངོ་བོ་ཉིད་དུ་གྲུབ་པའང་སྡུག་བསྔལ་ཤེས་པ་མི་རུང་བ་བཞིན་འགྱུར་རོ། ཡང་རང་བཞིན་ནམ་ངོ་བོ་ཉིད་འཛིན་ན་འབྲས་བུ་བཞི་ངོ་བོ་ཉིད་ཀྱིས་མ་ཐོབ་པ་དེ་ཐོབ་ནུས་པར་འགྱུར་ཏེ་མ་ཐོབ་པ་ཐོབ་པར་འགྱུར་ན་རང་བཞིན་ཞིག་པའི་ཕྱིར་རོ། །ཆོས་དང་དགེ་འདུན་མེད་ན་སངས་རྒྱས་མེད་པ་ནི་སངས་རྒྱས་ལ་རང་བཞིན་དུ་གྲུབ་པའི་འགོག་ལམ་གྱི་ཆོས་མེད་ཅིང་ཉན་ཐོས་སྡེ་པས་སངས་རྒྱས་མི་གཡོ་བའི་དགྲ་བཅོམ་དུ་འདོད་པའི་ཕྱིར་རོ། །བྱང་ཆུབ་ནི་སངས་རྒྱས་ཀྱི་ཡེ་ཤེས་སམ་བྱང་ཆུབ་ཀྱི་སྐྱོད་པའོ། །སངས་རྒྱས་ནི་གཟུགས་སྐུའོ། །སངས་རྒྱས་མིན་པའི་རང་བཞིན་དེ་བྱང་ཆུབ་ཀྱི་སྤྱོད་པས་སངས་རྒྱས་སུ་མི་འགྱུར་ཏེ་རྩོལ་བ་ནི་བརྩོན་འགྲུས་སོ། །ཅི་ཞིག་བྱ་ནི་རང་བཞིན་ལ་བྱ་བྱེད་མེད་པའོ། །རྒྱུ་འབྲས་ཡོད་ན་རྟེན་འབྲེལ་རང་བཞིན་མེད་པ་ཡིན་པས་དེ་གཉིས་ཁྱོད་ལ་མེད་པར་འགྱུར་རོ། །འདོད་མི་འདོད་ཀྱི་འབྲས་བུ་རང་བཞིན་དུ་གྲུབ་ཅིང་རྟེན་འབྲེལ་མ་ཡིན་ན་དེའི་རྒྱུ་ཆོས་དང་ཆོས་མིན་མེད་པར་ཡང་འགྱུར་ལ་རྒྱུ་འབྲས་ཡིན་ན་སྟོང་པར་འགྱུར་རོ། །རང་གི་ལུགས་བཀག་པར་མ་ཟད་འཇིག་རྟེན་གྱི་ལུས་ངག་ཡིད་གསུམ་གྱི་ཐ་སྙད་ཀུན་མེད་པར་འགྱུར་ཏེ་དེ་དག་རྟེན་འབྲེལ་ཡིན་ལ་དེའི་སྟོང་ཉིད་མེད་པའི་ཕྱིར་རོ། །དེ་མེད་ན་ནམ་མཁའ་བཞིན་དུ་གནས་སོ། །ཉི་ཤུ་བཞི་པ་འཕགས་པའི་བདེན་པ་བརྟག་པ་བཤད་ཟིན་ཏོ།།  །།

མྱང་འདས་བརྟག་པ།

མདོ་ལས་མྱ་ངན་ལས་འདས་པ་རང་བཞིན་མེད་པར་གསུངས་པའི་དགོངས་པ་བསྟན་པའི་ཕྱིར་དང་དེ་ལ་མངོན་པར་ཞེན་པ་དགག་པའི་ཕྱིར་དེ་བརྟག་པ་སྟོན་པ་ན་ཉན་ཐོས་སྡེ་པའི་རྒོལ་བ་དགོད་པ་ནི་གལ་ཏེ་ཞེས་པ་སྟེ་འབྱུང་འཇིག་མེད་ན་སྒྲིབ་པ་གང་ཞིག་སྤངས་པ་ལས་ཕུང་པོ་ལྷག་བཅས་དང་ཕུང་པོ་འགགས་པ་ལས་ལྷག་མེད་ཀྱི་མྱང་ངན་འདས་སུ་འགྱུར་བར་འདོད་ན་གཉིས་པོ་དེའང་ཁྱེད་ལ་མེད་པར་འགྱུར་ཏེ་སྟོང་པ་ལ་དེ་མི་རུང་བའི་ཕྱིར་རོ་ཞེ་ན། འདི་ལ་སློབ་དཔོན་ཉེས་པ་མཚུངས་པ་ཁོ་ནས་ཕ་རོལ་ཆོམས་པར་འགྱུར་བས་སྐྱོན་གཞན་མི་དགོས་སོ་སྙམ་པས་གལ་ཏེ་ཞེས་གསུངས་ཏེ་མི་སྟོང་པ་ནི་རང་བཞིན་ཏེ་ཁྱེད་ལའང་མྱ་ངན་འདས་མེད་པར་འགྱུར་ཏེ་རང་བཞིན་ལ་གཉིས་པོ་དེ་མི་རུང་བའི་ཕྱིར་རོ། །ཞེས་སྟོན་པ་ཡིན་ནོ། །འོ་ན་ཁྱེད་མྱང་འདས་ཇི་ལྟར་འདོད་ཅེ་ན། དེ་ལ་ཀུན་རྫོབ་ཏུ་ནི་ལམ་བསྒོམས་པས་ཉོན་མོངས་པ་ཟད་པ་ཙམ་ལ་ལྷག་བཅས་དང་ཕུང་པོ་ཟད་པ་ལ་ལྷག་མེད་དུ་འདོད་དོ། །ཇི་སྐད་དུ་གང་པོའི་རྟོགས་བརྗོད་ལས། །མ་ཞུམ་པ་ཡི་ལུས་ཀྱི་ནི། །ཚོར་བ་དང་དུ་ལེན་པ་ན། །དེ་ཡི་སེམས་ནི་རྣམ་གྲོལ་བ། །མར་མེ་ཤི་བར་གྱུར་པ་བཞིན། །བྱ་བ་དང་། ཡང་ལུས་ཞིག་ཚོར་བ་བསིལ་བར་འགྱུར། །འདུ་ཤེས་འགགས་ཤིང་འདུ་བྱེད་ཞིག །རྣམ་པར་ཤེས་པ་ནུབ་གྱུར་པ། །འདི་འདྲ་འདི་དག་ཡང་དག་མཐའ། །ཞེས་བཤད་པ་བཞིན་ནོ། །བྱ་བ་ཅི་ཡང་བྱ་བ་དང་མི་བྱེད་པ་བྱེད་པོར་འགྱུར་བ་ནི་རྒྱུའི་རང་བཞིན་ལ་བྱ་བྱེད་མེད་ཀྱང་འབྲས་བུར་འབྱུང་བའི་ཕྱིར་རོ། །རང་བཞིན་ནི་གཞན་དུ་མི་འགྱུར་ལ་སྐྱེ་འགག་མེད་པས་དངོས་ཉིད་ཡོད་ན་ཞེས་སྦྱར་ཏེ་འགྲོ་བ་རྣམས་ནི་མ་སྐྱེས་པ་ལའང་སྦྱར་རོ། །ཡང་རྟེན་འབྲེལ་གྱི་སྟོང་པ་ཡོད་མིན་ན་འཁོར་འདས་ཀྱི་མ་ཐོབ་པ་ཐོབ་པར་བྱ་བ་དང་སྡུག་བསྔལ་ཟད་པར་བྱེད་པའི་འཁོར་འདས་ཀྱི་ལས་དང་ཉོན་མོངས་པ་སྤོང་བའང་མེད་པར་འགྱུར་ཏེ་དེ་དག་ཐམས་ཅད་རྟེན་འབྲེལ་གྱིས་བྱེད་པ་ལས་དེ་མེད་པའི་ཕྱིར་རོ། །རང་བཞིན་ཡོད་པ་ལ་སྐྱོན་དེ་སྙེད་དུ་འགྱུར་བའི་རྒྱུ་མཚན་དེའི་ཕྱིར་གང་ཟག་གང་གི་རྟེན་འབྲེལ་སྒྱུ་མའི་དཔེ་བརྒྱད་དང་འདྲ་བར་མཐོང་བ་དེས་ནི་བདེན་པ་བཞི་ཇི་ལྟ་བ་བཞིན་མཐོང་བ་ཡིན་ཏེ་འཁོར་འདས་ཀྱི་རྟེན་འབྲེལ་གྱི་ཆོས་ཐམས་ཅད་མདོར་བསྡུས་པ་ནི་བདེན་བཞི་ཡིན་ལ་དེ་རང་བཞིན་མེད་པར་མཐོང་བའི་ཕྱིར་རོ། །རྒོལ་ལན་འདི་དག་སེམས་ཙམ་པ་དང་སྦྱོར་བ་དེ་ནི་ནོར་བ་ཡིན་ཏེ་འདི་དག་འཛིན་ནི་དབུ་མ་པ་ལྟར་རང་བཞིན་མེད་པར་སྨྲ་ལ་གཉིས་མེད་ཀྱི་ཤེས་པ་ཡོད་མེད་ཀྱི་སྟེང་ནས་འདིར་རྒོལ་ལན་བྱས་པ་མེད་དོ། །རྣམ་ངེས་ལས། གཟུང་དང་འཛིན་པ་མེད་པའི་ཕྱིར། །དེ་ནི་དེ་ལྟར་རང་ཉིད་གསལ། །ཞེས་བཤད་པ་ཡིན་ནོ། །དེས་ན་ཉན་ཐོས་སྡེ་པ་གཟུང་འཛིན་གཉིས་སྣང་གི་རང་བཞིན་དུ་གྲུབ་པའི་བདེན་བཞི་འདོད་པ་དེ་བཀག་ནས་རང་བཞིན་མེད་པའི་བདེན་བཞི་བཤད་པ་ཡིན་ནོ། །ཞེས་དོན་དམ་པར་ནི་སྤངས་བྱ་སྤངས་པ་མེད་པ་འཐོབ་བྱ་ཐོབ་པ་མེད་པ་རྟག་ཆད་དང་སྐྱེ་འགག་མེད་པ་དེར་འདོད་དེ་མདོ་ལས་སྔར་བསྟན་པ་གཉིས་དང་མི་གནས་པའི་མྱང་འདས་ཆོས་སྐུ་དང་། རང་བཞིན་གྱི་མྱང་འདས་ཆོས་ཀྱི་དབྱིངས་བཞི་གསུངས་པ་ལས་ཐ་མ་འདི་བསྟན་པ་ཡིན་ནོ། །སྲིད་ཞིར་མི་གནས་པའི་མྱ་ངན་འདས་ཆོས་སྐུ་ནི་སྐུ་གསུམ་གྱི་བསྟོད་པར་བལྟའོ། །ཡང་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ་མྱང་འདས་ནི་སོ་སོར་བརྟགས་འགོག་བྲལ་བ་རྟག་པའི་རྫས་དགེ་བ་ཡིན་ལ་དེ་ནི་འདུས་མ་བྱས་རྫས་གྲུབ་སྤང་བྱ་བཀག་པ་སྤང་བྱའི་གྲངས་དང་མཉམ་པ་ཕྲུགས་ཤད་ཀྱི་སོ་གཟིངས་པ་འདྲ་བ་འདོད་དོ། །མཛོད་ལས། སོ་སོར་བརྟགས་པས་འགོག་པ་ནི། །བྲལ་བའོ་སོ་སོ་སོ་སོ་ཡིན། །ཞེས་བཤད་དོ། །དེ་འགོག་པ་ནི་མྱ་ངན་འདས་པ་དངོས་པོ་མིན་ཏེ་ཡིན་ན་རྒ་ཤི་སྟེ་འགྱུར་བའི་མཚན་ཉིད་དུ་ཐལ་ལ་འགྱུར་བ་མེད་པའི་དངོས་པོ་ནི་མེད་དོ། །དེ་བཞིན་དུ་དེ་འདུས་བྱས་སུ་འགྱུར་བ་དང་། ཡང་མྱ་ངན་འདས་དེ་ཇི་ལྟར་བརྟེན་ནས་འབྱུང་བ་མིན་ཏེ་བརྟེན་ནས་འབྱུང་བར་འགྱུར་རོ། །ཞེས་སྦྱར་ཏེ་རྐང་པ་སྔ་མ་རྟགས་དང་ཕྱི་མ་གཉིས་ཁྱབ་པར་སྦྱར་རོ། །ཡང་གོས་དམར་སྡེ་མྱང་འདས་མར་མེ་ཤི་བ་བཞིན་དང་། མདོ་སྡེ་པ་ཉོན་མོངས་པ་སྐྱེ་བ་མེད་པ་ཙམ་གྱི་དངོས་མེད་དུ་འདོད་པ་འགོག་པ་ནི། གལ་ཏེ་དེ་དངོས་པོ་མིན་ན་དངོས་མེད་དུ་ཇི་ལྟར་རུང་ཞེས་བསྟན་ནས་གང་ལ་དེ་དངོས་པོ་ཡིན་པར་འདོད་པ་དེ་ལ་དེ་དངོས་མེད་དུ་ཡོད་མ་ཡིན་ཏེ་དངོས་པོ་གཞན་དུ་འགྱུར་བ་དངོས་མེད་ཡིན་པ་ལ་དངོས་པོར་མ་གྲུབ་པའི་ཕྱིར་རོ། །ཡང་དེ་དངོས་པོ་མིན་ན་ཇི་ལྟར་དེ་བརྟེན་པ་མིན་པར་འགྱུར་ཏེ་བརྟེན་པ་མ་ཡིན་པའི་དངོས་མེད་མེད་པའི་ཕྱིར་དེར་འཇོག་པ་དངོས་པོ་ལ་ལྟོས་པའི་ཕྱིར་རོ། །རི་བོང་གི་རྭ་ལ་སོགས་མི་སྲིད་པ་རྣམས་ནི་སྒྲ་ཙམ་ཡིན་གྱི་དངོས་མེད་ཀྱང་མ་ཡིན་པའི་ཕྱིར། གང་ལའང་མི་ལྟོས་པས་རྟེན་འབྲེལ་མ་ཡིན་ནོ། །འོ་ན་མྱང་འདས་གང་ཡིན་ཞེ་ན་ཚེ་སྔ་མ་ནས་འདིར་འོང་བ་སྟེ་སྐྱེ་བ་དང་ནི་འདི་ནས་ཕྱི་མར་འགྲོ་བ་སྟེ་འཆི་བའི་དངོས་པོ་རིང་ཐུང་ལྟར་ཕན་ཚུན་བརྟེན་ནས་བརྟགས་པའམ་མར་མེ་དང་འོད་ལྟར་སྔ་ཕྱི་རྒྱུ་འབྲས་སུ་བྱས་ནས་འཁོར་བར་བཏགས་པ་གང་ཡིན་པ་དེ་ཕན་ཚུན་བརྟེན་མིན་དང་རྒྱུ་དང་འབྲས་བུར་བཅས་པ་མིན་ཏེ་གཉིས་པོ་རྒྱུན་ཆད་ཅིང་ལོག་པ་དེ་མྱ་ངན་འདས་ཡིན་པར་ཀུན་རྫོབ་ཏུ་བསྟན་ཅིང་རྣམ་པར་བཞག་གོ །རྒྱུན་ཆད་ནས་མེད་པ་ཙམ་ནི་དངོས་མེད་དུ་བཞག་པར་མི་དུས་ཏེ་མེད་པ་ཙམ་དངོས་མེད་ཡིན་ན་མི་སྲིད་པ་རྣམས་ཀྱང་དངོས་མེད་དུ་འགྱུར་བའི་ཕྱིར་དང་། དངོས་པོ་གཞན་དུ་འགྱུར་བ་དེ་ལ་མེད་པའི་ཕྱིར་རོ། །ཡང་འབྱུང་འཇིག་སྟེ་འཁོར་བའི་སྐྱེ་འཆི་ནི་སྤང་བར་སྟོན་པས་ཉན་ཐོས་རྣམས་ལ་བཀའ་བསྩལ་ཏེ་དགེ་སློང་དག་སྐྱེ་བ་དང་འཆི་བའི་སྡུག་བསྔལ་ཟད་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་ཕུང་པོ་ལྷག་མེད་དུ་འཆི་བ་ནི་མྱང་འདས་མ་ཡིན་ཏེ་འཆི་བ་སྤང་བྱར་གསུངས་ནས་མྱང་འདས་སྤང་བྱར་མ་གསུངས་པའི་ཕྱིར་རོ། །དེའི་ཕྱིར་མྱང་འདས་ནི་དངོས་པོ་དང་དངོས་མེད་གཉིས་ཀ་མིན་པར་རིགས་ཏེ་རིན་ཆེན་ཕྲེང་བ་ལས། །མྱ་ངན་འདས་པ་དངོས་མེད་པའང་། །མིན་ན་དེ་དངོས་ག་ལ་ཡིན། །དངོས་དང་དངོས་པོ་མེད་འཛིན་པ། །ཟད་པ་མྱ་ངན་འདས་ཞེས་བྱ། །ཞེས་བཤད་དོ། །ཡང་བྱེ་བྲག་ཏུ་སྨྲ་བ་མི་སློབ་པའི་རྒྱུད་ལ་ཡོད་པའི་སོ་སོར་བརྟགས་འགོག་འདུས་མ་བྱས་རྟག་པའི་རྫས་ནི་དངོས་པོ་ཡིན་ལ་ཉོན་མོངས་པ་དང་སྐྱེ་བ་ཟད་པ་ནི་དངོས་མེད་ཡིན་པས་དེ་དངོས་དང་དངོས་མེད་གཉིས་ཀ་ཡིན་པར་འདོད་ན། དེ་གཉིས་ཐར་པར་འགྱུར་ན་དེ་མི་རིགས་ཏེ། དངོས་པོ་དངོས་མེད་འགལ་བ་གཉིས་རྒྱུད་གཅིག་ཏུ་དུས་གཅིག་ཏུ་མི་སྲིད་པའི་ཕྱིར་རོ། །སོ་སོར་བརྟགས་འགོག་རྟག་པའི་རྫས་འགོག་པ་དབུ་མ་རྒྱན་ནས། །བསྒོམས་ལས་བྱུང་བའི་ཤེས་པ་ཡི། །ཤེས་བྱ་འདུས་མ་བྱས་སྨྲ་བའི། །ལུགས་ལའང་གཅིག་མིན་དེ་དག་ནི། །རིམ་ཅན་ཤེས་དང་འབྲེལ་ཕྱིར་རོ། །ཞེས་གཅིག་དང་དུ་བྲལ་གྱི་བཀག་གོ །གཞན་ཡང་དེ་ལ་རྟེན་མིན་ནས་བརྟེན་འབྱུང་དུ་ཐལ་ཏེ་དེ་གཉིས་ལ་བརྟེན་ནས་གནས་པའི་ཕྱིར་རོ། །ཡང་དེ་ལྟ་ན་ཁྱེད་མྱ་ངན་འདས་པ་འདུས་མ་བྱས་སུ་འདོད་ལ་དངོས་དང་དངོས་མེད་ནི་འདུས་བྱས་ཡིན་པས་དེ་གཉིས་འགལ་ལོ། །དངོས་མེད་འདུས་བྱས་ཡིན་པ་ནི་དངོས་པོ་གཞན་དུ་འགྱུར་བ་ལ་ལྟོས་པའི་ཕྱིར་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་རྒ་ཤི་དངོས་པོ་གཞན་དུ་འགྱུར་བ་དེ་སྐྱེ་བས་བྱས་པར་གསུངས་པའི་ཕྱིར་རོ། །གལ་ཏེ་མྱང་འདས་ཀྱི་ངོ་བོ་དེ་གཉིས་མ་ཡིན་ཀྱང་དེ་ལ་དེ་གཉིས་ཡོད་པར་འདོད་དོ་ཞེ་ན་འགལ་བ་གཉིས་གཅིག་ལ་མེད་དེ་སྣང་མུན་བཞིན་ནོ། །གནས་མ་བུ་པ་དེ་གཉིས་ཀར་བརྗོད་དུ་མེད་པར་འདོད་པ་འགོག་པ་ནི་དེ་དངོས་པོ་མེད་པའང་མིན་པར་སྟོན་པ་དེ་དགག་བྱ་དེ་གཉིས་གྲུབ་ན་འགྲུབ་པར་འགྱུར་ན་དགག་བྱ་མེད་པའི་བཀག་པ་མེད་དོ། །གཞན་ཡང་དེ་གཉིས་ཀར་བརྗོད་དུ་མེད་པའི་མྱང་འདས་དེ་དེ་ལྟར་ཡོད་དོ། །ཞེས་སྒྲུབ་བྱེད་གང་གི་མངོན་ཅིང་གསལ་བར་བྱེད། དེ་ཡོད་ན་ནི་མྱང་འདས་ཐོབ་པ་ན་ཕུང་པོ་མེད་པར་བརྗོད་དུ་མེད་པའི་བདག་ཡོད་པར་འགྱུར་རོ། །ཡང་དེ་རྣམ་ཤེས་སམ་ཡེ་ཤེས་ཀྱིས་གཅོད་པར་བྱེད་གྲང་རྣམ་ཤེས་ནི་མཚན་མ་ལ་དམིགས་པ་ཡིན་ལ་མྱང་འདས་ལ་མཚན་མ་མེད་པས་མཚན་འཛིན་གྱིས་མཚན་མེད་མི་གཅོད་དོ། །ཡེ་ཤེས་ནི་མཚན་མ་མེད་པ་ལ་དམིགས་པ་ཡིན་ན་གཉིས་ཀ་མ་ཡིན་པའི་མཚན་མ་ཇི་ལྟར་འཛིན། འཛིན་ན་ནི་ཡེ་ཤེས་མ་གྲོལ་བར་འགྱུར་ཏེ་གཉིས་ཀར་བརྗོད་དུ་མེད་པའི་བདག་ལ་འཛིན་པའི་ཕྱིར་རོ། །དེས་ན་སྒྲུབ་བྱེད་མེད་པའི་བསྒྲུབ་བྱ་དེ་མི་འགྲུབ་བོ། །མྱང་འདས་ཀྱི་མཐར་ཐུག་ནི་སངས་རྒྱས་ཡིན་པས་དེ་ལའང་མུ་བཞི་པོ་དེ་མེད་དོ་ཞེས་སྟོན་པ་ནི་བཅོམ་ལྡན་ཞེས་པ་སྟེ་འདས་བཞུགས་གཉིས་ཀ་ལ་མེད་པ་སྟེ་དེ་བཞིན་གཤེགས་པ་བརྟག་པ་བཤད་ཟིན་ཏོ།།  །།དེས་ན་འཁོར་འདས་གཉིས་ཀ་དོན་དམ་པ་རིགས་པའི་ངོ་ན་མུ་བཞི་པོ་དེ་མེད་པར་ཁྱད་པར་མེད་དོ་ཞེས་སྟོན་པ་ནི་འཁོར་བ་ཞེས་པའོ། །དེ་གཉིས་ཐོག་མཐའ་མེད་པར་ཡང་མཉམ་མོ་ཞེས་སྟོན་པ་ནི། མྱ་ངན་འདས་ཞེས་པ་སྟེ་མཐའ་ནི་ཐོག་མ་དང་མཐའ་མའི་མཐའ་འོ། །ཁྱད་པར་མེད་པ་ནི་དེ་གཉིས་ཀའི་ཅི་རིགས་ལ་སྟེ་གང་ཟག་བྱེ་བྲག་པ་ལ་ནི་འཁོར་བའི་ཆོས་ཟད་པ་དེ་ནི་མྱང་འདས་ཀྱི་མཐའ་ཡིན་ནོ། །རང་འགྲེལ་དང་ཤེས་རབ་སྒྲོན་མ་ནས་འཁོར་འདས་གཉིས་དང་དེ་གཉིས་ཀྱི་ཐོག་མཐའ་ཐམས་ཅད་སྟོང་ཉིད་དུ་མཉམ་པ་ལ་འཆད་དོ། །ཡང་འགགས་པར་གྱུར་ནི་དེ་བཞིན་གཤེགས་པ་འདས་ནས་ཡོད་པ་དང་མེད་པ་དང་དེ་གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་པ་བཞི་ནི་མྱ་ངན་འདས་ལ་བརྟེན་པ་བཞིའོ། །མཐའ་སོགས་ཏེ་འཇིག་རྟེན་མཐའ་ཡོད་པ་དང་མེད་པ་དང་དེ་གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་པ་བཞི་ནི་ཕྱི་མའི་མཐའ་ལ་བརྟེན་པ་བཞིའོ། །རྟག་སོགས་ནི་འཇིག་རྟེན་རྟག་པ་དང་མི་རྟག་པ་དང་དེ་གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་པར་ལྔ་པ་ནི་སྔོན་གྱི་མཐའ་ལ་རྟེན་པ་བཞི་སྟེ། ཕྱི་མ་དེ་གཉིས་མ་འོངས་པ་དང་འདས་པའི་སྐྱེ་བ་ཕྱོགས་རེ་ཙམ་མཐོང་ནས་དེ་ལྟར་ལྟ་བ་ཡིན་གྱི་ཕྱི་རོལ་པའི་དྲང་སྲོང་མངོན་ཤེས་ཅན་རྣམས་ལས་བྱུང་བའི་ལྟ་བ་ཡིན་ནོ། །དེ་ལ་དངོས་པོ་ཐམས་ཅད་སྟོང་པར་མཉམ་པ་ལ་བྱ་བ་དང་ལུས་དང་སྲོག་དེ་ཉིད་གཅིག་པ་དང་གཞན་ཐ་དད་པ་ཞེས་སྦྱར་ཏེ་ལུང་མ་བསྟན་གྱི་དངོས་པོ་བཅུ་བཞིའང་རང་གི་ངོ་བོ་མེད་ན་མེད་དོ། །གལ་ཏེ་མྱ་ངན་འདས་པ་མེད་ན་སངས་རྒྱས་ཀྱི་སྐུ་གསུམ་ཡང་མེད་པས་དེས་ཆོས་བསྟན་པ་མེད་པར་འགྱུར་རོ་ཞེ་ན། དེ་བཀག་པ་ནི་རིགས་པའི་མཐུས་དོན་དམ་དུ་བཀག་པ་ཡིན་ལ་དེ་ལ་དེ་གཉིས་ཀ་མེད་པར་འདོད་པ་ཡིན་ནོ། །ཞེས་སྟོན་པ་ནི་དོན་དམ་པར་བསྟན་བྱ་ཡུལ་གྱི་དམིགས་པ་ཐམས་ཅད་ཉེར་ཞི་ཞིང་སྟེ་མེད་ལ་སྟོན་བྱེད་བློ་སྒྲ་གཉིས་ཀྱི་སྤྲོས་པ་ཉེར་ཞི་ཞི་བ་སྟེ་དེ་གཉིས་ཀ་མེད་པས་དོན་དམ་ལ་སངས་རྒྱས་ཀྱི་ལྷ་མི་ལ་སོགས་པའི་ཡུལ་གང་དུའང་གདུལ་བྱ་སུ་ལའང་ཡན་ལག་བཅུ་གཉིས་ཀྱི་ཆོས་འགའ་སྟེ་གཅིག་ཀྱང་མ་བསྟན་ཏོ། །འོན་ཏེ་ཀུན་རྫོབ་ཏུའང་སྐུ་གསུམ་གྱི་མྱང་འདས་མེད་པས་ཟེར་ན་རྟགས་མ་གྲུབ་སྟེ། སྐུ་གསུམ་གྱི་བསྟོད་པ་ལས། སྐུ་གསུམ་དང་དེས་ཐེག་པ་ཆེ་ཆུང་གི་ཆོས་གསུངས་པ་གསལ་པོར་བཤད་ཅིང་རིན་ཆེན་ཕྲེང་བ་ལས། ཡེ་ཤེས་བསམ་མི་ཁྱབ་པའི་ཡུལ། །རྣམ་པ་ཐམས་ཅད་མཁྱེན་ཉིད་འཐོབ། །ཅེས་བཤད་པའི་ཕྱིར་རོ། །ཡང་ན་ཀུན་རྫོབ་ཏུའང་བདེན་པའི་དམིགས་པ་དང་བདེན་འཛིན་གྱི་སྤྲོས་པ་ཞི་བས་བདེན་པའི་ཆོས་འགའང་མ་བསྟན་ཞེས་བཤད་པར་བྱའོ། །འདི་ལ་སློབ་དཔོན་སྣང་བྲལ་གྱིས་སྨོན་ལམ་དང་གདུལ་བྱའི་དབང་གིས་དེ་ལྟར་སྣང་གི་དོན་ལ་གསུངས་པ་མེད་པ་དང་སྔོན་གྱི་སངས་རྒྱས་རྣམས་ཀྱིས་གསུངས་པ་ལས་གཞན་མ་བསྟན་པ་དང་སློབ་དཔོན་ཟླ་གྲགས་ཀྱིས་གསང་བའི་མདོ་ལས་ཡི་གེ་གཅིག་ཀྱང་མ་གསུངས་པ་ལ་སོགས་པའི་བཤད་པ་དུ་མ་བྱས་མོད་ཀྱི་དེ་དག་གི་སྐབས་ཀྱི་རྒོལ་བའི་ལན་མི་ཐེབས་ཏེ། ཀུན་རྫོབ་ཏུའང་མ་གསུངས་པར་འདོད་ན་ཆད་ལྟར་འགྱུར་ཏེ་གསུང་རབ་ཐམས་ཅད་ལས་གསུངས་པར་བཤད་ཅིང་སྡུད་པ་པོས་ཀུ་སུ་ལ་འགྲེལ་པ་མཁན་པོས་ཀྱང་བཤད་པའི་ཕྱིར་རོ། །དོན་དམ་པར་མ་གསུངས་པས་ནི་ཀུན་རྫོབ་ཏུ་ཆོས་མ་བསྟན་པར་ཐལ་བའི་ལན་མི་ཐེབས་ལ་བདེན་གཉིས་ཕྱེ་ནས་ནི་ལན་བཏབ་པ་མེད་དོ། །ཁོ་བོ་ནི་རྒོལ་བ་འདི་དང་གཞན་ལ་ཡང་བདེན་གཉིས་ཕྱེ་ནས་ལན་འདེབས་ཏེ་གསེར་འོད་དམ་པ་ལས། དེ་བཞིན་གཤེགས་པའི་ཤེས་རབ་སྤྱན། །ཆོས་ཀྱི་མཚན་ཉིད་གཅིག་མི་གཟིགས། །ཡང་དག་ཆོས་ཀྱི་སྤྱན་གྱི་ནི། །ཀུན་ཏུ་གསལ་བ་བསམ་མི་ཁྱབ། །ཅེས་བཤད་པ་བཞིན་ནོ། །ཉི་ཤུ་རྩ་ལྔ་པ་མྱང་འདས་བརྟག་པ་བཤད་ཟིན་ཏོ།།  །།

ཡན་ལག་བཅུ་གཉིས་བརྟག་པ།

དེ་ལྟར་རབ་ཏུ་བྱེད་པ་ཉི་ཤུ་རྩ་ལྔས་ཐེག་པ་ཆེན་པོའི་དོན་དམ་ལ་འཇུག་པ་བཤད་ནས་གཉིས་ཀྱིས་ཉན་ཐོས་ཀྱི་དོན་དམ་པ་ལ་འཇུག་པ་བསྟན་ཏོ། །རྟེན་འབྲེལ་བཅུ་གཉིས་པོ་འདི་སེམས་འགྲེལ་ལ་སོགས་པ་གཞན་དུ་ཆོས་ཀྱི་བདག་མེད་དུ་བཤད་ཀྱང་རབ་ཏུ་བྱེད་པ་འདི་དང་རྟེན་འབྲེལ་གྱི་སྙིང་པོ་བཤད་པའི་གཞུང་གཉིས་ནི་གང་ཟག་གི་བདག་ཁོ་ན་སྟོན་པའི་དབང་དུ་བྱས་པར་རང་འགྲེལ་ལས་བཤད་དོ། །དེའི་ཕྱིར་ཚིག་གསལ་ལས་སྔར་རྟེན་འབྲེལ་སྟོང་ཉིད་དུ་བཤད་པ་དང་རྟེན་འབྲེལ་མཐོང་བས་བདེན་བཞི་མཐོང་བར་བཤད་པ་དེ་འདི་ཡིན་ནོ། །ཞེས་བཤད་པ་ནི་ནོར་བ་ཡིན་ཏེ་དེ་གཉིས་ནི་རྟེན་འབྲེལ་སྤྱིའི་དབང་དུ་བྱས་ནས་བཤད་པ་ཡིན་ནོ། །འདིས་ནི་ཀུན་ནས་ཉོན་མོངས་པའི་འཁོར་བ་མི་རྟག་པ་དུ་མ་གཞན་དབང་ཅན་གང་ཟག་གི་བདག་མེད་ཁོ་ན་བཤད་ཀྱི་འདི་དང་རྟེན་ཆུང་གཉིས་ཀས་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་གསུམ་པོ་དེར་ཡང་མ་གྲུབ་པའི་ཆོས་ཀྱི་བདག་མེད་ཅུང་ཟད་ཀྱང་མ་བཤད་པའི་ཕྱིར་རོ། །དེས་ན་འདི་མུ་སྟེགས་བྱེད་འགྲོ་བ་ཐམས་ཅད་བདག་དང་གཙོ་བོ་དང་དབང་ཕྱུག་དང་ཁྱབ་འཇུག་དང་དུས་དང་སྒྲའི་ཚངས་པ་དང་རྡུལ་ཕྲ་རབ་དང་འདོད་རྒྱལ་དང་ངོ་བོ་ཉིད་དང་གནམ་གྱིས་བསྐོས་པ་དང་གྱི་ན་དང་རྒྱུ་མེད་པ་ལས་བྱུང་བ་དེ་བཀག་ནས་ཕུང་པོ་གང་ཟག་གི་བདག་དང་བདག་གི་མེད་པར་སྟོན་པ་ཡིན་ཏེ་འཁོར་བ་ཐམས་ཅད་མ་རིག་པས་བྱས་པ་དང་མྱ་ངན་ལས་འདས་པ་ཐམས་ཅད་བདག་མེད་པར་ཤེས་པ་ལས་བྱུང་བ་བསྒྲུབ་པས་དེ་དག་ལས་སྐྱེ་བ་ཁེགས་པའི་ཕྱིར་རོ། །དེའི་ཕྱིར་ཐེག་པ་ཆེན་པོའི་མདོ་རྣམས་ནས་ཡན་ལག་བཅུ་གཉིས་རང་བཞིན་མེད་པར་གསུངས་པ་དེའི་དགོངས་པ་སྟོན་པ་མ་ཡིན་གྱི་འོན་ཀྱང་ས་ལུ་ལྗང་པ་དང་རྣམ་པར་དབྱེ་བའི་མདོ་ལ་སོགས་པ་ཐེག་ཆུང་བའི་གསུང་རབ་འཆད་པ་ཡིན་ནོ། །དེ་ལ་འཁོར་བ་སྤྱིའི་མཚན་ཉིད་འཆད་པ་ན་བྱིས་པ་སོ་སོའི་སྐྱེ་བོ་རྣམས་འཁོར་བ་ཐོག་མ་མེད་པ་ནས་མ་རིག་པས་བདག་མེད་པ་མཐོང་བ་ལ་བསྒྲིབས་པའམ་ཡང་ན་དེས་རིག་པ་བཏུམས་པ་སྟེ་མདོ་ལས་སེམས་ཅན་མ་རིག་པའི་སྒོ་ངའི་སྦུབ་ན་གནས་པ་ཞེས་འབྱུང་བ་ཡིན་ནོ། །འདིར་ཐེག་པ་ཆུང་ངུའི་མངོན་པ་ལས་མ་རིག་པ་རིག་པའི་མི་མཐུན་ཕྱོགས་ཙམ་ལ་བྱེད་པ་དེ་ནི་ནོར་བ་ཡིན་ཏེ་བེམས་པོ་དང་དངོས་མེད་རྣམས་ཀྱང་མ་རིག་པར་ཐལ་བའི་ཕྱིར་དང་། ཡེ་ཤེས་ཀྱི་མི་མཐུན་ཕྱོགས་ལ་འདོད་ན་ཉོན་མོངས་པ་ཐམས་ཅད་མ་རིག་པར་འགྱུར་བའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་འཛིན་པ་ཙམ་ཀྱང་མ་རིག་པ་མ་ཡིན་ཏེ་ལྟ་བ་ཐམས་ཅད་དང་ཉོན་མོངས་པ་ཕལ་ཆེར་ཀྱང་ཕྱིན་ཅི་ལོག་ཏུ་འཛིན་པའི་ཕྱིར་རོ། །དེས་ན་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཕྱིན་ཅི་ལོག་མང་པོ་མ་རིག་པར་བཤད་པའང་ཡོད་མོད་ཀྱི་ངེས་པའི་དོན་ནི་ཐེག་པ་ཆེན་པོའི་མངོན་པ་ལས་ཁམས་གསུམ་པའི་མི་ཤེས་པ་ལ་བཤད་དོ། །འདིས་ནི་དགྲ་བཅོམ་པའི་མི་ཤེས་པ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་སེལ་བར་བྱེད་དོ། །དེ་འཁོར་བའི་རྩ་བའི་མ་རིག་པ་ཡིན་ན་དེ་འཁོར་བ་ལས་མ་ཐར་བ་ཐར་བར་འགྱུར་རོ། །དེས་ན་འཁོར་བའི་རྩ་བའི་མ་རིག་པ་ལ་གཉིས་ལས་རྒྱུ་འབྲས་ལ་རྨོངས་པའི་མ་རིག་པ་ནི་དེ་མི་ཤེས་པ་སྟེ་དེས་ནི་ངན་འགྲོ་དང་མཐོ་རིས་ཀྱི་རྟེན་ལ་སྡུག་བསྔལ་འབྱུང་བའི་ལས་གསོག་པར་བྱེད་ལ། དེ་ཁོ་ན་ལ་རྨོངས་པའི་མ་རིག་པ་ནི་བདག་མེད་གཉིས་མི་ཤེས་པ་སྟེ་དེས་དགེ་བ་དང་མི་གཡོ་བའི་ལས་གསོག་པར་བྱེད་དོ། །ཇི་སྐད་དུ་སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་འབྱུང་བ་ཡིན་ནོ། །དེ་འདྲ་བའི་མ་རིག་པ་གཉིས་ཀྱིས་ཡང་སྲིད་པ་གསུམ་དུ་སྐྱེ་བ་བླངས་པའི་ཕྱིར་ཏེ་ཆེད་དུ་འདུ་བྱེད་རྣམ་གསུམ་སྒོ་གསུམ་གྱི་ལས་གསུམ་མམ། དགེ་མི་དགེ་མི་གཡོ་བ་གསུམ་འདུ་བྱེད་དེ་སྒྲུབ་པར་བྱེད་པའི་ལས་དེས་འགྲོ་བར་འགྲོ་སྟེ་མི་དགེ་བས་ངན་འགྲོ་དང་དགེ་བས་འདོད་པའི་ལྷ་མི་དང་། བསམ་གཏན་དང་གཟུགས་མེད་སྒོམ་པའི་མི་གཡོ་བས་གཟུགས་དང་གཟུགས་མེད་པར་སྐྱེའོ། །ལུང་མ་བསྟན་ནི་ས་བོན་རུལ་བ་དང་འདྲ་ལ་ཟག་མེད་ཀྱི་ལས་ནི་སྲེད་པའི་རླན་མེད་པས་འཁོར་བར་སྐྱེ་མི་ནུས་སོ། །དེ་འདྲ་བའི་འདུ་བྱེད་རྐྱེན་ཅན་ལས་ཀྱི་བག་ཆགས་ཅན་གྱི་རྣམ་པར་ཤེས་པ་འགྲོ་བ་རྣམས་སུ་འཇུག་པ་ནི་ཀུན་གཞི་མི་འདོད་པ་རྣམས་ཡིད་ཤེས་སུ་འདོད་ལ་སློབ་དཔོན་ནི་ཀུན་གཞི་བཞེད་དེ་སེམས་འགྲེལ་ལས། དཔེར་ན་ཁབ་ལེན་གྱིས་དྲངས་པས། ལྕགས་ནི་མྱུར་དུ་ཡོངས་སུ་གཡོ། །དེ་ལ་སེམས་ནི་ཡོད་མིན་ཡང་། །སེམས་དང་བཅས་པ་བཞིན་དུ་སྣང་། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །རྫུན་ཡང་བདེན་པ་ལྟ་བུར་ནི། །འགྲོ་དང་འོང་བས་རྣམ་གཡོ་ཞིང་། །རྟག་ཏུ་སྲིད་པ་གསུམ་པོ་ལེན། །དཔེར་ན་རྒྱ་མཚོས་མཐའ་གཏུགས་པའི། །ས་ཡང་གཡོ་བར་བྱེད་པ་ལྟར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ཀྱང་། །རྟེན་གྱི་ལུས་ནི་གཡོ་བར་བྱེད། །བྱ་བ་དང་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས། །ས་བོན་གྱུར་པ་ཁམས་དེ་ཉིད། །ཆོས་རྣམས་ཀུན་གྱི་རྟེན་དུ་འདོད། །རིམ་གྱིས་སྦྱངས་པར་གྱུར་པ་ལས། །སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །ཞེས་བཤད་པའི་ཕྱིར་དང་ཁམས་དང་ཀུན་གཞི་ནི་གཅིག་ཏུ་རྒྱུད་བླ་མ་དང་ཐེག་བསྡུས་དང་སྟུག་པོ་བཀོད་པ་དང་ལང་ཀར་གཤེགས་པའི་མདོ་ལ་སོགས་པ་ནས་བཤད་པའི་ཕྱིར་རོ། །སློབ་དཔོན་གྱིས་སངས་རྒྱས་ཀྱི་གསུང་རབ་ནས་འབྱུང་བ་བཀག་པ་དེ་ཐམས་ཅད་ནི་དོན་དམ་དུ་བཀག་པ་ཡིན་གྱི་དོན་དམ་དུ་བཀག་པ་ཐམས་ཅད་ཀུན་རྫོབ་ཏུ་མི་འདོད་ན་ནི་སློབ་དཔོན་གྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀུན་རྫོབ་ཏུའང་མི་འདོད་པས་ཆད་ལྟ་ཆེན་པོར་འགྱུར་རོ། །ཡིད་ཤེས་ནི་མི་བརྟན་པས་བག་ཆགས་ཆུད་ཟོས་པར་འགྱུར་ལ་དེ་བསགས་པས་ན་རྣམ་པར་ཤེས་པ་ཞེས་བྱ་བ་ནི་ཀུན་གཞི་ལས་ཚོགས་དྲུག་ལ་བཤད་དུ་མི་རུང་སྟེ་དེ་དག་ནི་ཡུལ་རྣམ་པར་རིག་པས་རྣམ་པར་ཤེས་པ་ཞེས་སློབ་དཔོན་རྣམས་འཆད་པའི་ཕྱིར་རོ། །སེམས་འགྲེལ་ལས། སེམས་ནི་བག་ཆགས་དག་གིས་བསགས། །བག་ཆགས་བྲལ་བ་བདེ་བ་སྟེ། །ཞེས་བཤད་དོ། །དེས་ན་རྣམ་ཤེས་ཚོགས་དྲུག་ཀུན་གཞི་དང་སྐྱེ་འགག་ལྷན་ཅིག་ཏུ་བྱས་པས་དེ་གཉིས་ཀྱི་བག་ཆགས་དེ་ལ་འགོས་པ་ཅན་དེ་འགྲོ་བར་འཇུག་ཅིང་འཁོར་བ་ཡིན་ནོ། །འདི་ལ་ཐེག་པ་ཆེ་ཆུང་གི་སློབ་དཔོན་རྣམས་འདོད་པ་ཐ་དད་པར་གྱུར་ཏེ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་རྣམས་ནི་འདོད་གཟུགས་གཉིས་སུ་སྐྱེ་བ་ལ་སྐྱེ་འཆི་གཉིས་ཀྱི་བར་ན་བར་དོའི་གཟུགས་ཀྱིས་སྦྲེལ་ནས་གཟུགས་རྒྱུན་མ་ཆད་པར་ཡོད་དེ་འབྲུ་ལ་སོགས་པའི་རྒྱུན་བཞིན་ནོ། །དེ་གཉིས་ནས་གཟུགས་མེད་དུ་སྐྱེ་བ་ལ་བར་དོ་མེད་ལ་གཟུགས་མེད་པ་འདོད་གཟུགས་གཉིས་སུ་སྐྱེ་བ་ལ་བར་དོ་ཡོད་དེ་ཐམས་ཅད་ཀྱང་གར་སྐྱེ་བ་དེའི་བྱད་གཟུགས་ཅན་ཡིན་ནོ་ཞེས་ཟེར་རོ། །མདོ་སྡེ་པ་ལ་སོགས་པ་རྣམས་ནི་འཆི་བའི་སེམས་ཉིད་སྐྱེ་བའི་སར་འགྲོའི་དེ་གཉིས་ཀྱི་བར་ན་བར་དོའི་གཟུགས་མེད་པར་འདོད་དོ། །སློབ་དཔོན་འདིས་བརྟེན་འབྲེལ་ལས། །ཁ་སྟོན་མར་མེ་མེ་ལོང་བརྒྱད། །མེ་ཤེལ་ས་བོན་སྐྱུར་དང་སྒྲས། །ཕུང་པོ་ཉིང་མཚམས་སྦྱོར་བ་ནི། །མི་འཕོ་བར་ཡང་མཁས་རྟོགས་བྱ། །ཞེས་བྱ་བ་དང་། འགྲེལ་པ་ལས། །འཆི་ཀའི་སེམས་ལ་རྟེན་ནས་སྐྱེ་བའི་ཆར་གཏོགས་པའི་སེམས་ཀྱང་དེ་བཞིན་ཏེ་བྱ་བ་དང་དེ་དག་གི་ཉིང་འཚམས་སྦྱོར་བ་ནི་འགགས་ནས་རྒྱུ་དེ་ལས་གཞན་དག་འབྱུང་བ་སྟེ་ཞེས་བཤད་དོ། །དེའི་དོན་ནི་འདི་ཡིན་ཏེ་དཔེ་དེ་དག་སྐྱེ་བྱེད་དེ་དག་དེར་མི་འཕོའི་སྐྱེད་བྱེད་ལ་བརྟེན་ནས་བསྐྱེད་བྱ་བར་མ་ཆད་པར་འབྱུང་བ་བཞིན་འཆི་སེམས་ཉིད་སྐྱེ་བར་མི་འཕོའི་དེ་ལས་དེ་བར་མ་ཆད་པར་འབྱུང་བ་བསྟན་ནས་བར་དོ་མེད་པར་བསྟན་ཏེ་ཡོད་ན་འཆི་སེམས་སྔོན་ལ་བར་དོར་འགྲོ་བའི་ཕྱིར་རོ། །རིན་ཆེན་འཕྲེང་བ་ལས། མནར་མེད་པར་ནི་སྤྱི་ཚུགས་འགྲོ། །ཞེས་བར་དོ་བཤད་དེ་དེའི་བར་དོ་སྤྱིའུ་ཚུགས་སུ་འགྲོ་བར་དྲན་པ་ཉེར་བཞག་ལས་བཤད་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་རྒྱུད་ལས་སྡིག་པ་སྟོབས་ཅན་མར་འགྲོ་བ་དང་དགེ་བ་སྟོབས་ཅན་ཡར་འགྲོ་བ་གཉིས་ལ་བར་དོ་མེད་ལ་གཞན་རྣམས་ལ་ཡོད་དོ་ཞེས་བཤད་དོ། །སློབ་དཔོན་སྣང་བྲལ་གྱི་འགྲེལ་པ་ལས་དེས་དེ་དག་གིས་སློབ་དཔོན་བར་དོ་མི་བཞེད་པར་བཤད་དོ། །ལས་ཀྱི་བག་ཆགས་ཅན་གྱི་རྣམ་པར་ཤེས་པ་འདོད་གཟུགས་ཀྱི་འགྲོ་བར་ཞུགས་གྱུར་ན་མིང་ལྟར་ཐོགས་མེད་དུ་འཇུག་པའི་ཕུང་པོ་བཞི་དང་གཟུགས་ནི་ཆགས་པར་འགྱུར་ཏེ་བརྫུས་སྐྱེས་ལ་མེར་མེར་པོ་ལ་སོགས་པའི་གཟུགས་མེད་དོ། །དེ་གཉིས་ཆགས་ན་དེ་ལས་སྐྱེ་མཆེད་དྲུག་འབྱུང་སྟེ་རྫུས་སྐྱེས་ལ་སྐྱེ་བ་དང་དེ་དག་འདོད་པ་དུས་གཅིག་ལ་འབྱུང་ངོ་། །དེ་ལ་བརྟེན་ནས་ཞེས་པས་བསྟན་ནས་འཆད་པ་ནི་མིག་དང་ཞེས་པ་སྟེ་དྲན་བྱེད་ནི་གཏོད་པར་བྱེད་པའི་ཡིད་དེ་གསུམ་པོ་དེ་ལས་རེག་པ་སྐྱེ་བ་ཁོ་ན་སྟེ་མི་ལྡན་རྣམ་གཅོད་དོ། །ཤིན་ཏུ་བཤད་པ་ནི་དེ་ལྟར་ཞེས་པ་སྟེ་གསུམ་པོ་འདུས་པ་སྟེ་རུང་ཡུལ་གཅིག་ཏུ་ཚོགས་པ་དེ་རེག་པའོ། །རེག་པ་ལས་བདེ་སྡུག་གི་ཚོར་བ་འབྱུང་ལ་དེ་ལས་སྲེད་པ་སྟེ་བདེ་སྡུག་གཉིས་ལ་རིམ་པ་བཞིན་མི་འབྲལ་བ་དང་བྲལ་འདོད་ཀྱི་སྲེད་པ་ཚོར་བ་སྐྱེད་བྱེད་ཀྱི་དོན་ལ་འབྱུང་ངོ་། །སྲེད་པ་ལས་ཉེར་ལེན་བཞིར་འགྱུར་བ་ནི་འདོད་ཡོན་དང་ལྟ་ངན་དང་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་བདག་ཏུ་སྨྲ་བ་ཉེ་བར་ལེན་ཏེ་བཞི་པོ་ལ་ཆགས་པའོ། །དེ་ཡོད་ན་ལེན་པ་པོ་ལ་བཞི་པོ་དེས་བསྐྱེད་པའི་སྲིད་པ་སྐྱེད་པའི་ལས་དེ་རྒྱུ་ལ་འབྲས་བུས་བཏགས་པའམ་ཡང་ན་ལས་ཀྱི་སྲིད་པ་སྟེ་སྲིད་པར་བྱེད་པས་སོ། །ལྡོག་པ་སྟོན་པ་ནི་གལ་ཏེ་ན་ཉེར་ལེན་བཞི་མེད་ན་རྒྱུད་འཆིང་བ་ལས་གྲོལ་ནས་སྲིད་པར་མི་སྐྱེ་ལ་སྲིད་པ་དེ་ཡང་གསུམ་ལས་འདོད་གཟུགས་གཉིས་ན་ཕུང་པོ་ལྔ་ཡིན་ལ་གཟུགས་མེད་ན་མིང་བཞིའི་ཕུང་པོའོ། །གོས་དམར་སྡེ་དང་ཕལ་ཆེན་སྡེ་པ་ནི་གཟུགས་མེད་ནའང་གཟུགས་ཕྲ་ཞིང་དྭངས་པ་ཡོད་པར་འདོད་དོ། །འདིར་ཚིག་གསལ་ལས་སྲིད་པའི་ལས་ལ་ཕུང་པོ་ལྔ་བཤད་པ་ནི་ནོར་བ་ཡིན་ཏེ་ཚོར་བ་དང་འདུ་ཤེས་དང་སེམས་པ་མ་གཏོགས་པའི་འདུ་བྱེད་རྣམས་དང་རྣམ་པར་ཤེས་པ་ནི་ལས་མ་ཡིན་པའི་ཕྱིར་རོ། །དེས་ན་རང་ཉིད་ཆོས་མངོན་པ་མི་ཤེས་པ་བསྟན་པར་འགྱུར་རོ། །འདིར་སྐྱེ་བ་དངོས་སུ་སྐྱེད་པའི་ལས་ཀྱི་སྲིད་པ་ནི་ལས་ཀྱི་བག་ཆགས་ཏེ་དེས་ཁམས་གསུམ་དུ་སྐྱེ་བར་འགྱུར་ལ་སྐྱེ་བའི་དངོས་རྒྱུའི་ཉོན་མོངས་པ་ནི་འདོད་ཆགས་ཡིན་ཏེ། མཛོད་ལས། བློ་ནི་ཕྱིན་ཅི་ལོག་གྱུར་པས། །རྩེ་དགས་འགྲོ་བའི་ཡུལ་དུ་འགྲོ། །བྱ་བ་དང་། རྣམ་འགྲེལ་ལས། སེམས་ཅན་གཞན་གྱིས་བཀྲི་མིན་པར། །བདག་ལ་ཆགས་པ་དང་ལྡན་པས། །བདེ་སྡུག་དོར་ཐོབ་འདོད་པས་ན། །དམན་པའི་གནས་ནི་ཡོངས་སུ་ལེན། །ཞེས་བཤད་དོ། །སྐྱེ་བ་ལས་རྒས་པ་དང་ཤི་བ་དང་སེམས་ཀྱི་གདུང་བའི་མྱ་ངན་ལ་སོགས་པ་ནི་འདོད་ཁམས་ཀྱི་དབང་དུ་བྱས་པ་ཡིན་ནོ། །རྒ་ཤི་ནས་འཁྲུག་པའི་བར་དེ་དག་སྐྱེ་ལས་ཞེས་སྦྱར་རོ། །འབའ་ཞིག་ནི་ཁོ་ན་སྟེ་བདག་དང་བདག་གི་མེད་པའམ་བདེ་བ་དང་མ་འདྲེས་པ་སྟེ་ཟག་བཅས་འགྱུར་བའི་འདུ་བྱེད་ཀྱི་སྡུག་བསྔལ་གྱིས་ཁམས་གསུམ་ཐམས་ཅད་ལ་ཁྱབ་པའི་ཕྱིར་རོ། །ལས་ཀྱི་སྐྱེ་བ་དེ་ཕྱིར་བདག་མེད་མཐོང་བས་མ་རིག་པ་གཉིས་ཟད་པའི་མཁས་རྣམས་བྱ་བ་དང་བདག་མེད་མ་མཐོང་བ་དེ་ཕྱིར་བྱ་བ་དང་། མཁས་པས་མིན་ཏེ་མི་བྱེད་པ་དེ་ཉིད་མཐོང་ཕྱིར་ཞེས་སྦྱར་རོ། །དེ་ལ་བཅུ་གཉིས་པོ་དེ་ཚེ་གཉིས་ལ་རྩི་ན་མ་རིག་པ་འདུ་བྱེད་ཚེ་སྔ་མ་རྣམ་པར་ཤེས་པ་མན་ཆད་ཚེ་འདི་ལ་རྩིའོ། །གསུམ་ལ་རྩི་ན་ཚེ་སྔ་ཕྱི་གཉིས་ལ་ཐོག་མཐའི་གཉིས་ཏེ་བཞི་དང་ཚེ་འདི་ལ་བརྒྱད་རྩི་སྟེ་མཛོད་ལས། སྔོན་དང་ཕྱི་མཐའ་བར་དག་ལ། རྨོངས་པ་རྣམ་པར་བཟློག་ཕྱིར་རོ། །ཞེས་བཤད་དོ། །ཡང་བཅུ་གཉིས་པོ་དེ་རང་རང་གི་མིང་གི་བསྟན་པ་ལ་རྩི་བ་དང་གནས་སྐབས་དེ་དང་དེའི་ཕུང་པོ་ལྔ་ཆར་ལ་རྩི་ལ་མ་རིག་པ་ལ་སོགས་པ་ནི་གཙོ་བོའི་མིང་གིས་སྨོས་པར་འདོད་པ་གཉིས་ཏེ། འདི་ནི་གནས་སྐབས་སར་འདོད་དོ། །གཙོ་བོའི་ཕྱིར་ན་ཡན་ལག་བསྒྲགས། །ཅེས་བཤད་དོ། །བཅུ་གཉིས་པོ་དེ་ཀུན་ནས་ཉོན་མོངས་པ་གསུམ་དུ་བསྡུས་ཏེ་རྟེན་འབྲེལ་ཡན་ལག་བྱེ་བྲག་བཅུ་གཉིས་གང་། །ཐུབ་པས་རྟེན་འབྱུང་གསུངས་དེ་དག །ཉོན་མོངས་ལས་དང་སྡུག་བསྔལ་དང་། །གསུམ་པོ་དག་ཏུ་ཟད་པར་འདུས། །དང་པོར་བརྒྱད་དང་དགུ་ཉོན་མོངས། །གཉིས་དང་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་ཡང་སྡུག་བསྔལ་ཡིན། །གསུམ་པོ་དག་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །འགྲོ་ཀུན་རྒྱུ་དང་འབྲས་བུ་སྟེ། །འདི་ལ་སེམས་ཅན་གཞན་ཅིའང་མེད། །སྟོང་པ་ཁོ་ནའི་ཆོས་རྣམས་ལས། །སྟོང་པའི་ཆོས་རྣམས་འབྱུང་བར་ཟད། །བྱ་བ་དང་འགྲེལ་པ་ལས། འདི་ནས་ཕ་རོལ་ཏུ་དངོས་པོ་རྡུལ་ཕྲ་མོ་ཙམ་ཡང་མི་འཕོ་སྟེ་བདག་དང་བདག་གི་མེད་པའི་ཆོས་རྣམས་ལས་དེ་མེད་པའི་ཆོས་རྣམས་འབྱུང་བར་འགྱུར་རོ་བྱ་བ་དང་། ཡང་། ཤིན་ཏུ་ཕྲ་བའི་དངོས་ལ་ཡང་། །གང་གིས་ཆད་པར་རྣམ་བརྟགས་པ། །རྣམ་པར་མི་མཁས་དེ་ཡིས་ནི། །རྐྱེན་ལས་བྱུང་བའི་དོན་མ་མཐོང་། །འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅི་ཡང་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་བཤད་དེ། འདི་དག་ཐམས་ཅད་གང་ཟག་གི་བདག་མེད་ཡིན་གྱི། ཆོས་ཀྱི་བདག་མེད་ཀྱིས་མ་བཤད་དོ། །དེ་ལྟར་ལུགས་འབྱུང་བཤད་ནས་ལུགས་བཟློག་མྱང་འདས་སུ་འཇུག་པ་བཤད་པ་ནི་མ་རིག་འགགས་པར་ཞེས་པ་དང་དེ་འགགས་པར་འགྱུར་བའི་རྒྱུ་མཚན་ནི་བཅུ་གཉིས་པོ་དེ་ཐོས་བསམ་གྱི་ཤེས་པ་དེ་ཉིད་བསྒོམ་པས་གོམས་པར་བྱས་པས་སོ། །འདིར་ཡང་ཤེས་པས་དེ་ཉིད་བྱ་བ་དང་འགྲེལ་པ་མཁན་པོས་ཆོས་ཀྱི་བདག་མེད་དུ་བསྒོམས་པས་ཞེས་བཤད་པ་ནི་ནོར་བ་ཡིན་ཏེ་འདི་གང་ཟག་གི་བདག་མེད་དུ་སློབ་དཔོན་གྱིས་བཅད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའི་དབང་དུ་བྱས་པ་ཡིན་ན་དེས་འཁོར་འདས་ཐམས་ཅད་ཆོས་ཀྱི་བདག་མེད་དུ་བསྒོམས་པ་ལ་འཁོར་བ་གཅིག་པུ་དེར་སྒོམ་པས་ཅི་བྱེད། དེས་ན་ཉན་ཐོས་ཀྱི་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པའང་འདིས་བཀག་སྟེ་རང་འགྲེལ་ལས་འདི་ཉན་ཐོས་ཀྱི་གཞུང་ལུགས་ཀྱི་དོན་དམ་སྟོན་པ་བཤད་པའི་ཕྱིར་རོ། །རྒྱུ་དེ་དང་དེ་ནི་བྱ་བ་དང་། འབྲས་བུ་དེ་དང་དེ་ནི་བྱ་བ་དང་ཡང་དག་ནི་ངེས་པར་རོ། །དེ་ལྟར་འཁོར་བའི་འཇུག་ལྡོག་ཐམས་ཅད་ཀུན་གཞིའི་སྟེང་ནས་བྱེད་པ་ཡིན་ལ་དེ་ཡང་སློབ་དཔོན་བཞེད་དེ་ཆོས་ཀྱི་དབྱིངས་ཀྱི་བསྟོད་པ་ལས། གང་ཞིག་འཁོར་བའི་རྒྱུར་གྱུར་པ། དེ་ཉིད་སྦྱངས་པ་བྱས་པ་ལས། དག་པ་དེ་ཉིད་མྱ་ངན་འདས། ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཞེས་བཤད་དོ། །འདི་ལ་མི་ཤེས་པ་རྣམས་ཆོས་ཀྱི་དབྱིངས་མ་རྟོགས་ན་འཁོར་བའི་རྒྱུར་གྱུར་པ་ཞེས་འཆད་པ་དེ་ནི་ནོར་བ་ཡིན་ཏེ་དེ་ནི་རྒྱུ་འབྲས་ཐམས་ཅད་དང་བྲལ་བར་བཤད་ཟིན་པའི་ཕྱིར་རོ། །དེས་ན་བསྟོད་པའི་སྐོར་འགའ་ཞིག་གིས་དོན་དམ་པར་ངེས་པའི་མདོ་འཆད་པ་ཡིན་ལ། དེ་ལས་འཁོར་འདས་ཀྱི་ས་ཐམས་ཅད་ཀུན་གཞི་དག་མ་དག་ལ་བཤད་དོ། །སྟུག་པོ་བཀོད་པའི་མདོ་ལས། །ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་པོ་དགེ་བའང་དེ། །སྙིང་པོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་པ་སྟོན་པར་མཛད། །སྙིང་པོ་ཀུན་གཞིར་བསྟན་པ་ཡང་། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་བཤད་དོ། །འཁོར་འདས་ཀྱི་གནས་ལུགས་རྒྱས་པ་ནི་ཆོས་མངོན་པར་ཀུན་ལས་བཏུས་པ་རྒྱན་གྱི་མེ་ཏོག་ཏུ་བལྟའོ། །གཞུང་འདིར་ནི་ཉན་ཐོས་ཀྱི་ལུགས་ཀྱི་འཁོར་འདས་སྟོན་པར་འདོད་པས་སློབ་དཔོན་གྱིས་ཐེག་ཆེན་གྱི་བཏང་སྙོམས་སུ་མཛད་ནས་བཤད་པ་ཡིན་ནོ། །སློབ་དཔོན་གྱི་གཞུང་རྣམས་ན་ཐེག་པ་ཆེ་ཆུང་གི་གསུང་རབ་ནས་བཤད་པའི་ཀུན་གཞི་ལ་སོགས་པ་རྣམས་ནི་རང་ལུགས་ལའང་མ་ཆད་པར་ཡོད་ལ་དོན་དམ་པར་ནི་ཐམས་ཅད་སྟོང་པར་བཞེད་དེ་ག་ལས་འཇིག་མེད་ལས་གཟུགས་ལ་སོགས་པ་ཐམས་ཅད་ཐ་སྙད་ཀྱི་བདེན་པ་དང་མི་འགལ་བར་ཡོད་དོ་ཞེས་བཤད་དོ། །དེའི་ཕྱིར་སློབ་དཔོན་ནི་ཀུན་རྫོབ་ཏུའང་ཅི་ཡང་མི་འདོད་དོ་ཞེས་ཟེར་བ་ནི་བླུན་པོ་རྣམས་ཀྱང་རང་དགར་ཡིན་ནོ། །ཉི་ཤུ་དྲུག་པ་སྲིད་པའི་ཡན་ལག་བཅུ་གཉིས་བརྟག་པ་བཤད་ཟིན་ཏོ།།  །།

 

ལྟ་བ་བརྟག་པ།

ཟག་པ་ཐམས་ཅད་སྡོམ་པའི་རྣམ་གྲངས་ཞེས་བྱ་བ་ཉན་ཐོས་ཀྱི་མདོ་ལས་འབྱུང་བའི་ལྟ་བ་དགག་པའི་ཕྱིར་ལྟ་བ་བརྟག་པ་སྟོན་པ་ན་སྔོན་གྱི་དྲང་སྲོང་མངོན་ཤེས་དང་ལོག་ཤེས་མཚུངས་ལྡན་དུ་སྐྱེས་པ་རྣམས་ཀྱི་རྒྱུད་ལ་བྱུང་བའི་ལྟ་བའི་རྣམ་པ་འགོད་པ་ནི་བདག་འདས་པའི་དུས་ན་བྱུང་བ་དང་མ་བྱུང་བ་དང་དེ་གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་ཞེས་བྱ་བ་བཞི་དང་སྔར་ཞར་བྱུང་དུ་བསྟན་པའི་འཇིག་རྟེན་རྟག་པ་དང་མི་རྟག་པ་དང་གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་པ་བཞི་སྟེ་བརྒྱད་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ཏེ་འདས་པ་ལ་དམིགས་ནས་བྱུང་བའི་ཕྱིར་རོ། །ཡང་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་བ་དང་མི་འགྱུར་བ་དང་གཉིས་ཀ་ཡིན་པ་དང་གཉིས་ཀ་མ་ཡིན་ཞེས་བྱ་བ་བཞི་དང་། ཡང་འཇིག་རྟེན་མཐའ་ཡོད་པ་དང་མེད་པ་དང་གཉིས་ཀ་ཡིན་པ་དང་མ་ཡིན་པ་བཞི་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ཏེ་ཕྱི་མ་ལ་དམིགས་ནས་ལྟ་བའི་ཕྱིར་རོ། །སྒྲས་མ་ཟིན་པ་རྣམས་ནི་སོགས་པ་གཉིས་ཀྱིས་བཟུང་བ་ཡིན་གྱི་ཞེས་ཀྱི་སྒྲས་བཟུང་བ་དང་མཚོན་པའི་དོན་ནི་མ་ཡིན་ནོ། །དེ་ལས་བཞི་ཚན་དང་པོ་འགོག་པ་ནི་འདས་པའི་ཞེས་པ་སྟེ་སྔོན་གྱི་དེ་འདི་མ་ཡིན་པའི་ཕྱིར་རོ། །སྔོན་གྱི་དེ་ཉིད་ད་ལྟར་གྱི་བདག་ཏུ་འགྱུར་སྙམ་ན་དེ་གཉིས་ཉེར་ལེན་གྱི་ཕུང་པོ་ཐ་དད་དུ་འགྱུར་ཏེ་དུས་དང་སྐྱེད་བྱེད་ཀྱི་ལས་དང་ལུས་དང་དབང་པོ་ཐ་དད་པའི་ཕྱིར་རོ། །ཉེར་ལེན་མ་གཏོགས་པའི་བདག་ཀྱང་མེད་དེ་མ་དམིགས་པའི་ཕྱིར་རོ། །ཞེས་བརྒལ་ཞིང་བརྟག་པ་དེ་སྐད་དུ་བྱས་པའི་ཚེ་ཉེར་ལེན་གྱི་ཕུང་པོ་ཉིད་བདག་ཡིན་ནོ་ཞེ་ན་ཁྱོད་ཀྱི་བདག་མེད་པ་ཡིན་པར་འགྱུར་ཏེ་དེ་བདག་མེད་མ་ཡིན་པའི་ཕྱིར་ཏེ། དེ་ནི་བདག་དང་འགལ་བ་འབྱུང་འཇིག་ཡིན་པའི་ཕྱིར་རོ། །གཞན་ཡང་ཉེ་བར་བླང་བྱ་ཕུང་པོ་དེ་ཇི་ལྟར་ན་ཉེ་བར་ལེན་པོ་བདག་ཡིན་པར་འགྱུར་ཏེ་བྱ་བའི་ལས་དང་བྱེད་པ་པོ་གཅིག་ཡིན་པ་བཀག་ཟིན་པའི་ཕྱིར་རོ། །ཡང་བདག་ནི་ཉེར་ལེན་གྱི་ཕུང་པོ་ལས་གཞན་དུའང་མི་འཐད་དེ་དེ་གཞན་ཡིན་ན་ཉེར་ལེན་མེད་པར་གཟུང་དུ་ཡོད་པར་རིགས་ན་དེ་མེད་པའི་ཕྱིར་དེ་ལས་གཞན་མ་ཡིན་ནོ། །ཇི་སྐད་བསྟན་པ་སྡུད་པ་ནི་སྔར་བསྟན་པ་དེ་ལྟར་ཉེར་ལེན་ལས་ཞེས་དང་བདག་ནི་ཉེ་བར་ལེན་པ་མེད་པར་མིན་པ་ནི་ཉེ་བར་ལེན་པ་མ་གཏོགས་པར་ཞེས་པ་སྟེ་སྡུད་པའོ། །གསུམ་པོ་དེར་མེད་པ་རྣམ་པ་གཞན་ཉིད་དུའང་མེད་དེ་སྒྲུབ་བྱེད་གང་གིས་ཀྱང་དེ་མ་ངེས་པའི་ཕྱིར་རོ། །ཞེས་བྱ་བའམ་ཡང་ན་མེད་པ་ཉིད་དུའང་བདག་དེ་མ་ངེས་པ་དེ་ལྟར་བརྟག་པར་མི་བྱ་སྟེ་ལང་ཀར་གཤེགས་པ་ལས། ཡོད་པ་མེད་པའི་ཟླས་དྲངས་ཏེ། །མེད་པའང་ཡོད་པའི་ཟླས་དྲངས་སོ། །དེ་ཕྱིར་ཡོད་པར་བརྗོད་མི་བྱ། །མེད་པ་ཉིད་དུ་མི་བརྟག་གོ །ཞེས་བཤད་དོ། །ད་ནི་གཉིས་པ་བདག་འདས་པའི་དུས་ན་མ་བྱུང་ཞེས་བྱ་བ་དེ་ཡང་མི་འཐད་དོ། །རིགས་པ་གང་གིས་ཞེ་ན། སྔོན་བྱུང་བ་དེ་ལས་ད་ལྟར་གྱི་འདི་གཞན་མ་ཡིན་པའི་ཕྱིར་རོ། །རྟགས་མ་གྲུབ་བོ་ཞེ་ན་དེ་གཉིས་ལྟོས་པའི་གཞན་ཡིན་ན་རྟེན་འབྲེལ་གྱི་སྟོང་ཉིད་དུ་གྲུབ་སྟེ་སྒྲ་སྙན་བཞིན་ནོ། །གལ་ཏེ་མ་ལྟོས་པའི་གཞན་དུ་གྱུར་ན་སྔ་མ་དེ་མེད་པར་ཡང་ད་ལྟར་གྱི་འདི་འབྱུང་བར་འགྱུར་ཏེ་བུམ་སྣམ་བཞིན་ནོ། །དེ་བཞིན་དུ་སྔ་མ་དེ་ལ་མ་ལྟོས་པར་ད་ལྟར་གནས་འགྱུར་ཞིང་སྔ་མ་དེར་མ་ཤི་བར་སྐྱེ་བར་འགྱུར་ཏེ་སྔ་མ་ལ་ཡེ་མ་ལྟོས་པའི་ཕྱིར་རོ། །འགྲེལ་པ་གཉིས་ལས་སྔར་གྱི་འགྲོ་བ་དེ་བཞིན་དུ་ད་ལྟ་གནས་པར་འགྱུར་ཞིང་སྔར་གྱི་འགྲོ་བ་དེར་མ་ཤི་བར་ཡང་འདིར་སྐྱེ་བར་འགྱུར་ཏེ་གཞན་ཡིན་པའི་ཕྱིར་ཞེས་ཟེར་བ་དང་། རང་འགྲེལ་དང་སངས་རྒྱས་བསྐྱངས་སྔ་མ་དེ་དེ་ན་མ་ཤི་བར་གནས་བཞིན་དུ་འདིར་སྐྱེ་བ་དང་ཆད་པ་ལ་སོགས་པར་འགྱུར་ཞེས་འཆད་དེ་བཞི་ཀ་ལྟག་ཆོད་དོ། །དེ་ན་བདག་གནས་པའི་དུས་ན་ཡེ་མ་བྱུང་ན་ད་ལྟར་གྱི་བདག་གི་རྒྱུ་ཆད་པ་དང་བདག་རྒྱུ་མེད་དུ་འབྱུང་ན་ལས་ལ་འབྲས་བུ་མེད་པས་ལས་རྣམས་ཆུད་ཟ་བ་དང་གཞན་གྱི་ལས་ལས་རང་གི་བདག་བྱུང་ན་གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་བདེ་སྡུག་གཞན་གྱིས་སོ་སོ་སྟེ་མ་འདྲེས་པར་མྱོང་པ་དང་ཡང་ན་བདག་སྔ་ཕྱི་ཐ་དད་དུ་འདོད་ན་དེ་ལྟར་ཐལ་བ་སྟེ། བདེ་སྡུག་བདག་དང་གཅིག་ཏུ་འདོད་པ་འགོག་པ་ཡིན་གྱི་བྱེ་བྲག་པ་དེ་གཉིས་ཐ་དད་དུ་འདོད་པ་འགོག་པ་ནི་མ་ཡིན་ཏེ། དེ་ལ་སོགས་པ་ནི། ཅི་སྟེ་ལས་ནི་མ་བྱས་ན། མ་བྱས་པ་དང་ཕྲད་འཇིག་འགྱུར། ཞེས་པ་ལ་སོགས་པའོ། །ཡང་སྔོན་ཡེ་མ་བྱུང་བ་ལས་བྱུང་མིན་ཏེ་སྐྱོན་དུ་ཐལ་ཉིད་འཆད་པ་ནི་བདག་བྱས་པ་དང་མི་རྟག་པར་འགྱུར་ཏེ་མ་བྱུང་བ་ལས་བྱུང་བའི་ཕྱིར་དུ་བ་བཞིན་ནོ། །བྱུང་བ་དེ་རྒྱུ་མེད་པར་ཡང་འགྱུར་ཏེ་སྔོན་བདག་དེ་ཡེ་མེད་པས་བྱེད་མཁན་མེད་པའི་ཕྱིར་དང་། དེ་བྱས་པའི་ལས་དང་ཉོན་མོངས་པའང་མེད་པའི་ཕྱིར་རོ། །དེ་དག་སྡུད་པ་ནི་དེ་ལྟར་བདག་བྱུང་བའང་མ་བྱུང་བ་སོ་སོར་བཀག་པས་གཉིས་ཀ་དགག་པའང་གྲུབ་སྟེ་གཉིས་ཀ་ནི་དེ་གཉིས་འདུས་པ་ཡིན་པའི་ཕྱིར་རོ། །གཉིས་ཀ་མེད་ན་གཉིས་ཀ་མ་ཡིན་པའང་མེད་དེ་དེའི་རྣམ་པ་གཞན་དེ་མི་སྲིད་པའི་ཕྱིར་དང་། དགག་བྱ་ཡོད་པ་མ་ཡིན་པས། ཡང་དག་ཏུ་ནི་བཀག་མེད་བསལ། །ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འདས་པ་དེ་ལྟར་ལྟ་བ་བཞིན་ནི་འཐད་པ་མ་ཡིན་ཏེ་ལྟ་བའི་ཡུལ་མེད་པའི་ཕྱིར་ཐག་པ་ལ་སྦྲུལ་དུ་ལྟ་བ་བཞིན་ཏེ་ཕྱི་མ་རྣམས་ལའང་དེ་བཞིན་དུ་སྦྱར་རོ། །ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་འགོག་པ་ན་མ་འོངས་པའི་དུས་གཞན་དུ་ཞེས་བྱ་བ་ལ་འདས་པའི་དུས་དང་མཚུངས་པ་ནི། མ་འོངས་དུས་ན་འབྱུང་འགྱུར་ཞེས་བྱ་བ་དེ་ནི་མི་འཐད་དོ། །མ་འོངས་ཚེ་ལ་གང་འབྱུང་བ་དེ་ཉིད་འདི་ནི་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་གཅིག་དགག་པ་ཐམས་ཅད་དང་། དེ་བཞིན་དུ་མ་འོངས་དུས་ན་མི་འབྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །མ་འོངས་ཚེ་ལ་གང་འབྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་གཞན་ཉིད་དགག་པ་ལའང་མཚུངས་པར་སྦྱར་བར་བྱའོ། །དེ་བཞིན་དུ་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་དགག་པའང་སྔ་མ་བཞིན་ནོ། །རྟག་པ་ལ་སོགས་པར་ལྟ་བ་སྔོན་གྱི་མཐའ་ལ་བརྟེན་པ་བཞི་འགོག་པ་ནི་གལ་ཏེ་ལྷ་དེ་ཉིད་མི་དེ་ཉིད་དུ་གྱུར་ན་ལྷ་རྟག་པར་འགྱུར་ཏེ་མིར་སྐྱེས་པའི་ཚེ་ནའང་མ་ཡིན་པའི་ཕྱིར་རོ། །ཡང་ལྷ་མ་སྐྱེས་པར་འགྱུར་ཏེ་རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་འདུས་མ་བྱས་ནམ་མཁའ་བཞིན་ནོ། །ཐལ་བ་དེ་གཉིས་དེ་ལྟར་ཡང་མ་ཡིན་པའི་ཕྱིར་རྟག་པ་མ་ཡིན་ནོ། །ཡང་གལ་ཏེ་ལྷ་ལས་མི་གཞན་ཡིན་ན་མི་རྟག་པར་འགྱུར་ཏེ་ལྷ་ཞིག་ནས་མིར་སྐྱེས་པའི་ཕྱིར་རོ། །གལ་ཏེ་ལྷ་མི་གཉིས་གཞན་ཡིན་ན་དེ་གཉིས་བདག་གི་རྒྱུད་གཅིག་པ་འཐད་པར་མི་འགྱུར་ཏེ་བུམ་སྣམ་རྒྱུད་མི་གཅིག་པ་བཞིན་ནོ། །དེའི་ཕྱིར་རྟག་མི་རྟག་གཉིས་ཀ་མེད་དོ། །འགྲོ་བ་གཅིག་ཉིད་རྟག་མི་རྟག་གཉིས་ཀ་ཡིན་པ་འགོག་པ་ནི་གལ་ཏེ་འགྲོ་བ་དེའི་ཕྱོགས་གཅིག་ལྷ་ཡིན་ལ་ཕྱོགས་གཅིག་མི་ཡིན་པས་ལྷ་ཡིན་པའི་ཆ་ནས་རྟག་ལ་མི་ཡིན་པའི་ཆ་ནས་མི་རྟག་པར་འགྱུར་བར་འདོད་ན་དེ་ཡང་མི་རིགས་ཏེ་ཕྱེད་ཤི་ལ་ཕྱེད་གསོན་པ་མི་སྲིད་པ་བཞིན་ནོ། །རྟག་མི་རྟག་གཉིས་ཀ་མ་ཡིན་པ་འགོག་པ་ནི་གལ་ཏེ་དེ་གཉིས་གྲུབ་པར་གྱུར་ན་རྟག་མི་རྟག་གཉིས་ཀ་མ་ཡིན་པ་འགྲུབ་པར་འགྱུར་བ་འདོད་ལ་རག་སྟེ་དེ་རུང་ན་དགག་བྱ་དེ་གཉིས་མེད་པས་དེ་གཉིས་བཀག་པ་མི་འགྲུབ་ཅེས་སྟོན་པ་ཡིན་ནོ། །དེའི་དོན་ནི་འདི་ཡིན་ཏེ་རྟག་པ་ཡོད་ན་དེ་ཕྱིས་མི་རྟག་པར་མཐོང་བས་རྟག་པ་མ་ཡིན་པ་དང་མི་རྟག་པ་ཡོད་ན་དེ་ཕྱིས་རྟག་པར་མཐོང་བས་མི་རྟག་པར་མ་ཡིན་པར་འགྱུར་བ་ཡིན་ན་རྟག་མི་རྟག་མེད་པའི་ཕྱིར་དེ་གཉིས་མ་ཡིན་པ་མི་འགྲུབ་བོ། །གལ་ཏེ་འཁོར་བ་ཐོག་མ་མེད་པ་ནས་བདག་གམ་ཕུང་པོའི་རྒྱུན་མ་ཆད་པར་ཡོད་པའི་ཕྱིར་རྟག་པའི་དངོས་པོ་ཡོད་དོ་ཞེ་ན། གལ་ཏེ་དོན་དམ་པར་བདག་གམ་ཕུང་པོ་གང་ཞིག་སྐྱེ་བ་སྔ་མ་གང་ནས་འོངས་ཏེ་འདི་དང་ཕྱི་མ་གང་དུ་འགྲོ་འགྱུར་ན་རྟག་དངོས་རིགས་ན་དེ་སྔར་བཤད་པའི་རིགས་པས་བཙལ་ན་མི་རྙེད་པ་དེ་ཕྱིར་འཁོར་བ་དེ་ལ་ཐོག་མ་མེད་པས་རྟག་པར་འགྱུར་ན་རིགས་ངོ་ན་དེ་ཡང་མེད་པས་རྟག་དངོས་མེད་དོ། །འདི་སྐད་དུ་མ་དཔྱད་ན་ཕུང་པོ་རྒྱུན་མ་ཆད་པར་འཁོར་བ་ཡོད་ཀྱང་སྔར་བསྟན་པའི་རིགས་པས་དཔྱད་ན་འཁོར་བའི་དངོས་པོ་མེད་པས་དོན་དམ་པར་རྟག་དངོས་མེད་དོ། །ཞེས་སྟོན་པ་ཡིན་ནོ། །གལ་ཏེ་དེ་ལྟར་དོན་དམ་པར་རྟག་པ་འགའ་མེད་ན་དེ་བཀག་པའི་མི་རྟག་པའི་འཁོར་བ་གང་ཞིག་ཡིན་པར་འགྱུར་ཏེ་མི་སྲིད་ལ་དེ་མེད་པས་རྟག་མི་རྟག་གཉིས་ཀ་ཡིན་པ་དང་དེ་གཉིས་བསལ་བ་སྟེ་བཀག་པར་གྱུར་པའི་གཉིས་ཀ་མ་ཡིན་པའང་མེད་པའི་ཕྱིར་སྔོན་གྱི་མཐའ་ལ་བརྟེན་པའི་བཞི་པོ་དེ་མེད་དོ། །ཕྱི་མའི་མཐའ་ལ་བརྟེན་པ་མཐའ་དང་མཐའ་མེད་ལ་སོགས་པ་འགོག་པ་ནི་གལ་ཏེ་འཇིག་རྟེན་མཐའ་ཡོད་ན་འཇིག་རྟེན་ཕ་རོལ་ཇི་ལྟར་ཡོད་དེ་མེད་པར་འགྱུར་ཏེ་ས་བོན་ཚིག་ན་མྱུ་གུ་མེད་པ་བཞིན་ནོ། །འཇིག་རྟེན་ཕ་རོལ་ཡང་ཡོད་པས་འཇིག་རྟེན་མཐའ་ཡོད་ཅེས་བྱ་བ་མི་འཐད་དོ། །གལ་ཏེ་འཇིག་རྟེན་མཐའ་མེད་ན་འཁོར་བ་མཐའ་མེད་དུ་འཁོར་བ་ལ་འཇིག་རྟེན་ཕ་རོལ་ཡོད་པར་ཇི་ལྟར་འགྱུར་ཏེ་མཐའ་མེད་པ་ལ་ནམ་མཁའ་བཞིན་ཕ་རོལ་ཚུ་རོལ་མི་རུང་བའི་ཕྱིར་རོ། །འདི་ལྟར་ཕ་རོལ་ཚུ་རོལ་ཐམས་ཅད་ནི་ཆུ་འགྲམ་ལྟར་མཐའ་ཅན་ལ་མཐོང་གི་མཐའ་མེད་པ་ནམ་མཁའ་དང་ལས་དང་ཉོན་མོངས་པ་དང་འཁོར་བ་དང་མཐའ་མེད་ཀྱི་སེམས་དང་བྱང་ཆུབ་སེམས་དཔའི་སྨོན་ལམ་ལ་སོགས་པ་ལ་ནི་མ་མཐོང་ངོ་། །འདི་ལ་འགྲེལ་པ་གསུམ་གྱིས་བཤད་པ་ནི་ལྟག་ཆོད་དུ་སྣང་ངོ་། །ཤེས་རབ་སྒྲོན་མ་ནས་མཐའ་མེད་ཀྱི་དོན་རྒྱུ་དེ་ཁོ་ན་བཞིན་དུ་གནས་པའི་འབྲས་བུ་མི་འབྱུང་བའི་ཕྱིར་རོ་ཞེས་རྟག་པ་ལ་བཤད་དོ་རྟག་ན་ཕ་རོལ་དུ་སྐྱེར་མི་འདོད་པས་འབྲས་བུ་མི་འབྱུང་བའོ། །འབྱུང་བའང་ཡོད་པས་ཕུང་པོའི་རྒྱུན་མར་མེའི་འོད་དང་རྒྱུ་རྐྱེན་ཚོགས་པའི་དབང་གིས་འབྱུང་བར་མཚུངས་པས་མཐའ་ཡོད་མེད་གཉིས་མི་རིགས་སོ། །ཇི་ལྟར་མི་རིགས་པ་སྟོན་པ་ནི་གལ་ཏེ་ཞེས་པ་སྟེ་དེ་ལྟར་ན་རྒྱུ་ཟད་པའི་མར་མེ་ལྟར་མཐའ་ཡོད་པར་འགྱུར་བ་ལས་ཕུང་པོ་ཕྱི་མ་འབྱུང་བའི་ཕྱིར་མཐའ་ཡོད་མ་ཡིན་ནོ། །གལ་ཏེ་ཕུང་པོ་སྔ་མ་མི་འཇིག་ཅིང་རྟག་ན་དེ་ལ་བརྟེན་ནས་ཕྱི་མ་མི་འབྱུང་བས་འཇིག་རྟེན་མཐའ་མེད་དུ་འགྱུར་ཏེ་རྟག་པ་ལ་ཟད་མཐའ་མེད་པའི་ཕྱིར་ཏེ། མངོན་རྟོགས་རྒྱན་ལས། དེ་ཉིད་ཟད་པ་མེད་པའི་ཕྱིར། །རྟག་པ་ཞེས་ཀྱང་བརྗོད་པ་ཡིན། །ཞེས་བཤད་པ་བཞིན་ནོ། །མར་མེ་ལྟར་རྒྱུའི་དབང་གིས་ཡོད་མེད་དུ་འགྱུར་བའི་འཇིག་རྟེན་རྟག་པའི་མཐའ་མེད་མ་ཡིན་ནོ། །བཞི་བརྒྱ་པ་ལས། ཉན་པ་པོ་དང་མཉན་བྱ་དང་། །སྨྲ་པོ་འབྱུང་བ་ཤིན་ཏུ་དཀོན། །དེ་ཕྱིར་མདོར་ན་འཁོར་བ་ཡི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །ཞེས་བཤད་དོ། །གསུམ་པ་མཐའ་ཡོད་མེད་གཉི་ཀ་ཡིན་པ་འགོག་པ་ནི་གལ་ཏེ་ཞེས་པ་འཁོར་བ་སྤྱི་ལ་ལྟོས་ནས་ནི་གཉིས་ཀ་ཡིན་ཏེ་ལམ་སྒོམ་པ་ལ་མཐའ་ཡོད་ལ་མི་སྒོམ་པ་ལ་མཐའ་མེད་པའི་ཕྱིར་རོ། །དེས་ན་རིགས་མ་ཡིན་ནི་གང་ཟག་གཅིག་ལ་ལྟོས་པ་ཡིན་པས་དེའི་ཉེར་ལེན་བདག་དང་ཉེ་བར་བླང་བྱ་ཕུང་པོ་ལ་ཕྱོགས་གཅིག་མི་འཇིག་པའི་འགལ་བ་གཉིས་འདུས་པ་མེད་དོ། །ཞེས་སྟོན་པ་ནི་ཇི་ལྟ་བུར་ན་ཉེར་ལེན་པ་དང་ཉེར་བླངས་པ་ཞེས་པ་སྟེ་དེ་གཉིས་མི་རིགས་པ་ནི་བདག་དང་ཕུང་པོ་རྫས་གཅིག་ལ་དངོས་འགལ་གཉིས་མི་རུང་ལ་དེ་གཉིས་རྫས་གཉིས་པ་གང་ཟག་གཅིག་ལ་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་ཟག་གཅིག་ལ་དེ་གཉིས་ལ་བརྟེན་པའི་མཐའ་ཡོད་མེད་གཉིས་མེད་དོ། །བཞི་པ་གཉིས་ཀ་མ་ཡིན་པ་དགག་པ་ནི་གལ་ཏེ་ཞེས་པ་སྟེ། འདོད་ལ་རག་སྟེ་འགྲུབ་པར་འགྱུར་ན་དགག་བྱ་མེད་ན་བཀག་པ་མེད་པར་བཤད་ཟིན་ཏོ། །དེ་ལྟར་ཟག་པ་ཐམས་ཅད་སྡོམ་པའི་མདོ་ལས་བཤད་པའི་ལྟ་བ་རྣམས་བསལ་ནས་ལྟ་བ་ཐམས་ཅད་སྤྱིར་མི་འཐད་པ་སྟོན་པ་ནི་ཡང་ན་ཞེས་བྱ་བས་ནི་རྣམ་པ་གཞན་སྟོན་པར་བྱེད་དོ། །དངོས་པོ་ཐམས་ཅད་སྟོན་པ་ནི་སྤྲོས་བྲལ་གྱི་སྟོང་པ་སྟེ་རྟེན་འབྲེལ་གྱི་སྟོང་པ་ལ་ནི་ལྟ་བ་རྣམས་འཇུག་པའི་ཕྱིར་རོ། །སྔར་བཤད་པའི་རྟག་པར་ལྟ་བ་དང་ལ་སོགས་པ་མདོ་སྡེ་དུ་མ་ནས་འབྱུང་བ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་དང་། མདོ་སྡེ་ཚངས་པའི་དྲ་བ་དང་ཡེ་ཤེས་རྒྱས་པའི་མདོ་ལ་སོགས་པ་ནས་བཤད་པའི་ལྟ་ངན་གྱི་ཕྲེང་བ་དྲུག་ཅུ་རྩ་གཉིས་དང་དད་པ་ཆེར་འབྱུང་གི་མདོ་ནས་བཤད་པའི་དམ་པ་མ་ཡིན་པའི་ལྟ་བ་ཉི་ཤུ་རྩ་བརྒྱད་དང་རྒྱལ་བའི་ཡུམ་ནས་བཤད་པའི་ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ལ་སོགས་པར་ལྟ་བ་དེ་རྣམས་ཡུལ་དུས་གང་དུ་དངོས་པོ་གང་ལ་ལྟ་བ་གང་དག་རྒྱུ་ཅིའི་ཕྱིར་ཀུན་ཏུ་འབྱུང་བར་འགྱུར་ཏེ་དོན་དམ་སྤྲོས་བྲལ་ལ་བལྟ་བྱའི་ཡུལ་མེད་པའི་ཕྱིར་ནམ་མཁའི་པདྨ་ལ་ཁ་དོག་སྣ་ཚོགས་སུ་ལྟ་བ་མི་འཐད་པ་བཞིན་ནོ། །དེ་ལྟར་ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པའི་རང་བཞིན་ཤེས་རབ་ཉོན་མོངས་པ་ཅན་གྱི་ལྟ་བ་སྣ་ཚོགས་ནི་སྡུག་བསྔལ་སྣ་ཚོགས་ཀྱི་རྒྱུ་ཡིན་པར་མཁྱེན་ནས་སངས་རྒྱས་བཅོམ་ལྡན་འདས་གང་གི་རྙེད་བཀུར་ལ་སོགས་པའི་ཆེད་དུ་མ་ཡིན་གྱི་སྡུག་བསྔལ་དང་བྲལ་འདོད་ཀྱིས་ཐུགས་བརྩེས་ཉེར་བཟུང་ནས་ཆེད་དུ་བྱ་བ་ལྟ་བ་ཐམས་ཅད་སྤངས་པའི་ཕྱིར་དམ་པ་འཕགས་པ་རྣམས་ཀྱིས་ཆོས་འཁོར་བར་ལྟུང་བ་ལས་འཛིན་པ་དང་བསྟན་མཛད་པ་མང་པོས་བཀུར་བའི་རིགས་ཀྱི་དྲང་སྲོང་གཽའུ་ཏ་མའི་བུ་ཉི་མའི་གཉེན་པའམ་བུ་རམ་ཤིང་པ་ཞེས་བྱ་བའི་རིགས་སུ་འཁྲུངས་པ་དེ་ལ་དེ་འདྲ་བའི་བསྟན་བཅོས་རྩོམ་པའི་སྒྲུབ་པའི་མཆོད་པ་སྔོན་དུ་བཏང་སྟེ་ཕྱག་འཚལ་ལོ། །ཞེས་ཚིག་རྣམ་པར་སྦྱར་རོ། །འདིར་རང་འགྲེལ་ལས་རྗེས་སུ་དཔག་པ་དང་སུན་དབྱུང་བའི་བསལ་བ་དང་དེ་ཁོ་ན་དག་སྟོན་པ་ཞེས་འབྱུང་བ་ལ་རྗེས་སུ་དཔག་པ་ནི་རང་རྒྱུད་ཀྱི་རྟགས་དང་སུན་དབྱུང་བ་ནི་ཐལ་འགྱུར་ཡིན་ནོ། །གཞུང་འདིས་དེ་གཉིས་ཀ་སྟོན་པར་སློབ་དཔོན་རང་གིས་བཤད་པ་ལ་རང་རྒྱུད་རྣམས་ཐལ་འགྱུར་བཞིན་དུ་གསལ་པོ་མེད་པས་སྤྱན་རས་གཟིགས་བརྟུལ་ཞུགས་ནས་ཤེས་རབ་སྒྲོན་མས་མདོ་མཛད་པས་རང་གི་འགྲེལ་པ་ག་ལས་འཇིག་མེད་དུ་དངོས་སུ་མ་བསྟན་པའི་རང་རྒྱུད་ཀྱི་རྟགས་རྣམས་བཤད་པས་དེ་དང་ཟློས་པའི་སྐྱོན་མེད་དོ། །ཞེས་བཤད་དོ། །དེ་ལ་དབུ་མ་པས་དོན་དམ་པར་སྐྱེ་བ་དང་དངོས་པོ་དང་རང་བཞིན་ལ་སོགས་པ་འགོག་པའི་རྟགས་ལ་དགག་བྱ་དེ་ལྟ་བུ་མི་སྲིད་པས་དེ་ལ་ཞུགས་པའི་མ་ངེས་པ་དང་དེས་ཁྱབ་པའི་འགལ་བ་ནི་མི་སྲིད་དོ། །རྟགས་ཀྱང་དེ་ལྟར་རང་ལ་སྒྲུབ་ན་རང་ལ་གྲུབ་པ་དགོས་ལ་ཕ་རོལ་ལ་སྒྲུབ་ན་ཕ་རོལ་ལ་གྲུབ་པས་ཆོག་པས་ཆོས་ཅན་དང་ཆོས་རྟགས་སུ་བཀོད་པའང་དུ་མ་བྱས་ཏེ་དེ་གཉིས་ཕ་རོལ་པོ་འདོད་པའི་ཕྱིར་རོ། །དེས་ན་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཡན་ལག་ལྔ་ནི་མུ་སྟེགས་པའི་རྟགས་ཡིན་ལ་སངས་རྒྱས་པའི་ནི་ཡན་ལག་གསུམ་ཡིན་ནོ། །ཞེས་དམ་བཅའ་དང་རྟགས་དང་དཔེ་གསུམ་བྱས་ལ་དཔེར་ན་གཞན་ལ་གྲུབ་ན་རུང་ངོ་། །གཞན་ལ་གྲགས་པའི་རང་རྒྱུད་ནི་ཟླ་གྲགས་ཀྱང་འགོད་དེ་དེས་ན་ཁྱད་པར་ནི་རྟགས་མང་ཉུང་ལས་མེད་དོ། །སློབ་དཔོན་ཕྱོགས་ཀྱི་གླང་པོ་རྗེས་འབྲང་དང་མཐུན་པའི་རྟགས་ནི་དེ་དག་གིས་བྱས་པ་མེད་ལ་རང་རྒྱུད་ཤར་གསུམ་མཁན་པོས་ལུགས་དེ་ཤེས་པས་བྱས་སོ། །སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཕལ་ཆེར་རང་འགྲེལ་ཉིད་བྲིས་ནས་སྣང་སྟེ་རང་རྒྱུད་ནི་མ་བྱས་པར་སྣང་ངོ་། །ཤེས་རབ་སྒྲོན་མེ་ན་རང་འགྲེལ་ཕལ་ཆེར་སྣང་མོད་ཀྱི་མེད་པའང་ཅི་རིགས་པ་སྣང་ངོ་། །སློབ་དཔོན་ཟླ་གྲགས་ཀྱིས་ག་ལས་འཇིགས་མེད་དང་ཐ་སྙད་གྲུབ་པ་ནི་མ་མཐོང་བར་གསལ་ཏེ་དེའི་ཚིགས་བཅད་མང་པོ་དབུ་མ་རྒྱན་དང་དེའི་འགྲེལ་བཤད་སློབ་དཔོན་ཀ་མ་ལ་ཤཱི་ལས་བྱས་པ་ན་ཡོད་དོ། །ཁོ་བོས་ནི་རང་རྒྱུད་ཀྱི་རྟགས་དབུ་མ་པ་དང་རྟོག་གེ་པའི་ལུགས་གཉིས་ཀ་མ་བྱས་པར་ཐལ་འགྱུར་གཞུང་བཞིན་དུ་བྱས་ཏེ་དེ་བྱས་ན་ཚིག་དོན་གཉིས་ཀ་མང་བར་འགྱུར་རོ། །དེ་ལྟར་ན་གཞུང་འདིས་བཀའ་དང་པོ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་དང་བར་པ་མཚན་ཉིད་མེད་པའི་ཆོས་ཀྱི་འཁོར་ལོ་གཉིས་ཀྱི་ལྟ་བ་བདག་མེད་གཉིས་གསལ་བར་བྱས་པ་ཡིན་གྱི་ཐ་མ་དོན་དམ་རྣམ་པར་ངེས་པའི་ཆོས་ཀྱི་འཁོར་ལོ་ནི་གསལ་བར་མ་བྱས་པས་དེ་ནི་གཞུང་གཞན་དུ་ཤེས་པར་བྱའོ། །མཐར་འཛིན་ལྟ་བའི་རི་དྭགས་སྐྲག་བྱེད་པ། །རྒྱལ་སྲས་ཀླུ་སྒྲུབ་སྟོང་ཉིད་སེང་གེའི་སྒྲ། །འཕགས་པས་གཟིགས་པའི་ཆོས་དབྱིངས་གསལ་བྱེད་པ། །དཔལ་གྱི་རི་ནས་འཛམ་བུའི་གླིང་འདིར་བསྒྲགས། །སངས་རྒྱས་བསྐྱངས་དང་ལེགས་ལྡན་ཟླ་གྲགས་སོགས། །སློབ་དཔོན་རྣམས་ཀྱིས་མང་དུ་བཤད་མོད་ཀྱི། །རང་གཞན་སྡེ་པའི་འདོད་ཚུལ་མང་ལྡན་པ། །ཚིག་ཉུང་དོན་མང་རྒྱ་ཆེར་བདག་གིས་བཤད། །འཕགས་པའི་བློ་གྲོས་རྒྱ་མཚོ་ལས་འཁྲུངས་པ། །རིགས་པའི་པདྨོ་རིགས་པའི་མདངས་བཀྲ་བ། །བཤད་པའི་དགེ་བ་ཟླ་བ་ལྟར་དཀར་དེས། །རང་གཞན་ཀུན་མཁྱེན་མྱུར་དུ་ཐོབ་པར་ཤོག །དབུ་མ་རྩ་བ་ཤེས་རབ་རྒྱན་གྱི་མེ་ཏོག་ཅེས་བྱ་བ་ཤཱཀྱའི་དགེ་སློང་བཅོམ་ལྡན་རལ་གྲིས་དབུ་མའི་འགྲེལ་པ་ལྔ་ལས་བཏུས་ཏེ་ལེགས་པར་སྦྱར་བ་རྫོགས་སོ།།  །།

བདེ་གཤེགས་བཞེད་གཞུང་ངེས་དོན་ཟབ་ཡངས་དབུ་མའི་དོན། །ཀླུ་སྒྲུབ་བཞེད་པའི་དེ་ཉིད་འགྲེལ་པ་ལྔ་དང་ནི། །བཀའ་དང་བསྟན་བཅོས་དུ་མ་དག་དང་མཐུན་སྦྱར་ནས། །རྩ་བ་འདི་ཉིད་ཤེས་རབ་ཉིད་དུ་མཛད་པ་ནི། །མཁས་པས་མཁས་པའི་གྲགས་པ་ཕྱོགས་བཅུར་རབ་གསལ་བའི། །འཛམ་གླིང་བཅོམ་ལྡན་རལ་གྲི་ཉིད་ལས་ཁོ་བོས་ཐོས། །ཀླུའི་རྒྱན་པས་མཚན་གྱི་འགྱུར་ལེགས་པར་སྣང་བས་དེའི་སྟེང་ནས་བཀྲལ་ལོ། །ཁ་ཅིག་གི་པེ་ཚབ་དང་ཀླུའི་འགྱུར་མི་ཕྱེད་པར་སྣང་གསུང་ངོ་། །དགེའོ། །མངྒ་ལཾ།། །

བརྒྱུད་སྐུལ།

མཆན་སྤེལ།