བོད་ཀྱི་རྩོམ་རིག་ཐོག་མ་ག་དུས་བྱུང་།

བོད་ཀྱི་རྩོམ་རིག་ཐོག་མ་ག་དུས་བྱུང་།

བོད་ཀྱི་རྩོམ་རིག་ཐོག་མ་ག་དུས་བྱུང་།

༼དྲ་རྩོམ།༽

བོད་ཀྱི་རྩོམ་རིག་ཐོག་མར་དུས་ག་ནས་བྱུང་བ་ངེས་པ་འདྲེན་པ་ཞིག་བརྗོད་དཀའ་ཡང་།  བོད་མི་བྱུང་བ་ནས་བཟུང་རྩོམ་རིག་གི་ནང་དོན་གཞི་གྲུབ་པར་ཁས་བླངས་དགོས།  འོན་ཀྱང་ནང་དོན་གཞི་གྲུབ་པ་ཙམ་གྱིས་རྩོམ་རིག་གྲུབ་མི་ཐུབ་པར་ནང་དོན་དེ་མཚོན་པར་བྱེད་པའི་སྐད་བརྡ་ཞིག་ངེས་པར་དུ་དགོས།  དེའི་ཕྱིར་བོད་ཀྱི་རྩོམ་རིག་ཐོག་མར་ནི་བོད་ཀྱི་སྐད་དེ་གོ་བརྡ་སྤྲོད་ཐུབ་ངེས་དུས་ནས་བྱུང་བར་ངོས་འཛིན་དགོས།  གནའ་རབས་ཀྱི་དུས་སྐབས་སུ་བོད་ཀྱི་རྩོམ་རིག་དེ་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དང་།  མི་རྣམས་ཀྱི་ནང་བསམ་པའི་འགྱུར་བ་མངོན་མཚོན་བྱེད་པའི་དགོས་པར་གཞིགས་ནས་རྩོམ་རིག་ཐད་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་པ་དང་།  སྤྱིར་ནང་ཆོས་ཀྱི་བསམ་བློའི་ཤུགས་རྐྱེན་དེ་ཙམ་ཆེན་པོ་མེད་པར་དུས་རབས་སོ་སོའི་སྤྱི་ཚོགས་ཀྱི་རྣམ་པ་ཇི་བཞིན་མཚོན་ཡོད་པ་དང་།  བརྗོད་བྱེད་ཀྱི་ཚིག་བསྡུས་ཤིང་དོན་གསལ་བ།  རྩོམ་རིག་གི་རྣམ་པ་གཙོ་བོ་དམངས་ཁྲོད་རྩོམ་རིག་ཡིན།  དུས་སྐབས་དེ་ནི་བོད་ཀྱི་རྩོམ་རིག་རྩ་བ་ཚུགས་པའི་དུས་རིམ་ཡིན།  སིལ་བུའི་དུས་བོད་ཁམས་ཁ་ཐོར་ཡ་བྲལ་དུ་གྱུར་བ་དང་།  སངས་རྒྱས་ཀྱི་བསྟན་པ་སླར་ཡང་དར་བས་བོད་ཀྱི་རང་བཞིན་ལྡན་པའི་གྲུབ་མཐའ་ཁག་བྱུང་བ་བཅས་ལོ་རྒྱུས་ཀྱི་དམིགས་བསལ་གནས་ཚུལ་འོག་བོད་ཀྱི་རྩོམ་རིག་གི་བསམ་བློའི་རྨང་གཞི་གཙོ་བོ་ནང་ཆོས་ཀྱི་བསམ་བློ་ཡིན་པ་དང་།  དེ་ནས་བཟུང་བཅིངས་འགྲོལ་མ་ཐོབ་བར་བོད་ཀྱི་རྩོམ་རིག་ལ་ཚད་གཞི་མི་འདྲ་བའི་ཐོག་ནས་ནང་ཆོས་ཀྱི་ཤུགས་རྐྱེན་ཐེབས་ཡོད།
བོད་ཀྱི་རྩོམ་རིག་ལོ་རྒྱུས་ཧྲིལ་པོའི་ངོས་ནས་གླེང་ན་སིལ་བུའི་དུས་ནི་བོད་ཀྱི་རྩོམ་རིག་དེ་གྲུབ་པ་ཙམ་མ་ཡིན་པར་སྡོང་པོ་ཆགས་པའི་དུས་རིམ་དུ་སླེབས་ཡོད་པར་ངོས་འཛིན་བྱས་ཆོག  ས་ཕག་གི་དུས་སུ་བོད་ཁམས་སླར་ཡང་གཅིག་གྱུར་བྱུང་བ་དང་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་དངོས་སུ་དར་བ།  བོད་ཀྱི་སྤྱི་ཚོགས་ལ་ཁྱོན་ཡོངས་ནས་ཅུང་བརྟན་ལྷིང་གི་རྣམ་པ་ཐོན་པ།  རིག་གནས་ལྔ་ཟུང་དར་རྒྱས་ཆེ་བ།  པར་ཤིང་བརྐོ་བའི་ལག་རྩལ་དར་བ་བཅས་ལ་བརྟེན་ནས་བོད་ཀྱི་རྩོམ་རིག་དེ་འཕེལ་རྒྱས་ཆེ་ཙམ་ཡིན་པའི་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད།  དུས་སྐབས་དེར་སྔར་གྱི་རྩོམ་སྲོལ་བཟང་པོ་རྣམས་རྒྱུན་འཛིན་གང་ལེགས་ཐོག་རྒྱ་གར་གྱིས་གཙོས་པའི་གཞན་རིགས་ཀྱི་རྩོམ་སྲོལ་བཟང་པོ་རྣམས་དང་ལེན་བྱས་པས།  གསར་རྩོམ་ཐད་རང་ལུགས་ཀྱི་ཁྱད་ཆོས་ལྡན་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ཡོད།  སྐད་བརྡའི་ངོས་ནས་གླེང་ན།  དུས་སྐབས་དེའི་རྩོམ་རིག་གི་སྐད་བརྡར་བརྡ་གསར་གི་རང་བཞིན་ལྡན་པ་གང་ཞིག་ས་པཎ་ཀུན་དགའ་རྒྱལ་མཚན་དང་རྗེ་བློ་བཟང་གྲགས་པས་མཚོན་ཁ་གསལ་ཞིང་གོ་བདེ་བའི་རིགས་ཤིག་དང་།  མཁས་གྲུབ་དགེ་ལེགས་དཔལ་བཟང་དང་ཞང་ཞུང་ཆོས་དབང་གྲགས་པས་མཚོན་ཁ་དམ་ཞིང་གོ་དཀའ་བའི་རིགས་ཀྱི་སྐད་བརྡའི་ཉམས་འགྱུར་མི་འདྲ་གཉིས་དུས་སྐབས་དེར་ཆགས་པ་རེད།  དགའ་ལྡན་ཕོ་བྲང་དུས་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཆ་ཚང་དུ་སོང་བ་དང་།བཀས་བཀོད་རྒྱུན་འཛིན་ཞིང་བྲན་ལམ་ལུགས་འཐུས་སྒོ་ཚང་དུ་སོང་བ།  མཐོ་རིམ་དབང་སྒྱུར་གྲལ་རིམ་པ་ཚོས་དབང་ཆ་འཕྲོག་རེས་ཀྱི་ཆེད་དམག་འཁྲུག་ཐེངས་མང་བསླངས་ནས་སྐབས་ཤིག་རིང་བོད་སྤྱི་ཚོགས་ཟང་ཟིང་དང་ཡོ་ལང་ཆེ་བ་བཅས་དམིགས་བསལ་གྱི་ལོ་རྒྱུས་རྒྱབ་ལྗོངས་འོག་རྩོམ་རིག་ཐད་ལའང་དར་རྒྱས་ཆེན་པོ་བྱུང་ཡོད།  དུས་དེའི་རྩོམ་རིག་ནི་བར་དུས་ཀྱི་རྩོམ་རིག་དང་མི་འདྲ་བར་སྤྱི་ཚོགས་ཀྱི་དོན་དངོས་འཚོ་བ་དང་ཐག་ཉེ་རུ་སོང་ཡོད་པ་དང་།  འཇིག་རྟེན་འདིའི་བོད་མིའི་འཚོ་གནས་དང་ཐག་ཉེ་རུ་སོང་ནས་དངོས་ཡོད་རིང་ལུགས་ཀྱི་གསར་རྩོམ་ཐོག་བསྐྱོད་འགོ་ཚུགས་ཡོད་པས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཧྲིལ་པོའི་ངོས་ནས་སྨོས་ན་འཕེལ་རྒྱས་ཀྱི་མངོན་ཚུལ་བཟང་པོ་ཞིག་ཡིན་ན།  འབྲས་བུ་སྨིན་པའི་དུས་སུ་ངོས་འཛིན་བྱ་ཆོག

 

དུས་སྐབས་མི་འདྲ་བར་རྩོམ་རིག་གི་ཉམས་འགྱུར་ཡང་མི་འདྲ་བར་སྟོན་རྒྱུ་ཡོད་པ་གཤམ་གསལ།
<<སྲིད་པ་ཆགས་གླུ་>>ལས།  དང་མ་སྲིད་པ་ཆགས་དུས་ན།  རྡོ་མྱེ་རྡོ་ཙམ་ཞིག་མེད་ས་ནས།  ཇག་པའི་བ་རྡོ་ཅི་ཡིས་བྱེད།  དང་མ་སྲིད་པ་ཆགས་དུས་ན།  ཤིང་ལྕག་ཡུ་ཙམ་ཞིག་མེད་ས་ནས།  ཇག་པའི་བུད་ཤིང་ཅི་ཡིས་བྱེད།  དང་མ་སྲིད་པ་ཆགས་དུས་ན།  ཆུ་ཐིགས་ཆུ་ཙམ་ཞིག་མེད་ས་ན།  ཇག་པའི་འཐུང་ཆུ་ཅི་ཡིས་བྱེད།  དང་མ་སྲིད་པ་ཆགས་དུས་གི།  རྡོ་མྱེ་རྡོ་ཙམ་ཞིག་མེད་ས་ནས།  སྤང་པོ་ཐོ་བླངས་ནས་བ་རྡོ་བྱེད།  དང་མ་སྲིད་མ་ཆགས་དུས་གི།  ཤིང་ལྕག་ཡུ་ཙམ་ཞིག་མེད་ས་ན།  བསང་སྤེན་མ་བྲེགས་ནས་བུད་ཤིང་བྱས།  དང་མ་སྲིད་པ་ཆགས་དུས་གི།  ཆུ་ཐིགས་ཆུ་ཙམ་ཞིག་མེད་ས་ནས།  གངས་དཀར་བོ་བླངས་ནས་འཐུང་ཆུ་བྱས།  དང་མ་སྲིད་པ་ཆགས་དུས་གི།  ས་གནམ་གཉིས་ཀ་འདྲེས་བསྡད་ཡོད།  ས་གནམ་ཕྱེ་ནོ་(མཁན་)སུ་ཡིན་ཤོད།  དང་མ་སྲིད་པ་ཆགས་དུས་གི།  ཉིན་སྲིབ་གཉིས་ཀ་འདྲེས་བསྡད་ཡོད།  ཉིན་སྲིབ་ཕྱེ་ནོ་སུ་ཡིན་ཤོད།  དང་མ་སྲིད་པ་ཆགས་དུས་གི།  ས་གནམ་གཉིས་ཀ་འདྲེས་བསྡད་ཡོད།  ས་གནམ་ཕྱེ་ནོ་ཁྱུང་ཆེན་ཡིན།  ཁྱུང་ཆེན་མགོ་ན་ཅི་ཞིག་ཡོད།  དང་མ་སྲིད་པའི་ཆགས་དུས་གི།  ཉིན་སྲིབ་གཉིས་ཀ་འདྲེས་བསྡད་ཡོད།  ཉིན་སྲིབ་ཕྱེད་ནོ་ཉི་མ་རེད།  ཉི་མའི་མགོ་ན་ཅི་ཞིག་ཡོད།

<<སྲིད་པ་ཆགས་གླུ་>>ལས།  དང་པོ་སྲིད་པ་ཆགས་དུས་སུ།  གོས་གཅིག་གིས་རྒྱལ་ཁབས་ཁེབས་པ་རེད།  གོས་དེ་ཡི་མིང་ལ་ཅི་ཞིག་ཟེར།  དང་པོ་སྲིད་པ་ཆགས་དུས་སུ།  ཟས་གཅིག་གིས་འགྲོ་ཀུན་སོས་པ་རེད།  ཟས་དེ་ཡི་མིང་ལ་ཅི་ཞིག་ཟེར།  དང་པོ་སྲིད་པ་ཆགས་དུས་སུ།  གོས་གཅིག་གིས་རྒྱལ་ཁབས་ཁེབས་པ་དེ།  དགུང་འཛམ་གླིང་ཉི་མ་སེར་པོ་རེད།  དང་པོ་སྲིད་པ་ཆགས་དུས་སུ།  ཟས་གཅིག་གིས་འགྲོ་ཀུན་སོས་པ་དེ།  ཟས་ཞིམ་པོ་སྦྲང་དཀར་རྩམ་པ་རེད།

<<གནམ་གྱི་ལྷ་བུ་སྤུན་གསུམ་>>ལས།  གནམ་གྱི་ལྷ་བུ་སྤུན་གསུམ་ལས།  ལྷ་ཡི་བུ་སྤུན་གདོད་སྐུ་དང་།  ལོངས་སྐུ།  གོང་སྐུ་གསུམ་གྱིས་རྒྱ་མཚོའི་མཐིལ་ནས་བླངས་པའི་ཕ་བོང་གསུམ་ཐབ་རྡོར་བཅོས་ནས་ཆུ་ཐམས་ཅད་རྡོ་ཁོག་ནང་ཧུབ་གཅིག་གིས་བླུགས་རྗེས་རྡོ་ལེབ་ཀྱིས་ཁ་གཅོད་བརྒྱབ་པ་དང་།  དེའི་སྟེང་ལྷ་ཡི་ས་སྟོར་ནས་ཞིང་དུ་བཅོས།  ས་ཞིང་བཅོས་ཚར་ནའང་ས་གཞིའི་ཐོག་འོད་ཀྱི་སྣང་བ་ཡེ་ནས་མེད་པར་ནག་ཐིབ་བེར་གནས་ཡོད།  སྤུན་གསུམ་གྱི་བསམ་པར་དེ་ལྟར་ཅིས་ནས་ཀྱང་མི་འོང་སྙམ་ནས།  གཅེན་རྒན་པས་རྡོ་ལེབ་ཀྱི་འོག་ཏུ་འཛུལ་ཞིང་།  རྡོ་ཁོག་ནང་གི་རྒྱ་མཚོའི་ཆུ་ཤུགས་ཆེན་པོས་ཐེངས་གསུམ་དཀྲུགས་པས་ཉི་མ་བྱུང་།  གཅེན་འབྲིང་བ་ལོངས་སྐུས་ཀྱང་ཤུགས་ཆེན་པོས་ཐེངས་གསུམ་དཀྲུགས་པས་ཟླ་བ་བྱུང་།  གཅུང་གོང་སྐུས་ཀྱང་ཤུགས་ཆེན་པོས་ཐེངས་གསུམ་དཀྲུགས་པས་བྱང་སྐར་སྤུན་བདུན་འཕྲལ་དུ་བྱུང་།  དུས་དེས་ནས་བཟུང་གནམ་སའི་བར་དུ་འོད་ཟེར་བྱུང་བ་ཡིན།

<<ཉི་མ་དགུ་>>ལས།  དང་ཐོག་མར་གནམ་ས་གཉིས་འདྲེས་བསྡད་ཡོད།  དེའི་རྗེས་གནམ་ས་ཡི་དབུས་ནས་ཡར་འཕགས་པ་དང་།  ས་གཞི་རིམ་བཞིན་དམའ་རུ་སོང་།  ཡིན་ནའང་གནམ་གྱི་མཐའ་རུ་ད་དུང་ས་དང་འདྲེས་ཡོད།  དེ་ནས་གནམ་དང་ས་གཉིས་གཉེན་སྡེབ་པ་དང་།  ཡུན་རིང་མ་སོང་བར་ཉི་མ་དགུ་འཁྲུངས།  ཉི་མ་སྤུན་བདུན་གནམ་ས་འདྲེས་པའི་མཚམས་སུ་འདུག་གནས་བཅོལ།  ཉི་མ་སྤུན་གཉིས་ཨ་ཕ་གནམ་གྱི་པང་དུ་འདུག་བཞིན་པ་ལ།  ཐེངས་གཅིག་ཉི་མ་གཅིག་གིས་འབུ་ཆུང་ཆུང་ལྡེའུའི་ཕྲུ་གུ་བསྲེགས་པར་གྱུར་བས།  ཆུང་ཆུང་ལྡེའུ་ཞེ་གཏིང་ནས་ཁྲོས་ཏེ་མདའ་འཕགས་པས།  ཉི་མའི་མིག་ཏུ་ཕོག  དུས་དེ་ནས་བཟུང་འོད་ཟེར་དཀྱི་བར་ནུས་པའི་ཉི་མ་གཅིག་ལས་མ་ལྷག་པ་རེད།

<<ཁ་ཆེ་ཕ་ལུའི་བསླབ་བྱ་>>

དང་པོ།  རྒྱལ་སྲིད་སྐྱོང་ལུགས་ཐད་གདམས་པའི་བསླབ་བྱ།

རྒྱལ་པོ་ཆེན་པོ་ཡུལ་གྱི་རྒྱན་ཆ་རེད།  ཁྲིམས་དང་མཐུན་ན་རྒྱལ་གཞིས་མངའ་ཐང་ལྡན།  ཁྲིམས་འགོ་ནོན་ན་བསམ་དོན་ལྷུན་གྱིས་གྲུབ།  ཁྲིམས་གཞུང་ལྡན་ན་བདེ་སྐྱིད་ཕུལ་སུམ་ཚོགས།  མཚོ་མོ་འཁྱོམས་ན་ཉ་མོ་ལས་ཀྱིས་འཁྱོམ།  ལུང་པ་དབུལ་ན་རྒྱལ་པོ་ལས་ཀྱིས་དབུལ།  རྗེ་དཔོན་དར་ཞིང་རྒྱལ་པོའི་ས་སྡེ་འཁྲུགས།  ཡུལ་སྡེ་མེད་པའི་རྗེ་དཔོན་དགོད་རེ་བྲོ།

གཉིས་པ།  སྐྱེ་བོ་སྤྱི་ལ་གདམས་པའི་བསླབ་བྱ།

ནོར་ལ་ཆོག་ཤེས་བྱེད་དགོས་པ།  སེམས་གོས་ཆོད་ན་སྤྲང་པོ་དེ་ལས་ལྷག།  རྒྱལ་པོ་རྒྱལ་གཞིས་ཟོལ་ནས་ལྟོགས་ལྷང་ལྷང་།  སྤྲང་ཕྲུག་ཐང་རྐྱལ་ཁེངས་ནས་སྦོ་དགྱེ་དགྱེ།  བཀོད་པའི་ལས་ལ་ཆོག་ཤེས་མ་བྱས་ན།  རང་སྡུག་རང་གིས་ཉོ་བ་དོན་མེད་རེད།  ཆོགཤེས་ལྡན་ན་ཕྱུག་དང་མ་ཕྱུག་མེད།  ལས་ལ་བཀོད་ན་དགྲ་ནོར་རང་གི་ནོར།  མ་བཀོད་ཕ་ནོར་བུ་ལ་བདག་པ་དཀའ།  ལྗང་པ་རྡོ་ཡི་སྟེང་དུ་སྐྱེ་མདོག་མེད།  སྤག་སྤག་སིག་སིག་བྱས་པ་ཅི་ལ་ཕན།

སྨྲ་ལྕེར་བདག་པོ་བརྒྱབ་དགོས་པའི་བསླབ་བྱ།

དབྱར་ཁ་ལྕགས་དང་དགུན་ཁ་རྫ་ལ་ལྟོས།  དབྱར་དགུན་མེད་པར་དམར་པོའི་ལྕེ་ལ་ལྟོས།  སྙིང་གཏམ་སྙིང་གི་གྲོགས་ལ་ཤོད་ཚོད་གྱིས།  སྔ་གྲོགས་དགོང་དགྲར་སོང་བ་མང་པོ་ཡོད།  དམར་པོའི་ལྕེ་ལ་བདག་པོ་མ་བརྒྱབ་ན།  རིལ་རིལ་དབུ་ལ་འོ་བརྒྱལ་བཟོས་ཡོང་ངོ་།  མ་བཤད་གཏམ་དེ་ག་དུས་བཤད་བཤད་རེད།  བཤད་ནི་འགྱོད་དགོས་བྱུང་ན་ཐ་མའི་ལས།

བཟང་ངན་ལ་མ་ནོར་བར་འཇུག་དགོས་པའི་བསླབ་བྱ།

བཟང་ན་བཟང་དང་ངན་ན་ངན་གྱི་ལན།  འདི་ནི་ཡོང་རྒྱུ་འཇིག་རྟེན་འཁོར་བའི་ལས།  བཟང་པོ་འོངས་པའི་རྗེས་ལ་གཏམ་བཟང་ཡོད།  བཟང་པོ་ལོ་ལ་བཟང་པོའི་འབྲས་བུ་སྨིན།ངན་པའི་འབྲས་བུ་ངན་པའི་སྐེ་ལ་འཁྲིལ།  ངན་པའི་རྗེས་ལ་ལྟས་ངན་གཏམ་ངན་ཡོད།

བྱ་བྱེད་ཚང་མར་ཚོད་བྱེད་དགོས་པའི་བསླབ་བྱ།

འགྲོ་ཚོད་སྡོད་ཚོད་ཤོད་ཚོད་བྱེད་ཚོད་དང་།  སྐྱིད་པོ་བྱེད་ཚོད་སྡུག་པའི་འཁུར་ཚོད་དང་།  ཞིམ་པའི་ཟ་ཚོད་འཇམ་པོའི་གྱོན་ཚོད་རྣམས།  མི་ལ་ཚང་ན་མཁས་པའི་ཡང་རྩེ་ཡིན།  ལས་ལ་ཚོད་མེད་ཐ་མ་ཕུང་བའི་གཞི།  ཚོང་ལ་ཚོད་མེད་མཐའ་གཞུག་ཕམ་པའི་གཞི།  ཁ་ལ་ཚོད་མེད་རྐུབ་ལ་ཉོ་བའི་གཞི།  དགོད་ལ་ཚོད་མེད་མཐའ་གཞུག་ངུ་བའི་གཞི།

གསུམ་པ་ཕ་མ་བུ་ཕྲུག་ལ་གདམས་པའི་བསླབ་བྱ།

༡.ཕ་ལ་གདམས་པའི་བསླབ་བྱ།

ཕ་བུའི་དམ་ཚིག་བསྲུང་དུས་བསྲུངས་པ་དགའ།  དུས་ཚོད་ཆུ་ཚོད་མ་འགྱངས་གྲོལ་ནས་འགྲོ།  འཐུས་ཤོར་མེད་པར་བུ་ལ་ཡོན་ཏན་སླབས།  ཡོན་ཏན་ཀུན་གྱི་རྩ་བ་ཡི་གི་རེད།  ཕྲུ་གུའི་ཡི་གེ་གསེར་ཁྲིའི་སྟེང་དུ་སྐྱོལ།  མི་ཕོའི་ཡི་གེ་སྟག་གདན་སྟེང་དུ་འཇོག།  བླ་མའི་ཆོས་རར་ཡི་གེ་མེ་ལོང་རེད།  རྒྱལ་པོའི་ཁྲིམས་རར་ཡི་གེ་འབྲས་བུ་རེད།  ཡིག་ཡོད་མིག་ཡོད་མཁས་པ་སྤྲུལ་བའི་རྒྱུད།  ཡིག་མེད་མིག་མེད་ལོང་བ་ལྐུགས་པའི་རྒྱུད།  ཀྱོག་ཀྱོག་ཡི་གེ་གཞུ་ལྟར་འཁྱོག་གྱུར་ཀྱང་།  དོན་རྩ་མདའ་ལས་འདྲོང་བ་དེ་རུ་ཚང་།  ཡོན་ཏན་རིན་ཆེན་དགོས་འདོད་ཀུན་འབྱུང་རེད།

༢.མ་ལ་གདམས་པའི་བསླབ་བྱ།

དེ་ནས་གསོན་དང་ཨ་མའི་སྙིང་ཉེ་ཚོ།  བྱམས་དང་བརྩེ་བ་ཅན་གྱི་དྲིན་ཆེན་མ།  ཕྲུ་གུ་ཆུང་དུས་ཨ་མའི་མགོ་རུ་སྡོད།  ལང་ལ་གཏོང་རང་གཏོང་ན་ཨ་མས་གཏོང་།  ཁ་ལ་མི་སྟེར་དགུ་སྟེར་ཨ་མས་སྟེར།  ལུས་ལ་མི་གཡོགས་དགུ་གཡོགས་ཨ་མས་གཡོགས།  ཆུང་དུས་ཨ་མས་ལང་ལ་བཏང་བའི་བུ།  ལང་ཤོར་ཐ་མ་ཨ་མ་དགའ་མི་ཁུག།  དེ་འདྲས་མི་གསོད་བྱས་ནས་ཕུང་བ་མང་།  དེ་འདྲས་རྟ་འཁྱེར་བྱས་ནས་བྲོས་པ་མང་།  ཨ་མས་སྡུག་སྙིང་མནན་ནས་མ་བསྡད་ན།  ཨ་མས་ཕྲུ་གུ་རླུང་ལ་བསྐུར་ཡོང་ངོ་།

༣.བུ་ལ་གདམས་པའི་བསླབ་བྱ།

གོང་ན་གོ་བརྡྰ་གཤམ་ན་ཕ་མ་གཉིས།  དེ་གསུམ་ལས་ལྷག་སུ་ཡང་ཡོད་པ་མིན།  ཉིན་མཚན་མེད་པ་ཕ་མའི་ཞབས་ལ་བཅར།  ཞིམ་པོ་ཕུལ་ནས་ཨེ་མཉེས་སེམས་ཀྱིས་ལྟོས།  འཇམ་པོ་བསྒྲོན་ནས་ཨེ་མཉེས་ཡིད་ཀྱིས་ལྟོས།  སྙན་པོ་ཞུས་ནས་ཐུགས་སེམས་ཨེ་སྤྲོ་ལྟོས།  ཡག་པོ་ཞུས་ནས་དགོངས་པ་ཨེ་སྤྲོ་ལྟོས།  ཕ་མ་མཉེས་ན་འདི་ཕྱི་གཉིས་ཡོད་རེད།  ཕ་མ་མ་མཉེས་འདི་ཕྱི་གཉིས་མེད་རེད།  ཕ་མ་ཡོད་དུས་བཀའ་དྲིན་མ་བསམས་པར།  མེད་དུས་འགྱོད་པ་སྐྱེས་པ་ཐ་མའི་ཐ།  འགྱོད་པ་དེ་ནི་ཕུགས་ནས་ཕུགས་སུ་འགྱོད།  ད་ལྟ་ས་སྟེང་འགྱོད་པ་དེ་ལས་འགྱོད།

<<ཚངས་དབྱངས་རྒྱ་མཚོའི་མགུར་གླུ་>>

མཛངས་མའི་ཐུགས་དང་བསྟུན་ན།  ཚེ་འདི་ཆོས་སྐལ་ཆད་འགྲོ།  དབེན་པའི་རི་ཁྲོད་འགྲིམས་ན།  བུ་མོའི་ཐུགས་དང་འགལ་འགྲོ།  །བྱམས་པ་མཚར་བའི་སྒང་ལ།  ཕར་ཚུར་བརྩེ་དུང་ཆེ་ནས།  ད་ལམ་རི་ཁྲོད་འགྲིམ་པའི།  འགྱངས་ཆ་ཞུ་དགོས་བྱུང་ངོ་།  །རྒྱབ་ཀྱི་ཀླུ་བདུད་བཙན་པོ།  འཇིགས་དང་མི་འཇིགས་མི་འདུག།  མདུན་གྱི་ཀ་ར་ཀུ་ཤུ།  འཐོགས་སུ་དགོས་པ་བྱས་སོང་།  །མཚན་ལྡན་བླ་མའི་དྲུང་དུ།  སེམས་ཁྲིད་ཞུ་བར་ཕྱིན་པས།  སེམས་པ་སྒོར་ཀྱང་མི་ཐུབ།  བྱམས་པའི་ཕྱོགས་ལ་ཤོར་སོང་།  །ཁྱི་རྒན་རྒྱའུ་ཟེར་བ།  རྣམ་ཤེས་མི་ལམ་སྤྱང་བ།  སྟོད་ལ་ལངས་སོང་མ་ཟེར།  ཐོ་རངས་ལོག་བྱུང་མ་ཟེར།  །སྲོད་ལ་བྱམས་པ་བཙལ་བས།  ཐོ་རེངས་ཁ་བ་བབས་བྱུང་།  གསང་དང་མ་གསང་མི་འདུག།  ཞབས་རྗེས་གངས་ལ་བཞག་ནི།  །ངུར་སྨྲིག་མདོག་གིས་བསྒྱུར་བས།  བླ་མ་ཡོང་གི་ཡོད་ན།  མཚོ་སྟོད་སེར་བྱ་ངང་པས།  འགྲོ་བ་འདྲེན་པ་འདུག་གོ།  །སྤྲིན་པ་ཁ་སེར་གཏིང་ནག།  སད་དང་སེར་བའི་གཞི་མ།  བན་དེ་སྐྱ་མིན་སེར་མིན།  སངས་རྒྱས་བསྟན་པའི་དགྲ་བོ།  །ཁུ་བྱུག་མོན་ནས་ཡོང་བ།  ལྷ་ཤིང་བསམ་ནས་ཡོང་ཡོད།  ལྷ་ཤིང་འགྱུར་མདོག་སྟོན་ན།  ཁུ་བྱུག་མོན་ལ་ལོག་འགྲོ།  །དང་པོ་མ་མཐོང་ཆོག་ག།  སེམས་པ་ཤོར་དོན་མི་འདུག།  གཉིས་པ་མ་འདྲིས་ཆོག་ག།  སེམས་གཅོང་ཡོང་དོན་མི་འདུག།  །ངང་པ་འདམ་ལ་ཆགས་ནས།  རེ་ཞིག་སྡོད་དགོས་བསམ་ཀྱང་།  མཚོ་མོ་དར་ཁ་འགྲིགས་ནས།  རང་སེམས་ཁོ་ཐག་ཆོད་སོང་།  །རང་སེམས་ཁ་བཏགས་དཀར་པོ།  ནག་ནོག་མེད་པར་ཞུས་ཡོད།  མི་སེམས་སྣག་ཚའི་རི་མོ།  འབྲི་འདོད་ཡོད་ན་བྲིས་ཤོག།  །མེ་ཏོག་ནམ་ཟླ་ཡལ་སོང་།  གཡུ་སྦྲང་སེམས་པ་མ་སྐྱོ།  བྱམས་པའི་ལས་འཕྲོ་ཟད་པར།  ང་ནི་སྐྱོ་རྒྱུ་མི་འདུག།  །མ་བྱས་མི་ཁ་སྡང་བ།  ང་དང་ཕོ་རོག་ནག་ཆུང་།  བྱས་ཀྱང་མི་ཁ་མི་འདུག།  ཁོང་དང་རྒྱ་ཕྲ་ཧོར་པ།  །རང་ལ་དགའ་བའི་བྱམས་པ།  གཞན་གྱི་མདུན་མར་བླངས་སོང་།  ཁོག་ནང་སེམས་པའི་གཅོང་གིས།  ལུས་པོའི་ཤ་ཡང་སྐམ་སོང་།  །ས་བཅུའི་དབྱིངས་སུ་བཞུགས་པའི།  དམ་ཅན་རྡོ་རྗེ་ཆོས་སྐྱོང་།  མཐུ་དང་ནུས་པ་ཡོད་ན།  བསྟན་པའི་དགྲ་བོ་སྒྲོལ་དང་།  །བྲག་དང་རླུང་པོ་བསྡེབས་ནས།  རྒོད་པོའི་སྒྲོ་ལ་གཟན་བྱུང་།  གཡོ་ཅན་རྫུ་བག་ཅན་གྱིས།  ང་ལ་གཟན་པོ་བྱས་བྱུང་།  །ཤི་དེ་དམྱལ་བའི་ཡུལ་གྱི།  ཆོས་རྒྱལ་ལས་ཀྱི་མེ་ལོང་།  འདི་རུ་ཁྲིག་ཁྲིག་མི་འདུག།  འདི་ནས་ཁྲིག་ཁྲིག་གནང་ཞུ།  །ད་ལོ་བཏབ་པའི་ལོ་ཏོག།  སང་ཕོད་མ་སྨིན་ཟེར་ན།  གནམ་གྱི་སྦྲང་ཆར་སིལ་མ།  ཐུགས་བསམ་བཞེས་རོགས་གནང་དང་།  །དཀར་ནག་ལས་ཀྱི་འབྲས་བུ།  ད་ལྟ་ལྐོག་ཏུ་བཏབ་ཀྱང་།  འབྲས་བུ་སྦས་པས་མི་ཐུབ།  རང་རང་སོ་སོར་སྨིན་གིས།  །ཁྱི་དེ་སྟག་ཁྱི་གཟིག་ཁྱི།  ལྡག་ཁ་སྟེར་ནས་འདྲིས་སོང་།  ནང་གི་སྟག་མོ་རིས་འཛོམས།  འདྲིས་ནས་ཐུ་རུ་ལང་སོང་།  །བྱ་དེ་ཁྲུང་ཁྲུང་དཀར་པོ།  གཤོག་རྩལ་ང་ལ་གཡར་དང་།  ཐག་རིང་རྒྱང་ནས་མི་འགྲོ།  ལི་ཐང་བསྐོར་ནས་སླེབས་ཡོང་།  །ད་ལྟའི་ཚེ་ཐུང་འདི་ལ།  དེ་ཁ་ཙམ་ཞིག་ཞུས་ནས།  གཏིང་མ་བྱི་བའི་ལོ་ལ།  མཇལ་འཛོམ་ཨེ་ཡོང་བལྟའོ།  །ཤར་ཕྱོགས་རི་བོའི་རྩེ་ནས།  དཀར་གསལ་ཟླ་བ་ཤར་བྱུང་།  མ་སྐྱེས་ཨ་མའི་ཞལ་རས།  ཡིད་ལ་འཁོར་འཁོར་བྱས་བྱུང་།  །སེམས་པ་ཕར་ལ་ཤོར་ནས།  མཚན་མོའི་གཉིད་ཐེབས་གཅོག་གིས།  ཉིན་མོ་ལག་ཏུ་མ་ལོན།  ཡིད་ཐང་ཆད་རོགས་ཡིན་པས།  །འགྲོ་ཞོར་ལམ་བུའི་སྙིང་སྡུག།  ལུས་དྲི་ཞིམ་པའི་བུ་མོ།  གཡུ་ཆུང་གྲུ་དཀར་རྙེད་ནས།  སྐྱུར་བ་དེ་དང་འདྲ་བྱུང་།།

 

བརྒྱུད་སྐུལ།

མཆན་སྤེལ།