བོད་ཀྱི་ལོ་གསར།

བོད་ཀྱི་ལོ་གསར།
 སྤྱིར་ན་བོད་དབུས་ཁུལ་གྱི་མི་དམངས་ཚོས་རང་རང་འཁོས་སྦྱོར་ལ་གཞིགས་ཏེ་བོད་ཟླ་ ༡༢ པ་ནས་བཟུང་ལོ་གསར་གྱི་ཉེར་མཁོའི་སྟ་གོན་རིམ་བཞིན་བྱེད་འགོ་ཚུགས་ཏེ་ཤ་མར་འབྲུ་སྣུམ་སོགས་ལོ་གསར་གྱི་ཉེར་མཁོ་དང་།  གཟབ་སྤྲོས་གྱོན་ཆས་སྣ་ཚོགས།  སྡེར་ཁའི་ཁ་ཟས་དང་།  ལུག་མགོ།  ལོ་ཕུད།  ཕྱེ་མར་གྱི་རྩིབས་སྒྲོ་དང་ལོ་གསར་མེ་ཏོག་སོགས་གྲོ་སོ་ཕྱེ་མར་གྱི་ཡོ་ཆས།  ཁང་པའི་དར་ལྕོག་དང་། དར་ཤིང་།  ཤམ་བུ་སོགས་ཉོ་སྒྲུབ་བྱེད་པ་དང་། ཆང་བཙོ་བ་དང་།  སྦོ་ལུག་དང་ཁུར་བ་སོགས་ཁ་ཟས་སྣ་ཚོགས་འགར་བ་མ་ཟད།  ཁྱིམ་ཚང་སོ་སོའི་ཐབ་ཚང་གིས་གཙོས་ཁང་པའི་ཕྱི་ནང་གི་དུ་བ་དང་ཐལ་བ་རྣམས་གཙང་མར་འཕྱག་པ་སོགས་ལོ་གསར་གྱི་སྟ་གོན་བྱེད་ཅིང་།  བོད་ཟླ་ ༡༢ ཚེས་ ༢༩ ཉིན་གྱི་དགོང་མོ་དགུ་ཐུག་མ་འཐུང་གོང་ཁྱིམ་མི་ཚང་མར་སྤགས་གོང་ཆུང་ངུ་རེ་སྤྲད་ནས་དེས་མི་སོ་སོའི་གཟུགས་པོའི་སྟོད་སྨད་ཚང་མར་ཕུར་སྟེ་ལོ་གཅིག་ཟླ་བ་བཅུ་གཉིས་ཞག་མ་སུམ་བརྒྱ་དྲུག་ཅུའི་གེགས་བར་ཆད་ཚང་མ་སེལ་བའི་སྨོན་ལམ་བཏབ་རྗེས་དྲི་གླུད་བཟོས་ནས་རྫ་ཁོག་ཆག་དུམ་ཞིག་ནང་བླུགས་པ་དང་།  དེ་རྗེས་ས་སྲོད་ཙམ་ལ་དགུ་ཐུག་འཐུང་འགོ་ཚུགས།

དགུ་ཐུག་ཅེས་པ་ཐུག་པ་བག་ཐུག་ནང་ཟས་སྣ་སྣེ་གྲངས་དགུ་འཛོམས་དགོས་པའི་ཐོག་བག་ཐུག་ཅུང་ཆེ་བ་ཁག་ཅིག་ནང་སུར་པན་དང་།  སོལ་བ།  དཀར་ཡོལ།  ཚྭ།  བལ།  སྤོས་སོགས་བླུགས་པ་དང་དེ་བཞིན་ཉི་ཟླ་བཅས་ཀྱི་དབྱིབས་བཟོས་ཏེ་དེ་རྣམས་སུའི་ཕོར་བའི་ནང་ནས་ཐོན་རུང་ཕན་ཚུན་དབར་དེ་དག་གི་མཚོན་བྱེད་གང་ཡིན་འགྲེལ་བཤད་བརྒྱབ་ནས་ཚང་མ་བཞད་གད་ལིང་ངེར་གྱུར་ཞིང་།  མི་རེས་དགུ་ཐུག་ཕོར་པ་དགུ་རེ་འཐུང་དགོས་པས་ཕོར་པ་དགུ་མ་ལོན་པར་ཁུ་བ་ཐིག་པ་རེས་ཕོར་པ་རེའི་ཚབ་བྱས་ཏེ་གོང་གསལ་དྲི་གླུད་བླུགས་སྣོད་རྫ་ཁོག་ཆག་དུམ་དེའི་ནང་དཀར་ཡོལ་ནང་གི་ཐུག་པ་འཐུང་འཕྲོས་རྣམས་ཀྱང་བླུགས་ཐོག  ད་དུང་སྦང་མ་དང་ཇ་རོ་བླུགས་ནས་རྫ་ཁོག་ཆག་དུམ་དེ་བུ་མོ་ཞིག་གིས་འཁྱེར་བ་དང་།  བུ་ཞིག་གིས་སོག་མ་ཆགས་པ་ཞིག་ལ་མེ་སྦར་ཏེ་ཁང་པ་ཚང་མར་མེ་ཡུལ་བརྒྱབ་ནས་མར་དོན་ཤོག་ཅེས་གདོན་འདྲེ་ཕྱིར་འབུད་བྱེད་པའི་ངར་སྒྲ་སྒྲོག་བཞིན་དུ་སོ་སོའི་ཁྱིམ་ཚང་ཉེ་འཁོར་གྱི་ལམ་མདོ་ཞིག་ཏུ་བསྐྱལ་ཏེ་དེའི་མཇུག་མེ་འདའ་བོད་མདའམ་ཤོག་སྦག་བརྒྱབ་ནས་གདོན་བགེགས་སྐྲོད་པའི་ཚུལ་བྱེད་སྲོལ་ཡོད།  བོད་ཚེས་༣༠གནམ་གང་ཉིན་སྟ་གོན་གཙོ་བོར་གྲོ་སོ་ཕྱེ་མར་དང་།  ཁ་ཟས་སྡེར་ཁ།  ལུག་མགོ།  ལོ་ཕུད།  ཆང་ཕུད།  གྲོ་མ་འབྲལ་སིལ།  ཇ།  མར།  ཚྭ།  ཞལ་ཟས།  ཤིང་འབྲས།  ཐུད།  བུ་རམ།  ཤེལ་དཀར་རྟ་སོ་མ།  བྱི་རིལ།  གཞན་ཡང་ཡུལ་ཐོན་བཟའ་བཅའ་བྱེ་བྲག་སྣ་ཚོགས་སྡེར་མའི་ནང་བླུགས་ཏེ་མཆོད་གཤོམ་མདུན་སྒྲིག་གཤོམ་གཟབ་རྒྱས་བྱེད་པ་དང་།  མཆོད་གཤོམ་དང་སྐུ་ཐང་ལ་སྙན་ཤལ་སྒྲོན་པ།  ཐབ་ཚང་གི་རྩིག་སྡེབས་སུ་གྲོ་ཕྱེའི་དཀར་ཐིག་གི་ཡས་སྒྲོན་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་རི་མོས་རྣམ་པར་བརྒྱན་པ།  ཆུ་ཟངས་དང་ཆུ་བན་རྫ་མ་སོགས་བཅུད་ཀྱིས་གཏམས་པའི་སྣོད་ལ་ཁ་བཏགས་དཀྲི་བ།  ཁང་པའི་ནང་གི་གདུང་ཁེབས་དང་སྒོ་སྒེའུ་ཁུང་སོགས་ཀྱི་ཤམ་བུ་གསར་དུ་བརྗེ་བ།  སྒོ་རའི་ཕྱི་ནང་དང་ཁང་པའི་མདོ་སྦུག་གང་སར་གད་འཕྱིས་ལེགས་པར་བྱས་ཐོག་གདན་ལྕོག་སོགས་རྒྱས་སྤྲོས་ཅི་ཆེ་དང་།  ཐབ་ཚང་གི་རྩིག་ལྡེབས་སུ་གྲོ་ཞིབ་ཀྱི་དཀར་རྟགས་ཞེས་བཀྲ་ཤིས་རི་མོ་དང་ཐབ་ཀྱི་ཐོད་དུ་ཀླུ་མོ་མཚོན་བྱེད་སྡིག་རའི་གཟུགས་འབྲི་བ།  རྒྱལ་སྒོ་མདུན་ནས་དཀར་ཐིག་འཐེན་ཏེ་སྣེ་རྫོགས་མཚམས་གཡས་གཡོན་གཉིས་ལ་ཁྱི་སྣ་རྒྱག་པ་དང་། དཀར་ཐིག་གི་དཀྱིལ་དུ་མི་འགྱུར་རྟག་ཏུ་བརྟན་པའི་གཡུང་དྲུང་གི་རི་མོ་འབྲི་བ།  རྒྱས་པར་དེ་ནས་རིམ་བཞིན་རིན་ཆེན་གདུགས་དང་།  གསེར་ཉ་དང་།  གཏེར་ཆེན་བུམ་པ།  པངྨ་བཟང་།  དུང་དཀར་གཡས་འཁྱིལ།  དཔལ་བེའུ།  ཆོས་ཀྱི་རྒྱལ་མཚན།  འཁོར་ལོ་བཅས་བཀྲ་ཤིས་པའི་རྟགས་བརྒྱད་འབྲི་སྲོལ་ཡོད།  བོད་ཟླ་ ༡ ཚེས་ ༡ ཉིན་དེ་སྔ་བོད་ས་གནས་སྲིད་གཞུང་གི་ལུགས་སྲོལ་ལ་ལོ་གསར་མཛད་སྒོ་ཉིན་གསུམ་སྟེ་ཚེས་གཅིག་ཉིན་བླ་མ་ལོ་གསར་དང་།  ཚེས་གཉིས་ཉིན་རྒྱལ་པོ་ལོ་གསར།  ཚེས་གསུམ་ཉིན་གཟབ་གསོལ་གྲོལ་སྟོན་མཛད་སྒོ་བཅས་དང་།  བླ་མ་ལོ་གསར་ཞེས་པ་ནི་ཞོགས་པ་སྔ་ཆར་ཕོ་བྲང་ཡངས་སྟེང་དུ་རྣམ་གྲྭས་དུང་བརྡ་དང་གཉིས་ཀྱི་སྐབས་དབྱེ་ཞིང་གར་རོལ་པས་བཞེངས་བརྡ་ཕུལ་བསྟུན་ཏཱ་ལའི་བླ་མ་སྐུ་བཞེངས་ཀྱི་རྒྱུན་གྱི་ཐུགས་དམ་ཉམས་བཞེས་རིམ་པ་གྲུབ་རྗེས་གཟིམ་ཆུང་དགའ་ལྡན་ཡངས་རྕེར་ཏཱ་ལའི་བླ་མ་མཆོག་ལ་གསོལ་ཇ་དང་།  བཞེས་གྲོ།  བཞེས་འབྲས།  གྲོ་སོ་ཕྱེ་མར།  ཆང་ཕུད་སོགས་འབུལ་བ་ཞེས་གྲུབ་པ་དང་།  སྐུ་བཅར་སྤྱི་ཁྱབ་མཁན་པོ་གསོལ་གཟིམ་རྣམས་ནས་ཏཱ་ལའི་བླ་མ་གདན་ཞུས་ཀྱིས་མཚན་གཟིམ་ལྷ་མོ་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད་འཕྲལ་སྲིད་བཀས་མཚོན་ནང་མ་མཁན་སྡེ་ཆེ་ཆུང་ཡན་ནས་ཕྱག་འཚལ་དང་འབྲེལ་གོ་བབས་ཀྱི་བཀྲ་ཤིས་བདེ་ལེགས་ཀྱིས་མཇལ་དར་རེ་འབུལ་བར་ཕྱག་དབང་བསྩལ།  དེ་ནས་ཡོངས་འཛིན་རྣམ་གཉིས་དང་།  མཚན་ཞབས་རྣམ་པ།  སྐུ་བཅར་མཆོད་དཔོན་མཁན་པོ།  རྣམ་གྲྭ་སློབ་དཔོན་དང་དབུ་མཛད།  གསུང་བཟང་པ་བཅས་ནས་གསུང་ཞབས་ཞུས་ཏེ་དཔལ་ལྡན་ལྷ་མོའི་མངོན་རྟོགས་སྤྱན་འདྲེན་བསྐང་བ་བཅས་རིམ་པར་ཚུགས་མཚམས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚོན་བྱེད་དུ་གསོལ་ཇ།  གསོལ་གྲོ།  ཕྱེ་མར།  གྲོ་ཐུག་སོགས་རིམ་བཞིན་ཕུལ་བཞེས་གནང་།  ཞལ་འདོན་སེམས་ཉིད་འཕྲིན་ལས་མའི་མཚམས་སུ་ཏཱ་ལའི་བླ་མ་སྐུ་བཞེངས་མཛད་དེ་རྒྱལ་མཆོག་དགེ་འདུན་རྒྱ་མཚོའི་ཐུགས་དམ་གྱི་རྟེན་དཔལ་ལྡན་ལྷ་མོ་གསུང་བྱོན་མའི་སྐུ་ཐང་ལ་ཡེ་ཤེས་ལྔའི་རང་མདངས་མཚོན་བྱེད་ནང་མཛོད་སྣ་ལྔའི་སྙན་ཤལ་སྨོན་ཚིག་འཕྲིན་བསྐུལ་གྱིས་བརྒྱན་པ་འབུལ་གནང་གྲུབ་པ་དང་།  སྐུ་བཅར་རྣམ་པས་ཏཱ་ལའི་བླ་མ་གཟིམ་ཆུང་དུ་གདན་ཞུ་མཛད།  རྩེ་སྐོར་ནང་མ་རྣམ་པ་ཡན་གྱིས་ཕན་ཚུན་བཀྲ་ཤིས་པའི་མཇལ་དར་འབུལ་རེས་གནང་།  གཟིམ་ཆུང་མདོ་སྦུག་ཏུ་གསོལ་ཚོགས་ཆུ་མ་ཧྲལ་ཕེབས།  དེ་ནས་ཉི་མ་རྩེ་ཤར་མཚམས་ཕོ་བྲང་དམར་པོའི་ཡངས་སྟེང་དུ་ཏཱ་ལའི་བླ་མ་བཞུགས་ཁྲིར་ཞབས་སོར་འཁོད། དཔལ་ལྡན་འདོད་ཁམས་བདག་མོར་ཚེས་གཏོར་འབུལ་སྐབས་བཀའ་བློན་ཁྲི་པ་ནས་གཞུང་གནས་ཀྱི་མཇལ་དར་རྟེན་གསུམ་དང་།  རྩེ་ཤོད་ལས་ཚན་ཡན་ནས་གོ་བབས་ཀྱི་མཇལ་དར་རེ་ཕུལ་བར་ཕྱག་དབང་བསྩལ།  མཛད་སྒོ་གཟབ་རྒྱས་གྲུབ་མཚམས་གཟིམ་ཆུང་ཉི་འོད་དུ་འཁྱུག་ཙམ་ཞབས་སོར་འཁོད་རྗེས།  འདི་ཉིན་ཏཱ་ལའི་བླ་མ་མཆོག་ནས་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་ཆེན་མོའི་དབུ་བཞུགས་སུ་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་ཀྱི་གསེར་ཁྲི་ཆེན་མོར་ཞབས་སོར་འཁོད་འཕྲལ་བཀའ་བློན་ཁྲི་པས་གཞུང་གནས་དང་འབྲས་སེ་གཉིས་ཀྱི་སློབ་དཔོན་རྒན་པ་སོ་སོ་ནས་ཕྱག་འཚལ་དང་འབྲེལ་རྟེན་གསུམ་རེ་བཏེགས།  བྱིངས་མཛད་སྒོར་ཕེབས་མཁན་རང་རང་གི་གདན་ཐོབ་ལ་འཁོད།  ལོ་དེའི་དགེ་བཤེས་ལྷ་རམས་པའི་གྲས་ནས་ཕྱག་དཔེ་གྲགས་ཅན་གཉིས་ཀྱིས་གཞུང་བགྲོ་གླེང་ཚུགས།  བཀྲ་ཤིས་བདེ་ལེགས་ཀྱི་ཕྱེ་མར་དང་།  གསོལ་ཇ།  གྲོ་མ་འབྲས་བསིལ།  སྟོན་ཆེན་དཀར་སྤྲོ།  མར་ཟན་ཤིང་འབྲས་སྣ་ཚོགས་སོགས་འདེགས་འབུལ་ཞུས།  མགྲོན་ཆེས་གཟན་ཕྱེད་ཕབ་ནས་གུས་འདུད་དང་སྦྲགས་བཀའ་བརྒྱུད་ལེན་ཐོག་ཧོ་ཐོག་ཐུ་དང་།  བཀའ་བློན་མི་དྲག  འབྲས་སེའི་བླ་མ་ལས་སྣེ་བཅས་པ་ཁམས་བཟང་པོ་བྱུང་ངམ་ཞེས་འཚམས་འདྲི་སྩལ་མཚམས་གདན་ཐོག་ནས་གུས་བཏུད་མཚམས་ལན་ཞུས།  གདན་ས་གསུམ་དང་།  རྒྱུད་གྲྭ་སྟོད་སྨད།  ཚེ་སྨོན་གླིང་།  རྨེ་བཞི་ལྕགས་གསུམ་སོགས་ནས་ཏཱ་ལའི་བླ་མར་ལོ་གསར་རྟེན་འབྱུང་གི་ཚེ་སྒྲུབ་རིལ་བུ་ཕུལ།  གཞན་ཡང་གར་པ་རྣམས་ཀྱིས་ཉམས་འགྱུར་ལྡན་པའི་གར་འཁྲབ་པ་དང་བགྲོ་གླེང་པས་ཤིས་བརྗོད་དང་བཅས་ཚིགས་བཀྲ་བཅས་དེ་ཕྱག་འཚལ་དང་འབྲེལ་མཇལ་དེ་རེ་ཕུལ་བ་རང་སློག་ཐོག་ཕྱག་དབང་སྩལ་བ་སོགས་དེ་ཉིན་གྱི་མཛད་སྒོར་བོད་ཀྱི་བླ་ཆེན་རྣམས་དང་གདན་ས་གསུམ་སོགས་དགོན་ཁག་གི་མཁན་པོ་ཚང་མས་ཏཱ་ལའི་བླ་མར་བཀྲ་ཤིས་བདེ་ལེགས་ཞུས་བཅར་དབང་གིས་བླ་མ་ལོ་གསར་ཞེས་འབོད་སྲོལ་ཡོད།  ཚེས་གཉིས་ཉིན་ཏེ་ལོ་གསར་ཉིན་གཉིས་པར་སྤྱིར་བཏང་རྒྱལ་པོ་ལོ་གསར་ཟེར་ཞིང་དེ་ནི་ཏཱ་ལའི་བླ་མས་ཆོས་དང་སྲིད་གཉིས་ཀའི་བདག་དབང་ཟུང་འབྲེལ་དུ་བཞེས་པའི་ཁོངས་ནས་སྔར་གྱི་ལུགས་སྲོལ་དང་མཐུན་པའི་དགུང་གསར་གྱི་མཛད་སྒོ་ཡིན་པའི་དབང་གིས་དེ་ལྟར་བརྗོད་སྲོལ་ཆགས་འདུག འདི་ཉིན་སྔ་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་ན་བཟའ་བཞེས་ཕྱོགས་ཐད་རྩེ་སྐོར་ན་བཟའ་འཕྱར་གྲུ་འཕྱ་སྟོད་དང་།  ཤོད་སྐོར་བཀའ་བློན་ནས་དྲུང་དཀྱུས་ཡན་གྱིས་རྒྱལ་སྲིད་སྣ་བདུན་གྱི་རྟགས་ཚང་བའི་རྒྱ་ལུ་ཆས་གྱོན་བཞེས་གནང་སྲོལ་ཡོད་པ་དང་།  དེ་ནས་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས་སུ་སྡེ་སྲིད་ཕག་མོ་གྲུ་པ་དང་རིན་སྤུངས་ཀྱི་སྲོལ་ལྟར་རིན་རྒྱན་ཁྲི་པ་དང་།  མགྲོན་གཉེར།  གསོལ་དཔོན།  སྤོས་འཛིན་གཉིས།  ཕྱག་འཐེན་གཅིག  བྱིངས་བཅུ་ཕྲག་བཅས་ཀྱིས་སྔུན་བསུས་ཏེ་བཞུགས་ཁྲིར་ཞབས་སོར་འཁོད།  རྣམ་གྲྭ་རྡོ་དབུ་དང་།  གསུང་བཟང་པས་མཆོད་རོལ་དང་བཅས་གསུང་རོགས་ཞུས་ཏེ་ཡོངས་འཛིན་བགྲེས་པ་སོགས་ཀྱིས་རྟེན་འབྱུང་གི་སརྒ་གཏོད་ཕྱིར་རྒྱལ་སྲིད་སྣ་བདུན་དང་།  བཀྲ་ཤིས་རྟགས་བརྒྱད།  རྫས་བརྒྱད་བཅས་ལ་རེ་རེ་བཞིན་མཐུན་འགྱུར་ཞལ་འདོན་ཚིག་མཚམས་དང་བསྟུན་རིན་རྒྱན་ཁྲི་པ་བརྒྱུད་ཏཱ་ལའི་བླ་མར་རིམ་འབུལ་ཞུས།  དེ་ནས་སེ་འབྲས་སློབ་དཔོན་ཕྱག་དཔེ་ལེགས་གྲས་གཉིས་ནས་བགྲོ་གླེང་ཚུགས།  བཀའ་བློན་ཁྲི་པས་སྐུ་ཕྱག་དང་འབྲེལ་གཞུང་གནས་ཀྱི་རྟེན་གསུམ་བཏེགས་འབུལ་ཞུས།  དེ་ཉིན་མཛད་སྒོར་ཕེབས་མཁན་སྲིད་སྐྱོང་གིས་གཙོས་གུང་བཀའ་བློན་དང་།  ཡབ་གཞིས་སྐུ་འཁོར།  དྲུང་རིགས་སེར་སྐྱ།  རྩེ་རིག་གནས་སློབ་དགེ།  གདན་ས་ཁག་གི་བླ་མ་ལས་སྣེ། དྲུང་གཏོགས།  རྩེ་ཤོད་ཕྱག་ནང་།  དབུས་གཙང་གི་ཚོ་ཆེན་ཞེས་ས་བཀྲས་དང་།  གཟིམ་པ།  ལྷ་ས་ཚོ་པ།  འབྲས་བུ་གླིང་སོགས་དང་།  ད་དུང་ཁ་ཆེ།  བལ་པོ།  ལ་དྭགས།  འབྲུག་པ་ལོ་ཕྱག་བཅས་ཀྱི་མི་སྣ་ལྷ་སར་ཡོད་རིགས་ཁག་ཚང་མ་ཡོད།  དེ་དག་ལ་མཇལ་ཁ་གནང་བ་དང་སྦྲགས་མགྲོན་གཉེར་ཆེན་མོ་བརྒྱུད་ཚང་མར་སྐུ་ཁམས་བདེ་པོ་ཡིན་ནམ་ཞེས་འཚམས་འདྲི་གནང་བར་ཚང་མས་བརྡ་ལན་ཞུ་བའི་མཚོན་བྱེད་དུ་ཡར་ལངས་ནས་གུས་འདུད་ཞུས།  མཇལ་ཐེངས་གཉིས་པར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་དང་།  ས་སྐྱ་ཁྲི་ཆེན་སོ་སོ་ནས་ལོ་གསར་རྟེན་འབུལ་སྐུ་ཚབ་མགྲོན་གཉེར་གདོང་ཞུ་བྱ་དང་།  འབུལ་དངོས་བཅས་ཕུལ་བ་སྡེ་དྲུང་ནས་བླངས།  དེ་བཞིན་འབྲི་གུང་། མཚུར་ཕུ།  སྟག་ལུང་གསུམ་ནས་རྟེན་འབུལ་སྤྱན་ལམ་བསྟར།  སྒེར་སོ་སོ་ནས་མཇལ་དར་རེ་ཕུལ་བ་རང་སློག་ཐོག་ཕྱག་དབང་སྩལ།  སྲུང་མདུད་དང་རྩེ་ཕྱག་ནས་གནང་ཆ་བསྩལ་བར་ཐུགས་རྗེ་ཆེ་ཞུའི་ཕྱག་འཚལ་ཞུས།  འབྲས་བུ་གླིང་པ་ནས་མཆོད་གར་འཁྲབ།  དེའི་ལོ་རྒྱུས་ནི་འབྲས་བུ་གླིང་གི་མཆོད་སྤྲིན་འབུལ་དེབ་ནང་རིན་སྤུངས་པ་ངག་དབང་འཇིགས་མེད་གྲགས་པའི་གཟིགས་སྣང་དུ་རྗེ་བཙུན་མི་ཕམ་མགོན་པོ་མཇལ་བས་ལྷ་ཀླུ།  དྲི་ཟ།  མིའམ་ཅི།  ལྟོ་འཕྱེ་ཆེན་པོ།  ནམ་མཁའ་ལྡིང་།  གནོད་སྦྱིན་ཀུན་ཏུ་དགའ་བ།  ཤིས་བརྗོད་དགའ་བ་འཁྱིལ་བ་སྟེ་རྣམ་པ་བརྒྱད་པོ་རང་གཟུགས་ཀྱི་ཟློས་གར།  གླུ་དབྱངས་ཀྱི་ངེས་པ་བདུན་ལས་དྲངས་ཏེ་སྙན་ཚིག་ཉམས་དང་བསྟུན་པའི་གཟིགས་མོའི་སྲོལ་རིན་སྤུངས་ནས་གཏོད་པ་གཞིས་རྩེ་བསམ་གྲུབ་རྩེར་དར།  བར་དུ་ཉམས།  ཤིང་ཡོས་ཕོ་བྲང་པོ་ཏ་ལར་འདར་ས་བསོད་ནམས་ལྷུན་གྲུབ་རྡོ་རྗེ་དང་འཕྱོང་རྒྱས་གྲོང་སྟོད་པ་དང་བཅས་པས་སླར་ཡང་ཕྱོགས་བསྒྲིགས་བྱས་པ་ཡིན་འདུག་ཅེས་འཁོད།
    འཁྲབ་སྟོན་ཟིམ་པ་དང་གར་པ་མི་གྲངས་བརྒྱད་ཀྱི་གྲི་གར་དང་འཆར་ཅན་གར་ཕྲུག་བཅུ་དྲུག་ཙམ་གྱིས་གར་ཐེངས་གཉིས་པ་འཁྲབ།  དེ་ཉིན་གྱི་སྟོན་ཆེན་ཚེས་གཅིག་ལས་རྒྱས་ཤིང་།  མཇུག་ཏུ་རྩེ་ཤོད་ཀྱི་ཐབས་སྡོད་གསར་མཇལ་ཞུ་བ་དང་།  རྩེའི་མཛད་སྒོ་གྲུབ་མཚམས་ལྷ་ཞོལ་རྡོ་རིང་ནང་མར་གནམ་བྲོ་ཐག་རྩེད་དང་དེ་སྔ་བྱང་བཀལ་ཐག་ཤུར་གཏོང་བའི་སྲོལ་ཡོད། ཚེས་གསུམ་ཉིན།  ལོ་གསར་ཉིན་གསུམ་པར་སྐུ་བཅར་སྤྱི་མཁན་དང་གསོལ་གཟིམ་མཆོད་གསུམ་ནས་ཏཱ་ལའི་བླ་མ་གདན་ཞུས་ཀྱིས་མཚན་གཟིམ་ལྷ་མོ་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད།  ཡོངས་འཛིན།  སྐུ་བཅར་མཆོད་མཁན།  མཚན་ཞབས་རྣམ་པ།  རྣམ་གྲྭ་སློབ་དཔོན།  དབུ་མཛད་བཅས་ནས་ཞབས་ཞུས་ཀྱིས་བསྐང་བ་འཕྲིན་བསྐུལ་དང་ཚོགས་འཁོར་སོགས་ཞལ་འདོན་གནང་རིང་གསོལ་ཇ་དང་བཞེས་འབྲས་བཅས་ཞལ་འདོན་ཚིག་མཚམས་དང་བསྟུན་ནས་ཕེབས། ཤིས་བརྗོད་ཟིན་པ་དང་ཏཱ་ལའི་བླ་མ་སྐུ་བཞེངས་ཀྱི་ཐུགས་དམ་ལྷ་མོའི་བྲིས་ཐང་ལ་སྙན་ཤལ་སྒྲོན་འབུལ་དང་འབྲེལ་རྒྱལ་བསྟན་ཆབ་སྲིད་ལ་ལོ་གཅིག་རིང་གེགས་བར་ཡོད་མེད་དང་བླང་དོར་ཞུ་སྒོའི་སྐོར་སྡེ་དྲུང་ནས་གཟན་བརྟག་དཀར་ཡོལ་ཡུ་རིང་ནང་བླུགས་པ་སྐུ་བཅར་སྤྱི་མཁན་བརྒྱུད་ཕྱག་ཏུ་ཕུལ་ཏེ་ཟན་བསྒྲིལ་ཚར་རྗེས་གཟིམ་ཆུང་དུ་གདན་འདྲེན་ཞུས།  མདོ་སྦུག་ཏུ་དྲུང་བཞེས་སྔ་རྒྱུན་ཐོག་འབྲས་སྤུངས་ཚོགས་ཆེན་དགེ་བསྐོས་༼ཞལ་ངོ༽གཉིས་དང་།  ཆབ་བདག་མ་གཉིས།  ནང་མ་ཆབ་རིལ་བཞི།  ཚོགས་ཆེན་དབུ་མཛད།  དགེ་གཡོག་རྒན་པ།  ཤིང་གཉེར་དང་།  དགེ་གཡོག་བྱིངས་བཅུ་དགུ།  ཇ་མ་གཉིས་བཅས་འབྱོར་ཕྱག་དང་སྦྲགས་སྨོན་ལམ་རིང་གི་བྱེད་སྒོའི་བཀའ་བསྒྱུར་ཞུ་བཅར་ལ་རྩེ་གཟིམ་འགག་ཏུ་མགྲོན་བརྒྱུད་ཀྱིས་བྱེད་སྒོའི་བཀའ་བསྒྱུར་བསྩལ་ཟིན་མཚམས་ཕྱག་འཚལ་དང་འབྲེལ་མཇལ་དར་རེ་ཕུལ་བ་རང་སློག་ཐོག་སྲུང་མདུད་རེ་བསྩལ།  དེ་ཉིན་མི་དཔོན་གཉིས་ནས་དགའ་ལྡན་དར་ཆེན་སྐུ་བཞེངས་གྲུབ་ཚུལ་གྱི་སྙན་སེང་མཇལ་བཅར་ལ་མགྲོན་བརྒྱུད་མཇལ་དར་རང་སློག་ཐོག་སྲུང་མདུད་རེ་བསྩལ།  ཤོད་སྐོར་རྣམས་སྔ་དྲོ་གནས་ཆུང་དུ་ལྷ་ཚེས་གཟབ་གསོལ་དུ་བསྐྱོད་སྐབས་རྩེ་ནས་སྐུ་ཚབ་སྐུ་བཅར་མཁན་ཆེ་གཅིག་དང་སྦུག་དམ་ལུང་ཞུ་སྒྲོན་དར་བཅས་ཕེབས།  ཕྱི་དྲོ་རྫོང་རྒྱབ་སྤྲོ་ཁང་དུ་གསོལ་ཚིགས་ཐོག་གར་ཕྲུག་པས་གླུ་གར་རོལ་དབྱངས་དཀྲོལ་གཏོང་བྱེད་པ་དང་ཆབས་ཅིག་མཆོད་ཆང་བཀྱག་པ་དང་བཀའ་བློན་རྣམས་ཀྱང་སྐབས་དེར་སོག་ཞྭ་བཞེས་སྲོལ་ཡོད།  དེ་རྗེས་མདའ་པས་ཕོ་རྩལ་མདའ་རྩེད་འགྲན་པ་སོགས་ཀྱི་བྱེད་སྒོའི་རིམ་པ་ཟིན་མཚམས་བླ་ཕྱག་ལས་ཁུངས་ཀྱིས་བཀའ་བློན་ནས་དྲུང་དཀྱུས་ཡན་ལ་ལེགས་དར་རེ་ཕུལ་ཏེ་མཛད་སྒོ་གྲོལ་བར་ཚེས་གསུམ་གྲོལ་སྟོན་ཞེས་ཟེར།  མང་ཚོགས་ནས་ལོ་གསར་གྱི་སྔ་ནུབ་ཏུ་རྟེན་འབྲེལ་གྱི་སྟ་གོན་ཁག་ལེགས་པར་ཟིན་རྗེས། ཚེས་གཉིས་སམ་གསུམ་ཉིན་གྱི་ལྷ་གསོལ་སྐབས་འཛུགས་རྒྱུའི་ཁམས་མཐུན་དར་ལྕོག་སོགས་སྔོན་ཚུད་གྲ་སྒྲིག་བྱས་མཐར་ཚེས་གཅིག་ཉིན་གྱི་ཞོགས་པ་མི་རྣམས་སྔ་ལངས་ཀྱིས་གྱོན་ཆས་གཟབ་མཆོར་གང་ཡོད་མནབས་ཏེ་དུད་ཚང་སོ་སོ་ནས་གཙང་པོའི་འགྲམ་དུ་ཆུ་བསང་གཏོང་བ་དང་།  དཀར་སྤྲོ་རྒྱག་པ།  ཆུ་ཕུད་ལེན་པ།  སྡོད་ཁང་དུ་གསོལ་ཇ་དང་།  གྲོ་འབྲས།  ཕྱེ་མར།  ཆང་ཕུད།  གྲོ་ཐུག  ཆང་སྐོལ།  ཁ་ཟས་བཅས་མཆོད་བཞེས་ཀྱི་རྟེན་འབྲེལ་བྱེད་རིང་འབྲས་དཀར་འབྱོར་ན་ཁ་བཏགས་གཡོགས་པ་དང་།  དཀར་སྤྲོ་ལྔ་སྡེར་སོགས་ཟས་སྣའི་རིགས་གྱ་ནོམ་སྤྲོད་པ།  དེ་ནས་གཙུག་ལག་ཁང་ཡས་མས་སུ་མཆོད་མཇལ་དུ་འགྲོ་བ།  ནམ་ལངས་མཚམས་གྲོང་པ་ཕན་ཚུན་ཕྱེ་མར་ཆང་ཕུད་བསྐོར་རེས་ཐོག་དེ་ཉིན་རང་ཁྱིམ་སོ་སོར་སྤྲོ་སྐྱིད་བྱེད་པ་ལས་ཤ་མོག་ཟ་བ་དང་།  ཁ་རྩོད་རྒྱག་པ།  ཕན་ཚུན་མགྲོན་བསྐྱོད་སོགས་བྱེད་སྲོལ་མེད།  ཚེས་གཉིས་ཉིན་ནམ་ཟླ་འགོའི་གཟའ་ཚེས་བཟང་བ་ཞིག་གི་སྔ་དྲོ་སྒོ་ར་སོ་སོའི་ཐོག་སྟེང་དུ་ཁམས་མཐུན་དར་ལྕོག་འཛུགས་པ་དང་།  བསངས་གཏོང་བ།  ལྷ་རྒྱལ་འཐེན་པ།  རྣམ་ཐར་གཏོང་བ།  མི་རྣམས་མཉམ་འཛོམས་ཀྱིས་དུད་ཚང་སོ་སོའི་ཁ་ཟས་དང་ཆང་བཅས་མཉམ་དུ་སྤྱད་ནས་ར་རོས་སྤྲོ་བའི་རྣམ་པ་ཅི་རིགས་ཀྱི་ངང་ནས་གྲོལ།  མང་ཚོགས་ཀྱི་ལོ་གསར་ཉིན་གྲངས་ནི་རང་རང་འཁོས་འབྱོར་ལ་གཞིགས་པ་ལས་མཐའ་གཅིག་ཏུ་ངེས་པ་མེད།

དུང་དཀར་ཚིག་མཛོད་ཆེན་མོའི་ཤོག་གྲངས་ ༡༤༢༡ ནས་ ༡༤༢༥ བར་གསལ་བ་ལས་བཏུས།

བརྒྱུད་སྐུལ།

མཆན་སྤེལ།