༄༅། །རྗེ་བཙུན་ཐམས་ཅད་མཁྱེན་པའི་གསུང་འབུམ་ཐོར་བུ་ལས་གྲུབ་མཐའ་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ།།
༸རྒྱལ་བ་དགེ་འདུན་རྒྱ་མཚོ།
གྲུབ་མཐའ་རྒྱ་མཚོར་འཇུག་པའི་གྲུ་རྫིངས་ཞེས་བྱ་བའི་བསྟན་བཅོས། སྨྲ་བ་ཐམས་ཅད་ཀྱི་དབང་པོ་ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །ནང་པ་སངས་རྒྱས་པའི་གྲུབ་མཐའི་རྣམ་གཞག་བཤད་པ་ལ་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་རྡོ་རྗེ་གདན་གྱི་སྤོ་ལ་མངོན་པར་རྫོགས་པར་སངས་རྒྱས་ཏེ། དམན་པ་ལ་མོས་པ་རྣམས་ལ་ཆགས་བྲལ་གྱི་སྤྱོད་པ། རྒྱ་ཆེན་པོ་ལ་མོས་པ་རྣམས་ལ་ས་དང་ཕ་རོལ་ཏུ་ཕྱིིན་པའི་ཐེག་པ། ཟབ་མོ་ལ་མོས་པ་རྣམས་ལ་ཆགས་བཅས་ཀྱི་སྤྱོད་པས་ཆོས་ཀྱི་འཁོར་ལོ་ལེགས་པར་བསྐོར་ཏེ། མུ་སྟེགས་སྟོན་པ་དྲུག་ལ་སོགས་པའི་ལོག་པར་སྨྲ་བ་ཐམས་ཅད་ཟིལ་གྱིས་མནན་ནས་ལུས་ཅན་རྣམས་ཀྱི་ཕན་བདེའི་གསོས་སུ་བསྟན་པ་རིན་པོ་ཆེ་ཡུན་རིང་དུ་གནས་པར་མཛད་དོ། །
རྒྱལ་བའི་བསྟན་པ་ལ་ཡང་། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་ལུང་རྟོགས་ཀྱི་དབྱེ་བས་(༢ན)གཉིས་སུ་ཡོད་ལ། ལུང་གི་བསྟན་པ་ལ་ཡང་ཆེད་དུ་བྱ་བའི་གདུལ་བྱའི་དབྱེ་བས་ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སུ་ཡོད་དེ།ཐེག་ཆེན་ལ་ཡང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་འབྲས་བུ་རྡོ་རྗེའི་ཐེག་པ་གཉིས།ཐེག་དམན་ལ་ཉན་ཐོས་ཀྱི་ཐེག་པ་དང་། རང་རྒྱལ་གྱི་ཐེག་པ་གཉིས་སུ་ཡོད་ལ། དེ་ཐམས་ཅད་ཀྱང་ཐེག་པ་གསུམ་དུ་འདུས་ཏེ། ཉན་ཐོས་ཀྱི་ཐེག་པ་དང་། རང་སངས་རྒྱས་ཀྱི་ཐེག་པ། ཐེག་པ་ཆེན་པོ་རྣམས་སོ། །དེ་ལྟར་ཐེག་པ་གསུམ་གྱི་བདག་ཉིད་ཅན་གྱི་བསྟན་པའི་རྗེས་སུ་འབྲངས་ནས་རང་རང་གི་ལུང་རིགས་ཀྱིས་གྲུབ་པའི་མཐའ་སྨྲ་བ་བཞི་སྟེ། བྱེ་བྲག་ཏུ་སྨྲ་བ། མདོ་སྡེ་པ། རྣམ་རིག་པ། ངོ་བོ་ཉིད་མེད་པར་སྨྲ་བའི་དབུ་མ་པ་རྣམས་སོ། །རང་ཅག་གི་སྟོན་པའི་རྗེས་སུ་འབྲང་བའི་གྲུབ་མཐའ་སྨྲ་བ་ལ་བཞི་པོ་དེར་གྲངས་ངེས་ཏེ། དེ་དག་ལས་ལོགས་སུ་གྱུར་པའི་གྲུབ་མཐའ་ལྔ་པོ་དང་། སྔར་བཤད་པའི་ཐེག་པ་གསུམ་ལས་ལོགས་སུ་ཐེག་པ་བཞི་པ་མེད་པར་གསུངས་ཏེ། སངས་རྒྱས་པ་ལ་བཞི་པ་དང་། །ལྔ་པ་ཐུབ་པའི་དགོངས་པ་མིན། །ཞེས་པ་ལྟར་རོ། །གྲུབ་མཐའ་སྨྲ་བ་བཞི་པོ་དེ་དག་ཀྱང་(༢བ)ཐེག་དམན་གྱི་གྲུབ་མཐའ་སྨྲ་བ་དང་། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་གཉིས་སུ་འདུས་ལ། དེ་ཡང་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་གཉིས་ནི་དང་པོ་དང་། དབུ་སེམས་གཉིས་ནི་ཕྱི་མ་ཡིན་ལ། དེ་ཐམས་ཅད་ཀྱང་བདག་ཅག་གི་སྟོན་པའི་ཐེག་པ་ཆེ་ཆུང་གི་གསུང་རབ་ཀྱི་དགོངས་པ་རང་རང་གི་ཐོག་མའི་ཤིང་རྟའི་སྲོལ་འབྱེད་རེས་ངེས་པར་བཀྲལ་བའི་རྗེས་སུ་འབྲངས་ནས་དམ་འཆའ་བ་མ་གཏོགས་རང་རེ་བོད་པ་ལྟར་སྦྱིན་བདག་དང་བུ་སློབ་སོགས་ཀྱི་ངོ་དང་བསྟུན་ནས་སྣང་བ་ལ་གང་དྲན་གྱི་གྲུབ་མཐའ་འཆའ་བ་སོགས་མི་བྱེད་དོ། །འོ་ན་ཐེག་དམན་གྱི་བཀའི་དགོངས་པ་ཐོག་མར་འགྲེལ་བའི་ཤིང་རྟའི་སྲོལ་འབྱེད་ནི་གང་། ཐེག་ཆེན་གྱི་ཤིང་རྟའི་སྲོལ་འབྱེད་ནི་གང་སྙམ་ན། ཕྱི་མ་ནི་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཡིན་པ་གྲགས་ཆེ་ཞིང་། དེ་གཉིས་ཀྱིས་འཛམ་བུ་གླིང་འདིར་མིའི་ཤ་ཚུགས་ཅན་གྱི་འགྲེལ་བྱེད་གཞན་ལ་མ་བརྟེན་པར་བཀའི་དགོངས་པ་རང་དབང་དུ་བཀྲལ་བས་ཤིང་རྟའི་སྲོལ་འབྱེད་ཅེས་གྲགས་ལ། དེ་གཉིས་ཀྱིས་གཙོ་བོར་ཐེག་ཆེན་གྱི་ཤིང་རྟའི་སྲོལ་ཕྱེ་ཞིང་། ཞར་ལ་ཐེག་དམན་གྱི་ཤིང་རྟའི་སྲོལ་ཡང་ཕྱེ་བ་ཡིན་ནོ་ཞེས་ད་ལྟ་གྲགས་ཆེ་ཡང་། ཐེག་དམན་གྱི་བཀའི་དགོངས་པ་འགྲེལ་པའི་སྲོལ་ནི་ཐོག་མར་མངོན་པ་སྡེ་བདུན་པོ་འདི་ཉིད་ཀྱིས་ཕྱེ་བར་སེམས་སོ། །དེས་ན་གྲུབ་མཐའ་སྨྲ་བ་བཞི་པོ་རང་རང་གི་གྲུབ་མཐའི་འདོད་ཚུལ་ཐམས་ཅད་བཅོམ་ལྡན་འདས་གྱི་བཀའི་དགོངས་པ་དྲི་མ་མེད་པ་ཡིན་ལ། བཅོམ་ལྡན་འདས་ཀྱི་མཐར་ཐུག་(༣ན)གི་དགོངས་པ་དབུ་མ་ཐལ་འགྱུར་བས་བཀྲལ་བ་ལྟར་ལེགས་པར་གནས་ཤིང་། མཐར་གདུལ་བྱ་ཐམས་ཅད་ཐལ་འགྱུར་བ་འདོད་པ་ལྟར་གྱི་དེ་ཁོ་ན་ཉིད་ལ་བཀྲི་བར་བཞེད་ནས་རེ་ཞིག་གདུལ་བྱ་རྣམས་ཁ་དྲང་བའི་ཕྱིར་དུ་གྲུབ་མཐའི་ཚུལ་བཞི་ལེགས་པར་གསུངས་པ་ཡིན་ལ། དེའི་ཕྱིར་བྱེ་བྲག་སྨྲ་བས་ཕྱི་རོལ་པ་རྣམས་འདོད་པའི་གང་ཟག་གི་བདག་ལེགས་པར་བཀག་ནས་གང་ཟག་གི་བདག་མེད་ཁས་བླངས་ཤིང་། དེའི་ལྟ་བ་ལེགས་པར་གོ་བ་དེ་མདོ་སྡེ་པའི་ལྟ་བ་ལེགས་པར་གོ་བའི་ལམ་སྟེགས་དང་། མདོ་སྡེ་པས་སྤྱི་མཚན་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་པའི་ཚུལ་ལེགས་པར་གོ་བ་དེ་སེམས་ཙམ་པ་འདོད་པ་ལྟར་གྱི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པར་རྟོགས་པའི་ལྟ་བ་དེ་ཉིད་གོ་བའི་ལམ་སྟེགས་དང་། དེ་ཉིད་རང་རྒྱུད་པ་རྣམས་ཀྱིས་ཆོས་བདེན་པར་གྲུབ་པས་སྟོང་པར་འདོད་པའི་ལྟ་བ་གོ་བའི་ལམ་སྟེགས་དང་། རང་རྒྱུད་པའི་ལྟ་བའི་འདོད་ཚུལ་ལེགས་པར་གོ་བ་དེ་ཐལ་འགྱུར་བས་འདོད་པ་ལྟར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པར་རྟོགས་པའི་ལྟ་བ་དེ་ཉིད་གོ་བའི་ལམ་སྟེགས་སུ་འགྱུར་བ་ཡིན་ལ། མདོར་བསྡུ་ན་གྲུབ་མཐའ་གོང་མ་གོང་མའི་རིགས་པ་རྣམས་ཀྱིས་འོག་མ་འོག་མའི་འདོད་ཚུལ་ཕྱིན་ཅི་ལོག་པ་རྣམས་བཀག་ནས་གོང་མ་གོང་མའི་ལུགས་ཕྱིན་ཅི་མ་ལོག་པ་རྣམས་ལ་འགོད་པར་བྱེད་ཅིང་། འོག་མ་འོག་མའི་ལྟ་བ་གོ་བ་དེ་གོང་མ་གོང་མའི་ལྟ་བ་གོ་བའི་ཐབས་དམ་པར་ཤེས་པར་བྱའོ། །དེས་ན་ནང་པའི་གྲུབ་(༣བ)མཐའ་སྨྲ་བའི་གཙོ་བོ་ནི་འོ་སྐོལ་གྱི་སྟོན་པ་ཉིད་ཡིན་ལ། སྟོན་པ་སངས་རྒྱས་རང་ཉིད་ཀྱི་མཐར་ཐུག་པའི་བཞེད་པ་སྔར་བཤད་པ་ལྟར་ཡིན་ཞིང་། གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་སྤྱི་དཔོན་ཡིན་པས་གྲུབ་མཐའ་སོ་སོའི་ལུགས་འཆའ་བ་ན་སྐབས་དང་བསྟུན་ནས་སྟོན་པ་སངས་རྒྱས་ཀྱང་གྲུབ་མཐའ་སྨྲ་བ་དེ་དང་དེར་གཏོགས་སོ་ཞེས་དམ་འཆའ་བར་བྱེད་དོ། །དེས་ན་བསམ་པ་ཐག་པ་ནས་དཀོན་མཆོག་གསུམ་སྐྱབས་གནས་ཡང་དག་ཏུ་ཁས་ལེན་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་སངས་རྒྱས་པའི་མཚན་ཉིད། དབྱེ་ན་སྔར་བཤད་པ་ལྟར་བཞིའོ། །སྤྱིར་བསྟན་པ་བཤད་ཟིན་ཏོ། །གཉིས་པ་བྱེ་བྲག་ཏུ་བཤད་པ་ལ་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་ལུགས་བཤད་པ་དང་། ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་ལུགས་བཤད་པའོ། །དང་པོ་ལ་མཚན་ཉིད་དང་། དབྱེ་བ་གཉིས་ལས། ཕྱི་དོན་བདེན་གྲུབ་ཡོད་པར་བདེན་ཞེན་གྱིས་དམ་བཅའ་བ་ལ་ཞུགས་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་མཚན་ཉིད་དུ་རིགས་ཏེ། ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་ལ་ཐེག་པ་ཆེ་ཆུང་གཉིས་སུ་ངེས། ཕྱི་དོན་བདེན་གྲུབ་ཡོད་པར་བདེན་ཞེན་གྱིས་དམ་འཆའ་བའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བ་སུ་ཡང་མེད་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ་གཉིས། བྱེ་བྲག་ཏུ་སྨྲ་བ་དང་། མདོ་སྡེ་པའོ། །དང་པོ་ལ་གསུམ། མཚན་ཉིད། དབྱེ་བ། གྲུབ་མཐའི་འདོད་ཚུལ་ལོ། །དང་པོ་ནི། རང་རིག་ཐ་སྙད་དུའང་ཁས་མི་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་བྱེ་བྲག་སྨྲ་བའི་མཚན་ཉིད་དུ་རིགས་ཏེ། ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་ལ་བྱེ་མདོ་གཉིས་སུ་ངེས། མདོ་སྡེེ་བས་རང་རིག་དང་ཕྱི་(༤ན)དོན་གཉིས་ཀ་ཁས་ལེན་པའི་ཕྱིར་རོ། །གཉིས་པ་ནི། བྱེ་བྲག་སྨྲ་བ་ལ་དབྱེ་ན་རྩ་བའི་སྡེ་བཞི། དེ་དག་ལས་གྱེས་པ་བཅོ་བརྒྱད་རྣམས་སུ་ཡོད་ལ། རྩ་བའི་སྡེ་བཞི་ནི་མཁན་པོ་དགྲ་བཅོམ་པ་འོད་སྲུང་ཆེན་པོ་ནས་བརྒྱུད་པ་ལ་དགེ་འདུན་ཕལ་ཆེན་དུ་བསྡེབས་པས་ཕལ་ཆེན་སྡེ་པ་ཞེས་གྲགས་པ་དང་། མཁན་པོ་དགྲ་བཅོམ་པ་སྒྲ་གཅན་ཟིན་ནས་བརྒྱུད་པ་ལ་ཤེས་བྱ་ཐམས་ཅད་སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་མིན་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་སྟེ་གཞི་ལྔར་བསྡུས་ནས་དེ་ཐམས་ཅད་རྫས་ཡོད་དུ་སྨྲ་བས་གཞི་ཐམས་ཅད་ཡོད་པར་སྨྲ་བ་དང་། མཁན་པོ་དགྲ་བཅོམ་པ་ཀཱ་ཏྱ་ཡ་ན་དེ་གནས་བརྟན་འདུལ་བ་འཛིན་པའི་མཆོག་ཏུ་གསུངས་པས་དེ་ནས་བརྒྱུད་པ་གནས་བརྟན་པའི་སྡེ་པ་ཞེས་གྲགས་པ་དང་། མཁན་པོ་དགྲ་བཅོམ་པ་ཉེ་བར་འཁོར་ནས་བརྒྱུད་པ་ལ་སྐྱེ་བོ་མང་པོས་བཀུར་བའི་དོན་གྱིས་མང་པོས་བཀུར་བའི་སྡེ་པ་སྟེ་དེ་དག་ནི་རྩ་བའི་སྡེ་བཞིའོ། །དེ་རྣམས་ལས་གྱེས་པ་ལ་སྡེ་པ་བཅོ་བརྒྱད་དུ་ཡོད་དེ། ཕལ་ཆེན་པ་ལས་གྱེས་པ་ལྔ། ཐམས་ཅད་ཡོད་པར་སྨྲ་བ་ལས་གྱེས་པ་བདུན། གནས་བརྟན་པ་ལས་གྱེས་པ་གསུམ། མང་བཀུར་བ་ལས་གྱེས་པ་གསུམ་རྣམས་སུ་ཡོད་པའི་ཕྱིར་རོ། །དེ་སྐད་དུ་ཡང་དུལ་བ་ལྷས། །ཤར་ནུབ་རི་དང་གངས་རིར་གནས། །འཇིག་རྟེན་འདས་པར་སྨྲ་བ་དང་། །བཏགས་པར་སྨྲ་བའི་སྡེ་རྣམས་ནི། །ལྔ་ཚན་དགེ་འདུན་ཕལ་ཆེན་པ། །གཞི་ཀུན་ཡོད་དང་འོད་སྲུང་སྡེ། །ས་སྲུང་སྡེ་དང་ཆོས་སྲུང་སྡེ། མང་ཐོས་གོས་དམར་སློབ་མར་བཅས། ཕྱེ་སྟེ་སྨྲ་བའི་སྡེ་རྣམས་ནི། །གཞི་ཀུན་ཡོད་པར་སྨྲ་བ་ཡིན། །རྒྱལ་བྱེད་ཚལ་གནས་(༤བ)འཇིགས་མེད་གནས། །གཙུག་ལག་ཁང་གནས་གནས་བརྟན་པ། །སར་སྒྲོག་རི་དང་སྲུང་བ་ལ། །སྣལ་མ་བུ་པའི་སྡེ་རྣམས་ནི། །མང་པོས་བཀུར་བའི་སྡེ་པ་ཡིན། །ཡུལ་དོན་སློབ་དཔོན་བྱེ་བྲག་གིས། །ཐ་དད་སྡེ་པ་བཅོ་བརྒྱད་དོ། །ཞེས་གང་གི་རྗེས་སུ་འབྲང་བའི་སློབ་དཔོན་དང་། གནས་པའི་ཡུལ་དང་། གྲུབ་མཐའི་འདོད་ཚུལ་གྱི་དོན་གྱི་བྱེ་བྲག་གིས་དབྱེ་བ་བཅོ་བརྒྱད་དུ་ཡོད་པར་གསུངས་པ་ལ། སྡེ་པ་བཅོ་བརྒྱད་ཀྱི་གྱེས་ཚུལ་ལ་བཤད་པ་མི་མཐུན་པ་མང་བར་སྣང་བས་རྒྱས་པར་གཞན་དུ་ཤེས་པར་བྱའོ། །གསུམ་པ་གྲུབ་མཐའི་འདོད་ཚུལ་ལ་གཞི། ལམ། འབྲས་བུ་གསུམ་ལས། གཞིའི་ཆོས་ལ་རྒྱས་པར་ཕྱེ་ན་ཕུང་པོ་ལྔ། ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་རྣམས་སུ་ཡོད་པར་འདོད་ཅིང་། ཕུང་པོ་ལྔར་འདུས་བྱས་ཀྱི་ཆོས་རྣམས་མ་གཏོགས་ཤེས་བྱ་ཐམས་ཅད་མ་འདུས་ཀྱང་། ཤེས་བྱ་ཐམས་ཅད་ཁམས་བཅོ་བརྒྱད་དུ་འདུས་ཤིང་སྐྱེ་མཆེད་བཅུ་གཉིས་སུའང་འདུས་ལ། འདི་ཙམ་ཞིག་ནི་བྱེ་བྲག་སྨྲ་བ་ནས་བཟུང་སྟེ་ཐལ་འགྱུར་བའི་བར་ཐམས་ཅད་ཀྱིས་ཞལ་གྱིས་བཞེས་སོ། །དེ་ཐམས་ཅད་ལེགས་པར་བསྡུས་ན་བདེན་པ་གཉིས་སུ་འདུས་སོ། །དེ་ཡང་བྱེ་བྲག་སྨྲ་བའི་ལུགས་ལ་བཅོམ་པའམ་བློས་གཞིགས་པ་གང་རུང་གི་སྒོ་ནས་རང་འཛིན་གྱི་བློ་འདོར་དུ་རུང་བའི་ཆོས་རྣམས་ནི་ཀུན་རྫོབ་ཀྱི་བདེན་པར་བཞེད་ལ། དེའི་བསམས་དོན་ཡང་རྫ་བུམ་ལྟ་བུ་མ་ཞིག་པའི་གནས་སྐབས་སུ་དེ་ལ་དམིགས་ནས་བུམ་པའོ་སྙམ་པའི་བློ་སྐྱེ་ཡང་། དེ་ཐོ་བ་ལྟ་བུས་བཤིག་པ་ན་བུམ་པའོ་སྙམ་པའི་བློ་མི་སྐྱེ་བ་ལ་བསམས་པ་ཡིན་ཞིང་། མཚན་གཞི་ཡང་རྫ་བུམ་དེ་ཉིད་དོ། །དོན་དམ་བདེན་པ་ནི་བཅོམ་གཞིགས་གང་རུང་གི་སྒོ་ནས་རང་འཛིན་གྱི་བློ་འདོར་མི་རུང་བའི་ཆོས་ཤིག་ལ་འདོད་ལ། མཚན་གཞི་ནི་རྡུལ་(༥ན)ཕྲན་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་དང་། འདུས་མ་བྱས་ཀྱི་ཆོས་རྣམས་དོན་དམ་བདེན་པ་ཡིན་པར་འདོད་ཅིང་། ཀུན་རྫོབ་བདེན་པ་དང་བཏགས་ཡོད་དོན་གཅིག་པར་འདོད། དོན་དམ་བདེན་པ་དང་རྫས་ཡོད་དོན་གཅིག་པར་འདོད་དོ། །གཞན་ཡང་ནམ་མཁའ་རྟག་དངོས་ཡིན་པ་དང་། ལྷན་ཅིག་འབྱུང་བའི་རྒྱུ་འབྲས་དང་། མཚུངས་ལྡན་རྒྱུ་འབྲས་སོགས་ཁས་ལེན་ཅིང་། དུས་གསུམ་རྫས་གྲུབ་དང་དངོས་པོར་འདོད་ལ། དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བའི་བྱེ་བྲག་སྨྲ་བ་ཞེས་གྲགས་པ་ཡིན་ནོ་ཞེས་ཁ་ཅིག་འདོད་དོ། ཁ་ཆེ་བྱེ་བྲག་ཏུ་སྨྲ་བ་རྣམས་མདོ་སྡེ་པ་དང་མཐུན་པར་ལས་འབྲས་ཀྱི་འབྲེལ་བའི་རྟེན་དུ་ལས་ཀྱི་རྒྱུན་ཁས་ལེན་པར་བྱེད་ལ། དེ་མ་གཏོགས་པའི་བྱེ་བྲག་སྨྲ་བ་རྣམས་ལས་འབྲས་ཀྱི་འབྲེལ་བའི་རྟེན་དུ་ཐོབ་པ་དང་ཆུད་མི་ཟ་བ་སོགས་ཁས་ལེན་ཞིང་དེ་རྣམས་རྫས་ཡོད་དུ་ཡང་འདོད་ལ། ཡུལ་ཅན་ལ་ཡང་མངོན་སུམ་དང་རྗེས་དཔག་གཉིས་ལས་མངོན་སུམ་ལ་དབང་མངོན་ཡིད་མངོན་རྣལ་འབྱོར་མངོན་སུམ་རྣམས་མ་གཏོགས་རང་རིག་ཁས་མི་ལེན་ཞིང་། རྟེན་བཅས་ཀྱི་དབང་པོ་གཟུགས་ཅན་པ་ཡང་ཚད་མར་འདོད་དོ། །གཉིས་པ་ལམ་གྱི་རྣམ་གཞག་བཤད་པ་ལ་ལམ་གྱི་དམིགས་པ་ནི་བདེན་བཞིའི་རྣམ་པ་མི་རྟག་པ་སོགས་བཅུ་དྲུག་ཡིན་ལ། དེ་ལ་དམིགས་ནས་ལམ་ཉམས་སུ་ལེན་པ་ལའང་ཚོགས་སྦྱོར་གཉིས། མཐོང་སྒོམ་གཉིས། མི་སློབ་ལམ་དང་བཅས་པས་ལམ་ལྔའི་རྣམ་གཞག་ཙམ་ཞིག་བྱེད་ཀྱི། ས་བཅུ་ལ་སོགས་པའི་རྣམ་གཞག་ཁས་མི་ལེན་ལ། དེ་ཡང་ལམ་གྱི་སྤང་བྱ་ལ་ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་གཉིས་ལས། ཉོན་མོངས་ཅན་གྱི་མི་ཤེས་པ་སྤངས་པ་ལས་དམན་(༥བ)པའི་དགྲ་བཅོམ་པའི་གོ་འཕང་དང་། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་སྤངས་པ་ལས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་ཅིང་། བཅུ་དྲུག་པ་ལམ་རྗེས་ཤེས་སྒོམ་ལམ་དང་། མཐོང་ལམ་སྐད་ཅིག་བཅོ་ལྔ་པོ་རྣམས་ཀྱང་རིམ་ཅན་དུ་སྐྱེ་བར་འདོད་དོ། །གསུམ་པ་འབྲས་བུའི་རྣམ་གཞག་ནི། སྔར་བཤད་པ་ལྟར་མི་རྟག་སོགས་བཅུ་དྲུག་བསྒོམས་པས་ཉོན་མོངས་ཅན་གྱི་མི་ཤེས་པ་ཙམ་སྤངས་ཏེ་དམན་པའི་དགྲ་བཅོམ་པའི་གོ་འཕང་འཐོབ་པར་འདོད་ཅིང་། དམན་པའི་དགྲ་བཅོམ་པ་ལ་ཡང་ཉམས་པའི་ཆོས་ཅན་སོགས་ཁས་ལེན་པས་དགྲ་བཅོམ་པ་སྤངས་རྟོགས་ལས་ཉམས་ནས་རྒྱུན་ཞུགས་སུ་འགྱུར་བ་སྲིད་པར་ཁས་ལེན་ནོ། །མི་རྟག་སོགས་བཅུ་དྲུག་བསྐལ་པ་གྲངས་མེད་གསུམ་གྱི་བསོད་ནམས་ཀྱི་ཚོགས་དང་འབྲེལ་བར་ཉམས་སུ་བླངས་པས་མི་ཤེས་པ་གཉིས་ཀ་སྤངས་ཏེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འདོད་ལ། དེ་ཡང་བདག་ཅག་གི་སྟོན་པ་ལྟ་བུ་ལ་མཚོན་ན། དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནས་བཟུང་སྟེ་སྲོད་ལ་བདུད་བཏུལ་པ་ཕན་ཆད་ཐར་པ་ཆ་མཐུན་ཙམ་ལ་གནས་པའི་སོ་སོ་སྐྱེ་བོའི་གནས་སྐབས་ཁོ་ན་དང་། དེ་མཚན་ཐོག་གཅིག་པུ་དེ་ཉིད་ལ་སྦྱོར་ལམ་དྲོད་སོགས་བཞི་མཐོང་ལམ་སྐད་ཅིག་མ་བཅོ་ལྔ་རྣམས་གདན་ཐོག་གཅིག་ལ་བསྐྱེད་ནས་ཐོ་རངས་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་དྲུངས་ཕྱུང་སྟེ་སངས་རྒྱས་པ་ཡིན་ལ། དེ་ཕྱིན་ཆད་ཀྱི་མཛད་པ་རྣམས་སངས་རྒྱས་ཀྱི་མཛད་པ་དང་། སངས་རྒྱས་ནི་བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་གྱི་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་ཡིན་གྱི། ཕྱིའི་གཟུགས་ཕུང་དེ་ཉིད་སྡུག་བསྔལ་བདེན་པ་ཡིན་པས་སངས་རྒྱས་སུ་མི་འདོད་ལ། མྱ་ངན་ལས་མ་འདས་(༦ན) ཕན་ཆད་ལྷག་བཅས་དགྲ་བཅོམ་པ་དང་། མྱ་ངན་ལས་འདས་ནས་ལྷག་མེད་ཀྱི་དབྱིིངས་སུ་ཞུགས་པ་ཡིན་པས། དེ་ནས་བཟུང་སྟེ་བེམ་རིག་གི་འཇུག་པ་རྒྱུན་ཆད་ནས་ཞིང་ཁམས་གཞན་དུ་སྐུའི་རྣམ་རོལ་སོགས་སྟོན་པ་ཁས་མི་ལེན་ནོ། །མྱང་འདས་ལ་ཡང་ལྷག་བཅས་ལྷག་མེད་གཉིས་ལས་ལོགས་སུ་གྱུར་པའི་མི་གནས་པའི་མྱང་འདས་ཁས་མི་ལེན་ཞིང་། ལོངས་སྤྱོད་རྫོགས་པའི་སྐུ་ལ་སོགས་པའི་རྣམ་གཞག་མི་བྱེད་ལ། སྐྱེས་བུ་ཟུང་བཞི། གང་ཟག་ཡ་བརྒྱད་རྣམས་ཀྱི་རྣམ་གཞག་ཙམ་ཞིག་འདི་པས་ཀྱང་ཁས་ལེན་པར་སྣང་ངོ་། །དེ་རྣམས་ཀྱིས་ཀྱང་གང་ཟག་རྣམས་དགེ་འདུན་དཀོན་མཆོག་ཏུ་མི་འདོད་ཅིང་། གང་ཟག་དེ་དག་གི་རྒྱུད་ཀྱི་སློབ་པ་དང་མི་སློབ་པ་དེ་རྣམས་དགེ་འདུན་དུ་བྱེད་པའི་ཆོས་ལ་དགེ་འདུན་དཀོན་མཆོག་ཏུ་འདོད་དོ། །བྱེ་བྲག་ཏུ་སྨྲ་བའི་ལུགས་བརྗོད་ཟིན་ཏོ།། །།
གཉིས་པ་མདོ་སྡེ་པའི་ལུགས་བཤད་པ་ལ་གསུམ། མཚན་ཉིད། དབྱེ་བ། གྲུབ་མཐའི་འདོད་ཚུལ་བསྟན་པའོ། །དང་པོ་ནི། ཕྱི་དོན་དང་རང་རིག་གཉིས་ཀ་བདེན་ཞེན་གྱིས་ཁས་ལེན་པའི་ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་མདོ་སྡེ་པའི་མཚན་ཉིད་དུ་རིགས་ཏེ། ཐེག་དམན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ལ་བྱེ་མདོ་གཉིས་སུ་ངེས། བྱེ་བྲག་སྨྲ་བས་རང་རིག་ཁས་མི་ལེན་པའི་ཕྱིར་རོ། །གཉིས་པ་དབྱེ་བ་ལ་ལུང་གི་རྗེས་འབྲང་གི་མདོ་སྡེ་པ་དང་། རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་གཉིས།དང་པོ་ནི། མངོན་པ་སྡེ་བདུན་གྱི་རྗེས་སུ་འབྲང་བའི་མདོ་སྡེ་པ་རྣམས་ཡིན་ལ། མངོན་པ་སྡེ་བདུན་པོ་དེ་ཡང་། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། །གདགས་པའི་བསྟན་བཅོས་མོའུ་དགལ་བུས། །རབ་ཏུ་བྱེད་པ་དབྱིག་བཤེས་ཀྱིས། །ཡེ་ཤེས་ལ་འཇུག་(༦བ)ཀཱ་ཏྱའི་བུས། རྣམ་ཤེས་མཆོག་འདི་ལྷ་སྐྱིད་ཀྱིས། །འགྲོ་བའི་རྣམ་གྲངས་གསུས་པོ་ཆེས། ཁམས་ཀྱི་ཚོགས་ནི་གང་པོས་བྱས། །ཞེས་པ་རྣམས་ཡིན་ལ། དེ་ཡང་བྱེ་བྲག་སྨྲ་བ་རྣམས་མངོན་པ་སྡེ་བདུན་པོ་འདི་བཅོམ་ལྡན་འདས་ཀྱི་བཀའ་ཡིན་པར་འདོད་ཅིང་དགྲ་བཅོམ་པ་དེ་དག་གི་བསྡུས་པར་འདོད་ལ། ལུང་གི་རྗེས་འབྲང་གི་མདོ་སྡེ་པ་རྣམས་མངོན་པ་སྡེ་བདུན་པོ་འདི་ཉིད་ལས་གྲུབ་མཐའ་སྨྲ་བ་ཡིན་ཡང་། དགྲ་བཅོམ་པ་དེ་དག་གིས་བྱས་པར་འདོད་ཀྱི་བཅོམ་ལྡན་འདས་ཀྱི་བཀའ་མ་ཡིན་པར་འདོད་ལ། དེའི་གནད་ཀྱིས་ཀུན་མཁྱེན་གཉིས་པ་དབྱིག་གཉེན་གྱིས་ཀྱང་མངོན་པ་མཛོད་དུ། སྟོན་པས་གསུངས་སོ་ལོ་ཞེས་བྱེ་བྲག་སྨྲ་བ་ལ་མ་རངས་པའི་ཚིག་བརྗོད་པ་ཡིན་ནོ། །རིགས་པའི་རྗེས་འབྲང་གི་མདོ་སྡེ་པ་ནི་ཚད་མ་སྡེ་བདུན་སོགས་ནས་བཤད་པའི་མདོ་སྡེ་པ་རྣམས་ཏེ། འདི་དག་བྱེ་བྲག་ཏུ་བཤད་པ་ཆེན་པོ་སོགས་ལ་མ་བརྟེན་པར་གཙོ་བོར་བཅོམ་ལྡན་འདས་ཀྱི་མདོ་ལ་བརྟེན་ནས་གྲུབ་མཐའ་སྨྲ་བས་མདོ་སྡེ་བ་དང་། ཆོས་རྣམས་དཔེའི་སྒོ་ནས་སྟོན་པས་དཔེ་སྟོན་པ་ཞེས་ཀྱང་གྲགས་སོ། །གསུམ་པ་གྲུབ་མཐའི་འདོད་ཚུལ་ལ་གཞི། ལམ། འབྲས་བུ་གསུམ་ལས། གཞིའི་ཆོས་ལ་བདེན་པ་གཉིས་སུ་གྲངས་ངེས་པ་ལས་ཀུན་རྫོབ་བདེན་པ་གང་གི་བདེན་པར་འཇོག་པ་ནི་བློ་ཀུན་རྫོབ་པ་སྟེ་རྟོག་པས་བཏགས་པ་ཙམ་ཡིན་ཏེ། དེས་དོན་རང་མཚན་གྱི་གནས་ལུགས་མཐོང་བ་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །དེས་ན་རྟོག་པའི་སྣང་ཡུལ་ལ་སྤྱི་མཚན་གྱིས་ཁྱབ་པ་དང་། སྤྱི་མཚན་དང་དངོས་མེད་ཀྱི་ཆོས་དང་ཀུན་རྫོབ་ཀྱི་བདེན་པ་རྣམས་ཡིན་ཁྱབ་མཉམ་ཡིན་ལ། མངོན་སུམ་གྱི་སྣང་ཡུལ་ལ་རང་མཚན་གྱིས་ཁྱབ་པ་དང་། (༧ན)རང་མཚན་དང་དངོས་པོ་དང་དོན་དམ་བདེན་པ་རྣམས་ཡིན་ཁྱབ་མཉམ་དུ་འདོད་ལ། རྣམ་འགྲེལ་ལེའུ་དང་པོ་སོགས་སུ་སྒྲ་རྟོག་གི་འཇུག་ཚུལ་རྒྱས་པར་གཏན་ལ་ཕབ་པ་ཡང་ཀུན་རྫོབ་ཀྱི་རྣམ་གཞག་ལ་ཞུགས་པའི་སྒོ་ནས་དོན་རང་མཚན་གྱི་མཐར་ཐུག་གི་སྡོད་ལུགས་དེ་ཉིད་རྟོགས་པའི་ཕྱིར་ཡིན་ཏེ། དམ་པའི་དོན་ལ་འཇུག་བྱའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །དེའི་གནད་ཀྱིས་མངོན་སུམ་ལས་བརླིང་བའི་ཚད་མ་གཞན་མེད་པར་འདོད་ལ། དེ་ལ་དབང་མངོན་ཡིད་མངོན་རང་རིག་མངོན་སུམ་རྣལ་འབྱོར་མངོན་སུམ་སྟེ་བཞི་ཡོད་པར་འདོད་ཅིང་། གཞི་ཀའང་རྟོག་བྲལ་མ་འཁྲུལ་བར་འདོད་དོ། །གཞན་ཡང་རྡུལ་ཕྲན་ཕྱོགས་ཀྱི་ཆ་མེད་དང་། ཤེས་པ་སྐད་ཅིག་ཆ་མེད་སོགས་ཀྱང་ཁས་ལེན་ལ། དེ་ལྟ་ནའང་བྱེ་བྲག་སྨྲ་བ་བཞིན་དུས་གསུམ་རྫས་གྲུབ་ཡིན་པ་དང་། ནམ་མཁའ་རྟག་དངོས་ཡིན་པ་སོགས་ནི་ཁས་མི་ལེན་ནོ། །གཉིས་པ་ལམ་གྱི་རྣམ་གཞག་ལའང་ལམ་གྱི་དམིགས་པ་ནི་བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་པོ་ཉིད་ཡིན་ལ། དེའི་ཕྱིར་ཀུན་བཏུས་དང་རྣམ་འགྲེལ་སོགས་ནས་སྟོན་པའི་མིང་གིས་བཏགས་པ་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་པའི་གང་ཟག་གི་བདག་མེད་རྟོགས་པའི་ཤེས་རབ་དང་འགྲོ་བ་ལ་མཐའ་གཅིག་ཏུ་ཕན་པར་བཞེད་པའི་བསམ་པ་ཕུན་ཚོགས་གཉིས་ཟུང་དུ་སྦྲེལ་ནས་ཡུན་རིང་དུ་ཉམས་སུ་ལེན་པར་བྱེད་པ་ནི་ཐེག་ཆེན་གྱི་ལམ་ཉམས་སུ་ལེན་ཚུལ་དང་། བདག་མེད་རྟོགས་པའི་ཤེས་རབ་རྐྱང་པ་ཐབས་སྙིང་རྗེ་ཆེན་པོ་སོགས་དང་མ་འབྲེལ་བར་ཉམས་སུ་ལེན་པ་ནི་ཐེག་དམན་གྱི་ལམ་ཉམས་སུ་ལེན་ཚུལ་ཡིན་ནོ། །སངས་རྒྱས་ཀྱི་(༧བ)ལམ་གྱི་བགྲོད་ཚུལ་དང་དམན་པའི་ལམ་གཉིས་ཀ་ལ་ལམ་ལྔའི་རྣམ་གཞག་ཙམ་བྱེད་ཀྱི་ས་བཅུ་ལ་སོགས་པའི་རྣམ་གཞག་མི་བྱེད་ལ། ལམ་གྱི་སྤང་བྱ་སྒྲིབ་པ་ལ་ཡང་གང་ཟག་གི་བདག་འཛིན་དང་། ཉོན་མོངས་ཅན་གྱི་མི་ཤེས་པ་དང་། ཉོན་མོངས་ཅན་མ་ཡིན་པའི་མི་ཤེས་པ་ཞེས་སོགས་ཀྱི་ཐ་སྙད་ཙམ་ཞིག་མ་གཏོགས། ཆོས་ཀྱི་བདག་འཛིན་དང་ཤེས་སྒྲིབ་སོགས་ཀྱི་ཐ་སྙད་ཁས་མི་ལེན་ནོ། །གསུམ་པ་འབྲས་བུའི་རྣམ་གཞག་ལ་དེ་ལྟར་བསམ་སྦྱོར་ཕུན་ཚོགས་གཉིས་ཡུན་རིང་དུ་ཉམས་སུ་བླངས་པས་མི་ཤེས་པ་གཉིས་ཀའི་ས་བོན་དྲུངས་ཕྱུང་སྟེ། སྤངས་པ་ཁྱད་པར་གསུམ་ལྡན་དང་རྟོགས་པ་ཁྱད་པར་གསུམ་ལྡན་གྱི་རང་དོན་མཐར་ཕྱིན་བདེ་གཤེགས་གཉིས་ལས་གཞན་དོན་མཐར་ཐུག་སྐྱོབ་པས་གདུལ་བྱ་ལ་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར་ཏེ། སྨིན་གྲོལ་གྱི་ལམ་ལ་འགོད་པར་མཛད་པ་ནི་བླ་ན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱེད་ཚུལ་དང་། མི་རྟག་སོགས་བཅུ་དྲུག་རྐྱང་པ་ཙམ་བསྒོམས་པས་ཉོན་མོངས་ཅན་གྱི་མི་ཤེས་པ་ཙམ་སྤངས་ཏེ་དགྲ་བཅོམ་པའི་གོ་འཕང་མངོན་དུ་བྱེད་པ་ནི་དམན་པའི་བྱང་ཆུབ་མངོན་དུ་བྱེད་ཚུལ་ཡིན་ནོ། །མདོ་སྡེ་པའི་ལུགས་བརྗོད་ཟིན་ཏོ།། །།
གཉིས་པ་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་ལུགས་བཤད་པ་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། ཕྱི་དོན་བདེན་གྲུབ་ཁས་མི་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་ཐེག་ཆེན་གྱིི་གྲུབ་མཐའ་སྨྲ་བའི་འཇོག་བྱེད་དུ་རིགས་ཏེ། སེམས་ཙམ་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་ནི་ཐ་སྙད་དུའང་ཕྱི་དོན་ཁས་མི་ལེན། རང་རྒྱུད་པ་གཞན་རྣམས་དང་ཐལ་འགྱུར་བ་གཉིས་ཕྱི་དོན་བདེན་གྲུབ་ཞལ་གྱིས་མི་བཞེད་པའི་(༨ན)ཕྱིར། གཉིས་པ་ནི། ཐེག་ཆེན་གྱིི་གྲུབ་མཐའ་སྨྲ་བའི་གང་ཟག་ལ་སེམས་ཙམ་པ་དང་དབུ་མ་པ་གཉིས་ལས། དང་པོ་ལ་མཚན་ཉིད་དང་། དབྱེ་བ། གྲུབ་མཐའི་འདོད་ཚུལ་ལོ། །དང་པོ་ནི། ཕྱི་དོན་མེད་པའི་བདེན་གྲུབ་ཁས་ལེན་པའི་ནང་པའི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་རྣམ་རིག་པའི་མཚན་ཉིད་དོ། །གཉིས་པ་དབྱེ་བ་ལ་རྣམ་བདེན་རྫུན་གཉིས་སུ་ཡོད་ལ། ཚུར་མཐོང་གི་རྒྱུད་ཀྱི་གཟུགས་འཛིན་དབང་པོའི་མངོན་སུམ་ལ་གཟུགས་རགས་པར་སྣང་བ་ནི་བདེན་རྫུན་གཉིས་རྩོད་པའི་གཞི་དང་། དེ་ལྟར་སྣང་བ་དེ་སྣང་བ་ལྟར་གྲུབ་མ་གྲུབ་ཏུ་འདོད་པའི་སྒོ་ནས་བདེན་རྫུན་གཉིས་སོ་སོར་འབྱེད་པ་ཡིན་ཏེ། རྣམ་བདེན་པ་དེ་ལྟར་སྣང་བ་དེ་སྣང་བ་ལྟར་གྲུབ་པར་འདོད། རྣམ་རྫུན་པ་དེ་ལྟར་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པར་འདོད་པའི་ཕྱིར་རོ། །ཡང་སེམས་ཙམ་པ་ལ་དབྱེ་ན་ལུང་གི་རྗེས་འབྲང་དང་། རིགས་པའི་རྗེས་འབྲང་གཉིས་ལས། དང་པོ་ནི་རྣམ་ཤེས་ཚོགས་བརྒྱད་ཁས་ལེན་པ་རྣམས་དང་། ཕྱི་མ་ནི་ཕྱོགས་གླང་ཡབ་སྲས་ལ་སོགས་པ་རྣམས་སོ། །
འདི་ཐམས་ཅད་ཕྱི་དོན་ཞལ་གྱིས་མི་བཞེས་ཤིང་། ཁམས་གསུམ་པོ་སེམས་ཀྱི་བདག་ཉིད་ཙམ་དུ་སྨྲ་བས་སེམས་ཙམ་པ་དང་རྣམ་རིག་པ་ཞེས་བརྗོད་པ་ཡིན་ལ། རྣལ་འབྱོར་པས་གཞིའི་སྒོ་ནས་ལམ་གྱི་སྤྱོད་པ་ཉམས་ལེན་གཏན་ལ་འབེབས་པས་རྣལ་འབྱོར་སྤྱོད་པ་པ་ཞེས་ཀྱང་བྱའོ། །གསུམ་པ་ལ་གཞི། ལམ། འབྲས་བུ་གསུམ་ལས། གཞིའི་རྣམ་གཞག་ལ་ཡུལ་དང་། ཡུལ་ཅན་གཉིས། དང་པོ་ལ་ཤེས་བྱ་ཐམས་ཅད་ཀུན་བཏགས། གཞན་དབང་། ཡོངས་གྲུབ་གསུམ་དུ་འདུས་པར་འདོད་ཅིང་། (༨བ)ཀུན་བཏགས་བདེན་པར་མེད་པ་དང་། གཞན་དབང་དང་ཡོངས་གྲུབ་བདེན་གྲུབ་ཏུ་བཞེད་ལ། ཀུན་རྫོབ་པ་བདེན་པས་བསྡུས་པའི་ཆོས་ཐམས་ཅད་ཀུན་བཏགས་དང་གཞན་དབང་གཉིས་སུ་འདུས་ཤིང་། དོན་དམ་བདེན་པ་དང་ཡོངས་གྲུབ་དོན་གཅིག་ཏུ་འདོད་ལ། ཆོས་ཀྱི་བདག་མེད་ཡོངས་གྲུབ་མཚན་ཉིད་པ་དང་། གང་ཟག་གི་བདག་མེད་ཀུན་བཏགས་ཡིན་པར་འདོད་དོ། །ཡུལ་ཅན་གྱི་རྣམ་གཞག་ནི་རྣམ་ཤེས་ཚོགས་བརྒྱད་ཁས་ལེན་པའི་དབང་དུ་བྱས་ན་ཀུན་གཞི་རྣམ་ཤེས་ནི་ངོ་བོ་མ་བསྒྲིབས་ལུང་མ་བསྟན་དུ་གྱུར་པའི་གཙོ་བོ་ཡིད་ཀྱི་རྣམ་པར་རིག་པ་བརྟན་པས་རབ་ཏུ་ཕྱེ་བ་ཞིག་ལ་འདོད་ལ། དེ་ཡང་དགྲ་བཅོམ་པའི་རྒྱུད་ལའང་ཡོད་པས་བསྒྲིབས་ལུང་མ་བསྟན་མ་ཡིན། དགེ་རྩ་ཆད་པའི་རྒྱུད་ལའང་ཡོད་པས་དགེ་བ་མིན། ཁམས་གོང་མ་བའི་རྒྱུད་ལའང་ཡོད་པས་མི་དགེ་བའང་མ་ཡིན་ནོ། །ཉོན་ཡིད་ནི་དམིགས་པ་ཀུན་གཞི་ལ་དམིགས་ནས་རྣམ་པ་ངར་སེམས་པའི་རྣམ་པ་ཅན་ངོ་བོ་བསྒྲིབས་ལུང་མ་བསྟན་ཡིན་པ་ཞིག་ལ་འདོད་ལ། འཇུག་ཤེས་དྲུག་ནི་སྤྱི་དང་འཇོག་ཚུལ་མཐུན་ཞིང་། འོན་ཀྱང་འདི་དག་གི་ལུགས་ལ་ཚུར་མཐོང་གི་རྒྱུད་ཀྱི་རང་རིག་མངོན་སུམ་དང་རྣལ་འབྱོར་མངོན་སུམ་གཉིས་མ་གཏོགས་གཞན་རྣམས་འཁྲུལ་པར་འདོད་ལ། དེ་ལྟ་ནའང་མངོན་སུམ་ལ་རྟོག་བྲལ་གྱིིས་ཁྱབ་པ་ནི་ཁས་ལེན་ནོ། །གཉིས་པ་ལམ་གྱི་རྣམ་གཞག་ལ་ཐེག་དམན་གྱི་ལམ་གྱི་རྣམ་གཞག་དང་ཐེག་ཆེན་གྱི་ལམ་གྱི་རྣམ་གཞག་གཉིས་ལས། དང་པོ་ལ་ལམ་གྱི་དམིགས་པ་ནི་བདེན་བཞིའི་རྣམ་པ་མི་རྟག་སོགས་བཅུ་དྲུག་ཡིན་ལ། དེ་ལ་དམིགས་ནས་བསྐལ་པ་བརྒྱའི་བསོད་ནམས་ཀྱི་ཚོགས་དང་འབྲེལ་བར་ཉམས་སུ་བླངས་པས་རང་སངས་རྒྱས་ཀྱི་དགྲ་བཅོམ་པའི་གོ་འཕང་དང་། དེ་འདྲའི་(༩ན)བསོད་ནམས་ཀྱི་ཚོགས་དང་མ་འབྲེལ་བར་གང་ཟག་གི་བདག་མེད་རྐྱང་པ་ཙམ་ཉམས་སུ་བླངས་པས་ཉན་ཐོས་ཀྱི་བྱང་ཆུབ་ཙམ་མངོན་དུ་བྱེད་ལ། ཉན་རང་གཉིས་ཀའི་བསྒོམ་བྱའི་བདག་མེད་དང་སྤང་བྱའི་ཉོན་མོངས་ལ་ཁྱད་པར་ཅུང་ཟད་ཀྱང་མེད་པས་ཉན་རང་གཉིས་ཀ་ལ་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་ཙམ་ཞིག་སྟོན་པར་བྱེད་ལ། དེ་ལྟ་ནའང་རང་རྒྱལ་ལ་དགེ་འདུན་ཉི་ཤུའི་རྣམ་གཞག་བྱར་མེད་དེ། གཟུགས་མེད་ཉེར་འགྲོའི་རང་རྒྱལ་གཞི་མ་གྲུབ་པའི་ཕྱིར་རོ། །དེས་ན་སེམས་ཙམ་པའི་སྐབས་འདིར་བསྐལ་པ་བརྒྱར་བསོད་ནམས་ཀྱི་ཚོགས་ཀྱི་གོམས་པ་བསྲིང་མི་བསྲིང་དང་། འབྲས་བུ་མཆོག་དམན་གྱི་སྒོ་ནས་ཉན་ཐོས་དང་རང་སངས་རྒྱས་སོ་སོར་འཇོག་པ་ཡིན་ནོ། །གཉིས་པ་ཐེག་ཆེན་གྱི་ལམ་གྱི་རྣམ་གཞག་ནི། དེའི་དམིགས་པ་ནི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པའི་གང་ཟག་གི་བདག་མེད་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པ་དང་། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པས་སྟོང་པའི་ཆོས་ཀྱི་བདག་མེད་རྣམས་ཡིན་ལ། དེ་རྣམས་ལ་དམིགས་ནས་བསྐལ་པ་གྲངས་མེད་གསུམ་གྱི་བསོད་ནམས་ཀྱི་ཚོགས་དང་འབྲེལ་བར་ཉམས་སུ་བླངས། ལམ་ལྔ་ས་བཅུ་རིམ་གྱི་བགྲོད་དེ་གང་ཟག་གི་བདག་ཏུ་འཛིན་པའི་ཉོན་སྒྲིབ་དང་ཆོས་ཀྱི་བདག་ཏུ་འཛིན་པའི་ཤེས་སྒྲིབ་ཟད་པར་སྤངས་ཏེ། སྐུ་གསུམ་གྱི་བདག་ཉིད་ཅན་གྱི་བླ་ན་མེད་པའི་བྱང་ཆུབ་མངོན་དུ་བྱེད་ལ། ཐེག་པ་གསུམ་ག་ལམ་ལྔའི་རྣམ་གཞག་ཙམ་འདོད་ཅིང་། རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་རྣམས་མ་གཏོགས་མཐར་ཐུག་ཐེག་པ་གསུམ་དུ་གྲུབ་པར་འདོད་པ་ཤ་སྟག་གོ །(༩བ) གསུམ་པ་འབྲས་བུའི་རྣམ་གཞག་ནི་ཤས་ཆེར་ལམ་གྱི་རྣམ་གཞག་གི་སྐབས་སུ་བརྗོད་ཟིན་ལ། མྱང་འདས་ལ་ལྷག་བཅས་མྱང་འདས་ལྷག་མེད་མྱང་འདས་མི་གནས་པའི་མྱང་འདས་ཏེ་གསུམ་དང་། སངས་རྒྱས་ཀྱི་སྐུ་ལ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་དང་། ཆོས་སྐུ་ལའང་སྤངས་པའི་བདག་ཉིད་ངོ་བོ་ཉིད་ཀྱི་སྐུ་དང་། རྟོགས་པའི་བདག་ཉིད་ཡེ་ཤེས་ཆོས་ཀྱི་སྐུ་གཉིས་དང་། ལྷུན་གྱིས་གྲུབ་པ་དང་རྒྱུན་མི་ཆད་པའི་འཕྲིན་ལས་ཀྱི་རྣམ་གཞག་རྣམས་ཁས་ལེན་ནོ། །རྣམ་རིག་པའི་གྲུབ་མཐའི་འཇོག་ཚུལ་རྒྱས་པར་ཁོ་བོས་དྲང་ངེས་རྣམ་འབྱེད་ཀྱི་དཀའ་འགྲེལ་དུ་བཤད་ཟིན་ཏོ། །སེམས་ཙམ་པའི་ལུགས་སོ།། །།
གཉིས་པ་དབུ་མ་པའི་ལུགས་ལ་མཚན་ཉིད་དང་། དབྱེ་བ་གཉིས། དང་པོ་ནི། བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པར་ཁས་ལེན་པའི་ཐེག་ཆེན་གྱི་གྲུབ་མཐའ་སྨྲ་བའི་གང་ཟག་དེ་དབུ་མ་པའི་མཚན་ཉིད། གཉིས་པ་དབྱེ་བ་ལ་རང་རྒྱུད་པ་དང་། ཐལ་འགྱུར་བ་གཉིས་ལས། དང་པོ་ལ་མཚན་ཉིད། དབྱེ་བ། གྲུབ་མཐའི་འདོད་ཚུལ་ལོ། །དང་པོ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཁས་ལེན་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ་རང་རྒྱུད་པའི་མཚན་ཉིད། གཉིས་པ་དབྱེ་བ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དང་། མདོ་སྡེ་སྤྱོད་པའི་དབུ་མ་པ་གཉིས། ངོ་བོ་ཉིད་མེད་པར་སྨྲ་བའི་རང་རྒྱུད་པ་གང་ཞིག །རང་རིག་ཁས་ལེན་པས་རབ་ཏུ་ཕྱེ་བ་དང་པོའི་མཚན་ཉིད། དེ་གང་ཞིག་ཕྱི་དོན་ཁས་ལེན་པས་རབ་ཏུ་ཕྱེ་བ་དེ་གཉིས་པའི་མཚན་ཉིད། མཚན་གཞི་ནི་ཞི་འཚོ་རྗེས་འབྲང་དང་བཅས་པ་དང་པོའི་མཚན་གཞི་དང་། ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པ་ཕྱི་མའི་(༡༠ན)མཚན་གཞི་ཡིན་ལ། དབྱེ་བའི་ཐ་སྙད་གཉིས་པོ་འདི་རྗེ་ཡབ་སྲས་ཚད་མར་མི་བཞེད་ཀྱང་། བདག་གིས་ད་ལན་སྔ་རབས་པ་དང་སྒོ་བསྟུན་པ་ཡིན་ནོ། །གསུམ་པ་གྲུབ་མཐའི་འདོད་ཚུལ་ལ་ཞི་འཚོ་རྗེས་འབྲང་དང་བཅས་པའི་ལུགས། ལེགས་ལྡན་འབྱེད་རྗེས་འབྲང་དང་བཅས་པའི་ལུགས་སོ། །དང་པོ་ལ་གཞི། ལམ། འབྲས་བུ་གསུམ་ལས། དང་པོ་ལ་དོན་དམ་བདེན་པ་དང་ཀུན་རྫོབ་བདེན་པ་གཉིས་ལས། རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་དང་པོའི་མཚན་ཉིད་དང་། དེས་རང་ཉིད་གཉིས་སྣང་དང་བཅས་པའི་ཚུལ་གྱིས་རྟོགས་པར་བྱ་བ་གཉིས་པའི་མཚན་ཉིད་ཡིན་ལ། བུམ་པ་བདེན་སྟོང་ལྟ་བུ་དང་པོའི་མཚན་གཞི་དང་། བུམ་པ་ལྟ་བུ་གཉིས་པའི་མཚན་གཞི་ཡིན་ནོ། །དོན་དམ་བདེན་པ་ལ་རྒྱས་པར་ཕྱེ་ན་སྟོང་ཉིད་བཅུ་དྲུག་དང་། བསྡུ་ན་སྟོང་ཉིད་བཞིར་ཡོད་ཅིང་། ཀུན་རྫོབ་བདེན་པ་ལ་དབྱེ་ན་ཡང་དག་ཀུན་རྫོབ་དང་ལོག་པའི་ཀུན་རྫོབ་གཉིས་ལས་དང་པོ་ནི་ཆུ་ལྟ་བུ་དང་། གཉིས་པ་ནི་སྨིག་རྒྱུའི་ཆུ་ལྟ་བུའོ། །འདི་ཙམ་ཞིག་ནི་ལེགས་ལྡན་རྗེས་འབྲང་དང་བཅས་པས་ཀྱང་ཞལ་གྱིས་བཞེས་སོ། །ཡུལ་ཅན་ལ་མངོན་རྗེས་གཉིས་ལས། མངོན་སུམ་ལ་དབང་མངོན་ཡིད་མངོན་རང་རིག་མངོན་སུམ་རྣལ་འབྱོར་མངོན་སུམ་སྟེ་བཞིར་ཡོད་ལ། ཕྱི་རོལ་གྱི་དོན་ཁས་མི་ལེན་པས། སྔོན་འཛིན་མངོན་སུམ་དང་། སྔོན་པོ་ལྟ་བུ་རྫས་གཞན་མ་ཡིན་པར་བཞེད་ཅིང་། བདེན་གྲུབ་ཁས་མི་ལེན་ཀྱང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུ་ཞལ་གྱིས་བཞེས་སོ། །གཉིས་པ་ལམ་གྱི་རྣམ་གཞག་ལ་(༡༠བ)གང་ཟག་གི་བདག་མེད་རྟོགས་པ་ཉན་ཐོས་ཀྱི་ལམ་དང་། གཟུང་འཛིན་རྫས་གཞན་གྱིས་སྟོང་པར་རྟོགས་པ་རང་རྒྱལ་གྱི་ལམ། ཆོས་ཐམས་ཅད་བདེན་སྟོང་དུ་རྟོགས་པ་ཐེག་ཆེན་གྱི་ལམ་གྱི་རྟོགས་རིས་ཡིན་ལ། ཉན་རང་གི་ལམ་དང་ཐེག་ཆེན་གྱི་ལམ་གསུམ་ལ་ཚོགས་ལམ་སོགས་ལྔ་ལྔར་ཕྱེ་བས་ལམ་ལྔ་གསུམ་བཅོ་ལྔའོ། །ལམ་གྱི་སྤང་བྱ་ལ་ཉོན་སྒྲིབ་དང་ཤེས་སྒྲིབ་གཉིས་ལས། གང་ཟག་གི་བདག་འཛིན་ལ་ཉོན་སྒྲིབ་ཀྱིས་ཁྱབ་པ་དང་། ཆོས་ཀྱི་བདག་འཛིན་ལ་ཤེས་སྒྲིབ་ཀྱིས་ཁྱབ་པར་འདོད་ཅིང་། ཤེས་སྒྲིབ་ཡང་གཟུང་བ་ཕྱི་རོལ་ཏུ་འཛིན་པ་ལྟ་བུ་ཤེས་སྒྲིབ་རགས་པ་དང་། ཕུང་སོགས་ཀྱི་ཆོས་ལ་བདེན་གྲུབ་ཏུ་འཛིན་པ་ལྟ་བུ་ཤེས་སྒྲིབ་ཕྲ་མོ་གཉིས་སུ་འདོད་དོ། །གསུམ་པ་འབྲས་བུའི་རྣམ་གཞག་ལ། རང་རྒྱལ་ལ་ཞུགས་གནས་བརྒྱད་ཀྱི་རྣམ་གཞག་མི་རྩི་ཞིང་། ཉན་ཐོས་ལ་རྩི་ལ། མྱང་འདས་ལ་ལྷག་བཅས་ལྷག་མེད་མི་གནས་པའི་མྱང་འདས་གསུམ་དང་། སངས་རྒྱས་ཀྱི་སྐུ་ལ་བཞིར་གྲངས་ངེས་པར་འདོད་ལ། འཕགས་སེང་གཉིས་ཀྱང་སྐུའི་བསྟན་ཚུལ་ལ་རྩོད་ཀྱི། གྲངས་ངེས་ལ་མི་རྩོད་དོ། །གཉིས་པ་ལེགས་ལྡན་རྗེས་འབྲང་དང་བཅས་པའི་ལུགས་ལ་གཞི་ལམ་འབྲས་བུ་གསུམ་ལས། བཞི་བདེན་པ་གཉིས་ཀྱི་འཇོག་ཚུལ་ནི་བཤད་ཟིན་ལ། ཕྱི་དོན་ཞལ་གྱིས་བཞེས་ཤིང་། རང་རིག་ཞལ་གྱིས་མི་བཞེས་པ་ཙམ་མོ། །གཉིས་པ་ལམ་གྱི་ཁྱད་པར་ལ་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད་ཅིང་། གཟུང་འཛིན་རྫས་གཞན་ཀྱིས་སྟོང་པར་རྟོགས་པའི་ལམ་ཞལ་གྱིས་མི་བཞེས་ལ། གཞན་རྣམས་ནི་སྔ་མ་དང་འདྲའོ། །གསུམ་(༡༡ན)པ་འབྲས་བུའི་རྣམ་གཞག་ལ། འདི་པའི་ལུགས་ལ་ཉན་རང་གཉིས་སྤང་བྱའི་སྒྲིབ་པ་དང་། རྟོག་བྱའི་བདག་མེད་ལ་ཕྲ་རགས་མེད་པས་ཞུགས་གནས་ཀྱི་རྣམ་གཞག་ཀྱང་གཉིས་ཀ་ལ་བྱེད་དོ། །ལུགས་གཉིས་པོ་འདི་གཞན་གྱི་འདོད་པ་འགོག་པ་དང་རང་གི་འདོད་པ་བསྒྲུབ་པ་ལ་ཚུལ་གསུམ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རང་རྒྱུད་ཞལ་གྱིས་བཞེད་པས་རང་རྒྱུད་པ་ཞེས་བྱའོ། །རང་རྒྱུད་པའི་རྣམ་གཞག་བརྗོད་ཟིན་ཏོ།། །།
གཉིས་པ་ཐལ་འགྱུར་བ་ལ་མཚན་ཉིད་དང་། གྲུབ་མཐའི་འདོད་ཚུལ་ལོ། །དང་པོ་ནི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཐ་སྙད་དུའང་ཞལ་གྱིས་མི་བཞེད་པའི་ངོ་བོ་ཉིད་མེད་པར་སྨྲ་བ་དེ་ཐལ་འགྱུར་བའི་མཚན་ཉིད་དོ། །མཚན་གཞི་ནི་སངས་རྒྱས་བསྐྱངས་རྗེས་འབྲང་དང་བཅས་པ་ཡིན་ལ། འཕགས་པ་ཡབ་སྲས་དོན་ལ་ཐལ་འགྱུར་བ་ཡིན་ཞིང་། ཐལ་རང་གཉིས་གའི་སྤྱི་དཔོན་ཡིན་ལ། སྔ་རབས་པ་རྣམས་ཀྱིས་གཞུང་ཕྱི་མོའི་དབུ་མ་པ་ཞེས་ཀྱང་བཏགས་སོ། །གཉིས་པ་གྲུབ་མཐའི་འདོད་ཚུལ་ལ་གཞི། ལམ། འབྲས་བུ་གསུམ་ལས། གཞི་ལ་བདེན་པ་གཉིས་ལས། རིགས་ཤེས་ཚད་མ་གང་ལ་མཐར་ཐུག་དཔྱོད་པའི་རིགས་ཤེས་སུ་སོང་བ་དོན་དམ་བདེན་པའི་མཚན་ཉིད། ཐ་སྙད་པའི་ཚད་མ་གང་ལ་ཐ་སྙད་པའི་ཚད་མར་སོང་བ་ཀུན་རྫོབ་བདེན་པའི་མཚན་ཉིད། དང་པོ་ལ་རྒྱས་པར་ཕྱེ་ན་སྟོང་ཉིད་བཅུ་དྲུག །འབྲིང་དུ་སྟོང་ཉིད་བཞི། ཤིན་ཏུ་བསྡུས་ནས་བདག་མེད་གཉིས་རྣམས་སོ། །ཀུན་རྫོབ་བདེན་པ་ལ་ཐལ་འགྱུར་བ་རང་ལུགས་ལ་ཡང་ལོག་གི་དབྱེ་བ་མི་བྱེད་ཀྱང་། འཇིག་རྟེན་གྱི་(༡༡བ)ཤེས་ངོ་ལ་ལྟོས་ནས་ཡུལ་དང་ཡུལ་ཅན་གཉིས་ཀ་ལ་ཡང་ལོག་གཉིས་སུ་བྱེད་ལ། དེ་ཡང་འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབང་པོ་དྲུག་ཡུལ་དང་བཅས་པ་ནི་ཡུལ་ཅན་དང་ཡུལ་ཡང་དག་པ་ཡིན་ལ། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབང་པོ་དྲུག་ཡུལ་དང་བཅས་པ་ནི་ཡུལ་ཅན་དང་ཡུལ་ཕྱིན་ཅི་ལོག་ཡིན་ཞིང་། ཀུན་རྫོབ་བདེན་པ་ལ་ཐལ་འགྱུར་བ་རང་ལུགས་ལ་ཡང་ལོག་གི་དབྱེ་བ་མི་བྱེད་པ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་མི་ལེན་པ་ལ་ཐུག་ལ། དེའི་ཕྱིར་ཐལ་འགྱུར་བ་ལ་རང་རྒྱུད་པ་དང་སེམས་ཙམ་པ་སོགས་དང་ཐུན་མོང་མ་ཡིན་པའི་ཁྱད་པར་མང་དུ་ཡོད་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཁས་མི་ལེན་པའི་ཁྱད་པར། རང་རྒྱུད་དང་རང་རིག་ཁས་མི་ལེན་པའི་ཁྱད་པར། ཀུན་གཞི་ཁས་མི་ལེན་ཞིང་ཕྱི་དོན་ཁས་ལེན་པའི་ཁྱད་པར། བདེན་འཛིན་ཉོན་སྒྲིབ་དུ་འདོད་ཅིང་། བདག་མེད་གཉིས་ལ་ཕྲ་རགས་མི་འབྱེད་པའི་ཁྱད་པར། འགོག་བདེན་དོན་དམ་བདེན་པར་འདོད་ཅིང་ཉན་རང་འཕགས་པ་ལ་ཆོས་ཀྱི་བདག་མེད་རྟོགས་པས་ཁྱབ་པར་ཁས་ལེན་པའི་ཁྱད་པར། སོ་སྐྱེའི་ཤེས་པ་ཐམས་ཅད་འཁྲུལ་ཤེས་སུ་འདོད་ཅིང་དཔྱད་ཤེས་ཚད་མར་འདོད་པའི་ཁྱད་པར། ཡིད་མངོན་དང་རྟོག་པའི་གཞི་མཐུན་འདོད་ཅིང་ཕྲ་བའི་མི་རྟག་པ་མངོན་སུམ་དུ་རྟོགས་པ་སོ་སྐྱེ་ལ་ཡོད་པའི་ཁྱད་པར། དུས་གསུམ་དངོས་པོར་འདོད་ཅིང་རགས་པའི་མི་རྟག་སོགས་བཅུ་དྲུག་རྟོགས་པ་ཙམ་གྱིས་ཐེག་པ་གསུམ་གང་རུང་གི་སྦྱོར་ལམ་ཙམ་དུའང་བགྲོད་པར་མི་ནུས་པར་འདོད་པ་སོགས་མཐའ་ཡས་པ་ཡོད་དོ། །གཉིས་པ་ལམ་གྱི་རྣམ་གཞག་ལ། ལམ་(༡༢ན)གྱི་དམིགས་པ་ནི། གང་ཟག་རང་བཞིན་གྱིས་མེད་པའི་གང་ཟག་གི་བདག་མེད་དང་། ཕུང་སོགས་ཀྱི་ཆོས་རང་བཞིན་གྱིས་མེད་པའི་ཆོས་ཀྱི་བདག་མེད་གཉིས་ཡིན་ཞིང་། ཐེག་པ་གསུམ་གའི་ལམ་གྱིས་དེ་ལ་དམིགས་ནས་སྒོམ་པ་ཡིན་ལ། ཚོགས་ལམ་སོགས་ལམ་ལྔ་དང་། ཐེག་ཆེན་ལ་ས་བཅུའི་རྣམ་གཞག་ཀྱང་མདོ་སྡེ་ས་བཅུ་པ་སོགས་ལ་བརྟེན་ནས་བྱེད་ཅིང་། ཉན་རང་གཉིས་ཀྱི་ལམ་གྱི་སྤང་བྱའི་གཅོ་བོ་ནི་ཆོས་དང་གང་ཟག་རང་གི་མཚན་ཉིད་གྱིས་གྲུབ་པར་འཛིན་པའི་བདག་འཛིན་གཉིས་ཡིན་ལ། ཐེག་པ་ཆེན་པོའི་ལམ་གྱི་སྤང་བྱའི་གཙོ་བོ་ནི། གཉིས་སྣང་འཁྲུལ་པ་བག་ཆགས་དང་བཅས་པ་ཡིན་ནོ། །ཉོན་སྒྲིབ་ཟད་པར་མ་སྤངས་པར་ཤེས་སྒྲིབ་སྤོང་བའི་འགོ་མི་རྩོམ་ལ། ཤེས་སྒྲིབ་སྤོང་བའི་འགོ་ས་བརྒྱད་པ་ནས་རྩོམ་པ་ཡིན་ཞིང་། དམན་ལམ་སྔོན་དུ་མ་སོང་བའི་བྱང་སེམས་རྣམས་ཀྱིས་ས་བརྒྱད་པ་ཐོབ་པ་ན་ཉོན་སྒྲིབ་ཟད་པར་སྤངས་པའི་སྤངས་པ་ཐོབ་པར་འདོད་ལ། རང་རྒྱུད་པ་རྣམས་ནི་སྒྲིབ་པ་གཉིས་དུས་མཉམ་དུ་སྤང་བར་འདོད་དོ། །ཐལ་འགྱུར་བ་རྣམས་ཀྱི་ཁྱད་ཆོས་ཀྱི་གཙོ་བོ་ནི་རང་བཞིན་སྟོང་པ་རྟེན་འབྲེལ་གྱི་དོན་དུ་མཐོང་བའི་སྒོ་ནས་རང་གི་མཚན་ཉིད་ཀྱིས་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་། ཐ་སྙད་ཀྱི་རྣམ་གཞག་ཐམས་ཅད་མིང་རྐྱང་བཏགས་ཡོད་ཙམ་ལ། གཞན་དེ་ཙམ་མ་ཡིན་པར་བསྙོན་མེད་དུ་འཇོག་ཤེས་པ་དེ་ཉིད་ཡིན་ནོ། །འོ་ན། ཕྱག་རྒྱ་ཆེན་པོ་ཞེས་གྲགས་པ་འདི་ཉིད་ཀྱི་ལྟ་བའི་ཚུལ་གང་ཡིན་སྙམ་ན། འདི་ནི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་སྟོང་ཉིད་ཕྲ་མོ་རྟོགས་པའི་ལམ་ནི་ཕྱག་རྒྱ་ཆེན་པོའི་ངོ་བོ་དང་། (༡༢བ)དེ་ལ་ལྷན་སྐྱེས་ཀྱི་བདེ་བས་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པའི་ཕྱག་རྒྱ་ཆེན་པོ་དཔེའི་ལྷན་ཅིག་སྐྱེས་པ་དང་། མངོན་སུམ་དུ་རྟོགས་པའི་དོན་གྱི་ལྷན་ཅིག་སྐྱེས་པ་གཉིས་སུ་ཡོད་ལ། དེ་འདྲའི་བདེ་སྟོང་གི་ཡེ་ཤེས་ཀྱིས་ཡུལ་སྣང་ཐམས་ཅད་ལ་རྒྱས་འདེབས་པས་ཕྱག་རྒྱ་ཆེན་པོ་ཞེས་བྱའོ། །ལྟ་བའི་ཡུལ་གྱི་བདག་མེད་གཏན་ལ་འབེབས་ལུགས་ཀྱང་ཐལ་འགྱུར་བ་བཞེད་པ་བཞིན་ཡིན་ཏེ། རྗེ་བཙུན་མི་ལས། དོན་དམ་བདེན་པའི་དབང་དུ་ནི། །བགེགས་ལས་སངས་རྒྱས་ཉིད་ཀྱང་མེད། །ཅེས་དོན་དམ་པར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པ་དང་། ཁྱེད་བློ་དམན་རྣམས་ཀྱི་བསམ་ངོ་དང་། །བསྟུན་ནས་སངས་རྒྱས་ཀུན་མཁྱེན་གྱིས། །ཐམས་ཅད་ཡོད་ཅེས་གསུངས་པ་ཡིན། །ཞེས་ཐ་སྙད་ཚད་གྲུབ་ཏུ་འཇོག་པའི་ཚུལ་ཆེས་གསལ་བར་གསུངས་སོ། །དིང་སང་གི་ཕྱག་རྒྱ་པ་དག་ནི་ཐལ་རང་གང་གི་ཁོངས་སུ་གཏོགས་ཁོ་བོས་མ་ཤེས་སོ། །གསུམ་པ་འབྲས་བུའི་རྣམ་གཞག་ལ། ཉན་རང་གཉིས་ལ་ཞུགས་གནས་བརྒྱད། ཐེག་ཆེན་ལ་སྐུ་གསུམ་འཕྲིན་ལས་དང་བཅས་པའི་རྣམ་གཞག་ལེགས་པར་བྱེད་པ་ཡིན་ནོ། །གཞན་གྱི་དམ་བཅའ་འགོག་པ་ན་རང་རྒྱུད་ཀྱི་གཏན་ཚིགས་ཞལ་གྱིས་མི་བཞེས་པར། འགལ་རྗོད་ཀྱི་ཐལ་འགྱུར་གྱི་སྒོ་ནས་གཙོ་བོར་བྱེད་པས་ཐལ་འགྱུར་བ་ཞེས་བྱའོ། །ཐལ་འགྱུར་བའི་ལུགས་ཕྱོགས་ཙམ་བརྗོད་ཟིན་ཏོ། །ཞེས་རང་གཞན་གྱི་གྲུབ་པའི་མཐའ་དེ་ཁོ་ན་ཉིད་འབྱེད་པ་ལ་བློ་གྲོས་ཀྱི་སྤོབས་པ་དགེ་བ་ཅན་དགེ་འདུན་རྒྱ་མཚོ་དཔལ་བཟང་པོས། སློབ་དཔོན་ཆེན་པོ་པདྨ་སཾ་བྷ་ཝ་དང་། འཇིག་རྟེན་གྱི་(༡༣ན)དབང་པོ་སྲོང་བཙན་སྒམ་པོ་དང་། འགྲོ་བའི་མགོན་པོ་དཔལ་ལྡན་ཨ་ཏི་ཤ་ཡབ་སྲས་ལ་སོགས་པས་བྱིན་གྱིས་རླབས་པའི་གནས་ཆེན་པོ་དཔལ་གྱི་ཡེར་བར་ཉེ་བར་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།སརྦ་མངྒ་ལཾ།