གནའ་དུས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལས་འཕྲོས་པའི་དཔྱད་གླེང་།

གནའ་དུས་བོད་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལས་འཕྲོས་པའི་དཔྱད་གླེང་།

རྩོམ་པ་པོ་མངའ་རིས་ཕོ་ཉ།

<ནང་དོན་གནད་བསྡུས་>དཔྱད་རྩོམ་འདིའི་ནང་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་དེ་ཉིད་གནས་མཆོག་ལ་ངོས་ཇི་ལྟར་འཛིན་ཚུལ་དང་། ཆོས་ཕྱོགས་ནས་བོད་ཀྱི་སྲོལ་རྒྱུན་གོམས་གཤིས་བཟང་པོའི་བོད་མི་ཚོས་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་གཅེས་འཛིན་གནང་སྟངས་དེ་བཞིན་གདོད་མའི་ནགས་ཚལ་སྲུང་སྐྱོབ་དང་ཕན་ནུས་སྐོར་རགས་ཙམ་གླེང་བ། <བརྡ་ཆད་གཙོ་བོ།> རང་བྱུང་ཁམས། གངས་མཚོ། ཡུལ་སྲོལ་གོམས་གཤིས། ནགས་ཚལ།

སྔོན་འགྲོའི་གཏམ།
ཕྱི་སྣོད་འཇིག་རྟེན་ཆགས་པའི་གངས་རི་དང་། །
ནང་བཅུད་སེམས་ཅན་སྲོག་ཆགས་འཚོ་བའི་གནས། །
མཐོ་སྒང་བོད་ཀྱི་རང་བྱུང་ཁོར་ཡུག་འདིར། །
ཐོན་ཁུངས་ཁྱད་ཆོས་ལྡན་པའི་པུར་རྒྱལ་ཡུལ། །

འཛམ་གླིང་ཡང་རྩེ་རུ་གྱུར་པ་བོད་མཐོ་སྒང་གི་ཁོར་ཡུག་ནི་ཕྱི་གངས་རིའི་ར་བས་བསྐོར་ཞིང་། ནང་དུ་མུ་མཐའ་མེད་པའི་སྔོ་ལྗང་གི་རྩྭ་ཐང་དང་རྩི་ཤིང་གི་ནགས་ཚལ། དྭངས་གཙང་གི་ཆུ་བོ། རྒྱ་ཆེ་བའི་མཚོ་དང་མཚེའུ་སོགས་རིགས་ཕུན་སུམ་ཚོགས་པའི་རང་བྱུང་ཁོར་ཡུག་ཁྱད་འཕགས་ཅན་ཞིག་ཆགས་ཡོད། རི་མཐོ་ལ་ས་གཙང་ཞིང་། ཡིད་དུ་འོང་བའི་རང་བྱུང་ཁོར་ཡུག་ཅིག་ལ་ལོངས་སྤྱོད་བྱེད་རྒྱུ་ནི་བོད་ཡུལ་དུ་ཆགས་པའི་སྐྱེ་འགྲོ་ཀུན་གྱི་གཞི་རྩའི་ཐོབ་ཐང་ཡིན། ྋགོང་ས་མཆོག་གིས་གསུང་དོན་བཞིན་“ནང་པའི་ཆོས་ཀྱི་གཞུང་ནས་ཕྱི་སྣོད་ཀྱི་ཁོར་ཡུག་དང༌། ནང་བཅུད་ཀྱི་སེམས་ཅན་བར་གཅིག་ལ་གཅིག་བརྟེན་གྱི་འཚོ་གནས་འབྲེལ་བ་དམ་པོ་ཡོད་པར་བརྗོད།” ཅེས་པ་ལྟར་བོད་ཀྱི་རང་བྱུང་ཁོར་ཡུག་དེ་མཐོ་སྒང་གི་སྐྱེ་འགྲོ་ཡོངས་ཀྱི་འཚོ་སྡོད་ཀྱི་རྟེན་གཞི་ཆེན་པོ་ཞིག་ཏུ་གྱུར་ཡོད།

༡ ༽ རང་བྱུང་གི་གནས་མཆོག་གངས་མཚོ་གཉིས་དང་འབྲེལ་བའི་ཁོར་ཡུག་སྲུང་སྐྱོབ།

གངས་དཀར་ཏེ་སི་བདེ་མཆོག་ཕོ་བྲང་དང་། །
མ་དྲོས་མཚོ་ལ་ཀླུ་རྒྱལ་བྱང་ཆུབ་སེམས། །
རྩ་གསུམ་ཀུན་འདུས་ཐུབ་དབང་དམ་པ་མཆོག །
དགྲ་བཅོམ་འཁོར་བཅས་གནས་འདིར་བཞུགས་གསོལ་འདེབས། །

དེ་ཡང་རང་བྱུང་ཁམས་ཆེན་མོ་འདིར་རང་ཅག་རྣམས་འཚོ་ཞིང་གནས་པའི་མཐོ་སྒང་འདི་ནི་འཛམ་གླིང་གི་སའི་ལྟེ་བར་འགྱིང་བའི་ཆེས་མཛེས་ཤིང་ལྟ་ན་སྡུག་པའི་སྣོད་བཅུད་ཕུན་སུམ་ཚོགས་པ་རང་བྱུང་ཁམས་ལས་བྱུང་བ་གནས་མཆོག་གངས་དཀར་ཏི་སེ་དང་། གནས་མཆོག་མ་ཕམ་གཡུ་མཚོ་དེ་ཉིད་ཁྱད་འཕགས་ཅན་ཞིག་ཏུ་ངོས་འཛིན་ཚུལ་དང་། དེར་བརྟེན་ཆོས་ཕྱོགས་ནས་ཁོར་ཡུག་སྲུང་སྐྱོབ་རགས་ཙམ་དཔྱད་པ།
རྗེ་བཙུན་མི་ལ་རས་ཆེན་ཞལ་སྔ་ནས། “གངས་དཀར་ཏི་སེ་སྐད་པོ་ཆེ། སྔོན་སངས་རྒྱས་ཉིད་ཀྱིས་ལུང་བསྟན་པའི། རི་བོ་གངས་ཅན་བྱ་བ་ཡིན། དེ་མཐའ་བྲག་གིས་བསྐོར་བ་དེ། དགྲ་བཅོམ་རྣམས་ཀྱི་བཞུགས་གནས་ཡིན། དེ་མཐའ་སྤང་གིས་བརྒྱན་པ་དེ། ལྷ་ཕྲན་རྣམས་ཀྱི་བཞུགས་གནས་ཡིན། མ་ཕམ་གཡུ་མཚོ་བྱ་བ་དེ། སྔོན་བཅོམ་ལྡན་འདས་ཀྱིས་ལུང་བསྟན་ཅིང་། མ་དྲོས་མཚོ་རུ་གྲགས་པ་ཡིན། དེ་མཐའ་ཆུ་ཡིས་བསྐོར་བ་དེ། ཀླུ་ཕྲན་རྣམས་ཀྱི་བང་མཛོད་ཡིན།” ཞེས་གསུངས་པ་ལྟར། བོད་གངས་ཅན་ལྗོངས་སུ་ནང་ཆོས་དར་བ་ནས་བཟུང་སྟེ་བོད་ཡུལ་དུ་སངས་རྒྱས་སྟོང་ཕྲག་མང་པོ་ཞབས་ཀྱིས་བཅགས་པ་དང་བྱིན་གྱིས་བརླབས་ནས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་དེ་ཉིད་གནས་རི་དང་གནས་མཚོ་རུ་ངོས་འཛིན་ཅིང་བོད་མི་ཕལ་མོ་ཆེ་བའི་སྐྱབས་ཡུལ་ཞིག་ཏུ་འགྱུར། ང་རང་ཚོས་སངས་རྒྱས་བཅོམ་ལྡན་འདས་ནི་རང་གི་སྟོན་པ་བླ་ན་མེད་པ་ཞིག་ལ་ངོས་འཛིན་བྱས་ཏེ་དད་པ་བྱེད་ཀྱི་ཡོད་ལ། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་དེ་ཉིད་ལ་རིས་མེད་སྐྱེས་ཆེན་དམ་པ་རིམ་བྱོན་རྣམས་ཀྱིས་ལུང་བསྟན་དང་བྱིན་གྱིས་བརླབས་པར་བརྟེན་ནས་རང་རིགས་ཕ་མེས་དང་ཡང་མེས་ནས་རིམ་བཞིན་བརྒྱུད་དེ་རྒན་དར་གཞོན་གསུམ་ཡོངས་ཀྱིས་སྐྱབས་སུ་བཟུང་སྟེ་ཕྱག་མཆོད་སྐོར་བ་བགྱིས་པའི་ཕན་ཡོན་མདོར་བསྡུས་སུ་འཆད་པ་ལ། ཇི་སྐད་དུ། འདུལ་བ་ལས། “གང་ཞིག་དད་ཅིང་མོས་པའི་སེམས་ཀྱིས་སུ། །སངས་རྒྱས་མཆོད་རྟེན་ལ་ནི་གོམ་འདོར་ན། །ཛམ་བུའི་ཆུ་བོ་གསེར་གྱི་སྲང་ཚད་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན། །” ཞེས་གསུངས་པའོ། །བཅོས་མིན་རང་བྱུང་གི་ཁམས་ལས་བྱུང་བའི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་མཐུན་རྐྱེན་འཛོམས་ཤིང་། ཕྱི་སྣོད་འཇིག་རྟེན་གྱི་བཀོད་པ་མཛེས་ཤིང་ཡིད་དུ་འོང་བ་དང་། ནང་བཅུད་སྐྱེ་འགྲོ་ཀུན་གྱི་འཚོ་བའི་སྐམ་གཤེར་གྱི་སྲོག་ཆགས་དང་། རིན་ཐང་བྲལ་བའི་གཏེར་དངོས་སྣ་མང་བཅས་ཀྱིས་ཡོངས་སུ་གཏམས་ཡོད་ཀྱང་། འགྲོ་བ་མིའི་རིགས་བྱུང་བའི་དུས་ནས་རང་བྱུང་ཁོར་ཡུག་ལ་འཚོ་རྟེན་དང་ཐོན་ཁུངས་མང་པོ་ཞིག་བེད་སྤྱོད་བཏང་ཡོད་ཀྱང་། སྔོན་ཆད་བོད་མིའི་ཡུལ་སྲོལ་གོམས་གཤིས་དང་འདུ་ཤེས་འཁྱེར་སྟངས་དབང་གིས་བོད་ཀྱི་ཁོར་ཡུག་གི་གནས་བབ་ནི་ཧ་ཅང་ལེགས་པ་དང་། བོད་མི་རྣམས་འཚོ་བ་རྒྱས་སྤྲོས་མེད་པ་དང་ཆོས་ལ་དད་པ་ཆེ་ཞིང་གནས་སྐོར་བ་ཚོས་རྡོ་སྤུངས་ནས་མཎྜལ་གྱི་གཟུགས་དབྱིབས་ལྟར་རྡོ་བརྩིགས་བཅོས་ཏེ་མཆོད་པའི་ཚུལ་དུ་ཕུལ་ནས་སྨོན་ལམ་རྒྱག་པ་དང་ལྷ་བསངས་གཏོང་བ། དར་ལྕོག་འཛུགས་པ་སོགས་བྱེད་ཀྱི་ཡོད། རྡོ་ལ་སངས་རྒྱས་ཀྱི་གསུང་རབ་དང་གཟུངས་སྔགས་མ་ཎི་སོགས་བརྐོས་པ་དག་རྡོ་ཕུང་ཐོག་ཏུ་གདན་དྲངས་ཏེ་སྐོར་བ་ཡང་རྒྱག་སྲོལ་ཡོད།

དེ་བཞིན་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོར་གཏེར་དངོས་རིགས་ཆུ་སྣ་དང་། ས་སྣ། རྡོ་སྣ། སྤོས་སྣ། གསེར། དངུལ། ཟངས། ལྕགས་སོགས་རིན་པོ་ཆེའི་རིགས་སྣ་ཚོགས་ཤེས་རྟོགས་བྱུང་བ་དེ་དག་བཟོ་ལས་ཐོན་སྐྱེད་ལ་ཉེར་མཁོ་ཆེ་བས་དཔལ་འབྱོར་གྱི་རིན་ཐང་ཆེན་པོ་ཡོད་ན་ཡང་། སྤྱིར་གནའ་སྔ་མོ་བོད་མིར་ཡར་ཐོན་གྱི་ཚན་རྩལ་བཟོ་སྐྲུན་ཐོན་སྐྱེད་ནུས་ཤུགས་ཞན་པའི་དབང་གིས་གཏེར་ཁ་བསྔོག་འདོན་བྱས་པ་ཧ་ཅང་ཉུང་ཉུང་ཞིག་ཡིན། འོན་ཀྱང་བོད་མི་ཚོས་སྲོལ་རྒྱུན་གྱི་གོམས་གཤིས་དང་ཆོས་ལ་དད་ཤུགས་ཆེ་བའི་དབང་གིས་རི་བྲག་མཚོ་གསུམ་ཕལ་མོ་ཆེ་ལྷ་དང་ཀླུ། ཡུལ་ལྷ་གཞི་བདག་ཚོའི་བསྟི་གནས་ཡིན་པའི་རྐྱེན་གྱིས་གཏེར་ཁ་བསྔོག་འདོན་བྱེད་སྲོལ་མེད། གལ་སྲིད་གནས་རི་དེ་དག་ལ་ས་སློག་དང་རྡོ་སློག་གིས་གཏེར་འདོན་རིགས་བྱེད་པ་དང་། མཚོ་དང་མཚེའུ། ཆུ་མིག་སོགས་མི་གཙང་བས་འབགས་བཙོག་བཏང་བ་དང་ཤོར་བའི་རིགས་བྱུང་ན་ཡུལ་ལྷ་འཁྲུགས་ཤིང་ཀླུ་གཉན་གྱི་གནོད་པ། གཞི་བདག་རྣམས་ཁྲོས་པར་བརྩིས་པ་བཞིན་རང་གཞན་ཀུན་ལ་གནོད་པ་དང་། སྤྱིར་འབྱུང་བཞི་འཁྲུག་པའི་རྐྱེན་བྱས་ཏེ་ཡུལ་འདིར་ས་བཅུད་ཉམས་པ་དང་མིའི་མངའ་ཐང་རྒུད་པ། ཡུལ་སྡེ་མི་ནད་ཕྱུགས་ནད་མང་བ། ཆར་ཆུ་དུས་སུ་མི་བབས། ལོ་ཕྱུགས་རྟག་ཏུ་གནོད་པ། བཀྲ་མི་ཤིས་པ་དང་། ལྟས་ངན་པའི་རྟགས་མི་ཉུང་བ་ཞིག་ཡོང་བར་རྩི་སྲོལ་ཡོད། དེར་བརྟེན་བོད་ཁུལ་གྱི་གངས་རི་དང་མཚོ་མོ་ཕལ་ཆེ་བ་བོད་མི་ཚོས་ལྷ་ཀླུ་གཞི་བདག་གནས་པའི་རྩ་ཆེའི་ས་གནས་སུ་ངོས་འཛིན་བྱེད་པར་བརྟེན་རང་བྱུང་ཁོར་ཡུག་མང་པོ་ཞིག་ལ་རང་བཞིན་གྱིས་དེ་ལྟར་སྲུང་སྐྱོབ་བྱེད་ཐུབ་ཀྱི་ཡོད།

སྔོན་རྒན་རབས་ངག་རྒྱུན་དུ་སྤུ་ཧྲེང་ནས་བར་ག་བརྒྱུད་དེ་གངས་རིན་པོ་ཆེར་གནས་སྐོར་འགྲོ་བའི་སྐབས་དེར་མ་ཕམ་གཡུ་མཚོའི་འགྲམ་ཟངས་མདོག་དཔལ་རིའི་རི་གཤམ་དུ་གནས་སྐོར་བ་ཚོར་ལམ་བར་ནས་གསེར་ཁྱིའི་མགོ་ཙམ་ཞིག་རྙེད་པར་བཤད་སྲོལ་ཡང་ཡོད། འོན་ཀྱང་བོད་ཀྱི་མི་རིགས་ལ་ནང་ཆོས་ཀྱི་ཤན་ཞུགས་ཆེ་བའི་དབང་གིས་གལ་སྲིད་གསེར་ཁྱིའི་མགོ་ཙམ་རྙེད་པ་དེ་འཁྱེར་བ་ཡིན་ན་ཡུལ་དེའི་ས་བཅུད་ཉམས་ཏེ་མི་ཟོག་ཀུན་ལ་ནད་ཡམས་དང་། ཆར་ཆུ་དུས་སུ་མི་བབས། བཀྲ་ཤིས་པའི་རིགས་ཀྱིས་གནོད་པ་མི་ཡོང་བའི་ཆེད་གསེར་དེ་ས་འོག་སྦས་ཏེ་དེའི་ཐོག་མཆོད་རྟེན་ཆུང་ཆུང་ཞིག་བཞེངས་པའི་སྔར་རྒྱུན་བཞིན་བཤད་སྲོལ་ཡོད། “མིའི་བྱ་སྤྱོད་ལེགས་ཉེས་ཅི་བྱུང་ཐམས་ཅད་ཀུན་སློང་ལ་རག་ལས་ཡོད་” ཅེས་གསུངས་པ་ལྟར། བོད་མི་རིགས་ལ་ནང་པའི་ཆོས་ཀྱི་དགེ་བའི་ཀུན་སྤྱོད་དང་བསམ་བློའི་འདུ་ཤེས་འཁྱེར་ཕྱོགས་ལ་བརྟེན་ནས་ཕྱི་སྣོད་བཅུད་ལ་བརྩི་མཐོང་བྱེད་པའི་རྒྱུན་སྲོལ་གྱི་ལྟ་སྤྱོད་གོམས་གཤིས་བཟང་པོའི་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་མངོན་སུམ་གྱི་མཐོང་ཆོས་སུ་ཕན་ཐོགས་ཆེན་པོ་བྱུང་ཡོད། །

 

༢ ༽གནའ་སྔ་མོ་བོད་ཀྱི་ནགས་ཚལ་སྲུང་སྐྱོབ་དང་ཕན་ནུས།

 

ལྗོན་པ་འདེབས་སྐྱོང་ནགས་སྐྲུན་ཁོར་ཡུག་ལ། །
ལྗོན་པའི་སྔོ་ལྗང་འདབ་མའི་ས་གཞི་མཛེས། །
ལྗོན་པའི་རླུང་ཁམས་གཙང་མའི་གྲིབ་བསིལ་དང་། །
ལྗོན་པའི་བཅུད་ཀྱི་སྐྱེ་འགྲོའི་བདེ་སྐྱིད་འཚོ། །

བོད་ཁ་བ་གངས་ཅན་གྱི་ལྗོངས་འདི་རང་བྱུང་ས་བབ་དང་འབྱུང་ཁམས་གྲུབ་སྟངས་དབང་གིས་བོད་དུ་ནགས་ཚལ་གྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡོད་པ་དེ་ནི་སྐམ་སར་ཤིང་སྡོང་མང་པོ་སྐྱེས་ཡོད་པའི་གནས་ལ་ང་ཚོས་ནགས་ཚལ་ཟེར་ཞིང་ནམ་ཟླ་དུས་ཀྱི་གནམ་གཤིས་འགྱུར་ལྡོག་གི་གནས་སྟངས་ལྟར་སྟོན་ཀར་གནམ་གཤིས་ཇེ་འཁྱག་ཏུ་སོང་ན་སྡོང་པོའི་ལོ་མ་སར་ལྷུང་ཞིང་། དཔྱིད་ཀར་གནམ་གཤིས་ཇེ་དྲོར་སོང་ན་སྡོང་པོར་ལོ་མ་དང་ཡལ་ག་གསར་པ་བསྐྱར་དུ་གསོན་ཤུགས་རྒྱས་ཏེ་རི་ཀླུང་ཁ་དོག་སྔོ་ལྗང་དུ་བསྐྲུན་པའི་སྐྱེད་ཚལ་གྱི་ལྗོན་ཤིང་རྣམས་བོད་མི་ཚོས་རང་བྱུང་ཁོར་ཡུག་སྲུང་སྐྱོབ་ལ་ཁུར་མཉམ་ལེན་བྱས་པ་དང་། སྔ་དུས་བོད་མི་ཚོས་ཁོར་ཡུག་ཞབས་འདེགས་ཀྱི་གནད་དོན་ཐད་དོ་ཕོག་དང་ཉམས་ཆག་བཏང་རིགས་ཕལ་ཆེར་བྱུང་མེད་ཅིང་། བོད་ནང་བཟོ་ལས་འཛུགས་སྐྲུན་གྱི་བྱ་བ་དང་རྒྱུག་ཆུ་བཀག་བསྐྱིལ་གྱིས་ཆུ་མཛོད་བསྐྲུན་པ། བརླན་གཤེར་ས་སྐམ་བསྒྱུར་བཅོས་ཀྱི་ལས་དོན་གཉེར་བ་སོགས་བྱེད་ཀྱི་མེད་པས་ལོ་བརྒྱ་ཕྲག་གོང་གི་གདོད་མའི་ནགས་ཚལ་སྟུག་པོས་ཁེངས་ཡོད་པ་དང་། ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཀྱི་ཁོར་ཡུག་ཧ་ཅང་མང་པོ་ཞིག་ཡོད། རི་མཐོ་ཞིང་ས་གཙང་བ། ཆུ་དྭངས་ཤིང་བཅུད་ཆེ་བའི་བོད་ཀྱི་ཁོར་ཡུག་ནི་རང་བཞིན་ལྷད་མེད་ཀྱི་གནས་སྟངས་འོག་རྒྱུན་གནས་བྱུང་ཞིང་བོད་ཀྱི་ནགས་ཚལ་རྣམས་བཅད་རྒྱ་མེད་ནའང་ཉམས་སྐྱོན་མེད་པར་གནས་ཡོད། ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ནང་ཤིང་ཆའི་དགོས་མཁོ་ཇེ་ཆེ་དང་བེད་སྤྱོད་བྱ་ཡུལ་ཇེ་མང་དུ་འགྲོ་བཞིན་ཡོད་མོད། འོན་ཀྱང་ནགས་ཚལ་ལ་སྲུང་སྐྱོབ་བྱ་རྒྱུ་ནི་མདོ་དབུས་མཐོ་སྒང་དང་ཐ་ན་སའི་གོ་ལའི་སྐྱེ་ཁམས་ཁོར་ཡུག་དྭངས་གཙང་ཡོང་བར་ཕན་པ་རྒྱ་ཆེ་ཞིང་མི་ཟོག་སྐྱེ་དངོས་ཡོངས་ཀྱི་བདེ་སྐྱིད་ཀྱི་རེ་བ་ཉག་གཅིག་ཡིན། དེ་བཞིན་ྋགོང་ས་མཆོག་གི་བཀའ་སློབ་ལས། ཆོས་ཕྱོགས་ནས་བཤད་ན། “བདག་ཅག་སྟོན་པ་ཤཱཀྱའི་རྒྱལ་པོ་ཡང་ལྗོན་པའི་དྲུང་དུ་སྐུ་མྱ་ངན་ལས་འདས་པ་དང་། ལྷག་པར་དམ་ཆོས་འདུལ་བའི་ནང་དགེ་སློང་རྣམས་ལ་ལྗོན་ཤིང་ཇི་ལྟར་སྐྱོང་བའི་ཚུལ་གདམས་པ་སོགས་ནས་ལྗོན་ཤིང་འདེབས་སྐྱོང་ནི་དགེ་ལས་སུ་རྟོགས་ནུས། གཞན་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་ལྷ་དང་། ཡུལ་གྱི་ལྷ་ཀླུ་གཞི་བདག་དུ་མ་ཞིག་ལྗོན་པའི་སྡོང་པོར་གནས་གཞི་བྱེད་པ་དེས་ཀྱང་ལྗོན་ཤིང་གལ་ཆེའི་རང་བཞིན་རྟོགས་ནུས།” ཞེས་གསུངས་པ་དང་། སྐྱེ་དངོས་ཤིང་སྡོང་ནགས་ཚལ་གྱི་རིན་ཐང་དང་། ནགས་ཚལ་དང་སྐྱེ་དངོས་ཐམས་ཅད་བར་གྱི་འབྲེལ་བ། ཤིང་སྡོང་ནགས་ཚལ་གྱི་ཕན་ཡོན་གང་འདྲ་ཡིན་པ་སོགས་ཤེས་སུ་བཅུག་ནས་ནགས་ཚལ་ལ་སྲུང་སྐྱོབ་དང་ནགས་ཚལ་གྱི་ཐོན་ཁུངས་ལ་གཅེས་འཛིན་བྱ་བའི་བསམ་བློའི་འདུ་ཤེས་ནི་ཤིང་ལ་ལྷ་ཤིང་ཀླུ་ཤིང་ཞེས་བཀུར་ཞིང་དད་པ་དང་། ནང་ཆོས་དང་འབྲེལ་བའི་མི་རིགས་ཤིག་གི་ནང་པའི་ཆོས་ཀྱི་དགེ་བའི་ཀུན་སྤྱོད་དང་བག་ཆགས་བཟང་པོའི་ཞགས་རྩི་དང་མ་བྲལ་བར་གནས་པས། བོད་མི་རྣམས་ཀྱིས་ལྗོན་ཤིང་གཅོད་འབྲེག་སོགས་བྱས་ན་ཡུལ་ལྷ་ཁྲོས་པ་དང་། ས་བཅུད་ཉམས་རྒུད་ཕྱིན་ནས་མུ་གེ་དང་ཐན་སྐྱོན་ཡོང་དོགས་ལ་ཡིད་ཆེས་བྱེེད་ཀྱི་ཡོད། བོད་མཐོ་སྒང་གི་ཕྱི་སྣོད་བཀོད་པ་རང་བྱུང་ཁམས་ཆེན་མོར་གཅེས་སྤྲས་གནང་སྟངས་ནི་དམིགས་བསལ་ཞིག་ཡིན། ཤིང་གི་བསྟན་བཅོས་ལས། “དཔག་བསམ་ཤིང་ལ་བརྟེན་བྱས་ན། དགོས་འདོད་ཐམས་ཅད་ཆར་དུ་བསྙིལ།” ཞེས་པ་དང་། “ལྗོང་ཤིང་གིས་རླུང་ཁམས་གཙང་མ་བཟོ་བ་དང་། ལྷག་པར་གནམ་གཤིས་ཚ་གྲང་ཆ་སྙོམས་ཡོང་རྒྱུར་ཐད་ཀར་འབྲེལ་བ་ཡོད་པས། འབྱུང་ཁམས་ཆ་སྙོམས་ལ་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། དེར་བརྟེན་རང་བཞིན་འབྱུང་ཁམས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་མི་རེ་ཟུང་གི་ལས་འགན་མ་ཡིན་པར་དེ་ནི་འཛམ་གླིང་གི་མི་ཡོངས་ལ་འཁྲི་བའི་ལས་འགན་ཞིག་ཡིན།” ཞེས་གསུངས་པ་ལྟར། ལྗོན་ཤིང་ནགས་ཚལ་ཡོད་སར་སའི་ནང་གི་ཆུའི་བརླན་ཆ་འདུས་ཚད་ཧ་ཅང་མཐོ་བས་ཐན་པ་འགོག་པ་དང་། ཆར་བ་ཆེན་པོ་བབས་ནས་ཆུ་ལོག་རྒྱུགས་ཚད་ཇེ་ཉུང་དུ་འགྲོ་བའི་ཕན་ནུས་ཡོད་པ་དང་། རྩི་ཤིང་གི་རྩད་པའི་ས་རྒྱུ་རུལ་བ་འགོག་ཐུབ་པ་དང་། འདམ་ཆུ་དང་རླུང་ཆེན་འགོག་པའི་ནུས་པ་ཡོད་པས་ཆར་ཆུ་ཉུང་བའི་ས་ཁུལ་གྱི་ཐན་པ་འགོག་བཞིན། རྩི་ཤིང་གི་སྐྱེ་སྟོབས་དང་སྤུས་ཚད་གཉིས་ཀའི་ཐོག་གནམ་གཤིས་ཚ་དྲོད་ཀྱི་གནོད་སྐྱོན་ངན་པའི་རིགས་འགོག་སྲུང་གི་བྱ་བ་ཡང་སྒྲུབ་ཀྱི་ཡོད། དཔེར་ན་ཁྱིམ་ཚང་ཞིག་ཡིན་ནའང་རང་གི་ཁང་པའི་འགྲམ་ཡང་ན་རང་གི་སྒོ་རའི་ནང་ཀུ་ཤུའི་ཤིང་སྡོང་དང་ཚ་ལུ་མ་སྡོང་པོ་ཁ་ཤས་མཐོང་རྒྱུ་ཡོད་ན། དེས་ཁོར་ཡུག་མཛེས་པོ་མཐོང་བ་དང་། མཁའ་རླུང་གཙང་མ་ཞིག་ཀྱང་ཡོང་གི་ཡོད། ལོ་འདབ་རྒྱས་པའི་ལྗོན་ཤིང་གི་གྲིབ་བསིལ་དང་། དེ་བཞིན་འབྲས་བུ་ལས་བྱུང་བའི་ཞིམ་མངར་གྱི་རོ་བཅུད་ལྡན་པའི་ཤིང་ཏོག་ལ་ལོངས་སྤྱོད་བྱེད་ཐུབ་ཀྱི་ཡོད། རང་ཅག་བོད་མི་རིགས་ཀྱི་མེས་པོ་རྣམས་ཀྱིས་གནའ་སྔ་མོ་ནས་བཟུང་ནགས་ཚལ་སྲུང་སྐྱོབ་བྱེད་པའི་ཐད་ལ་རིན་ཐང་ལྡན་པའི་བསམ་བློའི་འཁྱེར་ཕྱོགས་དང་ཡུལ་སྲོལ་གོམས་གཤིས་བཟང་པོའི་ཐབས་ལམ་དུ་མ་ཞིག་བསྐྲུན་ཡོད།
དེ་བཞིན་ནགས་ཚལ་ནི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་སྣ་ཚོགས་ཀྱི་ཁྱིམ་གཞིས་ལྟ་བུ་ཡིན་པ་དང་། བདག་མེད་སྲོག་ཆགས་ཚོས་ཀྱང་ཞི་བདེ་བག་ཕེབས་ཀྱི་སྤྲོ་སྣང་སྟེར་བའི་ཁོར་ཡུག་དེར་སྲོག་ཆགས་སྣ་ཚོགས་བག་ཡངས་ངང་འཚོ་སྡོད་བྱེད་ཡུལ་ཞིག་ཏུ་གྱུར་ཡོད། གནམ་མཚོ་སྐམ་གསུམ་ལ་འཚོ་གནས་བྱེད་བཞིན་པ་སྲོག་ཆགས་དེ་དག་ནི་ལྷག་པར་དུ་ཡུལ་ལུང་གཞན་ལ་དཀོན་པའམ་གཏན་ནས་མེད་པའི་རྩ་ཆེའི་སྲོག་ཆགས་མང་པོ་ཞིག་བོད་མཐོ་སྒང་ཡུལ་དུ་འཚོ་འཕེལ་བྱེད་བཞིན་ཡོད། དཔེར་ན། བོད་ཡུལ་དུ་གདོད་མའི་སྲོག་ཆགས་ནི། འབྲོང་། རྐྱང་། དོམ་ཁྲ། ཁམས་སྤྲེའུ་སྤུ་སེར། གསའ། གཡི་དཀར། ཤྭ་བ་མཆི་དཀར། གཉན། གནའ་བ། རྒོ་བ། གླ་བ། གཙོད། གོང་མོ། ཁྲུང་ཁྲུང་སྐེ་ནག གངས་སྤྲེལ། བྱ་དང་བྱིའུ་ལ་སོགས་རྩ་ཆེའི་སྲོགས་ཆགས་རྣམས་བོད་ཡུལ་ནགས་ཚལ་སྟུག་པོའི་དང་རྩྭ་ཐང་ལ་བརྟེན་ནས་འཚོ་བཞིན་ཡོད། དེ་སྔ་བོད་དུ་སྐྱེ་འགྲོ་ཡོངས་ལ་ཕན་བདེའི་ལེགས་ཚོགས་གོང་འཕེལ་འབྱུང་ཐབས་བཅས་ཀྱི་ཆེད་སྡེ་དགོན་སོ་སོའི་ཁྱབ་ཁོངས་སུ་གཏོགས་པ་དུད་འགྲོ་ཆེ་ཕྲ་ཆུང་གསུམ་གྱི་སྲོག་ལ་འཚེ་བ་བྱེད་མི་འོས་པའི་ཆོས་ལུགས་ཀྱི་བསླབ་བྱ་དང་རི་རྒྱ་ཀླུང་རྒྱ་བསྡོམས་པའི་རྩ་ཚིག་བསྒྲགས་ཏེ་སྐྱབས་མེད་མགོན་མེད་ཀྱི་གཅན་གཟན་རི་དྭགས་དང་། བྱ་བྱིའུ་སོགས་ཉམ་ཆུང་སྲོག་ཆགས་སྐྱོབ་པའི་སྲོལ་རྒྱུན་བཟང་པོ་ཞིག་ཡོད་པ་དེ་དག་ཁྲིམས་གཞིའི་འགན་ལེན་དབང་གིས་བོད་ཡུལ་གྱི་སྲོག་ཆགས་རྣམས་ལ་གནོད་འཚེ་མ་ཕོག་པར་བག་ཡངས་ཅི་དགའ་ལ་འཚོ་བཞིན་ཡོད། སྲོག་ཆགས་རིགས་ལ་བརྩི་མཐོང་བྱེད་པའི་རྒྱུན་སྲོལ་གྱི་ལྟ་སྤྱོད་འདི་ཚོས་ཕྱིའི་རང་བྱུང་ཁོར་ཡུག་ལ་དོ་ཕོག་བྱུང་མེད་པར་སྲུང་སྐྱོབ་ཐུབ་པ་ནི་མིག་མཐོང་ལག་ཟིན་གྱི་ཕན་ཐོགས་ཆེན་པོ་བྱུང་ཡོད། ང་ཚོའི་ཕ་མེས་ཡང་མེས་ཚོས་རང་བྱུང་ཐོན་ཁུངས་བེད་སྤྱོད་བྱས་ཡོད་ཀྱང་། ཁོང་ཚོའི་འཚོ་བ་སྐྱེལ་སྟངས་དེ་སྟབས་བདེ་བོ་དང་། ཁོར་ཡུག་དང་མཐུན་པའི་འཚོ་བ་སྐྱེལ་སྟངས་ཡིན་པའི་ཆ་ནས་རང་བྱུང་ཁོར་ཡུག་ལ་དོ་ཕོག་ཐེབས་ཐུབ་ཀྱི་མེད། ནགས་ཚལ་ནི་འཇིག་རྟེན་སྟེང་སྐྱེ་འགྲོ་སེམས་ཅན་ཀུན་གྱི་ཚེ་སྲོག་འཛིན་པའི་སྨན་མཆོག་ལྟ་བུར་འགྱུར་བའི་ཁོར་ཡུག་མཛེས་པ་དང་། བདེ་ཐང་གསོ་བ། དགོས་མཁོ་སྐོང་བར་ཕན་ནུས་རྒྱ་ཆེན་པོ་འདོན་བཞིན་ཡོད། ཤིང་འཛུགས་ནགས་བསྐྲུན་གྱི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཀུན་སྤྱོད་དང་སྲོལ་རྒྱུན་གོམས་གཤིས་བཟང་པོས་གནང་ཕྱོགས་ལ་ཁོར་ཡུག་སྲུང་སྐྱོབ་དང་གཅེས་སྤྲས་ཚད་ལྡན་གནང་ཡོད། །

མཇུག་གཏམ།

ཁ་བས་བཀླུབས་པའི་ཤེལ་གྱི་ར་བའི་དབུས། །
དྭངས་གཙང་ཆུ་རླུང་མ་བཅོས་སྐྱེད་མོས་ཚལ། །
མཆོག་གསུམ་གཙུག་ཏུ་བཀུར་བའི་སྔ་སྲོལ་གྱིས། །
སྲིད་ལྗོངས་ཁོར་ཡུག་མིག་འབྲས་བཞིན་དུ་གཅེས། །

བོད་ནི་དུས་རབས་མང་པོའི་སྔོན་ནས་ཆོས་ཕྱོགས་ནས་བཤད་ན་ཕ་སྤྲེལ་རྒན་བྱང་ཆུབ་སེམས་དཔའ། མ་བྲག་སྲིན་མོ་གཉིས་ནས་མཆེད་པའི་མི་རྒྱུད་དེ་ཐོག་མ་བྱུང་བ་ནས་བཟུང་། འཛམ་གླིང་གོ་ལའི་སྤྱི་གཙུག་ཏུ་ཆགས་པའི་མཐོ་སྒང་བོད་ཅེས་གྲགས་པ་དང་། མཁའ་རླུངས་གཙང་མ། ས་ཆུ་གཙང་མ། བོད་གངས་ཅན་ལྗོངས་སུ་འཚོ་སྡོད་བྱེད་མཁན་མི་རིགས་ཤིག་ཡིན། སྐལ་པ་སྔ་རོལ་དུ་བོད་ནང་རང་བྱུང་ཁོར་ཡུག་གི་གནས་སྟངས་ནི་ལོ་རྒྱུས་ཀྱི་ཤུགས་རྐྱེན་དང་བོད་མིའི་འདུ་ཤེས་འཁྱེར་སྟངས་ཡུལ་སྲོལ་གོམས་གཤིས་དབང་གིས་བོད་ཀྱི་ཁོར་ཡུག་གི་གནས་བབ་ཤིན་ཏུ་ལེགས་པ་ཡོད། བོད་མཐོ་སྒང་གི་འཁྱགས་རོམ་དང་ཁ་བས་གཏུམས་པའི་རི་བོ། གཏན་ཆགས་འཁྱགས་པས་དགུན་དུས་སུ་བརླན་གཤེར་རྣམས་འཁྱགས་པའི་ངོ་བོར་ཉར་སྲུང་བྱེད་པ་དང་། དཔྱིད་དུས་སུ་ཆུའི་ངོ་བོར་བཞུར་བར་བྱས་ཏེ་གཤིན་ས་བསྐྲུན་པ་དང་ལོ་ཏོག་འདེབས་ལས་ལ་ཕན་ནུས་ཆེན་པོ་བྱེད་ཀྱི་ཡོད། བོད་དུ་མཚོ་དང་མཚེའུ་སྟོང་ཕྲག་མང་པོ་ཆགས་ཡོད་པ་དང་། ནགས་ཚལ་ཐོན་ཁུངས་འཛོམས་ཤིང་། རྒྱུག་ཆུ་གྲངས་ལས་འདས་པ་ཡོད་ཀྱང་། བོད་མི་ཚོས་མཚོ་ཆུ་གཞན་ལ་དབོར་འདྲེན་དང་། ནགས་ཚལ་གཅོད་འབྲེག རྒྱུག་ཆུ་བཀག་བསྐྱིལ་བྱས་ནས་ཆུ་རགས་རྒྱག་པ་སོགས་ཁོར་ཡུག་ལ་གནོད་པའི་ལས་རིགས་རྣམས་ཀྱང་ནམ་ཡང་བྱས་མྱོང་མེད། དེ་བཞིན་བོད་ཀྱི་ས་ཁུལ་དེ་དག་ནས་འབབ་པའི་རྒྱུག་ཆུ་རྣམས་རྒྱ་ནག་དང་རྒྱ་གར། བལ་ཡུལ། པ་ཀི་སི་ཐན། ཨཕགྷ་ནི་སི་ཏན། བྷང་ལ་ཌེ་ཤི། ལྦེཏ་ནམ་སོགས་སུ་རྒྱུག་བཞིན་པའི་བོད་ཡུལ་གྱི་གཙང་པོ་ཆེ་ཁག་གི་ཆུ་མགོ་བོད་ཀྱི་འཁྱག་རོམ་དེ་དག་ལ་ཐུག་ཡོད། དེར་བརྟེན་མི་འབོར་ཐེར་འབུམ་གཅིག་ལྷག་ཙམ་གྱི་འཚོ་རྟེན་ལ་འབྲེལ་བ་ཧ་ཅང་ཆེན་པོ་ཆགས་ཡོད་པ་མ་ཟད། རྒྱུ་མཚན་དེ་དག་ལ་བརྟེན་ནས་བོད་ཀྱི་ཁོར་ཡུག་མི་ཉམས་སྲུང་སྐྱོབ་ཆེད་མིའི་བྱ་སྤྱོད་དང་གནམ་གཤིས་ཚ་དྲོད་ཀྱི་སྟངས་འཛིན་འོག་གནས་ཡོད། འདི་ནི་བོད་མི་རིགས་གཅིག་པུའི་ཁེ་ཕན་མིན་ལ་ཨེ་ཤི་ཡའི་ས་ཁུལ་གྱི་མི་འབོར་ཧ་ཅང་མང་པོ་ཞིག་དང་འབྲེལ་བ་ཡོད་སྟབས་ཧ་ཅང་གལ་ཆེན་ཆགས་ཡོད། ང་ཚོ་བོད་མི་རིགས་ཀྱི་ངོས་ནས་རང་བྱུང་ཁོར་ཡུག་གཅེས་སྤྲས་ཚད་ལྡན་གནང་བར་བརྟེན་དེ་སྔ་ང་ཚོས་ཨེ་ཤི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཁག་ལ་ཁོར་ཡུག་ཐད་ཞབས་འདེགས་གང་ལེགས་གྲུབ་པར་བྱུང་ཡོད།། །།

 

བརྒྱུད་སྐུལ།

མཆན་སྤེལ།