ཏུན་ཧོང་ཡིག་རྙིང་དུ་གསལ་བའི་བཙན་པོ་ཨ་ཙ་ར་ཞེས་པ་སུ་ཡིན་ནམ།

ཏུན་ཧོང་ཡིག་རྙིང་དུ་གསལ་བའི་བཙན་པོ་ཨ་ཙ་ར་ཞེས་པ་སུ་ཡིན་ནམ།
ཏུན་ཧོང་ནས་ཐོན་པའི་བཙན་པོའི་དུས་ཀྱི་ཡིག་རྙིང་འདི་དག་ནི་བོད་ཀྱི་གནའ་བོའི་སྤྱི་ཚོགས་བལྟ་བའི་རྒྱངས་ཤེལ་ལྟ་བུ་ཡིན་ལ། དེ་དག་ལ་ཞིབ་དཔྱད་བྱ་དགོས་ས་ནི་ཤིན་ཏུ་མང་བ་ལས། བོད་ཀྱི་བཙན་པོའི་ལོ་རྒྱུས་དང་འབྲེལ་ཡོད་བཙན་པོ་ཨ་ཙ་ར་ཞེས་པ་འདི་ཉིད་བཙན་པོ་གང་ལ་ངོས་འཛིན་དགོས་པའི་ཐད་ལ་ཞིབ་འཇུག་བྱ་མཁན་ཅི་རིགས་བྱུང་ཡོད་སྲིད་ཀྱང་། འདིར་རང་གི་གང་ཤེས་གླེང་བར་འདོད་དོ།།
བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་དཔེ་བསྐྲུན་གནང་བའི་ཧྥ་རན་སིར་ཉར་བའི་ཏུན་ཧོང་ཤོག་དྲིལ་ཡིག་རྙིང་གི་བཤུས་ཡིག་ཕྱོགས་བསྒྲིགས་ཞེས་པའི་དེབ་བརྒྱད་པའི་ཤོག་ངོས་ ༥༥༦ ལས། བོད་འཕྲུལ་གྀ་རྒྱལ་པོ་དམྱྀག་གསུམ་པ་དང་། །སྲོང་བརྩན་སྒམ་པོ་དང་། །བཙན་པོ་ཁྲི་སྲོུམ་ལྡེམ་བརྩན་དང་། །བཙན་པོ་ཁྲི་གཙུག་ལྡེ་བརྩན། །བཙན་པོ་རལ་པ་ཅན་དང་། དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པོའི་ཆོས་སྤྱོད་པ། བཙན་པོ་ཁྲིས་ཀྱི་ལིང་དང་། སྲས་ཆེ་བ་བྱིན་མགོན་དང་། །བཀྲ་ཤིས་མགོན་དང་། །ལེག་གཙུག་མགོན་དང་། །བཙན་པོ་བཀྲ་ཤིས་རྩགས་པ་དཔལ་དང་། །དཔལ་ལྡེ་དང་། །འོ་ལྡེ་དང་། །ཁྲི་ལྡེ་དང་། །བཙན་པོ་བཀྲ་ཤིས་མགོན་པོ་དང་། ཙན་པོ་ཨ་ཙ་ར་དང་། འཁྲི་ལྡེ་མགོན་དང་། །ལྷ་ཅིག་ཅག་ཤེ་དང་། །དེ་དག་ཐམས་ཅད་ཀྱང་ཐེག་པ་ཆེན་པའི་དབང་ཐོབ་པ་ཡིན་ནོ། །ཞེས་པའི་ནང་གསལ་བ་འདི་ཡིན།

 

འདི་ལ་དཔྱད་པའི་ཡི་གེ་ཅི་རིགས་ཡོད་སྲིད་ནའང་ཁོ་བོས་མཇལ་བ་ནི་བོད་རིག་པའི་མཁས་དབང་ཆེན་པོ་མཁར་རྨེལ་གྱི་གསུང་ཡིན་ལ། ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་ནས་བསྐྲུན་པའི་མདའ་དང་འཕང་གི་དེབ་སྟོད་ཆའི་ངོས་ ༢༧ ལས།
སངས་རྒྱས་ཆོས་ལུགས་མི་སྣས་ལྷ་བླ་མ་ཡེ་ཤེས་འོད་སྔོན་བྱོན་བཙན་པོ་དག་དང་ཆ་འདྲ་བས་བྱང་ཆུབ་སེམས་དཔའ་ཡིན་ཞེས་བསྟོད་བསྔགས་དོན་ལ་གནས་པ་ཡང་བྱས།
ཏུན་ཧོང་ཡིག་རྙིང་དུ་བོད་ཀྱི་རྒྱལ་པོའི་གྲས་སུ་བཙན་པོ་ཨ་ཙ་ར་ཞེས་པ་ཞིག་བགྲངས་འདུག་པ་ཡང་རྒྱལ་པོ་འདི་ཡིན་པར་སེམས། གང་ཡིན་ཟེར་ན། ཁོང་གི་མིང་རྒྱས་པ་བོད་ཀྱི་བཙན་པོ་སློབ་དཔོན་བྱང་ཆུབ་སེམས་དཔའ་ཡེ་ཤེས་འོད་ཅེས་འབྱུང་། ཞེས་འགྲེལ་བཤད་གནང་ཡོད་ལ། ཨ་ཙ་ར་ནི་ལེགས་སྦྱར་སྐད་ཡིན་ལ། བོད་སྐད་དུ་སློབ་དཔོན་ཞེས་པའི་དོན་དུ་འཇུག་པ་དང་། ལྷ་བླ་མ་ཡེ་ཤེས་འོད་ཀྱི་མཚན་བསྟོད་དུ་སློབ་དཔོན་ཞེས་འབྱུང་བས་ན་དེ་ལ་དགོངས་པར་མངོན་ཡོད།
ཡིན་ནའང་ལྷ་བླ་མའི་ལོ་རྒྱུས་གང་ན་ཡང་ཁོང་ལ་བཙན་པོ་ཨ་ཙ་ར་ཞེས་གསོལ་བ་ཅིག་འཁོད་པ་མཇལ་ལམ་དུ་མ་གྱུར་བས། དེ་ལྟར་ཡིན་མིན་བསྐྱར་ཞིབ་མ་བྱས་ན་བཙན་པོའི་མིང་དེ་དག་གི་ནང་བཙན་པོ་འོད་སྲུང་གི་མི་བརྒྱུད་ཀྱི་མཚན་སྒྲ་དང་ཉེ་བ་འགའ་ཡོད་ནའང་དེ་དག་མ་བསྡུར་ན་ཕྱོགས་འདྲ་ཡིས་ཆ་ཚང་མཚོན་མི་ཐུབ་པ་ཡིན་པས། གང་ཡིན་ནམ་ལོ་རྒྱུས་ཡིག་ཚངས་ཁག་ལ་ཉུལ་ན་དྲི་ལན་རྙེད་སྲིད་པ་ཡིན་པས། གཡས་རུ་སྟག་ཚང་བའི་རྒྱ་བོད་ཡིག་ཚངས་ནང་དུ་བཙན་པོ་ཨ་ཙ་ར་ནི་བཙན་པོ་ཁྲི་ཡུམ་བརྟན་གྱི་བརྒྱུད་པ་ལས། ཡུལ་དབུས་སུ་བྱུང་བ་ཅིག་ཡིན་པར་ལན་གསལ་པོར་འཁོད་འདུག་གོ།
དཔལ་བརྩེགས་དཔེ་རྙིང་ཁང་གིས་བསྒྲིགས་ཤིང་མེས་པོའི་ཤུལ་བཞག་༢༨ པ་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་བསྐྲུན་པའི་དེབ་ངོས་༡༢༦ལས། རྒྱལ་པོ་གླང་དར་མའི་སྲས་གཉིས་ལ་གདུང་རྒྱུད་ཇི་ལྟར་བྱུང་ན། གཅེན་ཡུམ་བརྟན་དང་པ་ཚབ་བཀྲ་ཤིས་ཚོའི་སྲས། ཁྲི་ལྡེ་མགོན་སྙན། དེའི་སྲས་ཁྲི་ལྡེ་རིག་པ་མགོན་དང་། ཉི་མ་མགོན་དང་། གཅུང་དེའི་སྲས་ལ། མཉམ་འོད་དཔལ་འགོན་དེའི་རྒྱུད།་་་་་གཅེན་པོའི་སྲས་ཁྲི་སྡེ་སོ་དང་། རྡོ་རྗེ་འབར། ་་་་རྡོ་རྗེ་འབར་བའི་སྲས་ཁྲི་དབང་ཕྱུག་བཙན། དེའི་སྲས་ཚ་ལ་ན་ཡེ་ཤེས་རྒྱལ་མཚན། དེའི་སྲས་མངའ་བདག་ཁྲི་པ་ཡབ་སྲས། ་་་ཁྲི་པའི་སྲས་ཨ་ཙ་ར་དང་། དགེ་སློང་བླ་མ། བོ་དྷི་ར་ཛ་རྣམས་སོ། །ཨ་རྩ་རའི་རྒྱུད་འཕྲོང་པོ་བ། ཅང་རྒྱབ་པ། བླགས་བ་ལམ་པ། གྲིབས། སྙེས་ཐང་བ། ཁུམ་པ་རྩད་པ་ལ་སོགས་པའོ།།ཞེས་གསལ་པོར་འཁོད་འདུག་པས། བཙན་པོ་ཨ་ཙ་ར་ནི་འདི་ཀ་ཡིན་པ་ཐེ་ཚོམ་གང་ཡང་མི་འདུག་གོ།
ཡིག་རྙིང་འདི་ཡིས་བོད་སིལ་བུའི་སྐབས་ཀྱི་བཙན་པོའི་གདུང་རབས་ཀྱི་ལོ་རྒྱུས་གསལ་བཤད་བྱས་ཏེ། ཡུམ་བརྟན་བཙན་པོའི་གདུང་དངོས་མིན་པའི་བཤད་སྲོལ་དེ་ཉིད་མ་དག་རྒྱུན་འབྱམས་ཡིན་པ་གསལ་བཤད་བྱས་པ་མ་ཟད། སིལ་བུའི་དུས་སུ་ཐེག་པ་ཆེན་པོའི་ཆོས་མ་ཉམ་པར་གནས་པ་འང་བསྟན་ཡོད་ལ། དེ་བས་ཀྱང་གལ་ཆེ་བ་ནི་ཏུན་ཧོང་ཡིག་རྙིང་ནང་དུ་སིལ་བུའི་དུས་སྐབས་སུ་བྲིས་པ་ཅི་རིགས་པ་ཡོད་པའང་དབུས་ཀྱི་བཙན་པོ་ཨ་ཙ་རའི་མཚན་འཁོད་པའི་ཡིག་རྙིང་ཡོད་པས་མཚོན་ཐུབ་པ་འདི་ཡིན།
བཙན་པོ་འདི་ནི་ཇོ་བོ་རྗེ་དང་དུས་མཉམ་ཡིན་པ་ཤེས་དགོས། རྒྱུ་མཚན་ཇོ་བོ་རྗེ་བསམ་ཡས་སུ་ཕེབས་དུས་ལྷ་བཙུན་བོ་དྷི་ར་ཛས་སྣེ་ལེན་ཞུས་པ་ནི་རྣམ་ཐར་ཀུན་ལ་ཡོངས་གྲགས་ཡིན་ལ། བོ་དྷི་ར་ཛ་ནི་བཙན་པོ་ཨ་ཙ་རའི་གཅུང་པོ་དངོས་ཡིན་པའི་ཕྱིར། དེས་ན་བཙན་པོ་ཨ་ཙ་རའི་ལོ་རྒྱུས་ཆ་ཚང་ཤེས་རྟོགས་བྱ་བ་ལ་ཆ་རྐྱེན་མ་འཛོམས་ན་ཡང་། རང་ཉིད་དཔེ་ཀློག་བྱས་པའི་འབྲས་བུ་དག་གཞན་ལ་མཉམ་རོལ་བྱ་བར་འོས་པ་ཡིན་ན། འདིར་ལོ་རྒྱུས་ལ་དགའ་ཞེན་ཡོད་པའི་སར་བུ་དག་ལ་ཕན་ཕྱིར་གང་ཤེས་ཟིན་བྲིས་སུ་བཏབ་ཏེ་སྤེལ་བ་ལགསོ།། །།

 

ཡོང་ཁུངས། འབྲི་གུང་ཚང་།

བརྒྱུད་སྐུལ།

མཆན་སྤེལ།