མཁས་གྲུབ་སྨྲ་བའི་ཁྱུ་མཆོག་དགེ་འདུན་བསྟན་དར་བ་ཆེན་པོའི་གསུང་དྲང་ངེས་རྣམ་འབྱེ{དགེ་འབྱུང་གནས།
:རྒླལ་སྐྱོང་ཆོས་འཁོར་གླིང་། རྩོམ་པ་པོ།: དུས་ཚོད།:2009-09-01
༄༅། །མཁས་གྲུབ་སྨྲ་བའི་ཁྱུ་མཆོག་དགེ་འདུན་བསྟན་དར་བ་ཆེན་པོའི་གསུང་དྲང་ངེས་རྣམ་འབྱེ{དགེ་འདུན་ཉི་ཤུའི་སྤྱི་དོན་ལེགས་པར་བཤད་པའི་སྙིང་པོ་པད་མ་དཀར་པོའི་འཕྲེང་བ་ཞེས་བྱ་བ་བཞུགས་སོ། །
།དབང་པོ་རྟུལ་དང་རྣོན་པོ་དག །ཅེས་སོགས་ཀྱི་སྐབས་སུ། མཐའ་དཔྱད་པ་ལ། མཚོན་བྱེད་དཔེའི་དགེ་འདུན་བཤད་པ་དང༌། མཚོན་བྱ་དོན་གྱི་དགེ་འདུན་བཤད་པ་གཉིས། དང་པོ་ལ། འབྲས་བུའི་རྣམ་གཞག་དང༌། གང་ཟག་གི་རྣམ་གཞག་གཉིས། དང་པོ་ལ། དགེ་སྦྱོང་གི་ཚུལ་བཤད་པ། དེའི་འབྲས་བུ་བཤད་པ། དེ་དག་ས་གང་ལ་བརྟེན་ནས་ཐོབ་པ་སོགས་བཤད་པ་དང་གསུམ། དང་པོ་ལ། ཉན་ཐོས་ཀྱི་ཟག་མེད་བར་ཆད་མེད་ལམ་རྣམས་དགེ་སྦྱོང་གི་ཚུལ་ཡིན་ལ། གཉིས་པ་འབྲས་བུ་ནི། རང་འཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་དགེ་སྦྱོང་ཚུལ་གྱི་སྟོབས་ཀྱིས་ཐོབ་པའི་ཉན་ཐོས་ཀྱི་རྣམ་བྱང་བདེན་པ། ཉན་ཐོས་ཀྱི་དགེ་སྦྱོང་ཚུལ་གྱི་འབྲས་བུའི་མཚན་ཉིད། དེ་ལ་ཆེ་ལོང་རགས་པའི་སྒོ་ནས་དབྱེ་ན། རྒྱུན་ཞུགས་ཀྱི་འབྲས་བུ་སོགས་བཞི་ཡོད། ཞིབ་མོ་རྣམ་དག་གི་སྒོ་ནས་དབྱེ་ན། དེར་གྱུར་པའི་ཁམས་གོང་འོག་གི་མཐོང་སྤངས་ཉོན་མོངས་བརྒྱད། ཁམས་གསུམ་ས་དགུའི་སྒོམ་སྤངས་ཉོན་མོངས་གྱ་གཅིག་སྤངས་པའི་འདུས་བྱས་རྣམ་གྲོལ་ལམ་གྱ་དགུ༌།འདུས་མ་བྱས་འགོག་བདེན་གྱ་དགུ་དང་བཅས་པ་ཡོད་དེ། མཛོད་ལས་དགེ་སྦྱོང་ཚུལ་ནི་དྲི་མེད་ལམ། །འབྲས་བུ་འདུས་བྱས་འདུས་མ་བྱས། །གྲོལ་ལམ་ཟད་པ་རྣམས་དང་བཅས། །དེ་དག་བརྒྱད་ཅུ་རྩ་དགུའོ། །ཞེས་གསུངས་པའི་ཕྱིར། མདོ་ལས། དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་བཞིར་འཇོག་པའི་རྒྱུ་མཚན་ཡོད་དེ། ཐར་པ་ཐོབ་པའི་གེགས་ཀྱི་གཙོ་བོ་ལ་མཐོང་སྤངས་ཀུན་སྦྱོར་གསུམ། ཐ་མའི་ཆ་མཐུན་ལྔ། གོང་མའི་ཆ་མཐུན་ལྔ་དང་བཅས་པ་ཡོད་པ་ལས། དང་པོ་གསུམ་པོ་སྤངས་པའི་ཆ་ནས་རྒྱུན་ཞུགས་ཀྱི་འབྲས་བུ་བཞག །བར་པ་ལྔ་པོ་ཕལ་ཆེར་སྤངས་པའི་ཆ་ནས་ཕྱིར་འོང་གི་འབྲས་བུ་བཞག །མ་ལུས་པ་ལ་ཆགས་བྲལ་བྱས་པའི་ཆ་ནས་ཕྱིར་མི་འོང་གི་འབྲས་བུ་བཞག །གོང་མའི་ཆ་མཐུན་ལྔ་སྤངས་པའི་ཆ་ནས་དགྲ་བཅོམ་གྱི་འབྲས་བུ་བཞག་པའི་ཕྱིར། འོ་ན་བར་པ་ལྔ་པོ་དེ་སྤངས་པའི་སྐབས་ལ་འབྲས་བུ་གསར་ཐོབ་གཉིས་བཞག །དང་མཐའ་གཉིས་ལ་འབྲས་བུ་གསར་ཐོབ་གཉིས་གཉིས་མི་འཇོག་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། ཐ་མའི་ཆ་མཐུན་ལྔ་པོ་དེ་ཉེས་དམིགས་ཤིན་ཏུ་ཆེ་བས་དེ་སྤོང་བའི་སྐབས་ལ་འབྲས་བུ་གསར་ཐོབ་གཉིས་བཞག་པ་ན་སྤྲོ་བ་སྐྱེས་ནས་ལྔ་པོ་དེ་
སྤོང་བ་ལ་ཤིན་ཏུ་གུས་པར་འགྱུར་བའི་དགོས་པ་ཡོད་པའི་ཕྱིར། བཞི་པོ་དེ་དགེ་སྦྱོང་ཚུལ་གྱི་འབྲས་བུར་འཇོག་པའི་རྒྱུ་མཚན་དེ་ལ་ཡང་རྣམ་པ་ལྔ་ཡོད་དེ། ཞུགས་ལམ་སྔོན་དུ་བཏང་བ་དང༌། དེ་ལས་གཞན་འབྲས་གནས་ཀྱི་ལམ་ཐོབ་པ་དང༌། མཐོང་སྤངས་སྤངས་པའི་ཟད་པ་
སྡོམ་པ་ཉེར་གཅིག་རྙེད་པ་དང༌། ཤེས་པ་བརྒྱད་ཚང་བར་ཐོབ་པ་དང༌། མི་རྟག་སོགས་བཅུ་དྲུག་རྟོགས་པ་སྔོན་དུ་སོང་བ་དང་བཅས་པའི་རྣམ་པ་ལྔ་ཡོད་པའི་ཕྱིར། མཛོད་ལས། འབྲས་ལ་སྔོན་ལམ་བཏང་བ་དང༌། །གཞན་ཐོབ་པ་དང་ཟད་སྡོམ་དང༌། །ཤེས་པ་བརྒྱད་ཚན་ཐོབ་པ་དང༌།།
རྣམ་པ་བཅུ་དྲུག་རྟོགས་པའོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ས་གང་ལ་བརྟེན་ནས་ཐོབ་པ་སོགས་བཤད་པ་ལ། བཞི་པོ་དེ་བསམ་གཏན་ས་དྲུག་གང་རུང་ལ་བརྟེན་ནས་ཐོབ་པ་ཡིན་གྱི། འདོད་སེམས་དང༌། གཟུགས་མེད་ཀྱི་སེམས་ལ་བརྟེན་ནས་མི་ཐོབ་སྟེ། འདོད་སེམས་
ཤིན་ཏུ་རགས། གཟུགས་མེད་ཀྱི་སྙོམས་འཇུག་རྣམས་ཞི་གནས་ཤས་ཆེ་བས་ཉན་ཐོས་རྣམས་ཀྱིས་དེ་དག་ལ་ལམ་ཟག་མེད་བརྟེན་མི་ནུས། བསམ་གཏན་ས་དྲུག་ཅི་རིགས་ལ་བརྟེན་ནས་ཐོབ་པ་ཡིན་ཏེ། འབྲས་བུ་དང་པོ་གཉིས། རིམ་བརྒྱུད་པའི་ཕྱིར་མི་འོང་གི་འབྲས་བུ། སྤང་བྱ་
ཅིག་ཅར་བའི་དགྲ་བཅོམ་གྱི་འབྲས་བུ་དང་བཅས་པ་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་ནས་ཐོབ། ཆགས་བྲལ་མངོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་དང༌། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་གྱི་འབྲས་བུ་དང་གཉིས་ནི་བསམ་གཏན་གྱི་དངོས་གཞི་ཅི་
རིགས་ལ་བརྟེན་ནས་ཐོབ་པ་ཡིན་པའི་ཕྱིར། དང་པོ་དེ་ལྟར་ཡིན་ཏེ། འབྲས་བུ་རིམ་བརྒྱུད་པའི་ཕྱིར་མི་འོང་གི་འབྲས་བུ་ཐོབ་ཁ་མའི་ཞུགས་པ་ལ་ཕྱིར་འོང་གིས་ཁྱབ། ཅིག་ཅར་བའི་དགྲ་བཅོམ་གྱི་འབྲས་བུ་ཐོབ་ཁ་མའི་ཞུགས་པ་ལ་རྒྱུན་ཞུགས་ཀྱིས་ཁྱབ། རྒྱུན་ཞུགས་དང་ཕྱིར་
འོང་གང་རུང་ལ་བསམ་གཏན་གྱི་དངོས་གཞི་མ་ཐོབ་པས་ཁྱབ་པའི་ཕྱིར་དང༌། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་ཐོབ་ཁ་མའི་ཞུགས་པ་དང༌། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་གྱི་འབྲས་བུ་ཐོབ་ཁ་མའི་ཞུགས་པ་ཡིན་ན་བསམ་གཏན་གྱི་དངོས་གཞི་ཐོབ་ལ་མ་ཉམས་པ་ཡིན་དགོས་པའི་ཕྱིར། འབྲས་བུ་
བཞི་པོ་དེ་མཐོང་སྒོམ་གྱི་ལམ་གང་ལ་བརྟེན་ནས་ཐོབ་པའི་ཁྱད་པར་ཡོད་དེ། རྒྱུན་ཞུགས་ཀྱི་འབྲས་བུ། ཆགས་བྲལ་སྔོན་སོང་གི་འབྲས་བུ་གཉིས་དང་བཅས་པ་ནི་མཐོང་ལམ་ཁོ་ན་ལ་བརྟེན་ནས་ཐོབ། བར་པ་གཉིས་ཀྱི་རིམ་བརྒྱུད་པའི་འབྲས་བུ་དང་དགྲ་བཅོམ་གྱི་འབྲས་བུ་རྣམས་སྒོམ་ལམ་ཁོ་ན་ལ་བརྟེན་ནས་ཐོབ་པ་ཡིན་
པའི་ཕྱིར། དང་པོ་དེ་ལྟར་ཡིན་ཏེ། འབྲས་བུ་དེ་གསུམ་གང་རུང་ཐོབ་ཁ་མའི་ལམ་ཡིན་ན། ཉན་ཐོས་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཡིན་དགོས་པའི་ཕྱིར། གཉིས་པ་དེར་ཐལ། འབྲས་བུ་གསུམ་པོ་དེ་གང་རུང་ཐོབ་ཁ་མའི་ལམ་ཡིན་ན་སྒོམ་ལམ་ཡིན་དགོས་པའི་ཕྱིར། རྟགས་རྣམས་རིམ་བཞིན་དུ་འབུད། །འཇིག་རྟེན་
ཞི་རགས་ཀྱི་རྣམ་པ་ཅན་དང༌། ཟག་མེད་བདེན་པའི་རྣམ་པ་ཅན་གྱི་ལམ་གང་ལ་བརྟེན་ནས་ཐོབ་ཚུལ་ཡོད་དེ། རྒྱུན་ཞུགས་ཀྱི་འབྲས་བུ། ཆགས་བྲལ་སྔོན་སོང་གི་འབྲས་བུ་གཉིས། དགྲ་བཅོམ་གྱི་འབྲས་བུ་དང་བཅས་པ་རྣམས་ནི་ཟག་མེད་བདེན་པའི་རྣམ་པ་ཅན་གྱི་ལམ་ལ་བརྟེན་ནས་ཐོབ། བར་པ་གཉིས་ཀྱི་རིམ་
བརྒྱུད་པའི་འབྲས་བུ་ནི་འཇིག་རྟེན་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་དང་ཟག་མེད་བདེན་པའི་རྣམ་པ་ཅན་གྱི་ལམ་ཅི་རིགས་ལ་བརྟེན་ནས་ཐོབ་པའི་ཕྱིར། དང་པོ་དེ་ལྟར་ཡིན་ཏེ། དང་པོ་གསུམ་པོ་དེ་གང་རུང་ཐོབ་ཁ་མའི་ལམ་ཡིན་ན། མཐོང་ལམ་བར་ཆད་མེད་ལམ་ཡིན་པས་ཁྱབ། ཕྱི་མ་ཐོབ་ཁ་མའི་ལམ་ཡིན་ན།
ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཡིན་དགོས་པའི་ཕྱིར། རྟགས་རྣམས་རིམ་པ་བཞིན་འབུད། རྩ་རྟགས་གཉིས་པ་དེར་ཐལ། བར་པ་གཉིས་ཀྱི་ཞུགས་པ་དེ་གཉིས་སྔོན་འཇིག་རྟེན་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་ལ་གོམས་པ་ཤས་ཆེ་བ་ཡིན་ན། དེ་ལ་བརྟེན་ནས་འབྲས་བུ་གཉིས་མངོན་དུ་བྱེད།
བདག་མེད་པའི་རྣམ་པ་ཅན་གྱི་ལྷག་མཐོང་ལ་གོམས་པ་ཤས་ཆེ་བ་ཞིག་ཡིན་ན། ཟག་མེད་བདེན་པའི་རྣམ་པ་ཅན་གྱི་ལམ་ལ་བརྟེན་ནས་འབྲས་བུ་དེ་གཉིས་སྔོན་དུ་བྱེད་པའི་ཕྱིར། ཞུགས་པ་དེ་གཉིས་ཀྱི་རྒྱུད་ཀྱི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་དེ་འཇིག་རྟེན་པའི་ལམ་དང༌། དམིགས་རྣམ་མཐུན་པ་ཙམ་ལ་དགོངས་
།ནས་འཇིག་རྟེན་པའི་ལམ་ལ་བརྟེན་ནས་ཐོབ་ཅེས་པའི་ཐ་སྙད་མཛད་ཀྱི། འཐོབ་བྱེད་ཀྱི་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་དེ་འཇིག་རྟེན་པའི་ལམ་མ་ཡིན་ཏེ། འདས་ལམ་ཡིན་པའི་ཕྱིར། དེར་ཐལ། འཕགས་རྒྱུད་ཀྱི་མཁྱེན་པ་ཡིན་པའི་ཕྱིར། འབྲས་བུ་བཞི་པོ་དེ་ཁམས་གང་ལ་བརྟེན་
ནས་ཐོབ་པའི་ཁྱད་པར་ཡོད་དེ། འབྲས་བུ་དང་པོ་གསུམ་པོ་དེ་འདོད་ཁམས་ཁོ་ནར་ཐོབ། བཞི་པ་ཁམས་གསུམ་གར་ཐོབ་པ་ཡིན་པའི་ཕྱིར། དང་པོ་དེ་ལྟར་ཡིན་ཏེ། འབྲས་གནས་དང་པོ་གཉིས་པོ་གང་རུང་ལ་འདོད་རྟེན་པས་ཁྱབ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་འབྲས་བུ་གསར་ཐོབ་ཀྱི་ལུས་རྟེན་དང༌། ཉན་
ཐོས་ཀྱི་མཐོང་ལམ་གསར་དུ་ཐོབ་པའི་ལུས་རྟེན་གཉིས་མཚུངས་པའི་ཕྱིར། རྩ་རྟགས་གཉིས་པ་དེར་ཐལ། སྤང་བྱ་ཅིག་ཅར་བའི་དགྲ་བཅོམ་གྱི་འབྲས་བུ་འདོད་ཁམས་སུ་ཐོབ། གཟུགས་ཉེར་འགྲོའི་ཕྱིར་མི་འོང་གི་འདའ་བ་བཞི་པོ་ལྟ་བུ་ནི་གཟུགས་ཁམས་སུ་ཐོབ། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གི་
གཟུགས་མེད་ཁམས་སུ་མྱང་འདས་མངོན་དུ་བྱེད་བའི་ཕྱིར། མཛོད་ལས། འདོད་པར་གསུམ་ཐོབ་ཐ་མ་ནི། །གསུམ་དུའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གང་ཟག་གི་རྣམ་གཞག་ལ་དགེ་འདུན་གྱི་བརྡ་སྦྱོར་ཚུལ་དང༌། སོ་སོའི་རྣམ་གཞག་བཤད་པ་གཉིས། དང་པོ་ལ། མཚོན་བྱེད་དཔེའི་དགེ་འདུན་ལ་
སྐྱེས་བུ་ཟུང་བཞི་གང་ཟག་ཡ་བརྒྱད་ཡོད་པ་ལས། འབྲས་གནས་ལ། འབྲས་བུ་ཐོད་བརྒལ་བ་དང༌། འབྲས་བུ་རིམ་བརྒྱུད་པ་གཉིས། སྤང་བྱ་ཅིག་ཅར་བ་དང༌། སྤང་བྱ་རིམ་གྱིས་པ་གཉིས་ཏེ་བཞི་ལས། ཆགས་བྲལ་སྔོན་སོང་དང༌། འབྲས་བུ་ཐོད་བརྒལ་བ་དོན་གཅིག་ཅིང༌། དེ་གཉིས་ནི་འབྲས་གནས་
བར་པ་གཉིས་ཁོ་ན་ལ་བཞག་ཏུ་ཡོད་ཅིང༌། དང་མཐའ་གཉིས་ལ་བཞག་ཏུ་མེད་དེ། དང་པོ་ལ་བཞག་ཏུ་མེད་པ་གང་ཞིག །ཐ་མ་ལ་བཞག་ཏུ་མེད་པའི་ཕྱིར། དང་པོ་དེར་ཐལ། དེ་ལ་མཐོང་ལམ་གྱི་སྔ་རོལ་དུ་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པ་མེད་པས། ཆགས་བྲལ་སྔོན་སོང་བཞག་ཏུ་མེད། རྒྱུན་
ཞུགས་ཀྱི་འབྲས་བུའི་གོང་དུ་ཐོད་བརྒལ་རྒྱུའི་འབྲས་བུ་མེད་པས་འབྲས་བུ་ཐོད་བརྒལ་བ་བཞག་ཏུ་མེད་པའི་ཕྱིར། འོ་ན། མཛོད་འགྲེལ་དུ་ཆགས་བྲལ་སྔོན་སོང་གི་ཞུགས་པ་འཆད་པའི་སྐབས་སུ་རྒྱུན་ཞུགས་ཞུགས་པ་བཤད། ཀུན་བཏུས་སུ་ཐོད་བརྒལ་བའི་འབྲས་གནས་གཉིས་ཀྱི་སྐབས་སུ་རྒྱུན་ཞུགས་
བཤད་པ་ཇི་ལྟར་ཞེ་ན། དེའི་སྐྱོན་མེད་དེ། དང་པོ་ནི་དེ་གཉིས་དང་རྟོགས་པ་མཚུངས་པས་བཤད། ཕྱི་མ་ནི་ཐོབ་དུས་མཚུངས་པས་དེ་ལྟར་བཤད་པའི་ཕྱིར། བར་པ་གཉིས་ལ་བཞག་ཏུ་ཡོད་དེ། ཕྱིར་འོང་ལ་མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་འདུན་སྲེད་མངོན་གྱུར་བ་དྲུག་པ་ལ་ཆགས་བྲལ་བྱས་པ་
ཡོད་པས་ཆགས་བྲལ་སྔོན་སོང་བཞག་ཏུ་ཡོད། འབྲས་བུ་དང་པོ་སྔོན་དུ་མ་བྱས་པར་གཉིས་པ་སྔོན་དུ་བྱས་པ་ཡོད་པས་འབྲས་བུ་ཐོད་བརྒལ་བ་བཞག་ཏུ་ཡོད་པའི་ཕྱིར། ཕྱིར་མི་འོང་ལ་དེ་གཉིས་བཞག་ཏུ་ཡོད་དེ། མཐོང་ལམ་གྱི་སྔ་རོལ་ཏུ་འདོད་པ་ལ་འདུན་པའི་འདོད་སྲེད་དགུ་པ་མངོན་གྱུར་བ་ལ་ཆགས་བྲལ་
བྱས་པ་ཡོད་པས་ཆགས་བྲལ་སྔོན་སོང་བཞག་ཏུ་ཡོད། འབྲས་བུ་དང་པོ་གཉིས་མངོན་དུ་མ་བྱས་པར་ཕྱིར་མི་འོང་གི་འབྲས་བུ་མངོན་དུ་བྱས་པ་ཡོད་པས་འབྲས་བུ་ཐོད་བརྒལ་བ་ཡང་བཞག་ཏུ་ཡོད་པའི་ཕྱིར། ཁ་ཅིག །ཕྱིར་འོང་ལ་མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་འདོད་སྲེད་དྲུག་པ་མངོན་གྱུར་བ་ལ་
ཆགས་བྲལ་བྱས་པ་ཡོད་ཀྱང༌། དེ་ཙམ་གྱིས་ཆགས་བྲལ་སྔོན་སོང་དུ་འཇོག་མི་ནུས་ཟེར་ན། དེ་མི་འཐད་དེ། འདོད་པ་ལ་འདུན་པའི་འདོད་སྲེད་དྲུག་པ་མངོན་གྱུར་བ་དེ་གང་ལ་ཆགས་བྲལ་བྱས་པས་ཕྱིར་འོང་དུ་བཞག་དགོས་པའི་སྤང་བྱའི་གཙོ་བོ་ཡིན་པ་གང་ཞིག །མཐོང་ལམ་གྱི་སྔ་རོལ་དུ་དེ་ལ་ཆགས་བྲལ་བྱས་པའི་
ཕྱིར་འོང་ལ་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་གིས་མ་ཁྱབ་ན། ཕྱིར་མི་འོང་ལ་ཡང་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར། གཞན་ཡང༌། ཕྱིར་འོང་ལ་དེ་ཡོད་པར་ཐལ། ཐོད་བརྒལ་བའི་དགེ་འདུན་བཤད་ཟིན་པའི་མཚམས་སྦྱར་དུ། མཛོད་འགྲེལ་ལས། ཕལ་ཆེར་ལས་དང་འདོད་པ་ལ་འདོད་ཆགས་སོགས་དང་བྲལ་བ་རྣམས་
ཀྱི་ངེས་པར་འཇུག་པའི་གང་ཟག་རྣམ་པར་གཞག་པ་ནི་དེ་ལྟ་བུ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ། ཕྱིར་འོང་ལ་ཆགས་བྲལ་སྔོན་སོང་བཞག་ཏུ་མེད་པར་ཐལ། ཆོས་མངོན་རྒྱ་མཚོའི་སྙིང་པོ་ལས། འདི་ལ་ཡང་ཕལ་ཆེར་ལ་ཆགས་པ་དང་བྲལ་བ་སྔོན་དུ་སོང་བ་དང༌། སྒོམ་ལམ་གྱི་སྟོབས་ཀྱིས་ཐོབ་པ་གཉིས་
ལས་སྔ་མ་ཆགས་བྲལ་སྔོན་སོང་དུ་འདོད་པ་ནི་ཧ་ཅང་ཐལ་བའོ། །ཞེས་གསུངས་པའི་ཕྱིར་ཞེ་ན། སྐྱོན་མེད་དེ། དེའི་དོན་ནི། ཕྱིར་མི་འོང་གི་ཞུགས་པ་འདི་ལ་ཡང་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་གཅིག་དང༌། སྒོམ་ལམ་གྱི་སྟོབས་ཀྱིས་ཕྱིར་འོང་གི་འབྲས་བུ་ཐོབ་པའི་ཕྱིར་འོང་འབྲས་གནས་ཁྱད་
{@4A}༄༅། །པར་ཅན་གཉིས་ལས། སྔ་མ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་ཞུགས་པར་འདོད་པ་ཧ་ཅང་ཐལ་ཞེས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་འདོད་ན་ཧ་ཅང་ཐལ་ཏེ། དེའི་སྟོབས་ཀྱིས་ཐོབ་པའི་ཕྱིར་མི་འོང་དེ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཡིན་དགོས་པ་ལས་དེ་དེ་མ་ཡིན་
པའི་ཕྱིར། ལུང་དང་པོ་དེ་ལྟར་འཐད་དེ། འདི་ཕྱིར་མི་འོང་གི་ཞུགས་པ་འཆད་པའི་སྐབས་ཡིན་པའི་ཕྱིར། སྤང་བྱ་ཅིག་ཅར་བ་འབྲས་བུ་དང་མཐའ་གཉིས་ལ་བཞག་ཏུ་ཡོད་ཅིང་བར་པ་གཉིས་ལ་བཞག་ཏུ་མེད་དེ། ཁམས་གསུམ་ས་དགུ་ལ་འདུན་པའི་འདོད་སྲེད་དྲུག་པ་མངོན་གྱུར་བ་ཅིག་ཅར་དུ་སྤངས་པའི་ཕྱིར་འོང་
མེད་པའི་ཕྱིར་དང༌། དེ་དགུ་པ་ཅིག་ཅར་དུ་སྤངས་པའི་ཕྱིར་མི་འོང་མེད་པའི་ཕྱིར་ཏེ། སྲིད་རྩེའི་ཉོན་མོངས་དྲུག་སྤངས་པའི་ཕྱིར་འོང་དང༌། སྲིད་རྩེའི་ཉོན་མོངས་དགུ་པ་སྤངས་པའི་ཕྱིར་མི་འོང་ཡང་མེད་པའི་ཕྱིར། རྟགས་སླ། སྤང་བྱ་ཅིག་ཅར་བ་འབྲས་བུ་དང་མཐའ་གཉིས་ལ་བཞག་ཏུ་ཡོད་དེ། རྒྱུན་ཞུགས་ལ་ཁམས་
གསུམ་ས་དགུས་བསྡུས་པའི་སྒོམ་སྤངས་ཉོན་མོངས་ཆེན་པོའི་ཆེན་པོ་དགུ་ཅིག་ཅར་དུ་སྤོང་བ་ནས་ཆུང་ངུའི་ཆུང་ངུ་དགུ་ཅིག་ཅར་དུ་སྤོང་བ་ཡང་ཡོད། དགྲ་བཅོམ་པ་ལ་དེ་ལྟར་སྤངས་པ་ཡོད་པའི་ཕྱིར། འབྲས་བུ་རིམ་བརྒྱུད་པ་དང༌། སྤང་བྱ་རིམ་གྱིས་པ་གཉིས་ནི། འབྲས་གནས་བཞི་ཀ་ལ་བཞག་ཏུ་རུང་སྟེ།
དང་པོ་རྒྱུན་ཞུགས་ལ་འདོད་ཉོན་མ་ལུས་པར་སྤངས་རྗེས་སུ་བསམ་གཏན་དང་པོའི་ཉོན་མོངས་སྤངས་པའི་སྤང་བྱ་རིམ་གྱིས་པ་ཡོད། དེ་ལ་འབྲས་བུ་ཕྱི་མ་གསུམ་རིམ་གྱིས་མངོན་དུ་བྱེད་པའི་འབྲས་བུ་རིམ་གྱིས་པ་ཡང་ཡོད་པའི་ཕྱིར། དེ་ལ་ཁ་ཅིག །སྤང་བྱ་ཅིག་ཅར་བ་དང་རིམ་གྱིས་པའི་ཁྱད་པར་ཁམས་
གསུམ་ས་དགུ་ལ་འདུན་པའི་འདོད་སྲེད་མངོན་གྱུར་བ་རྣམས་ཀྱི་ཆེན་པོའི་ཆེན་པོ་དགུ་ལ་ཅིག་ཅར་དུ་ཆགས་བྲལ་བྱེད་པ་ནས་ཆུང་ངུའི་ཆུང་ངུ་དགུ་ལ་ཅིག་ཅར་དུ་ཆགས་བྲལ་བྱེད་པ་དང༌། དེ་རྣམས་ཆུང་ངུའི་ཆུང་ངུ་མངོན་གྱུར་བ་དགུ་ལ་རིམ་གྱིས་ཆགས་བྲལ་བྱེད་པ་ལ་འཇོག་པ་ཡིན་གྱི། ས་བོན་སྤོང་ཚུལ་གྱི་སྒོ་
ནས་འཇོག་པ་མ་ཡིན་ཏེ། དེ་ལྟར་ན་སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ཀྱི་རྒྱུད་ཀྱི་འདོད་པའི་སས་བསྡུས་ཀྱི་གང་ཟག་གི་བདག་འཛིན་ཆེན་པོའི་ཆེན་པོའི་དངོས་གཉེན་བར་ཆད་མེད་ལམ་དེས། བསམ་གཏན་དང་པོའི་སས་བསྡུས་ཀྱི་གང་ཟག་གི་བདག་འཛིན་ཆེན་པོའི་ཆེན་པོའི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་
སམ་མ་རྟོགས། དང་པོ་ལྟར་ན། དེས་བསམ་གཏན་དང་པོའི་གང་ཟག་གི་བདག་འཛིན་ཆེན་པོའི་ཆེན་པོ་སྤངས་པར་ཐལ། དེ་འདྲ་བའི་སྤང་བྱ་རིམ་གྱིས་པ་དེ་ཁམས་གསུམ་གྱི་ཉོན་མོངས་མ་ལུས་པར་སྤོང་འདོད་པའི་གང་ཟག་གང་ཞིག །དེས་བསམ་གཏན་དང་པོའི་སས་བསྡུས་ཀྱི་གང་ཟག་གི་བདག་འཛིན་ཆེན་པོའི་ཆེན་
པོའི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པའི་ཕྱིར་ཟེར་ན། འོ་ན། དེའི་རྒྱུད་ཀྱི་བར་ཆད་མེད་ལམ་དེས་འདོད་པའི་སས་བསྡུས་ཀྱི་གང་ཟག་གི་བདག་འཛིན་ཆུང་ངུ་ཆུང་ངུའི་ས་བོན་སྤངས་པར་ཐལ། དེས་དེའི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པ་གང་ཞིག །དེ་འདྲ་བའི་རྒྱུན་ཞུགས་དེ་འདོད་པའི་སས་བསྡུས་ཀྱི་
གང་ཟག་གི་བདག་འཛིན་ཆུང་ངུའི་ཆུང་ངུ་སྤོང་བར་འདོད་པའི་གང་ཟག་ཡིན་པའི་ཕྱིར། འཁོར་གསུམ་ཁས་བླངས་སོང༌། ཁོ་ན་རེ། ཉན་ཐོས་ཀྱི་སྒོམ་ལམ་བར་ཆད་མེད་ལམ་ཆེན་པོའི་ཆེན་པོ་རང་རྒྱུད་ལ་སྐྱེས་ན་དེ་ཆུང་ངུའི་ཆུང་ངུ་རང་རྒྱུད་ལ་སྐྱེ་དགོས་ཀྱི་རྒྱུན་ཞུགས་ཡོད་པར་ཐལ། འདོད་པའི་སས་བསྡུས་ཀྱི་གང་ཟག
གི་བདག་འཛིན་ཆུང་ངུ་ཆུང་ངུའི་དངོས་གཉེན་བར་ཆད་མེད་ལམ་རང་རྒྱུད་ལ་བསྐྱེད་རྗེས་སུ། བསམ་གཏན་དང་པོའི་གང་ཟག་གི་བདག་འཛིན་ཆེན་པོའི་ཆེན་པོའི་དངོས་གཉེན་བར་ཆད་མེད་ལམ་རྒྱུད་ལ་སྐྱེ་དགོས་ཀྱི་རྒྱུན་ཞུགས་ཡོད་པའི་ཕྱིར། འདོད་ན་རྒྱུན་ཞུགས་ཟག་མེད་ཀྱི་རྟོགས་པ་ལས་ཉམས་པ་ཡོད་པར་ཐལ།
འདོད་པ་དེའི་ཕྱིར། ཟེར་ན་མ་ཁྱབ་ཅིང༌། ཁོ་རང་གི་མངོན་གྱུར་བ་ལ་ཅིག་ཅར་དང་རིམ་གྱིས་ཆགས་བྲལ་བྱེད་ཚུལ་གྱི་སྒོ་ནས་དེ་གཉིས་ཀྱི་ཁྱད་པར་འཇོག་ཚུལ་ལ་སྦྱར་ནས་འཁོར་གསུམ་བྱའོ། །མི་མཚུངས་ཟེར་ན། འདོད་པ་ལ་འདུན་པའི་འདོད་སྲེད་མངོན་གྱུར་བ་ཆེན་པོའི་ཆེན་པོ་འདོད་ཉོན་ཆེན་པོའི་ཆེན་པོ་
ཡིན་མིན་ལ་རག་ལས་སོ། །ཁོ་ན་རེ། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་རྣམས་ཀྱིས་ཀྱང་ཁམས་གསུམ་ས་དགུའི་སྒོམ་སྤངས་ཉོན་མོངས་ཆེན་པོའི་ཆེན་པོ་དགུའི་ས་བོན་ཅིག་ཅར་དུ་སྤོང་བ་ཡིན་པར་ཐལ། རྒྱུན་ཞུགས་ཞུགས་པ་རྣམས་ཀྱིས་ཁམས་གསུམ་གྱི་མཐོང་སྤངས་ཉོན་མོངས་རྣམས་ཀྱི་ས་བོན་ཅིག་ཅར་
དུ་སྤོང་བའི་ཕྱིར། ཟེར་ན། འོ་ན། ཉན་ཐོས་སློབ་པ་རྣམས་ཀྱིས་ཁམས་གསུམ་ས་དགུས་བསྡུས་པའི་སྒོམ་སྤངས་ཉོན་མོངས་རྣམས་ཅིག་ཅར་དུ་སྤོང་བར་ཐལ། རྒྱུན་ཞུགས་ཞུགས་པས་ཁམས་གསུམ་གྱི་མཐོང་སྤངས་ཉོན་མོངས་ཐམས་ཅད་ཅིག་ཅར་དུ་སྤང་བའི་ཕྱིར། ཁྱབ་པ་ཁས། གཞན་ཡང༌། སྤང་བྱ་
{@5A}༄༅། །རིམ་གྱིས་པ་རྣམས་ཀྱིས་ཀྱང་སྦྱོར་བའི་དུས་སུ། ཁམས་དང༌། ས་སོ་སོར་མ་ཕྱེ་བར་ཁམས་གསུམ་གྱི་འདུས་བྱས་ཐམས་ཅད་མི་རྟག །ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་སྙམ་པའི་སྒོམ་ཚུལ་ཅིག་ཅར་བ་དང་ཁྱད་པར་མེད་པར་ཐལ། དེ་
གཉིས་ཀྱི་སྒོམ་སྤངས་ཉོན་མོངས་ཀྱི་ས་བོན་སྤོང་ཚུལ་ལ་ཁྱད་པར་མེད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ལ་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཡོད་པའི་ཕྱིར། ཁ་ཅིག །ཉན་ཐོས་ཀྱི་སྒོམ་ལམ་ཆེན་པོའི་ཆེན་པོ་རྒྱུད་ལ་བསྐྱེད་རྗེས་སུ་ཆུང་ངུའི་ཆུང་ངུ་རྒྱུད་ལ་བསྐྱེད་པ་འཇིགས་ནས་རིམ་བརྒྱུད་པ་རྣམས་ཀྱི་འདོད་པ་
ནས༑ སྲིད་རྩེའི་བར་གྱི་ཆེན་པོའི་ཆེན་པོ་རྣམས་རིམ་གྱིས་སྤོང༌། དེ་ནས་དེའི་བར་གྱིས་འབྲིང་རྣམས་རིམ་གྱིས་སྤོང་བར་འདོད་པ་ལ་ནི་འཇིགས་པ་དེ་མི་སེལ་ཞིང༌། དེ་ལྟ་ན་གཟུགས་ཀྱི་འཆིང་བ་ཀུན་ལྡན་གྱི་ཕྱིར་མི་འོང་མི་སྲིད་པས་ཕྱིར་མི་འོང་ཁྲི་དྲུག་སྟོང་གྲངས་འདྲེན་མི་ཐུབ་པ་སོགས་ཀྱི་སྐྱོན་ཡོད་དོ། །རང་
ལུགས་ལ། རིམ་བརྒྱུད་པ་རྣམས་ཀྱིས་ཟག་མེད་བདེན་པའི་རྣམ་པ་ཅན་གྱིས་ཉོན་མོངས་སྤང་བའི་ཚུལ། འདོད་པའི་སས་བསྡུས་ཀྱི་ཉོན་མོངས་ཀྱི་ས་བོན་མ་ལུས་པར་སྤངས་རྗེས་སུ་བསམ་གཏན་དང་པོ་སོགས་ཀྱི་ཉོན་མོངས་ཀྱི་ས་བོན་སྤོང་བར་བྱེད་དོ། །དེ་ལྟ་ན་ཐལ་འགྱུར་བའི་སྐབས་སུ་ཡང་འདོད་པའི་སས་
བསྡུས་ཀྱི་བདེན་འཛིན་མ་ལུས་པར་སྤངས་རྗེས་སུ་བསམ་གཏན་དང་པོ་སོགས་ཀྱི་སས་བསྡུས་ཀྱི་བདེན་འཛིན་གྱི་ས་བོན་སྤོང་བར་ཁས་ལེན་རུང་བས། འདིའི་ལུགས་ཀྱི་དགེ་འདུན་ཉི་ཤུའི་རྣམ་གཞག་ཀྱང་མི་དཀའོ། །གཉིས་པ་ཞུགས་གནས་ཀྱི་རྣམ་གཞག་བཤད་པ་ལ། རྒྱུན་ཞུགས་ཞུགས་འབྲས་བཤད་
པ་སོགས་བཞི། དང་པོ་ལ་ཞུགས་པ་བཤད་པ། འབྲས་གནས་བཤད་པ་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན། སྤངས་རྟོགས་ཀྱི་ཁྱད་པར། ས་མཚམས་དང་ལྔ། དང་པོ་ལ། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་
པའི་རབ་ཏུ་ཕྱེ་བའི་ཞུགས་པའི་གང་ཟག །རྒྱུན་ཞུགས་ཞུགས་པའི་མཚན་ཉིད། གཉིས་པ་ལ། དེ་ལ་དབང་པོའི་སྒོ་ནས་དབྱེ་ན། དེར་གྱུར་པའི་དབང་རྟུལ་དད་པའི་རྗེས་འབྲང་དང༌། དབང་རྣོན་ཆོས་ཀྱི་རྗེས་འབྲང་གཉིས། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་པ་དང༌། སྤང་
{@5B}བྱ་རིམ་གྱིས་པའི་རྒྱུན་ཞུགས་ཞུགས་པ་གཉིས་ཡོད། གསུམ་པ་ལ། དབང་པོ་རྣོ་རྟུལ་དེ་གཉིས་ཀྱི་ཁྱད་པར་ཡོད་དེ། བདེན་བཞིའི་གནས་ཚུལ་གཙོ་བོར་དེ་བཞིན་གཤེགས་པ་ལ་དད་སྟོབས་ཀྱིས་རྟོགས་པའི་རྒྱུན་ཞུགས་ཞུགས་པ་དང་པོ་དང༌། དེ་གཙོ་བོར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་ཀྱིས་སྒོ་ནས་རྟོགས་པའི་
རྒྱུན་ཞུགས་ཞུགས་པ་གཉིས་པ་ཡིན་པའི་ཕྱིར། འདོད་ཉོན་སྤངས་རྗེས་སུ་གཟུགས་ཀྱི་ཉོན་མོངས་སྤངས་པའི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་རྒྱུན་ཞུགས་ཞུགས་པ། སྤང་བྱ་རིམ་གྱིས་པའི་དེའི་མཚན་ཉིད། ཁམས་གསུམ་ས་དགུ་པོ་དེའི་ཉོན་མོངས་ཆུང་ངུའི་ཆུང་ངུ་དགུ་ཅིག་ཅར་དུ་སྤོང་བའི་རྒྱུན་
ཞུགས་ཀྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་རྒྱུན་ཞུགས་ཞུགས་པ། གཉིས་པའི་མཚན་ཉིད། སྤང་བྱ་ཅིག་ཅར་བ་རྒྱུན་ཞུགས་ཞུགས་པ་མེད་ཟེར་ན། དེ་མི་འཐད་དེ། རྗེ་རིན་པོ་ཆེའི་གསུང་ལས། དེ་འཚོལ་བའི་བརྩོན་པ་མ་བྱས་གསུང་བ་རྙེད་སླ་བའི་དོན་ཡིན་གྱི་མེད་པའི་དོན་མ་ཡིན་པའི་ཕྱིར་དང༌། འབྲས་
ལ་སྔོན་ལམ་བཏང་བ་དང༌། ཞེས་པ་དང་ཡང་འགལ་བའི་ཕྱིར། བཞི་པ་ལ། དེའི་སྤང་རྟོགས་ཀྱི་ཁྱད་པར་ཡོད་དེ། འདོད་ཉོན་ལྔ་པ་སྤངས་ཀྱང་རུང་མ་སྤངས་ཀྱང་རུང༌། དྲུག་པ་མ་སྤངས་པ་དགོས། རྟོགས་པའི་ཁྱད་པར་ནི་འདོད་ཉོན་དང་པོ་ནས་ལྔ་པའི་བར་གྱི་གཉེན་པོ་ཐོབ་མ་ཐོབ་ཅི་རིགས་པ་ཡོད་དོ། །ལྔ་པ་ལ་
ས་མཚམས་ཉན་ཐོས་ཀྱི་སྦྱོར་ལམ་སྟན་གཅིག་པ་ནས་ལམ་རྗེས་བཟོད་ལ་གནས་ཀྱི་བར་དུ་ཡོད། སྦྱོར་ལམ་སྟན་གཅིག་པ་དྲོད་ནས་ཆོས་མཆོག་གི་བར་དུ་ཡོད་ཅིང༌། དེའི་དོན་ཡང་མཉམ་གཞག་མཐུན་གཅིག་པ་སོགས་ནི་མ་ཡིན་ཏེ། སྟན་ཐོག་དེ་ལ་འདུག་བཞིན་དུ་ཉན་ཐོས་ཀྱི་མཐོང་ལམ་སྐྱེ་ནུས་པ་ཞིག་ལ་
བྱེད་པའི་ཕྱིར་ཏེ། ཀུན་བཏུས་ལས། རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་གང་ཞེ་ན། གང་ངེས་པར་འབྱེད་པའི་ཆ་དང་མཐུན་པ་སྟན་གཅིག་ནས་བཟུང་སྟེ། མཐོང་བའི་ལམ་གྱི་སྐད་ཅིག་བཅོ་ལྔ་ལ་གནས་པའི་བར་དག་གོ་༌།ཞེས་དང༌། དེ་དང་མཐུན་པར་དེའི་འགྲེལ་པ་ལས་ཀྱང་གསུངས་པའི་ཕྱིར། ཁ་ཅིག
དེ་ལྟར་འཇོག་པར་མི་རིགས་ཏེ། དེ་ལ་ཉན་ཐོས་མཐོང་ལམ་པས་ཁྱབ་པའི་ཕྱིར། དེར་ཐལ། མཚོན་བྱ་དོན་གྱི་རྒྱུན་ཞུགས་ཞུགས་པ་ལ་ཐེག་ཆེན་མཐོང་ལམ་པས་ཁྱབ་པའི་ཕྱིར་ཏེ། འགྲེལ་ཆུང་ལས། འཆད་པར་འགྱུར་བའི་ལམ་ཤེས་པ་ཉིད་ཀྱིས་བསྡུས་པ་མཐོང་བའི་ལམ། ཞེས་གསུངས་པའི་ཕྱིར། ཟེར་ན།
།གོང་དུ་མ་ཁྱབ། ཁོ་ན་རེ། དེ་ལ་འཕགས་པས་ཁྱབ་པར་ཐལ། དམན་པས་བརྒྱད་འཆད་པ་ན་ཉན་ཐོས་ཀྱི་རིགས་ཀྱི་ས་ལས་ལོགས་སུ་བརྒྱད་པའི་ས་ཞེས་གསུངས་པའི་ཕྱིར། ཟེར་ན་ཡང་མ་ཁྱབ། དེའི་ཁྱབ་པ་མ་ངེས་པའི་རྒྱུ་མཚན་ཡོད་དེ། ཐེག་ཆེན་གྱི་དགེ་འདུན་དཀོན་
མཆོག་འཆད་པའི་སྐབས་ཡིན་པའི་ཕྱིར། ཕྱི་མ་ལ་ཁྱབ་པ་མ་ངེས་ཏེ། ཉན་ཐོས་ཀྱི་ས་དེ་དང་པོ་དྲུག་ལས་ལོགས་སུ་གསུངས་ཀྱང་དང་པོ་དྲུག་པོ་གང་རུང་དང་ཉན་ཐོས་ཀྱི་ས་མི་འགལ་བ་ལྟ་བུ་ཡིན་པའི་ཕྱིར་དང༌། རྣམ་བཤད་ལས་ཀྱང༌། སྦྱོར་ལམ་སྟན་གཅིག་པ་ནས་རྒྱུན་ཞུགས་ཀྱི་འབྲས་བུས་བསྡུས་
པ་ཚུན་ཆད། ཅེས་གསུངས་པའི་ཕྱིར། དེ་ཀུན་ལས་བཏུས་ཀྱི་བཞེད་པ་སྐྱར་བ་ཡིན་ཟེར་ན། འོ་ན། རྣམ་བཤད་རང་ལུགས་ཀྱི་རྒྱུན་ཞུགས་སོགས་ཀྱི་ས་མཚམས་མ་བསྟན་པར་ཐལ། རང་ལུགས་ཀྱི་རྒྱུན་ཞུགས་ཞུགས་པའི་ས་མཚམས་མ་བསྟན་པའི་ཕྱིར། གཉིས་པ་འབྲས་གནས་བཤད་པ་ལ།
མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན། ས་མཚམས་དང་བཞི་ལས། དང་པོ་ནི། མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག །རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། མཐོང་སྤངས་ཀུན་སྦྱོར་གསུམ་གྱི་ཁྱད་པར་ཡོད་དེ། འཇིག་ལྟ་
ཀུན་བཏདང༌། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ། ཐེ་ཚོམ་ཉོན་མོངས་ཅན་དང་བཅས་པའི་གསུམ་ཡོད་པའི་ཕྱིར། གསུམ་པོ་དེ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་གེགས་ཀྱི་གཙོ་བོར་འཇོག་པའི་རྒྱུ་མཚན་ཡོད་དེ། དང་པོས། ཐར་ལམ་ལ་འགྲོ་མི་འདོད་པར་བྱེད། གཉིས་པས་
ལམ་ལོག་པར་འཁྲིད། གསུམ་པས་ཐར་ལམ་ལ་ཡིད་གཉིས་ཟ་བར་བྱེད་པའི་ཕྱིར། མཛོད་ལས། འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག །ཅེས་གསུངས་པའི་ཕྱིར། རབ་ཕྱེའི་དོན་ཡང་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པ་ཙམ་དང༌། དེ་ལས་ལྷག་པ་མ་སྤངས་པ་ལ་བྱེད་
པ་གཉིས་ཀ་མི་འཐད་དེ། དང་པོ་ལྟར་ན་དགྲ་བཅོམ་འབྲས་གནས་ཀྱང་དེར་འགྱུར་བ་དང༌། གཉིས་པ་ལྟར་ན་ཡང་མི་རིགས་ཏེ། དེས་མཐོང་སྤངས་མཐའ་དག་སྤངས་པའི་ཕྱིར། རང་ལུགས་རབ་ཕྱེའི་དོན་ཡོད་དེ། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པ་ལ་གསུམ་པོ་དེ་ངེས་པར་སྤངས་དགོས། མ་སྤངས་ན་མི་
ཐོབ་སྤངས་ན་ཐོབ་པའི་འབྲས་བུ་ཙམ་ཡིན་པའི་དོན་ཡིན་པའི་ཕྱིར། གཉིས་པ་ལ། དབང་པོའི་སྒོ་ནས་དབྱེ་ན་དེར་གྱུར་པའི་དབང་རྟུལ་དད་མོས་པ་དང༌། དབང་རྣོན་མཐོང་ཐོབ་པ་གཉིས། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། རྒྱུན་ཞུགས་ཞུགས་པ་དབང་རྟུལ་དད་པའི་རྗེས་འབྲང་གི་སྟོབས་ཀྱིས་ཐོབ་པའི་འབྲས་གནས་
དབང་རྟུལ་དེ་དང་པོ་དང༌། ཞུགས་པ་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་སྟོབས་ཀྱིས་ཐོབ་པའི་འབྲས་གནས་དབང་རྣོན་དེ་གཉིས་པ་ཡིན་པའི་ཕྱིར། སྦྱོར་བའི་སྒོ་ནས་དབྱེ་ན། དེ་ལ་ཙམ་ཁྱད་གཉིས་ཡོད། དེ་གཉིས་ཀྱི་ཁྱད་པར་ཡོད་དེ། འབྲས་བུ་གོང་མ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་རྒྱུན་ཞུགས་འབྲས་གནས་དང་པོ་
དང༑ དེ་ལྟར་མ་བརྩོན་པའི་རྒྱུན་ཞུགས་འབྲས་གནས་གཉིས་པ་ཡིན་པའི་ཕྱིར་ཏེ། མཛོད་ལས། འབྲས་ཐོབ་འབྲས་བུའི་ཁྱད་པར་གྱིས། །ལམ་ཐོབ་མེད་པ་དེ་ཡི་ཕྱིར། །མི་བརྩོན་པ་ནི་ཞུགས་མ་ཡིན། །ཞེས་གསུངས་པའི་ཕྱིར། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན། སྤང་བྱ་རིམ་གྱིས་པ་དང༌། སྤང་
བྱ་ཅིག་ཅར་བའི་རྒྱུན་ཞུགས་གཉིས་ཡོད། གསུམ་པ་ཕྱེ་བ་སོ་སོའི་དོན་བཤད་པ་ལ། ཁ་ཅིག །ཁམས་གསུམ་ས་དགུས་བསྡུས་པའི་སྒོམ་སྤངས་ཉོན་མོངས་ཆུང་འབྲིང་ཆེན་པོ་དགུ་པོ་རིམ་གྱིས་སྤོང་བའི་རྒྱུན་ཞུགས་འབྲས་གནས། སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད། དེ་
རྣམས་ཅིག་ཅར་དུ་སྤོང་བའི་རྒྱུན་ཞུགས་འབྲས་གནས། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཀྱི་མཚན་ཉིད་ཟེར་ན། དང་པོ་ལ། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེ་རྣམས་ཆེན་པོའི་ཆེན་པོ་དགུ་ནས་ཆུང་ངུའི་ཆུང་ངུ་དགུ་རིམ་ཅན་དུ་སྤོང་བའི་
རྒྱུན་ཞུགས་ཡིན་པའི་ཕྱིར་ཏེ། ཆེན་པོའི་ཆེན་པོ་དགུ་སྤངས་རྗེས་སུ་ཆུང་ངུའི་ཆུང་ངུ་དགུ་སྤོང་བའི་ཕྱིར། གཉིས་པ་མི་འཐད་དེ། དེ་འདྲ་བའི་རྒྱུན་ཞུགས་མི་སྲིད་པའི་ཕྱིར། དེར་ཐལ། ཉན་ཐོས་ཀྱི་སྒོམ་ལམ་ཆུང་ངུ་འབྲིང་ཆེན་པོ་དགུ་ཅིག་ཅར་ཏུ་རྒྱུད་ལ་བསྐྱེད་པའི་རྒྱུན་ཞུགས་མི་སྲིད་པའི་ཕྱིར། ཡང་ཁ་ཅིག །དེ་
རྣམས་རྣམ་པས་རིམ་ཅན་དུ་སྤོང་བ་དང༌། རྣམ་པས་ཅིག་ཅར་དུ་ཞེས་སྦྱོར་བ་ལ་ཡང་སྐྱོན་སྔ་མ་སོ་ན་གནས། ཡང་ཁ་ཅིག །ཁམས་གསུམ་ས་དགུས་བསྡུས་པའི་སྒོམ་སྤངས་ཉོན་མོངས་ཆེན་པོའི་ཆེན་པོར་དགུ་རིམ་ཅན་དུ་སྤོང་བ་ནས། དེ་རྣམས་ཆུང་ངུའི་ཆུང་ངུ་དགུ་རིམ་གྱིས་སྤོང་བའི་རྒྱུན་ཞུགས། སྤང་བྱ་རིམ་
།གྱིས་པའི་རྒྱུན་ཞུགས་ཀྱི་མཚན་ཉིད། དེ་རྣམས་ཆེན་པོའི་ཆེན་པོ་དགུ་ཅིག་ཅར་དུ་སྤོང་བ་ནས། ཆུང་ངུའི་ཆུང་ངུ་དགུ་ཅིག་ཅར་དུ་སྤོང་བའི་རྒྱུན་ཞུགས། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཀྱི་མཚན་ཉིད་ཟེར་ན། འདོད་ཉོན་ཆེན་པོའི་འབྲིང་གི་དངོས་གཉེན་བར་ཆད་མེད་ལམ་ལ་
གནས་པའི་སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། འདོད་མི་ནུས་ཏེ། འདོད་ཉོན་ཆེན་པོའི་ཆེན་པོ་སྤངས་ཟིན་པའི་ཕྱིར་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། མཚན་ཉིད་གཉིས་པ་ལ། འདོད་ཉོན་ཆེན་པོའི་འབྲིང་གི་དངོས་གཉེན་བར་ཆད་མེད་ལམ་ལ་གནས་པའི་
སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཆོས་ཅན། མཚན་ཉིད་དེར་ཐལ། མཚོན་བྱ་དེའི་ཕྱིར། རྟགས་བསལ་སླའོ། །རང་ལུགས་ལ་ཅི་ཡང་མེད་ཀྱི་སས་བསྡུས་ཀྱི་ཉོན་མོངས་ཆུང་ངུ་སྤངས་རྗེས་སུ་སྲིད་ཉོན་དགུ་པ་སྤོང་བའི་རྒྱུན་ཞུགས་སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་ཀྱི་མཚན་ཉིད། ཅི་ཡང་མེད་ཀྱི་སས་
བསྡུས་ཀྱི་ཉོན་མོངས་དང་སྲིད་རྩེའི་སས་བསྡུས་ཀྱི་ཉོན་མོངས་ཅིག་ཅར་དུ་སྤོང་བའི་རྒྱུན་ཞུགས། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ཀྱི་མཚན་ཉིད། སྤང་བྱ་རིམ་གྱིས་པ་ལ་དབྱེ་ན། སྲིད་པ་ལན་བདུན་པ་དང༌། རིགས་ནས་རིགས་སྐྱེས་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན་བཤད་པ་
གསུམ། དང་པོ་ལ། འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པའི་རིགས་ཅན་གྱི་སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས། རྒྱུན་ཞུགས་སྲིད་པ་ལན་བདུན་པ་བའི་མཚན་ཉིད། དེ་ལ་དབྱེ་ན་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་དང༌། མ་ངེས་པའི་སྲིད་པ་ལན་བདུན་པ་གཉིས། དང་པོ་ལ་མཚན་ཉིད།
དབྱེ་བ། སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་རྣམས་ལས། དང་པོ་ལ་འདོད་པའི་སས་བསྡུས་ཀྱི་སྒོམ་སྤངས་ཉོན་མོངས་དང་པོ་ཙམ་ལ་ཡང་ཆགས་བྲལ་མ་བྱས་ཤིང༌། འདོད་པར་ལྷ་མིའི་རིགས་མཐུན་གྱི་སྐྱེ་སྲིད་བདུན་བདུན་དང༌། དེའི་བར་སྲིད་བདུན་བདུན་ཏེ་སྲིད་པ་ཉེར་བརྒྱད་ལེན་ངེས་ཀྱི་སྤང་བྱ་རིམ་གྱིས་
པའི་རྒྱུན་ཞུགས་འབྲས་གནས་ཙམ་པོ་བ། ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པའི་མཚན་ཉིད། དེ་ལྟར་ཡང་མཛོད་ལས། འབྲས་གནས་སྒོམ་སྤངས་བྱ་མ་ཟད། །རེ་ལྟར་ཐོགས་ན་ལན་བདུན་པ། །ཞེས་དང༌། རང་འགྲེལ་ལས། འབྲས་བུ་ལ་གནས་པ་གང་ཞིག །སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པ་
}གཅིག་ཀྱང་མ་སྤངས་པ་ནི་རྒྱུན་དུ་ཞུགས་པ་ཡིན་ལ། དེ་ཡང་ཚེ་བདུན་གྱི་བར་དུ་སྐྱེ་བས་ན་ལན་བདུན་པའོ། །ཐམས་ཅད་ནི་མ་ཡིན་ཏེ་རེ་ལྟར་ཐོགས་ན་ཞེས་བྱ་བ་ནི་ཐམས་ཅད་ཀྱི་ཐ་ཤལ་བའོ། །ཞེས་གསུངས་པའི་ཕྱིར། རྟེན་གྱི་སྒོ་ནས་དབྱེ་ན་འདོད་ལྷའི་རྟེན་ཅན་དང༌། མིའི་རྟེན་ཅན་གཉིས་ཡོད། གསུམ་
པ་སྐྱེ་བ་ལེན་ཚུལ་གྱི་ཁྱད་པར་ལ། དེས་འདོད་པའི་ལྷ་མིའི་རིགས་མཐུན་གྱི་སྐྱེ་སྲིད་བཅུ་བཞི་ལེན་ཡང་སྲིད་པ་ལན་བདུན་པ་བར་མི་འགལ་ཏེ། སྐྱེ་བ་ལེན་ཚུལ་བདུན་ཚན་དུ་མཚུངས་པའི་ཕྱིར། དཔེར་ན། གནས་བདུན་ལ་མཁས་པའི་དགེ་སློང་གི་མཁས་བྱའི་གནས་ལ་སོ་ལྔ་ཡོད་ཀྱང་བདུན་ཚན་དུ་མཚུངས་
པས་གནས་བདུན་ལ་མཁས་པ་དང༌། ཤིང་འདབ་མ་བདུན་པ་ལ་འདབ་མ་བརྒྱ་ཕྲག་དུ་མ་ཡོད་ཀྱང༌། ཡལ་ག་རེ་རེ་ལ་ཡོད་པ་བདུན་ཚན་དུ་མཚུངས་པས་ཤིང་འདབ་མ་བདུན་པ་ཞེས་བྱ་བ་ལྟ་བུ་ཡིན་པའི་ཕྱིར། སྐྱེ་བ་ལེན་ཚུལ་ལ་ཁ་ཅིག །དེས་ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་ལྷར་རིགས་
མཐུན་གྱི་སྐྱེ་སྲིད་དྲུག །དེའི་རྗེས་མིའི་སྐྱེ་སྲིད་བདུན། དེའི་རྗེས་ལྷའི་སྐྱེ་སྲིད་གཅིག་བླངས་ནས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད། མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་མིའི་རིགས་མཐུན་གྱི་སྐྱེ་སྲིད་དྲུག །དེ་རྗེས་ལྷའི་རིགས་མཐུན་གྱི་སྐྱེ་སྲིད་བདུན། དེ་རྗེས་མིར་སྐྱེ་སྲིད་གཅིག་བླངས་ནས་རྟེན་དེ་ལ་མྱང་འདས་
མངོན་དུ་བྱེད་པ་ཡིན་ཟེར་ན། དེ་མི་འཐད་དེ། ཀུན་བཏུས་ལས། ལྷ་དང་མི་དག་གི་ནང་དུ་ཡན་མན་དུ་ལན་བདུན་འཁོར་ཏེ། ཞེས་གསུངས་པའི་ཕྱིར། རང་ལུགས་ལ། ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་དང་པོར་མིར་སྐྱེ་བ་བླངས་ནས་དེ་ནས་ལྷའི་སྐྱེ་བ་བླངས་པའི་སྤེལ་མར་བྱས་ཏེ། མཐར་ལྷའི་རྟེན་ལ་
མྱང་འདས་མངོན་དུ་བྱེད། མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་དེ་ལས་བཟློག་སྟེ་མྱང་འདས་མངོན་དུ་བྱེད་པའི་ཕྱིར། ཁ་ཅིག །དེ་མི་འཐད་དེ། ལྷ་མིའི་རིགས་མི་མཐུན་པས་རིགས་ནས་རིགས་སུ་སྐྱེ་བ་མིན་པར་འགྱུར་བའི་ཕྱིར། ཟེར་ན། དེ་ནི་ཁྱོད་རང་ལ་ཡང་མཚུངས་ཏེ། ལྷ་མིའི་སྐྱེ་བ་འཕོ་མཚམས་
སུ་རིགས་ནས་རིགས་སུ་སྐྱེ་བ་མ་ཡིན་པར་འགྱུར་བའི་ཕྱིར། ལྷའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་མཐར་ལྷའི་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད། མིའི་རྟེན་ལ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ན་དེ་ལས་བཟློག་སྟེ། མྱང་འདས་མངོན་དུ་བྱེད་པ་འཐད་དེ། མཛོད་རང་འགྲེལ་ལས། གང་ལྷ་དག་གི་ནང་དུ་རྒྱུན་དུ་
།ཞུགས་པ་དེ་ནི་དེ་ཁོ་ན་རེ་འོངས་ནས་ཡོངས་སུ་མྱ་ངན་ལས་འདའོ། །གང་དག་མི་རྣམས་ཀྱི་ནང་དུ་རྒྱུན་དུ་ཞུགས་པ་དེ་ཁོ་ནར་འོངས་ནས་ཡོངས་སུ་མྱ་ངན་ལས་འདའོ། །ཞེས་གསུངས་པའི་ཕྱིར། འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་བདུན་ལེན་པའི་རིགས་ཅན་ཡིན་ཀྱང་ལེན་
པར་མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ། མ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པའི་མཚན་ཉིད། དེ་སྐད་དུ་ཡང༌། མཛོད་འགྲེལ་ལས། མཆོག་ཏུ་ཐོགས་ན་ལན་བདུན་པ་བ་གཞན་ཡང་ཡོད་མོད་ཀྱི་འདིར་མ་ངེས་པས་མ་བརྗོད་དོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །རྒྱུན་ཞུགས་སྲིད་
པ་ལན་བདུན་པ་བ་ལ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པས་ཁྱབ་གསུངས་པ་ནི་བཤད་མ་ཐག་པའི་མཛོད་འགྲེལ་དང་འགལ་ཞིང༌། འོག་མིན་མཐར་ཐུག་འགྲོ་དང༌། སྲིད་རྩེའི་མཐར་ཐུག་འགྲོ་གཉིས་ལ་འོག་མིན་དང༌། སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་ངེས་ཀྱིས་ཁྱབ་པར་ཐལ། མཛོད་
འགྲེལ་ལས། འོག་མིན་དང་སྲིད་རྩེའི་མཐར་ཐུག་པར་འགྲོ་བ་ནི་དེ་ཕན་ཆད་དུ་འགྲོ་བར་མེད་པའི་ཕྱིར། དཔེར་ན། རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་བ་ཉིད་བཞིན་ནོ། །ཞེས་གསུངས་པ་གང་ཞིག །རྒྱུན་ཞུགས་སྲིད་པ་ལན་བདུན་པ་བ་ལ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པས་
ཁྱབ་པའི་ཕྱིར། རྩ་བར་འདོད་ན། ཕྱིར་མི་འོང་གནས་ཐམས་ཅད་དུ་འཆི་འཕོ་བ་ལ་གཟུགས་ཁམས་གནས་རིགས་བཅུ་བདུན་པོ་ཐམས་ཅད་དུ་སྐྱེ་བས་ཁྱབ་པར་ཐལ་ལོ། །ཁོ་ན་རེ། རྒྱུན་ཞུགས་སྲིད་པ་ལན་བདུན་པ་དང༌། མཆོག་ཏུ་ཐོགས་ན་ལན་བདུན་པ་གཉིས་ལ་ཁྱད་ཡོད་པས་ལུང་དེས་མི་གནོད་ཟེར་
ན༑ མི་འཐད་པར་ཐལ། དེ་འདྲ་བའི་ཁྱད་པར་ཚད་ལྡན་གྱི་གཞུང་ལས་མ་གསུངས་པའི་ཕྱིར། རྒྱུན་ཞུགས་སྲིད་པ་ལན་བདུན་པ་ལ་ངེས་པའི་རྒྱུན་ཞུགས་སྲིད་པ་ལན་བདུན་པས་ཁྱབ་པར་ཐལ། འབྲས་གནས་སྒོམ་སྤངས་བྱ་མ་ཟད། །ཅེས་པའི་སྐབས་ནས་དངོས་བསྟན་གྱི་རྒྱུན་ཞུགས་ལ་ངེས་པའི་རྒྱུན་
ཞུགས་སྲིད་པ་ལན་བདུན་པ་བ་ཡིན་པས་ཁྱབ་པའི་ཕྱིར། ཟེར་ན། མ་ཁྱབ་བོ། ཁ་ཅིག །རྒྱུན་ཞུགས་སྲིད་པ་ལན་བདུན་པ་ལ་འབྲས་གནས་ཙམ་པོས་ཁྱབ་ཅིང༌། རིགས་མཐུན་གྱི་སྐྱེ་སྲིད་བཞི་ལེན་པ་དགོས་གསུངས་པ་སྣང་བས་དཔྱད་པར་བྱའོ། །ཉན་ཐོས་སྲིད་པ་ལན་བདུན་པ་ལ་སྐྱེ་འཕགས་
གཉིས་དང་འཕགས་པའི་རྣམ་གཞག་གོང་དུ་བཤད་པ་དེ་རྣམས་སྐུ་མཆེད་གཉིས་ཀྱི་དགོངས་པར་གནས་ཏེ། དགེ་འདུན་ཉི་ཤུ་ཆེན་མོ་ལས། ལན་བདུན་པ་ལ་སྐྱེ་འཕགས་གཉིས། །འཕགས་པ་ལ་ཡང་ངེས་མ་ངེས། །རྣམ་གཉིས་ཉེར་བརྒྱད་ལེན་ནི་ཡང༌། །བདུན་ཚན་འདྲ་ཕྱིར་བདུན་ཞེས་དང༌། །དང་པོར་
ཐོབ་པའི་རྟེན་དེ་ལ། །མྱང་འདས་མངོན་དུ་བྱེད་པ་དེ། །གོང་འོག་གཉིས་ཀྱི་གཞུང་རྣམས་སུ། །སྐུ་མཆེད་གཉིས་ཀྱི་དགོངས་པར་འགྲུབ། །ཅེས་གསུངས་པའི་ཕྱིར། གཉིས་པ་རིགས་ནས་རིགས་སྐྱེ་ལ་མཚན་ཉིད། དབྱེ་བ། སྤང་རྟོགས་ཀྱི་ཁྱད་པར་རོ། །དང་པོ་ནི། འདོད་པའི་སས་བསྡུས་ཀྱི་སྒོམ་སྤངས་ཉོན་
མོངས་གསུམ་པ་སྤངས་ཤིང༌། འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་གཉིས་ངེས་པར་ལེན་པའི་སྤང་བྱ་རིམ་གྱིས་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན། རྒྱུན་ཞུགས་རིགས་ནས་རིགས་སྐྱེའི་མཚན་ཉིད། གཉིས་པ་དེ་ལ་དབྱེ་ན། ལྷའི་རིགས་ནས་རིགས་སྐྱེ་དང༌། མིའི་རིགས་ནས་རིགས་སྐྱེ་གཉིས་
ཡོད༑ གསུམ་པ་ལ། དེ་དག་གི་སྤངས་རྟོགས་ཀྱི་ཁྱད་པར་ཡོད་དེ། འདོད་ཉོན་གསུམ་པ་ངེས་པར་སྤངས། བཞི་པ་སྤངས་ཀྱང་རུང་མ་སྤངས་ཀྱང་རུང༌། ལྔ་པ་ངེས་པར་མ་སྤངས་པ་དགོས། རྟོགས་པའི་ཁྱད་པར་སྤང་བྱ་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་མ་ཐོབ་ཅི་རིགས་པ་ཡོད་པའི་ཕྱིར། ལྔ་པ་ངེས་
པར་མ་སྤངས་པ་དགོས་པའི་རྒྱུ་མཚན་ཡོད་དེ། དེ་སྤངས་ན་དྲུག་པ་སྤོང་བ་ལ་ཁམས་ལས་འདའ་མི་དགོས་ཤིང༌། འབྲས་བུ་ཁྱད་པར་ཅན་གསར་ཐོབ་ཡོད་པས་དྲུག་པ་སྤོང་བ་ལ་བརྩོན་པར་འགྱུར། དེ་སྤངས་ན་ཕྱིར་མི་འོང་དུ་འགྱུར་བས་འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་གཉིས་ལེན་པར་འགལ་བའི་ཕྱིར། ཀུན་
བཏུས་ལས། ལྔ་པ་སྤངས་པའི་ཕྱིར་མ་ཡིན་ནོ་ཞེ་ན་དེ་སྤངས་ན་དྲུག་པ་ཡང་ངེས་པར་སྤང་བར་འགྱུར་ཏེ། ཁམས་ལས་མི་འདའ་བའི་ཕྱིར་དང་འབྲས་བུ་ཁྱད་པར་ཅན་བཞག་ཏུ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། སྐྱེ་བ་ལེན་ཚུལ་ལ་རིགས་མཐུན་གྱི་སྐྱེ་སྲིད་བཞི་མི་ལེན་པ་ཡིན་གྱི་ལྷ་མི་རིགས་མི་མཐུན་པ་བཞི་
ལེན་པ་ཡོད་གསུང་བ་ཡོད་དོ། རིགས་ནས་རིགས་སྐྱེའི་རྣམ་གཞག་གོང་དུ་བཤད་པ་འཐད་པ་ཡིན་ཏེ། མཛོད་ལས། རྣམ་གསུམ་རྣམ་བཞི་ལས་གྲོལ་ཞིང༌། །ཆ་གཉིས་གསུམ་དུ་རིགས་ནས་རིགས། །ཞེས་གསུངས་པའི་ཕྱིར་དང༌། བློ་གསལ་འཇུག་པའི་ཐེམ་སྐས་ལས། །ཉོན་མོངས་གསུམ་དང་སྐྱེ་བ་གཉིས། །རིམ་
།བཞིན་ངེས་སྤངས་ངེས་པར་ལེན། །བཞི་པ་སྤངས་དང་སྐྱེ་བ་ནི། །གསུམ་པ་བླངས་དང་མ་བླངས་འདྲ། །སྤང་བྱ་ལྔ་པ་སྐྱེ་བ་བཞི། །ངེས་པར་མ་སྤངས་མ་བླངས་པར། །རིགས་ནས་རིགས་སྐྱེའི་ཁྱད་ཆོས་སུ། །མཁས་པ་རྣམས་ཀྱིས་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར། སྤང་
བྱ་ཅིག་ཅར་བའི་རྒྱུན་ཞུགས་བཤད་པ་ལ་མཚན་ཉིད། གཞུང་གིས་བསྟན་ཚུལ་རྣམས་ལས་མཚན་ཉིད་གོང་དུ་བཤད་ཟིན། གཞུང་གིས་བསྟན་ཚུལ་ལ། ཀུན་བཏུས་ལས། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་དེ་དུས་བདེན་པ་མངོན་རྟོགས་ཐོབ་རྗེས་སུ་ས་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ལ་
བརྟེན་ནས། ལམ་འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤང་བྱ་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་སྤོང་ཚུལ་ཆེན་པོའི་ཆེན་པོ་དགུ་རྣམ་པས་ཅིག་ཅར་ཏུ་སྤོང་བ་ནས་ཆུང་ངུའི་ཆུང་ངུ་དགུ་ཅིག་ཅར་དུ་སྤང་བ་དང༌། སྤང་བྱ་ཅིག་ཅར་བ་འབྲས་གནས་དང་མཐའ་གཉིས་ལ་འཇོག་པ་དང༌། དེ་ཡང་ཅིག་ཅར་
བའི་རྒྱུན་ཞུགས་ཀྱི་ཕལ་ཆེར་འཆི་ཁ་མ་ཚུན་ཆོད་དུ་མཐོང་ཆོས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད། དེ་ལ་མི་ནུས་ན་ཕྱི་མ་བར་དོའི་རྟེན་ལ་བྱེད། དེ་ལ་མི་ནུས་ན། སྨོན་ལམ་གྱི་སྟོབས་ཅན་ཡིན་པར་མྱང་འདས་ཐོབ་པའི་རྟེན་ཁྱད་པར་ཅན་དུ་སྨོན་ལམ་གྱི་དབང་གིས་སྐྱེས་ཏེ། སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་
འདོམ་ན་ཉན་ཐོས་ཀྱི་བྱང་ཆུབ་མངོན་དུ་བྱེད། མ་འདོམ་ན་རང་རྒྱལ་གྱི་ལམ་དུ་ཞུགས་ནས་རང་རྒྱལ་གྱི་བྱང་ཆུབ་མངོན་དུ་བྱེད་པའི་ཁྱད་ཆོས་རྣམ་པ་བདུན་བསྟན་པ་ཡིན་ཏེ། ཀུན་བཏུས་ལས། ཅིག་ཅར་ངེས་པར་འབྱིན་པ་གང་ཞེ་ན། གང་བདེན་པ་རྣམས་མངོན་པར་རྟོགས་པར་བྱས་ནས། མི་ལྕོགས་མེད་ལ་
བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་རྣམས་རྣམ་པས་ཅིག་ཅར་དུ་སྤངས་པ་གང་ཡིན་པ་དེ་ནི་རྒྱུན་དུ་ཞུགས་པ་དང་དགྲ་བཅོམ་པའི་འབྲས་བུ་སྟེ་འབྲས་བུ་གཉིས་ལ་གདགས་སོ། །ཕལ་ཆེར་ནི་མཐོང་བའི་ཆོས་སམ་འཆི་བའི་ཚེ་ཀུན་ཤེས་པ་ཉིད་ཐོབ་པར་
བྱེད་ལ། གལ་ཏེ་མི་བྱེད་ན་སྨོན་ལམ་གྱི་སྟོབས་ཅན་ཡིན་པས་སངས་རྒྱས་འབྱུང་བ་མེད་པ་ན་རང་རྒྱལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། བར་དོའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་ལ་འཆི་བའི་ཚེ་ཞེས་འཆད་པའི་རྒྱུ་མཚན་ཡོད་དེ། བར་དོ་ཚེ་ཐུང་བའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། ཀུན་ལས་བཏུས་
ཀྱི་ལུང་དོན་བསྡུ་ན་བདུན་དུ་འདུ་སྟེ། ཅིག་ཅར་བའི་རྒྱུན་ཞུགས་ཀྱིས་དུས་ནམ་གྱི་ཚེ་སྤང་བྱ་སྤོང༌། ས་གང་ལ་བརྟེན་ནས་སྤོང༌། ལམ་གང་གིས་སྤོང༌། སྤང་བྱ་གང་སྤོང༌། ཚུལ་ཇི་ལྟར་དུ་སྤོང༌། སྤངས་པའི་འབྲས་བུ་གང་ལ་བཞག །མྱང་འདས་མངོན་དུ་བྱེད་ཚུལ་དང་བདུན་དུ་འདུ་ལ། ཁ་ཅིག །ཅིག་ཅར་བ་རང་རྒྱལ་
དགྲ་བཅོམ་དུ་འཇུག་པ་ན་སློབ་ལམ་གྱི་ཚེ་ཉན་ཐོས་དང་དགྲ་བཅོམ་གྱི་ཚེ་རང་རྒྱལ་དུ་འགྱུར་བ་ཡིན་ཟེར་ན། མི་འཐད་དེ། ཀུན་ལས་བཏུས་པའི་ལུགས་ལ་ཉན་རང་གཉིས་སྤང་བྱ་ལ་ཁྱད་པར་མེད་ཀྱང༌། ཁྱད་ཆོས་དུ་མ་ཡོད་པ་སྲིད་པ་ཐ་མ་པའི་ཚེ་སློབ་དཔོན་གཞན་གྱི་གདམས་ངག་ལ་མ་བལྟོས་པར་རང་
ཉིད་ཀྱིས་བྱང་ཆུབ་མངོན་དུ་བྱེད་པ་ཙམ་གྱི། རང་རྒྱལ་དགྲ་བཅོམ་དུ་འགྱུར་ན་གཟུགས་མེད་ཉེར་འགྲོ་རྣམས་ཀྱང་རང་རྒྱལ་དགྲ་བཅོམ་དུ་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། དེས་ན་རང་ལུགས་ནི། རང་རྒྱལ་ལམ་དུ་འཇུག་པའི་ཚེ་རང་རྒྱལ་གྱི་ཚོགས་ལམ་ནས་འཇུག་ཅིང༌། དགྲ་བཅོམ་མ་ཐོབ་ཀྱི་བར་དུ་སྤང་བྱ་ཅིག
ཅར་བའི་རྒྱུན་ཞུགས་སུ་བཞག་ན། དགེ་འདུན་ཉི་ཤུ་ཆེན་མོ་དང༌། ཆོས་མངོན་རྒྱ་མཚོའི་སྙིང་པོ་སོགས་དང་མཐུན་པར་འདྲའོ། །ཁ་ཅིག །སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་མངོན་པ་གོང་མ་བ་ཁོ་ནའི་ལུགས་ཡིན་གྱི། འོག་མ་པ་ལ་མ་གྲགས་ཟེར་ན། དེ་མི་འཐད་དེ། མཛོད་ལས། ཉེར་བསྡོགས་མི་ལྕོགས་མེད་
པ་ཡི༑ ༑ཐམས་ཅད་ལ་ནི་འདོད་ཆགས་བྲལ། །ཞེས་པའི་གཞུང་གིས་གྲུབ་པའི་ཕྱིར་ཏེ། ཉེར་བསྡོགས་མི་ལྕོགས་མེད་ལ་བརྟེན་ནས་ཁམས་གསུམ་པོ་ཐམས་ཅད་ལ་ཆགས་བྲལ་བྱེད་པ་དང་བྱས་པ་བར་པ་གཉིས་ལ་མེད་པའི་ཕྱིར། སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་ནི་རྒྱུན་ཞུགས་ཐམས་ཅད་ཀྱི་ནང་ནས་
དབང་པོ་ཤིན་ཏུ་རྣོ་བས། ཁམས་དང་ས་སོ་སོར་མ་ཕྱེ་བར་ཁམས་གསུམ་གྱི་འདུས་བྱས་ཐམས་ཅད་མི་རྟག །ཟག་བཅས་ཐམས་ཅད་སྡུག་བསྔལ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་སྙམ་དུ་ཡུན་རིང་དུ་བསྲིངས་ནས་བསྒོམ་བྱའི་གཙོ་བོར་བྱས་ནས་བསྒོམས་པས་ཁམས་གསུམ་གྱི་ཉོན་མོངས་ཆེན་
པོའི་ཆེན་པོ་དགུ་ཅིག་ཅར་དུ་སྤོང་བ་སོགས་ནུས་པ་ཡིན་པའི་ཕྱིར་ཏེ། དཔེར་ན། གོམ་པ་ཤས་ཆེ་ཆུང་གི་དབང་གིས་མཐོང་སྤངས་ཉོན་མོངས་དང་སྒོམ་སྤངས་ཉོན་མོངས་སྤོང་ནུས་མི་ནུས་ཀྱི་ཁྱད་པར་བྱུང་བ་དེ། བདག་མེད་མངོན་སུམ་དུ་རྟོགས་མ་རྟོགས་ཀྱི་ཁྱད་པར་གྱིས་མ་ཡིན་པ་ལྟ་བུ་ཡིན་པའི་ཕྱིར།
གཉིས་པ། ཕྱིར་འོང་ཞུགས་འབྲས་བཤད་པ་ལ། ཞུགས་པ་བཤད་པ། འབྲས་གནས་བཤད་པ་དང་གཉིས། དང་པོ། །མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན། སྤངས་རྟོགས་ཀྱི་ཁྱད་པར། ས་མཚམས་ཀྱི་ཁྱད་པར་བཤད་པའོ། །དང་པོ་ལ། འདོད་པ་ལ་འདུན་པའི་འདོད་སྲེད་
དྲུག་པ་མངོན་གྱུར་བ་ལ་ཆགས་བྲལ་བྱས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཞུགས་པའི་གང་ཟག །ཕྱིར་འོང་ཞུགས་པའི་མཚན་ཉིད། གཉིས་པ་ལ་དབང་པོའི་དབྱེ་བ་སླ། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པ། འབྲས་
བུ་རིམ་བརྒྱུད་པའི་ཕྱིར་འོང་ཞུགས་པ་གཉིས། དང་པོའི་མཚན་ཉིད། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་མངོན་གྱུར་བ་ལ་ཆགས་བྲལ་བྱས་པའི་ཕྱིར་འོང་ཞུགས་པ། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་པའི་མཚན་ཉིད། དེས་མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་ལ་ཆགས་པ་དང་བྲལ་
བ་ཙམ་གྱི་ཕྱིར་འོང་གི་འབྲས་བུ་ཐོབ་ནུས་པ་མ་ཡིན་ཏེ། དེའི་སྟེང་དུ་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པ་དགོས་པའི་ཕྱིར། མཛོད་ལས། འཇིག་རྟེན་པ་ཡི་ཐོབ་འབྲས་ནི། །བསྲེས་ནས་ཟག་མེད་ཐོབ་འཛིན་ཕྱིར། །ཞེས་གསུངས་པའི་ཕྱིར། གཉིས་པའི་མཚན་ཉིད། ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་
བརྩོན་བཞིན་པའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ནོ། །གསུམ་པ། དེའི་སྤངས་རྟོགས་ཀྱི་ཁྱད་པར་ཡོད་དེ། འདོད་པ་ལ་འདུན་པའི་འདོད་སྲེད་དྲུག་པ་མངོན་གྱུར་བ་སྤངས་མ་སྤངས་ཅི་རིགས་ཡོད། དགུ་པ་ངེས་པར་མ་སྤངས་དགོས། རྟོགས་པའི་ཁྱད་པར་དེ་དག་གི་དངོས་ཀྱི་གཉེན་པོ་ཟག་མེད་ཀྱི་དབང་པོ་
ཐོབ་མ་ཐོབ་ཅི་རིགས་ཡོད། ལྔ་པ་ལ། དང་པོའི་ས་མཚམས་རྒྱུན་ཞུགས་ཞུགས་པ་དང་མཚུངས། གཉིས་པའི་ས་མཚམས་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་གྱི་རྟོགས་པ་ཐོབ་པ་ནས་འདོད་ཉོན་དྲུག་པའི་དངོས་གཉེན་བར་ཆད་མེད་ལམ་ལ་གནས་ཀྱི་བར་དུ་ཡོད། མངོན་པ་གོང་འོག་གཉིས་ལ། ཇི་ཙམ་ནས་
ཕྱིར་འོང་གི་ཞུགས་པར་འཇོག་མི་འཇོག་གི་ཁྱད་པར་ཡོད་དེ། བློ་གསལ་འཇུག་པའི་ཐེམ་སྐས་ལས། དྲུག་པའི་བར་སྤོང་བརྩོན་པ་དང༌། །ངེས་པར་དྲུག་པ་སྤོང་བརྩོན་པ། །ཕྱིར་འོང་ཞུགས་ཡིན་ཞེས་པ་ནི། །གོང་འོག་གཉིས་ཀྱི་ཁྱད་པར་རོ། །ཞེས་གསུངས་པ་ལྟར་ཡིན་པའི་ཕྱིར། གཉིས་པ་ཕྱིར་འོང་
འབྲས་གནས་ལ་སྤྱི་དང༌། ཕྱིར་འོང་བར་ཆད་གཅིག་པ་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ལ་མཚན་ཉིད། དབྱེ་བ། དང་པོ་ལ། འདོད་པ་ལ་འདུན་པའི་འདོད་སྲེད་དྲུག་པ་མངོན་གྱུར་བ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག །ཕྱིར་འོང་འབྲས་གནས་ཀྱི་མཚན་ཉིད། དབང་པོའི་སྒོ་
ནས་དབྱེ་བ་སོགས་སླ། སྤང་བྱ་སྤང་ཚུལ་གྱི་སྒོ་ནས་དབྱེ་ན། ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས། འབྲས་བུ་རིམ་བརྒྱུད་པའི་ཕྱིར་འོང་འབྲས་གནས་དང་གཉིས། དང་པོ་ལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་འདོད་སྲེད་དྲུག་པ་མངོན་གྱུར་བ་སྤངས་པའི་ཕྱིར་འོང༌། དང་པོའི་མཚན་ཉིད། རྒྱུན་
ཞུགས་འབྲས་གནས་ཁྱད་པར་ཅན་གྱི་སྟོབས་ཀྱིས་ཐོབ་པའི་ཕྱིར་འོང༌། གཉིས་པའི་མཚན་ཉིད། ཕྱིར་འོང་གི་སྤངས་རྟོགས་ཀྱི་ཁྱད་པར་ཡོད་དེ། སྤངས་པའི་ཁྱད་པར་འདོད་པ་ལ་འདུན་པའི་འདོད་སྲེད་དྲུག་པ་མངོན་གྱུར་བ་སྤངས་པས་ཁྱབ། བརྒྱད་པའི་བར་སྤངས་མ་སྤངས་ཅི་རིགས་ཡོད། དགུ་པ་མ་སྤངས་པས་
ཁྱབ༑ རྟོགས་པའི་ཁྱད་པར་དེ་དག་མངོན་གྱུར་བའི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་མ་ཐོབ་ཅི་རིགས་ཡོད་པའི་ཕྱིར་ཏེ། མཛོད་ལས་ཀྱང༌། རྣམ་པ་དྲུག་པ་ཟད་གྱུར་པ། །དེ་ནི་ལན་ཅིག་ཕྱིར་འོང་ཡིན། །ཞེས་གསུངས་པའི་ཕྱིར། ས་མཚམས་ཉན་ཐོས་ཀྱི་མཐོང་ལམ་རྗེས་ཤེས་ནས། འདོད་ཉོན་དགུ་པའི་བར་
ཆད་མེད་ལམ་ལ་གནས་ཀྱི་བར་དུ་ཡོད། གཉིས་པ་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ་བྱེ་བྲག་ཏུ་བཤད་པ་ལ། འདོད་པའི་སས་བསྡུས་ཀྱི་སྒོམ་སྤངས་ཉོན་མོངས་བདུན་པ་སྤངས། དགུ་པ་མངོན་གྱུར་བ་མ་སྤངས་པའི་འདོད་པར་རིགས་མཐུན་གྱི་སྐྱེ་སྲིད་གཅིག་ཁོ་ན་བླངས། འདོད་ལྷའི་རྟེན་ལ་མྱང་འདས་མངོན་དུ་
བྱེད་པའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན། ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པའི་མཚན་ཉིད། དེ་ལ་དབྱེ་ན། ལྷ་དང་མིའི་རྟེན་ཅན་གཉིས་ཡོད། དེ་ལ་ཚེ་གཅིག་བར་ཆད་གཅིག་པ་ཞེས་འཆད་པའི་རྒྱུ་མཚན་ཡོད་དེ། ཕྱིར་མི་འོང་གི་འབྲས་བུ་ཐོབ་པ་ལ་འདོད་ཉོན་དགུ་པས་བར་དུ་ཆོད། མྱང་འདས་ཐོབ་པ་ལ་
རིགས་མཐུན་གྱི་ཚེ་གཅིག་གིས་བར་དུ་ཆོད་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། དེའི་སྤངས་རྟོགས་ཀྱི་ཁྱད་པར་ཡོད་དེ། འདོད་ཉོན་བདུན་པ་ནས་བརྒྱད་པའི་བར་སྤངས་མ་སྤངས་ཅི་རིགས་ཡོད། དགུ་པ་མ་སྤངས་པས་ཁྱབ། རྟོགས་པའི་ཁྱད་པར་སྤང་བྱ་དེ་དག་གི་དངོས་ཀྱི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་མ་
ཐོབ་ཅི་རིགས་ཡོད་པའི་ཕྱིར། དེས་ན་ཚེ་གཅིག་བར་ཆད་གཅིག་པའི་རྣམ་གཞག་དེ་ལྟར་འཐད་དེ། མཛོད་ལས། ཉེས་ཆ་བདུན་ནམ་བརྒྱད་ཟད་པ། །ཚེ་གཅིག་བར་ཆད་གཅིག་པ་དང༌། །གསུམ་པ་ལ་ནི་ཞུགས་པའང་ཡིན། །ཞེས་དང༌། བློ་གསལ་འཇུག་པའི་ཐེམ་སྐས་ལས། །ཕྱིར་འོང་
བར་ཆད་གཅིག་པ་ནི། །ཉོན་མོངས་བདུན་ནམ་བརྒྱད་སྤངས་ཤིང༌། །ཚེ་འཕོས་འདོད་ལྷའི་རྟེན་དེ་ལ། །མྱང་འདས་མངོན་དུ་བྱེད་བར་ངེས། །ཞེས་གསུངས་པའི་ཕྱིར། དེ་ལ་ཡང་ཆགས་བྲལ་སྔོན་སོང་ཡོད་དེ། མཛོད་འགྲེལ་ལས། སྔོན་རྣམ་པ་གསུམ་དང་བཞི་སྤངས་པ་འམ་བདུན་ནམ་བརྒྱད་སྤངས་པ་ཇི་སྲིད་དུ་
འབྲས་བུ་ཁྱད་པར་ཅན་གྱི་ལམ་མ་ཐོབ་པ་དེ་སྲིད་དུ་རིགས་ནས་རིགས་སུ་སྐྱེ་བ་དང༌། གཞན་བར་ཆད་གཅིག་པ་མ་ཡིན་ནོ། །ཞེས་གསུངས་པའི་ཤུགས་ལ་འགྲུབ་པའི་ཕྱིར། གསུམ་པ་ཕྱིར་མི་འོང་ལ་ཞུགས་པ་བཤད་པ་དང༌། འབྲས་གནས་བཤད་པ་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ། སྤངས་
རྟོགས་ཀྱི་ཁྱད་པར། ས་མཚམས་རྣམས་ལས། དང་པོ་ནི། འདོད་པ་ལ་འདུན་པའི་འདོད་སྲེད་དགུ་པ་མངོན་གྱུར་བ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཞུགས་པའི་གང་ཟག །ཕྱིར་མི་འོང་ཞུགས་པའི་མཚན་ཉིད། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན། ཆགས་བྲལ་སྔོན་སོང་གི་ཕྱིར་མི་
འོང་ཞུགས་པ་དང༌། འབྲས་བུ་རིམ་བརྒྱུད་པའི་ཕྱིར་མི་འོང་གི་ཞུགས་པ་གཉིས། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་འདོད་སྲེད་དགུ་པ་མངོན་གྱུར་བ་ལ་ཆགས་བྲལ་བྱས་པའི་ཕྱིར་མི་འོང་ཞུགས་པ། དང་པོའི་མཚན་ཉིད། ཕྱིར་མི་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་འབྲས་བུ་རིམ་བརྒྱུད་པའི་ཕྱིར་
འོང་འབྲས་གནས་ཁྱད་པར་ཅན། གཉིས་པའི་མཚན་ཉིད། དེ་ལ་ཁ་ཅིག །ཆགས་བྲལ་སྔོན་སོང་གི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དང་པོ་དེའི་ཕྱིར། དེར་ཐལ། ཆགས་བྲལ་སྔོན་སོང་གང་ཞིག །ཕྱིར་མི་འོང་ཞུགས་པ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།
རྟགས་བསལ་ཆོས་ཅན་གྱིས་སྒྲུབ་ཟེར་ན། འོ་ན། དེ་ཆོས་ཅན། ཕྱིར་འོང་ཞུགས་བ་ཡིན་པར་ཐལ། ཕྱིར་འོང་གང་ཞིག །ཞུགས་པ་ཡིན་པའི་ཕྱིར། འཁོར་གསུམ་དོན་ལ་ཁས། གཞན་ཡང་དེ་ཆོས་ཅན། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་འདོད་སྲེད་དགུ་པ་མངོན་གྱུར་བ་ལ་ཆགས་བྲལ་བྱས་པའི་ཕྱིར་
མི་འོང་ཞུགས་པ་ཡིན་པར་ཐལ། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཞུགས་པ་ཡིན་པའི་ཕྱིར། མ་ཁྱབ་ན། རྒྱུན་ཞུགས་ལ་ཡང་ཆགས་བྲལ་སྔོན་སོང་ཡོད་པར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་གསུམ་པ་དང་བཞི་པ་ལ་ཆགས་བྲལ་བྱས་པའི་རྒྱུན་ཞུགས་ཡོད་པ་གང་ཞིག །མ་ཁྱབ་པ་དེའི་ཕྱིར། གཞན་ཡང༌།
དེའི་སྟོབས་ཀྱིས་ཐོབ་པའི་ཕྱིར་མི་འོང་དེ་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་ཡིན་པར་ཐལ། དམ་བཅའ་དེའི་ཕྱིར། འདོད་ན། ཁྱོད་དང་རྒྱུད་གཅིག་ཏུ་གྱུར་པའི་ཕྱིར་འོང་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་སོ། །ཕྱིར་མི་འོང་ཞུགས་པའི་སྤངས་རྟོགས་ཀྱི་ཁྱད་པར་ཡོད་དེ། སྤངས་པའི་ཁྱད་པར་འདོད་པ་ལ་འདུན་
པའི་འདོད་སྲེད་མངོན་གྱུར་བ་དང་པོ་ནས་བརྒྱད་པའི་བར་ལ་ཆགས་བྲལ་བྱས་ཀྱང་རུང་མ་བྱས་ཀྱང་རུང༌། འདོད་ཉོན་དགུ་པ་མ་སྤངས་པ་དགོས། རྟོགས་པའི་ཁྱད་པར་དེ་རྣམས་ཀྱི་དངོས་ཀྱི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་མ་ཐོབ་ཅི་རིགས་ཡོད་པའི་ཕྱིར། དང་པོའི་ས་མཚམས་ཆགས་བྲལ་སྔོན་སོང་གི་ཕྱིར་འོང་ཞུགས་
པ་དང་མཚུངས། འབྲས་བུ་རིམ་བརྒྱུད་པའི་ཞུགས་པའི་ས་མཚམས་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་གྱི་རྟོགས་པ་ཐོབ་པ་ནས་འདོད་ཉོན་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ལ་གནས་ཀྱི་བར་དུ་ཡོད། གཉིས་པ་འབྲས་གནས་བཤད་པ་ལ། མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན་དང་གསུམ། དང་པོ་ལ། ཐ་
མའི་ཆ་མཐུན་ལྔ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག །ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། ཐ་མའི་ཆ་མཐུན་ལྔའི་ཁྱད་པར་ཡོད་དེ། ཀུན་སྦྱོར་གསུམ། འདོད་པ་ལ་འདུན་པ། གནོད་སེམས་དང་ལྔ་ཡིན་པའི་ཕྱིར། ལྔ་པོ་དེ་ལ་ཐ་མའི་ཆ་མཐུན་ཞེས་འཆད་པའི་རྒྱུ་མཚན་
ཡོད་དེ། ཕྱི་མ་གཉིས་ཀྱི་ཁམས་ཀྱི་ཐ་མ་འདོད་པ་ལས་འདའ་བར་མི་བྱེད། ཀུན་སྦྱོར་གསུམ་གྱི་འགྲོ་བའི་ཐ་མ་སོ་སྐྱེ་ལ་སྦྱོར་པར་བྱེད་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར་ཏེ། མཛོད་ལས། གཉིས་ཀྱི་འདོད་ལས་མི་འདའ་ཞིང༌། །གསུམ་པོ་ཡིས་ནི་ཕྱིར་ལོག་བྱེད། །ཅེས་གསུངས་པའི་ཕྱིར། གཉིས་པ་ལ་
སྤང་བྱའི་སྒོ་ནས་དབྱེ་ན། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་དང༌། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གཉིས། འཕགས་ཆོས་རྟེན་ཚུལ་གྱི་སྒོ་ནས་དབྱེ་ན་འདོད་པར་ཚེ་ཡོངས་གྱུར་གྱིས་ཕྱིར་མི་འོང་དང༌། འདོད་པར་ཚེ་ཡོངས་སུ་མ་གྱུར་པའི་ཕྱིར་མི་འོང་གཉིས། དབང་པོ་དང༌། སྦྱོར་བའི་དབྱེ་བ་གོང་དུ་བཤད་
པས་ཤེས། གསུམ་པ་ཕྱེ་བ་སོ་སོའི་དོན་ལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་འདུན་སྲེད་མངོན་གྱུར་བ་དགུ་པ་ལ་ཆགས་བྲལ་བྱས་པའི་ཕྱིར་མི་འོང་འབྲས་གནས། ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་གི་མཚན་ཉིད། ཁ་ཅིག །རང་དང་རྒྱུད་གཅིག་ཏུ་གྱུར་པའི་ཕྱིར་འོང་
འབྲས་གནས་ཁྱད་པར་ཅན་གྱི་སྟོབས་ཀྱིས་ཐོབ་པའི་ཕྱིར་མི་འོང༌། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གི་མཚན་ཉིད་ཟེར་ན། ཐོད་བརྒལ་བའི་ཕྱིར་འོང་འབྲས་གནས་ཁྱད་པར་ཅན་གྱི་སྟོབས་ཀྱིས་ཐོབ་བའི་ཕྱིར་མི་འོང་ཆོས་ཅན། མཚོན་བྱ་དེར་ཐལ། མཚན་ཉིད་དེའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར། འདོད་ན། རང་དང་རྒྱུད་
གཅིག་ཏུ་གྱུར་པའི་རྒྱུན་ཞུགས་འབྲས་གནས་སྔོན་དུ་སོང་བར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་སོ། །ཁོ་ན་རེ། དེ་འདྲའི་ཕྱིར་མི་འོང་ཆོས་ཅན། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་ཡིན་པར་ཐལ། ཕྱིར་འོང་དང་ཕྱིར་མི་འོང་གི་འབྲས་བུ་རིམ་གྱིས་བརྒྱུད་པའི་ཕྱིར་མི་འོང་ཡིན་པའི་ཕྱིར། ཟེར་ན། མ་ཁྱབ། འདོད་ན། དེ་ཆོས་
ཅན། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་མ་ཡིན་པར་ཐལ། འབྲས་བུ་ཐོད་བརྒལ་བའི་ཕྱིར་མི་འོང་ཡིན་པའི་ཕྱིར། དེར་ཐལ། རྒྱུན་ཞུགས་ཀྱི་འབྲས་བུ་ལས་ཐོད་བརྒལ་ཏེ། ཕྱིར་འོང་གི་འབྲས་བུ་མངོན་དུ་བྱས་པའི་ཕྱིར་མི་འོང་ཡིན་པའི་ཕྱིར། འཁོར་གསུམ། གཞན་ཡང༌། དེ་ཆོས་ཅན། ཆགས་བྲལ་སྔོན་
སོང་གི་དེ་ཡིན་པར་ཐལ། མཐོང་ལམ་གྱི་སྔ་རོལ་དུ་འདོད་ཉོན་དྲུག་པ་ལ་ཆགས་བྲལ་བྱས་པའི་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས་སོ། །རང་ལུགས་ལ། རང་དང་རྒྱུད་གཅིག་ཏུ་གྱུར་པའི་འབྲས་བུ་རིམ་གྱིས་པའི་ཕྱིར་འོང་གི་སྟོབས་ཀྱིས་ཐོབ་པའི་ཕྱིར་མི་འོང༌། འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གི་མཚན་ཉིད། འདོད་
པར་འཕགས་ཆོས་སྐྱེ་བ་བརྒྱུད་མར་བརྟེན་ནས་འདོད་པའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང༌། འདོད་པར་ཚེ་ཡོངས་གྱུར་གྱི་ཕྱིར་མི་འོང་གི་མཚན་ཉིད། དཔེར་ན། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་དང་རྒྱུད་གཅིག་ཏུ་གྱུར་པའི་ཕྱིར་མི་འོང་ལྟ་བུའོ། །མཐོང་ལམ་ཐོབ་པའི་ཚེ་དེ་ལ་ཕྱིར་མི་འོང་གི་འབྲས་བུ་
གསར་དུ་ཐོབ་པའི་ཕྱིར་མི་འོང༌། འདོད་པར་ཚེ་ཡོངས་སུ་མ་གྱུར་པའི་ཕྱིར་མི་འོང་གི་མཚན་ཉིད། དེ་གཉིས་ཀྱི་དང་པོ་ཁམས་གོང་དུ་སྐྱེ་བ་མི་ལེན་ཏེ། མཛོད་ལས། འདོད་པར་ཚེ་ཡོངས་གྱུར་པའི་འཕགས། །ཁམས་གཞན་དུ་ནི་འགྲོ་བ་མེད། །ཅེས་གསུངས་པའི་ཕྱིར། འདོད་པར་ཚེ་ཡོངས་སུ་མ་གྱུར་པའི་ཕྱིར་མི་
འོང་ལ་དབྱེ་ན། གཟུགས་ཉེར་འགྲོའི་ཕྱིར་མི་འོང་དང༌། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང༌། ཕྱིར་མི་འོང་མཐོང་ཆོས་ཞི། ལུས་མངོན་བྱེད་དང་བཞི། དང་པོ་ལ། འདོད་པ་ནས་ཤི་འཕོས་ཏེ་གཟུགས་ཁམས་སུ་ཉིང་འཚམས་སྦྱར་ནས་ཁམས་གོང་གི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་གཟུགས་
ཉེར་འགྲོའི་ཕྱིར་མི་འོང་གི་མཚན་ཉིད། དེ་ལ་དབྱེ་ན། གཟུགས་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ། སྐྱེ་འདའ་བ། གོང་འཕོ་བ་དང་གསུམ། དང་པོ་ལ། འདོད་པ་ནས་ཤི་འཕོས་ཏེ་གཟུགས་ཀྱི་བར་སྲིད་དུ་སྐྱེ་བ་གཅིག་ཁོ་ན་བླངས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པའི་གཟུགས་ཉེར་འགྲོའི་ཕྱིར་མི་འོང༌། གཟུགས་ཉེར་འགྲོའི་ཕྱིར་
མི་འོང་བར་འདའ་བའི་མཚན་ཉིད། དེ་ལ་དབྱེ་ན། མྱུར་བར་འདའ་བ། མྱུར་བ་མ་ཡིན་པར་འདའ་བ། དུས་ཡུན་རིང་མོ་ཞིག་ནས་འདའ་བ་དང་གསུམ། ཁ་ཅིག །དང་པོ་འདིས་གཟུགས་ཀྱི་བར་སྲིད་གྲུབ་མ་ཐག་ཏུ་མྱང་འདས་མངོན་དུ་བྱེད་པ་ཡིན་ཟེར་ན། འོ་ན། ལས་ཉོན་གྱི་དབང་གིས་འཆི་འཕོ་བཞིན་པའི་ཉན་ཐོས་ཀྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་
ངེ་འཛིན་ལ་མཉམ་པར་གཞག་པའི་ཕྱིར་མི་འོང་ཡོད་པར་ཐལ། འཆི་སྲིད་འགགས་པ་དང༌། བར་སྲིད་གྲུབ་པ་དུས་མཉམ་པ་གང་ཞིག །ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། འཆི་སྲིད་སྲིད་པ་ཉོན་མོངས་ཅན་ཡིན་པའི་ཕྱིར་དང༌། འཆི་བའི་ཚེ་ཀུན་ཤེས་པ་ཉིད་ཅེས་སོགས་ཀྱིས་དོན་བར་དོའི་རྟེན་ལ་མཛད་པའི་ཕྱིར། རང་
ལུགས་དེ་གསུམ་གྱི་ཁྱད་པར་ཡོད་དེ། བར་སྲིད་གྲུབ་པའི་དུས་སྐད་ཅིག་གཉིས་པའི་དུས་སུ་མྱང་འདས་མངོན་དུ་བྱེད་པ་དང་པོ་དང༌། དེའི་ཚེའི་དཀྱིལ་ཏུ་མྱང་འདས་མངོན་དུ་བྱེད་པ་གཉིས་པ་དང༌། དེའི་ཚེ་འཇུག་ཏུ་མྱང་འདས་མངོན་དུ་བྱེད་པ་གསུམ་པ་ཡིན་པའི་ཕྱིར་ཏེ། དེ་གསུམ་ཞོག་མའི་མེ་སོགས་དཔེ་གསུམ་གྱིས་བསྟན་ནས་ཤེས་ནུས་
པའི་ཕྱིར། འདོད་པ་ནས་ཤི་འཕོས་ནས་གཟུགས་ཁམས་སུ་སྐྱེ་སྲིད་གཅིག་ཁོ་ན་བླངས་ཏེ་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པའི་གཟུགས་ཉེར་འགྲོའི་ཕྱིར་མི་འོང༌། གཟུགས་ཉེར་འགྲོའི་ཕྱིར་མི་འོང་སྐྱེ་འདའ་བའི་མཚན་ཉིད། དེ་ལ་དབྱེ་ན། སྐྱེས་ཙམ་ནས་འདའ་བ་དང་མངོན་པར་འདུ་བྱེད་མེད་པར་འདའ་བ། མངོན་པར་འདུ་
བྱེད་དང་བཅས་ཏེ་འདའ་བ་དང་གསུམ། དེ་གསུམ་གྱི་ཁྱད་པར་ཡོད་དེ། གཟུགས་ཀྱི་སྐྱེ་སྲིད་གྲུབ་པའི་སྐད་ཅིག་གཉིས་པའི་དུས་སུ་མྱང་འདས་མངོན་དུ་བྱེད་པའི་སྐྱེ་འདའ་བ་དེ་དང་པོ་དང༌། སྐྱེ་སྲིད་གྲུབ་ནས་འབད་རྩོལ་རགས་པ་ལ་མི་བལྟོས་པར་མྱང་འདས་མངོན་དུ་བྱེད་བའི་སྐྱེ་འདའ་བ་གཉིས་པ། འབད་རྩོལ་རགས་པ་
།དང་བཅས་ཏེ་གཟུགས་ཀྱི་སྐྱེ་སྲིད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་སྐྱེ་འདའ་བ་གསུམ་པ་ཡིན། ཁ་ཅིག་བར་འདའ་བས་ཐོག་མ་ནས་ལྷག་མེད་མྱང་འདས་མངོན་དུ་བྱེད་པ་ཡིན་ཟེར་ན། འོ་ན། མྱང་འདས་མངོན་དུ་བྱེད་ཁ་མའི་བར་དོའི་ལུས་དེ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡིན་ནམ་
མ་ཡིན། ཡིན་ན་དེ་དང་བཅས་བཞིན་དུ་མྱང་འདས་མངོན་དུ་བྱེད་པས་མྱང་འདས་དེ་ལྷག་མེད་མྱང་འདས་སུ་འགལ། མ་ཡིན་ན་མ་རིག་བག་ཆགས་ཀྱིས་དང་ཟག་མེད་ཀྱི་ལས་དབང་གིས་སྐྱེ་བ་ལེན་ནུས་ཀྱི་ཕྱིར་མི་འོང་ཡོད་པར་འགྱུར། བར་དོའི་ལུས་དེ་དོར་བ་དང་མྱང་འདས་མངོན་དུ་བྱེད་པ་དུས་མཉམ་པ་ཡིན་ཟེར་
ན། དེ་ཤི་མ་འཕོས་པར་ལུས་འདོར་མི་ནུས་པས་བར་དོའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་དང་འགལ་ཞིང༌། བར་དོ་ནས་འཆི་བཞིན་པའི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ལ་གནས་པའི་གང་ཟག་ཡོད་པར་འགྱུར་རོ། །གོང་འཕོ་ལ་མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན་རྣམས་དང༌། གནས་གཙང་དུ་སྐྱེ་བ་ལེན་
པའི་རྒྱུ་བསམ་གཏན་སྤེལ་སྒོམ་བཤད་པ་དང་བཞི། དང་པོ་ལ། གཟུགས་ཁམས་སུ་སྐྱེ་བ་གཉིས་བརྒྱུད་མར་བླངས་ནས་ཁམས་གོང་གི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་གཟུགས་ཉེར་འགྲོའི་ཕྱིར་མི་འོང༌། གཟུགས་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་བའི་མཚན་ཉིད། དེ་ལ་དབྱེ་ན། གོང་འཕོ་འོག་མིན་མཐར་ཐུག
འགྲོ་དང༌། སྲིད་རྩེའི་མཐར་ཐུག་འགྲོ་གཉིས་ཡོད། འདོད་པ་ནས་ཤི་འཕོས་ནས་གཟུགས་ཁམས་སུ་སྐྱེ་སྲིད་གཉིས་ཡན་ཆད་འཕར་མར་བླངས་ནས་གནས་གཙང་གི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་གཟུགས་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་གཟུགས་ཉེར་འགྲོའི་ཕྱིར་མི་འོང་གོང་འཕོ་འོག་མིན་མཐར་ཐུག་འགྲོའི་
མཚན་ཉིད། དེ་ལ་དབྱེ་ན། གོང་འཕོ་འོག་མིན་མཐར་ཐུག་འགྲོ་འཕར་བ། ཕྱེད་དུ་འཕར་བ། གནས་ཐམས་ཅད་དུ་འཆི་འཕོ་བ་དང་གསུམ། དེ་གསུམ་གྱི་མཚན་གཞི་ཡོད་དེ། འདོད་པ་ནས་ཤི་འཕོས་ནས་ཚངས་རིས་སུ་སྐྱེས། དེ་ནས་ཤི་འཕོས་ནས་མི་ཆེ་བར་སྐྱེས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པ་ལྟ་བུ་དང་པོ་
དང༑ འདོད་པ་ནས་ཤི་འཕོས་ཚངས་རིས་སུ་སྐྱེས་དེ་ནས་ཤི་འཕོས་ནས་མི་ཆེ་བར་སྐྱེས། དེ་ནས་ཤི་འཕོས་ནས་འོག་མིན་དུ་སྐྱེས་དེར་མྱང་འདས་མངོན་དུ་བྱེད་པ་ལྟ་བུ་གཉིས་པ་དང༌། འདོད་པ་ནས་ཤི་འཕོས་ནས་ཚངས་ཆེན་མ་གཏོགས་པའི་གཟུགས་ཁམས་གནས་རིགས་བཅུ་དྲུག་གི་ནང་ནས་གཅིག་ལ་འཕར་ནས་
འོག་མིན་གྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་གཟུགས་ཉེར་འགྲོའི་ཕྱིར་མི་འོང་ལྟ་བུ་གསུམ་པ་ཡིན་པའི་ཕྱིར། དེ་ཡང་གནས་གཅིག་ལས་འཕར་དགོས་ཏེ། འཕར་གསུམ་ཞེས་གསུངས་པའི་ཕྱིར། ཕྱིར་མི་འོང་ཚངས་ཆེན་དུ་མི་སྐྱེ་སྟེ། ཚངས་ཆེན་ལོག་ལྟའི་གནས་ཡིན་པས་ལམ་གྱི་ནུས་པས་དེར་སྐྱེ་སྒོ་གཅོད་ནུས་པ་དང༌།
ཚངས་པ་ཆེན་པོས་འགྲན་ཟླ་མེད་པའི་ལས་བསགས་པས་འདིར་གཙོ་བོ་གཅིག་ཏུ་ཟད་པའི་ཕྱིར། གོང་འཕོ་དགུ་པོ་དེ་ལ་ལམ་དབང་ཉོན་མོངས་གསུམ་གྱི་ཁྱད་པར་ཡོད་དེ། འདའ་བ་དང་པོ་གསུམ་པོ་དེ་མངོན་པར་འགྲུབ་བྱེད་ཀྱི་ལས་དང་ལྡན། ལས་གཞན་གཉིས་དང་མི་ལྡན། འདའ་བ་བར་པ་གསུམ་པོ་དེ་མངོན་པར་
འགྲུབ་བྱེད་ཀྱི་ལས་དང༌། སྐྱེས་ནས་མྱོང་འགྱུར་གྱི་ལས་གཉིས་དང་ལྡན། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་དང་མི་ལྡན། འཕར་བ་གསུམ་པོ་ལས་གསུམ་ག་དང་ལྡན་པའི་ཕྱིར། དེ་རྣམས་དབང་པོ་རྣོ་རྟུལ་གྱི་ཁྱད་པར་ཡོད་དེ། དང་པོ་གསུམ་དབང་པོ་རྣོ། །བར་པ་གསུམ་དབང་པོ་འབྲིང༌། ཐ་མ་གསུམ་
དབང་པོ་རྟུལ་བ་ཡིན་པའི་ཕྱིར། དེ་གསུམ་ལ་ཉོན་མོངས་ཤས་ཆེ་ཆུང་གི་ཁྱད་པར་ཡོད་དེ། དང་པོ་གསུམ་ཉོན་མོངས་ཤས་ཆུང༌། བར་པ་གསུམ་ཤས་འབྲིང༌། ཐ་མ་གསུམ་ཤས་ཆེ་བ་ཡིན་པའི་ཕྱིར། མཛོད་ལས། གཟུགས་སུ་ཉེ་བར་འགྲོ་བ་དགུ་༌།བཤད་དོ་དེ་དག་ཁྱད་པར་རྣམས། །ལས་དབང་ཉོན་མོངས་བྱེ་བྲག
ལས༑ ༑ཞེས་གསུངས་པའི་ཕྱིར། འདོད་པ་ནས་ཤི་འཕོས་ཏེ་གཟུགས་སུ་ཉིང་འཚམས་སྦྱར། དེ་ནས་ཤི་འཕོས་ཏེ། གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་གཟུགས་ཉེར་འགྲོའི་ཕྱིར་མི་འོང༌། གཟུགས་ཉེར་འགྲོའི་ཕྱིར་མི་འོང་སྲིད་རྩེའི་མཐར་ཐུག་འགྲོའི་མཚན་ཉིད། འོག་མིན་མཐར་ཐུག་འགྲོ་དང༌། སྲིད་
རྩེའི་མཐར་ཐུག་འགྲོ་གཉིས་ལ་འོག་མིན་དང༌། སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པས་མ་ཁྱབ་སྟེ། གཟུགས་ཀྱི་ཕ་མཐའ་འོག་མིན་དང༌། གཟུགས་མེད་ཀྱི་ཕ་མཐའ་སྲིད་རྩེ་ཡིན་པས། གོང་མར་སྐྱེས་པའི་ཕ་མཐའ་འཛིན་པའི་དབང་དུ་བྱས་པ་ཡིན་པའི་ཕྱིར་ཏེ། མཛོད་འགྲེལ་ལས་
བར་སྐབས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་རུང་བར་བལྟའོ། །འོག་མིན་དང་སྲིད་པའི་རྩེ་མོའི་མཐར་ཐུག་པར་འགྲོ་བ་ནི། དེ་ཕན་ཆད་དུ་འགྲོ་བར་མེད་པའི་ཕྱིར། དཔེར་ན། རྒྱུན་དུ་ཞུགས་པ་མཆོག་ཏུ་ཐོགས་ན་ལན་བདུན་པ་བ་ཉིད་བཞིན་ནོ། །ཞེས་གསུངས་པའི་ཕྱིར། བཞི་པ་གནས་གཙང་དུ་སྐྱེ་བ་ལེན་པའི་རྒྱུ་
།བསམ་གཏན་སྤེལ་སྒོམ་བཤད་པ་ལ། རྟེན་གྱི་གང་ཟག་གང་གི་༌།ཁམས་གང་དུ། དགོས་པ་ཅིའི་ཕྱིར། གཞི་གང་ལ་སྤེལ་བ། ཚུལ་ཇི་ལྟར་སྤེལ་བ། འབྲས་བུ་སྐྱེ་བ་ལེན་ཚུལ་རྣམས་ལས། བསམ་གཏན་སྤེལ་སྒོམ་བྱེད་པའི་རྟེན་གྱི་ཁྱད་པར་ཡོད་དེ། ཕྱིར་མི་འོང་དབང་རྟུལ་རྣམས་
གནས་གཙང་དུ་སྐྱེ་བ་ལེན་པའི་ཕྱིར་དུ་སྙོམས་པར་འཇུག །དབང་རྣོན་རྣམས་མཐོང་ཆོས་ལ་བདེ་བར་གནས་པའི་ཕྱིར་དུ་སྙོམས་པར་འཇུག །དགྲ་བཅོམ་དབང་རྟུལ་རྣམས་ཏིང་ངེ་འཛིན་ལ་རོ་མྱང་གི་བདེ་བ་ཐག་སྲིང་བའི་ཕྱིར་དུ་སྙོམས་པར་འཇུག །དབང་རྣོན་རྣམས་མཐོང་ཆོས་ལ་བདེ་བར་གནས་པའི་ཕྱིར་དུ་སྙོམས་པར་
འཇུག་པའི་ཕྱིར་ཏེ། མཛོད་ལས། སྐྱེ་དང་གནས་པ་བྱ་ཕྱིར་དང༌། །ཉོན་མོངས་པས་ནི་འཇིགས་ཕྱིར་ཡང༌། །ཞེས་གསུངས་པའི་ཕྱིར། གཉིས་པ་ཁམས་གང་དུ་སྙོམས་པར་འཇུག་ཚུལ་ཡོད་དེ། དང་པོར་འདོད་པའི་ཁམས་སུ་སྤེལ། ཕྱིས་དེ་ལས་ཉམས་པས་ནི་གཟུགས་ཁམས་སུ་སྤེལ་བ་ཡང་ཡོད་པའི་ཕྱིར། དེར་
ཐལ། མཛོད་འགྲེལ་ལས། དང་པོར་འདོད་པའི་ཁམས་སུ་གླིང་གསུམ་དག་ཏུ་སྤེལ་བར་བྱེད་ལ། ཕྱིས་སྔར་ཡོངས་སུ་ཉམས་པ་གཟུགས་ཁམས་སུ་ཡང་སྤེལ་བར་བྱེད་དོ། །ཞེས་གསུངས་པའི་ཕྱིར། གསུམ་པ་རྟེན་གྱི་སྐབས་སུ་བཤད་པས་ཤེས། བཞི་པ་ནི། དང་པོར་བསམ་གཏན་བཞི་པའི་དངོས་
གཞི་ལ་སྤེལ་བ་ཡིན་ཏེ། དེ་སྐྱོན་བརྒྱད་ལས་གྲོལ་བས་སྤེལ་སླ་བའི་ཕྱིར། ཕྱིས་ནི་ངེས་པ་མེད་དེ། བསམ་གཏན་དང་པོ་གསུམ་གྱི་དངོས་གཞི་ལ་སྤེལ་བ་ཡོད་པའི་ཕྱིར་ཏེ། མཛོད་ལས། དང་པོར་བཞི་པ་སྤེལ་བར་བྱ། །སྐྱོན་བརྒྱད་ལས་ནི་གྲོལ་ཕྱིར་དང༌། །བཞི་པ་གཡོ་བ་མེད་པ་ཡིན། །ཕྱིས་ནི་གསུམ་
ཆར་ལ་ཡང་ཡོད། །ཅེས་གསུངས་པའི་ཕྱིར། ལྔ་པ་ལ་སྦྱོར་བ་དང༌། དངོས་གཞི་གྲུབ་ཚད། སྤེལ་ཚུལ་དངོས་སོ། །དང་པོ་སྦྱོར་བའི་ཁྱད་པར་ཡོད་དེ། བསམ་གཏན་བཞི་པའི་དངོས་གཞི་ཟག་མེད་རྒྱུན་ལྡན་ལ་མཉམ་པར་འཇོག །དེ་རྗེས་ཟག་བཅས་རྒྱུན་ལྡན་ལ། དེ་རྗེས་ཟག་མེད་རྒྱུན་ལྡན་ལ་འཇུག
པའི་རིང་སྦྱོར། དེ་ནས་རྒྱུན་ཕྱི་མ་ནས་དེ་ཟག་མེད། ཟག་བཅས། ཟག་མེད། སྐད་ཅིག་མ་གཉིས་གཉིས་ལ་འཇུག་པ་ཉེ་སྦྱོར་ཡིན་པའི་ཕྱིར། གཉིས་པ་གྲུབ་ཚད་ལ། བྱེ་བྲག་སྨྲ་བ་རྣམས་ནི། དུས་ཀྱི་ཐུང་མཐའི་སྐད་ཅིག་མ་གཅིག་ལ་དེ་ཟག་མེད། ཟག་བཅས། ཟག་མེད་སྤེལ་ནུས་པ་ནི་དེ་གྲུབ་པར་འདོད་པ་ཡིན་
ཏེ༑ མཛོད་ལས། སྐད་ཅིག་མ་ལ་བསྲེས་པས་འགྲུབ། །ཅེས་གསུངས་པའི་ཕྱིར། ཞེས་ཟེར། དེ་མི་རིགས་ཏེ། སངས་རྒྱས་མ་གཏོགས་པས་དེ་ལྟར་སྤེལ་མི་ནུས་པའི་ཕྱིར། དེས་ན་སངས་རྒྱས་མ་གཏོགས་པ་སྐད་ཅིག་མ་སྤེལ་ནུས་པ་མ་ཡིན་ནོ། །དེའི་ཕྱིར་རྒྱུན་ཆགས་པ་གསུམ་ལ་ཇི་ལྟར་འདོད་པར་སྙོམས་པར་
འཇུག་པའི་སྒོ་ནས་རྫོགས་པ་ཡིན་ནོ། །ཞེས་གསུངས་པས་ན། རང་ལུགས་ཀྱི་གྲུབ་ཚད། སྦྱོར་བ་གཅིག་གི་བྱེད་པ་ལ་བརྟེན་ནས་བྱ་རྫོགས་ཀྱི་དུས་ཐུང་ངུའི་སྐད་ཅིག་མ་གཅིག་ལ་ཟག་མེད། ཟག་བཅས། ཟག་མེད་གསུམ་སྤེལ་ནུས་པ་ན་ཆུང་ངུ་གསུམ་སྤེལ་གྲུབ་པ་ཡིན་ཞིང༌། དེས་འབྲིང་དྲུག་སྤེལ་སོགས་ལ་
ཡང་ཤེས་པར་བྱའོ། །ལྔ་པ་ཚུལ་ཇི་ལྟར་སྤེལ་བ་ལ་ཁ་ཅིག ། འབྲིང་དྲུག་སྤེལ་གྱི་ཚེ་དང་པོར་ཟག་མེད་གཉིས། དེ་རྗེས་ཟག་བཅས་གཉིས། དེ་ནས་ཟག་མེད་གཉིས་སྤེལ་བ་ཡིན་ཟེར་ན། མི་འཐད་དེ། དེ་རྣམས་རེ་རེ་ནས་སྤེལ་བ་ཡིན་པའི་ཕྱིར་ཏེ། དོན་གསང་ལས། ཟག་མེད་དང༌། ཟག་བཅས་རེ་རེ་ནས་སྤེལ་བ་གསུངས་
པའི་ཕྱིར། ཁོ་ན་རེ། ཆུང་ངུ་གསུམ་སྤེལ་ནུས་ན་འབྲིང་དྲུག་སྤེལ་ནུས་པས་ཁྱབ་པར་ཐལ། དེ་གཉིས་ལ་གྲངས་མང་ཉུང་ཙམ་མ་གཏོགས་སྤེལ་ཚུལ་ཁྱད་པར་མེད་པའི་ཕྱིར། ཟེར་ན་མ་ཁྱབ་སྟེ། སྤེལ་ཚུལ་ཁྱད་པར་མེད་ཀྱང་སྦྱོར་བ་གཅིག་གི་བྱེད་པ་ལ་བརྟེན་ནས་ཆུང་ངུ་གསུམ་སྤེལ་ནུས་ཀྱང་འབྲིང་དྲུག་སྤེལ་
མི་ནུས་པ་སོགས་ཡོད་པའི་ཕྱིར། མཛོད་འགྲེལ་ལས། དང་པོ་ལ་ནི་གསུམ་པོ་ཞེས་བྱ་བ་ནི་གང་ཟག་དེ་ལ་ནུས་པ་དེ་ཙམ་ཡོད་པ་སྟེ། ཞེས་འོག་མ་རྣམས་ལ་ཡང་སྦྱར་བར་བྱའོ། །ཞེས་གསུངས་པའི་ཕྱིར། སྤེལ་སྒོམ་ལ་ཡང་རྣམ་པ་ལྔ་ཡོད་དེ། སྤེལ་ཚུལ་རེ་རེ་ནས་སྤེལ་བའི་ཆུང་ངུ་གསུམ་སྤེལ། འབྲིང་
དྲུག་སྤེལ། ཆེན་པོ་དགུ་སྤེལ། ཤིན་ཏུ་ཆེན་པོ་བཅུ་གཉིས་སྤེལ། ཆེས་ཤིན་ཏུ་ཆེན་པོ་བཅོ་ལྔ་སྤེལ་དང་བཅས་པ་རྣམས་སུ་ཡོད་པའི་ཕྱིར། འདིའི་སྐབས་ཀྱི་ཟག་བཅས་གང་ལ་བྱེད་པ་ལ། ཁ་ཅིག །དངོས་གཞི་ཞི་རགས་ཀྱི་རྣམ་པ་ཅན་མེད་པས་རྗེས་ཐོབ་དག་པ་འཇིག་རྟེན་པའི་ལམ་ཞིག་ལ་བྱེད་པ་ཡིན་
ཞེ་ན༑ དེ་མི་འཐད་དེ། རྗེས་ཐོབ་དག་པ་འཇིག་རྟེན་པའི་ལམ་དུ་གྱུར་པའི་གཟུགས་མེད་ཀྱི་དངོས་གཞི་ཡང་ཡོད། ཚད་མེད་ཀྱི་ངོ་བོར་གྱུར་པའི་རྗེས་ཐོབ་དག་པ་བའི་བསམ་གཏན་གྱི་དངོས་གཞི་ཡང་ཡོད་པས། དེ་དག་ཕྱིར་མི་འོང་གནས་གཙང་དུ་སྐྱེ་བའི་ཆ་རྐྱེན་དུ་འབྲེལ་བ་མེད་པའི་ཕྱིར། དེ་འདྲའི་སྤེལ་སྒོམ་གྱི་
ངོས་འཛིན་བྱེད་དགོས་པ་སོགས་ནི་ཞི་རགས་ཀྱི་རྣམ་པ་ཅན་གྱི་བསམ་གཏན་གྱི་དངོས་གཞི་ཁས་མ་བླངས་པའི་ཉེས་པ་ཡིན་པ་སྙིང་པོ་རྒྱན་དུ་བཤད་པ་དང༌། རིགས་པ་དུ་མ་ཞིག་གིས་ཀྱང་འགྲུབ་པས་ཞི་རགས་ཀྱི་རྣམ་པ་ཅན་གྱི་བསམ་གཏན་བཞི་པའི་དངོས་གཞི་ཁས་བླངས་
ནས༑ དེ་ལྟ་བུའི་ཟག་མེད་སྤེལ་བའི་སྙོམས་འཇུག་ཟག་བཅས་སུ་མཛོད་ཅིག །དངོས་གཞི་ལ་ཞི་རགས་ཀྱི་རྣམ་པ་ཅན་མེད་པའི་རྒྱུ་མཚན་དུ་ཉེར་བསྡོགས་ཀྱི་འོག་ས་ལ་ཆགས་བྲལ་བྱས་ཟིན་པ་འགོད་པ་མི་རིགས་ཏེ། དེ་ལྟར་ན་བར་ཆད་མེད་ལམ་གྱི་རང་གི་ངོས་སྐལ་གྱི་སྤང་བྱ་སྤངས་ཟིན་པས་རྣམ་གྲོལ་ལམ་
སྒོམ་པ་མི་འཐད་པ་དང༌། འཇིག་རྟེན་པའི་ལམ་ལ་ཐག་སྲིང་གི་གཉེན་པོ་མེད་པ་སོགས་ཀྱི་སྐྱོན་སོགས་དཔག་ཏུ་མེད་པ་འབྱུང་བའི་ཕྱིར། དྲུག་པ་འབྲས་བུ་སྐྱེ་བ་འགྲུབ་ཚུལ་ལ། ཕྱིར་མི་འོང་གནས་གཙང་དུ་སྐྱེ་བ་ལེན་པའི་ཆ་རྐྱེན་དུ་འགྱུར་བ་ལ་ནི་བསམ་གཏན་བཞི་པའི་དངོས་གཞི་ལ་སྤེལ་སྒོམ་དགོས་
ཀྱི༑ འོག་མ་རྣམས་ཀྱི་སྤེལ་སྒོམ་གྱིས་དེར་སྐྱེ་བའི་ཆ་རྐྱེན་དུ་མི་འགྱུར་ཏེ། དེ་རྣམས་ས་སོ་སོ་བ་ཡིན་པའི་ཕྱིར། བཞི་པའི་སྤེལ་སྒོམ་གྱི་དངོས་གཞི་ཟག་བཅས་ཀྱིས་སྐྱེ་བ་ལེན་པའི་ཆ་རྐྱེན་བྱེད་པ་ཡིན་གྱི་ཟག་མེད་ཀྱི་མ་ཡིན་ཏེ། དེ་འཁོར་བའི་སྐྱེ་བ་རྒྱུན་གཅོད་བྱེད་ཡིན་པའི་ཕྱིར། དེ་ཡང་དངོས་གཞི་ཟག
བཅས་དེ་ཉིད་གནས་གཙང་དུ་སྐྱེ་བ་ལེན་པའི་འཕེན་བྱེད་ཀྱི་ལས་གསར་དུ་བསགས་པ་མ་ཡིན་ཏེ། འཕགས་པས་འཕེན་བྱེད་ཀྱི་ལས་གསར་དུ་བསོག་པ་མེད་པའི་ཕྱིར། དེས་ན་དངོས་གཞི་ཟག་བཅས་སྐྱེ་བ་ལེན་པའི་ཆ་རྐྱེན་དུ་འགྱུར་ཚུལ་ཡོད་དེ། སྔོན་སོ་སྐྱེའི་རྟེན་ལ་བསམ་གཏན་བཞི་པའི་སོ་སྐྱེའི་རྣམ་སྨིན་
གྱི་ཕུང་པོ་འཕེན་བྱེད་ཀྱི་ལས་བསག་པ་དེ་ཉིད། ཕྱིར་མི་འོང་གི་རྟེན་ལ་བསམ་གཏན་སྤེལ་སྒོམ་བྱས་པས་དངོས་གཞི་ཟག་བཅས་ཀྱི་གསོས་བཏབ་སྟེ། སྔར་གྱི་འཕེན་བྱེད་ཀྱི་ལས་དེ་ཉིད་ཕྱིས་གནས་གཙང་གི་ཕུང་པོ་འགྲུབ་བྱེད་ཀྱི་རྒྱུར་བསྒྱུར་བའི་སྒོ་ནས་སྐྱེ་བ་ལེན་པའི་ཆ་རྐྱེན་དུ་སོང་བའི་ཕྱིར། ཁ་ཅིག །
དངོས་གཞི་ཟག་བཅས་དེ་ག་རང་འགྲུབ་བྱེད་ཀྱི་ལས་སུ་བྱས་ནས་ལམ་བདེན་དང་ཀུན་འབྱུང་བདེན་པ་བཞིན་དུ་ཁས་ལེན་པ་ནི་མི་རིགས་ཏེ། འཕགས་རྒྱུད་ཀྱི་དགེ་བ་ལ་ལམ་བདེན་གྱིས་མ་ཁྱབ་ཅིང་ཀུན་ནས་ཉོན་མོངས་ཀྱི་བདེན་པ་དང་རྣམ་བྱང་བདེན་པ་འགལ་བའི་ཕྱིར། འཕར་བ་གསུམ་གྱི་འཕར་ནས་
གནས་གཙང་དུ་སྐྱེ་བ་ལེན་པའི་རྒྱུ་མཚན་ཡོད་དེ། བསམ་གཏན་གྱི་དངོས་གཞི་བཞི་པ་ཐོབ་པའི་ཕྱིར་མི་འོང་གི་འདོད་རྟེན་ལ། བསམ་གཏན་དང་པོའི་དངོས་གཞིའི་སྤེལ་སྒོམ་བྱས་པས་དངོས་གཞིའི་རོ་མྱངས་པའི་དབང་གིས་བསམ་གཏན་དང་པོར་སྐྱེས། རྟེན་དེ་ལ་བཞི་པའི་སྤེལ་སྒོམ་བྱས་པས་དེའི་དངོས་གཞི་
ཟག་བཅས་ཀྱི་དབང་གིས་གནས་གཙང་དུ་སྐྱེ་བ་འཕར་བས་ཚུལ་དེ་ཉིད་ཕྱི་མ་གཉིས་ཀྱི་འཕར་ཚུལ་ལ་ཡང་ཤེས་པར་བྱ་བ་ཡིན་པའི་ཕྱིར། གནས་གཙང་དུ་སྐྱེ་བ་ལེན་པའི་ཆ་རྐྱེན་གྱི་སྤེལ་སྒོམ་ལ་ལྔར་ངེས་ཏེ། སྐྱེ་སའི་གནས་གཙང་ལ་ལྔར་ངེས་པའི་ཕྱིར། མཛོད་ལས། དེ་ནི་རྣམ་པ་ལྔ་ཡི་ཕྱིར། །གནས་གཙང་
སྐྱེ་བ་ལྔ་ཁོ་ན། །ཞེས་གསུངས་པའི་ཕྱིར། གཉིས་པ་གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་བཤད་པ་ལ། འདོད་པ་ནས་ཤི་འཕོས་ནས་གཟུགས་མེད་དུ་ཉིང་འཚམས་སྦྱར་ཏེ། གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང༌། གཟུགས་མེད་ཉེར་འགྲོའི་ཕྱིར་མི་འོང་གི་མཚན་
ཉིད། དེ་ལ་དབྱེ་ན། དེར་གྱུར་པའི་སྐྱེ་འདའ་བ་གསུམ། གོང་འཕོ་བ་དང་བཅས་པ་རྣམ་པ་བཞི་ཡོད་དེ། མཛོད་ལས། གཞན་ནི་གཟུགས་མེད་འགྲོ་རྣམས་བཞི། །ཞེས་གསུངས་པའི་ཕྱིར། བཞི་པོ་དེའི་ཁྱད་པར་ཡོད་དེ། གཟུགས་མེད་ཀྱི་ཚེའི་འགོ་དང༌། ཚེའི་དཀྱིལ་དང༌། ཚེའི་མཇུག་ཏུ་མྱང་འདས་མངོན་དུ་བྱེད་
པ་སྐྱེ་འདའ་བ་གསུམ་གྱི་ཁྱད་པར་དང༌། གཟུགས་མེད་དུ་གོང་ནས་གོང་དུ་སྐྱེ་སྲིད་གཉིས་བརྒྱུད་མར་བླངས་ནས་གཟུགས་མེད་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་གཟུགས་མེད་ཉེར་འགྲོ་དེ་བཞི་པ་ཡིན་པའི་ཕྱིར། དེ་ལ་བར་འདའ་བ་མེད་དེ། གཟུགས་མེད་ལ་བར་དོ་མེད་པའི་ཕྱིར། མཐོང་ལམ་ཐོབ་པའི་ཚེ་
དེ་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང༌། ཕྱིར་མི་འོང་མཐོང་ཆོས་བཞིའི་མཚན་ཉིད། མཛོད་ལས། གཞན་ནི་འདི་ལ་མྱ་ངན་འདའ། །ཞེས་གསུངས་པའི་ཕྱིར། འགོག་སྙོམས་ཐོབ་ལ་མ་ཉམས་པའི་ཕྱིར་མི་འོང༌། ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་མཚན་ཉིད། མཛོད་ལས། འགོག་པ་ཐོབ་པའི་ཕྱིར་མི་
འོང༑ ༑ལུས་ཀྱི་མངོན་དུ་བྱེད་པར་འདོད། །ཅེས་གསུངས་པའི་ཕྱིར། གོང་དུ་བཤད་པ་དེ་དག་ལ་དོགས་པ་ཅུང་ཟད་དཔྱད་ན། གཟུགས་གཟུགས་མེད་ཀྱི་ཉེར་འགྲོ་གཉིས་པོ་དེ། འབྲས་བུ་རིམ་གྱིས་པ་ལ་བཞག་ཏུ་ཡོད་མོད། ཆགས་བྲལ་སྔོན་སོང་ལ་ཡོད་དམ་མེད་ཅེས་ན། ཡོད་པར་མངོན་ཏེ། མཐོང་ལམ་གྱི་སྔ་རོལ་དུ་སྲིད་
རྩེའི་དངོས་གཞི་ཐོབ་པའི་ཆགས་བྲལ་སྔོན་སོང་གི་ཕྱིར་མི་འོང་འདོད་རྟེན་པ་དེ་གཟུགས་མེད་དུ་སྐྱེ་བ་བླངས་ནས་རྟེན་དེ་ལ་མྱང་འདས་མངོན་དུ་བྱེད་པ་ཡང་ཡོད། བསམ་གཏན་བཞི་པའི་དངོས་གཞི་ཐོབ་ནས་གསུམ་པ་མན་ཆད་དུ་མི་སྐྱེ་ཡང་བཞི་པར་སྐྱེས་ཏེ་རྟེན་དེ་ལ་མྱང་
འདས་མངོན་དུ་བྱེད་པ་ཡོད་པའི་ཕྱིར། ཚངས་རིས་ཀྱི་རྟེན་ཅན་གྱིས་གཟུགས་ཁམས་སུ་བར་སྲིད་གཅིག་ཁོ་ན་བླངས་ཏེ་མྱང་འདས་མངོན་དུ་བྱེད་པ་དང༌། ཡང་དེའི་རྟེན་ཅན་གྱིས་གཟུགས་ཁམས་སུ་སྐྱེ་སྲིད་གཅིག་ཁོ་ན་བླངས་ཏེ་གཟུགས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་དང༌། ཡང་དེའི་རྟེན་ཅན་གྱིས་
གཟུགས་ཁམས་སུ་སྐྱེ་སྲིད་གཉིས་བརྒྱུད་མར་བླངས་ནས་གཟུགས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པ་རྣམས་ནི་གཟུགས་ཉེར་འགྲོའི་ཕྱིར་མི་འོང་བར་འདའ་བ་སོགས་མ་ཡིན་པར་མ་ཟད། བར་འདའ་བ་དང༌། སྐྱེ་འདའ་བ་དང༌། གོང་འཕོ་ཙམ་ཡང་མ་ཡིན་པར་མངོན་ཏེ། བར་འདའ་བ་མངོན་པར་འགྲུབ་བྱེད་ཀྱི་ལས་ཙམ་
དང་ལྡན་པ་དང༌། སྐྱེ་འདའ་བ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཙམ་དང་ལྡན་པར་གསུངས་པས་བར་སྲིད་གཅིག་བླངས་ནས་འགྲུབ་བྱེད་ཀྱི་ལས་དེ་ཟད་པར་ནུས། སྐྱེ་སྲིད་གཅིག་བླངས་ནས་སྐྱེས་གནས་མྱོང་འགྱུར་གྱི་ལས་དེ་ཟད་པར་ནུས་པ་སོགས་ཡིན་པའི་ཕྱིར། ཕྱིར་མི་འོང་ལུས་མངོན་བྱེད་འདོད་པར་ཚེ་
ཡོངས་སུ་མ་གྱུར་པའི་ཕྱིར་མི་འོང་གི་ནང་དུ་གྲངས་ཀྱང༌། འདོད་པར་ཚེ་ཡོངས་གྱུར་ལ་དེ་ཡོད་དེ། ཚེ་དེ་ལ་མྱང་འདས་མངོན་དུ་བྱེད་ངེས་ཀྱི་འཛམ་བུ་གླིང་པའི་རྟེན་ཅན་གྱི་ཕྱིར་མི་འོང་གི་རྟེན་དེ་ལ་འགོག་སྙོམས་ཐོབ་པ་ཡོད་པའི་ཕྱིར། དཔྱད་པར་བྱའོ། །བཞི་པ་དགྲ་བཅོམ་ཞུགས་འབྲས་བཤད་པ་ལ།
ཞུགས་པ་བཤད་པ། འབྲས་གནས་བཤད་པ་གཉིས། དང་པོ་ལ། མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན། སྤངས་རྟོགས་ཀྱི་ཁྱད་པར། ས་མཚམས་རྣམས་ལས། དང་པོ་ནི། གོང་མའི་ཆ་མཐུན་ལྔ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་ཞུགས་པའི་གང་ཟག །
དགྲ་བཅོམ་ཞུགས་པའི་མཚན་ཉིད། དེ་ལ་དབང་པོའི་སྒོ་ནས་དབྱེ་ན། དབང་པོ་རྣོ་རྟུལ་གཉིས། སྤང་བྱ་སྤོང་ཚུལ་གྱི་སྒོ་ནས་དབྱེ་ན་སྤང་བྱ་རིམ་བརྒྱུད་པའི་དགྲ་བཅོམ་ཞུགས་པ་དང༌། ཅིག་ཅར་བའི་དགྲ་བཅོམ་ཞུགས་པ་གཉིས། ཕྱེ་བ་སོ་སོའི་དོན་ལ། ཁམས་གསུམ་ས་དགུའི་སྒོམ་སྤངས་ཉོན་མོངས་ཆུང་
}ངུའི་ཆུང་ངུ་དགུ་ཅིག་ཅར་དུ་སྤངས་པའི་དགྲ་བཅོམ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་དགྲ་བཅོམ་ཞུགས་པ། ཅིག་ཅར་བའི་དགྲ་བཅོམ་ཞུགས་པའི་མཚན་ཉིད། དེ་རིམ་གྱིས་སྤངས་པའི་དགྲ་བཅོམ་གྱི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་དགྲ་བཅོམ་ཞུགས་པ། གཉིས་པའི་མཚན་ཉིད། དགྲ་བཅོམ་གྱི་
འབྲས་བུ་ཐོབ་ཕྱིར་དུ་བརྩོན་བཞིན་པའི་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང༌། འབྲས་བུ་རིམ་གྱིས་པའི་དགྲ་བཅོམ་ཞུགས་པའི་མཚན་ཉིད། དེ་དག་གི་སྤངས་རྟོགས་ཀྱི་ཁྱད་པར་ཡོད་དེ། མཐོང་སྤངས་ཀུན་སྦྱོར་གསུམ་ངེས་པར་སྤངས་པས་ཁྱབ། འདོད་ཉོན་དང་པོ་ནས་སྲིད་ཉོན་བརྒྱད་པའི་བར་སྤངས་མ་སྤངས་ཅི་རིགས་
སུ་ཡོད། དགུ་པ་ངེས་པར་མ་སྤངས་པས་ཁྱབ། རྟོགས་པའི་ཁྱད་པར་དེ་དག་གི་གཉེན་པོ་ཟག་མེད་ཀྱི་དབང་པོ་ཐོབ་མ་ཐོབ་ཅི་རིགས་ཡོད་པའི་ཕྱིར། ས་མཚམས་སྤང་བྱ་ཅིག་ཅར་བའི་རྒྱུན་ཞུགས་འབྲས་གནས་ཁྱད་པར་ཅན་ཐོབ་པ་ནས་སྲིད་ཉོན་དགུ་པའི་དངོས་གཉེན་བར་ཆད་མེད་ལམ་ལ་གནས་ཀྱི་བར་དུ་ཡོད།
གཉིས་པ་དགྲ་བཅོམ་འབྲས་གནས་ལ་མཚན་ཉིད། དབྱེ་བ། ཕྱེ་བ་སོ་སོའི་དོན་བཤད་པ། དང་པོ་ལ། གོང་མའི་ཆ་མཐུན་ལྔ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག །དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། གོང་མའི་ཆ་མཐུན་ལྔའི་ཁྱད་པར་ཡོད་དེ། གཟུགས་གཟུགས་
མེད་ཀྱི་འདོད་ཆགས་གཉིས། ང་རྒྱལ། རྒོད་པ། མ་རིག་པའོ། །གཉིས་པ་ལ། སྤང་བྱ་སྤོང་ཚུལ་གྱི་དབྱེ་བ། ཡོན་ཏན་ཐོབ་ཚུལ་གྱི་དབྱེ་བ། དབང་པོའི་སྒོ་ནས་དབྱེ་བ་རྣམས་ལས། དང་པོ་ལ། ཁམས་གསུམ་ས་དགུས་བསྡུས་པའི་སྒོམ་སྤངས་ཉོན་མོངས་ཆེན་པོའི་ཆེན་པོ་དགུ་ཅིག་ཅར་དུ་སྤངས་པ་ནས་ཆུང་ངུའི་
ཆུང་ངུ་དགུ་ཅིག་ཅར་དུ་སྤངས་པའི་དགྲ་བཅོམ་འབྲས་གནས། སྤང་བྱ་ཅིག་ཅར་བའི་དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། ཅི་ཡང་མེད་ཀྱི་ཉོན་མོངས་དགུ་པ་སྤངས་རྗེས་སུ་སྲིད་རྩེའི་དགུ་པ་སྤངས་པའི་དགྲ་བཅོམ་འབྲས་གནས། སྤང་བྱ་རིམ་གྱིས་པའི་དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། རང་དང་རྒྱུད་གཅིག
དུ་གྱུར་པའི་འབྲས་བུ་རིམ་གྱིས་པའི་ཕྱིར་མི་འོང་གི་སྟོབས་ཀྱིས་ཐོབ་པའི་དགྲ་བཅོམ་འབྲས་གནས། འབྲས་བུ་རིམ་གྱིས་པའི་དགྲ་བཅོམ་འབྲས་གནས་ཀྱི་མཚན་ཉིད། གཉིས་པ་ལ། མངོན་ཤེས་ཐོབ་མ་ཐོབ་ཀྱི་སྒོ་ནས་དགྲ་བཅོམ་རྒྱན་བཅས་རྒྱན་མེད་གཉིས། འགོག་སྙོམས་ཐོབ་མ་ཐོབ་ཀྱི་སྒོ་ནས་གཉིས་ཀའི་ཆ་
ལས་རྣམ་གྲོལ་གྱི་དགྲ་བཅོམ་འབྲས་གནས། ཤེས་རབ་རྐྱང་པས་རྣམ་གྲོལ་གྱི་དགྲ་བཅོམ་འབྲས་གནས་གཉིས་ཡོད། མཛོད་ལས། འགོག་ཐོབ་གཉིས་ཀ་ལས་རྣམ་གྲོལ། །ཤེས་རབ་ཀྱིས་ནི་ཅིག་ཤོས་སོ། །ཞེས་གསུངས་པའི་ཕྱིར། གསུམ་པ་ལ་དབང་པོ་རྣོ་རྟུལ་གྱི་སྒོ་ནས་
དབྱེ་ན། དབང་རྟུལ་དུས་སྦྱོར་བ་དང༌། དབང་རྣོན་དུས་མི་སྦྱོར་དང་གཉིས། དང་པོ་ལ། དགྲ་བཅོམ་པ་ཉམས་པའི་ཆོས་ཅན། འཆི་བ་སེམས་པ་བ། རྗེས་སུ་བསྲུང་བ་པ། གནས་པ་ལས་མི་བསྐྱོད་པ། རྟོགས་པའི་འོས་སུ་གྱུར་པ་དང་ལྔ། དགྲ་བཅོམ་པ་མི་གཡོ་བའི་ཆོས་ཅན་དྲུག་པ་དང་དོན་གཅིག་པ་
ཡིན་ཏེ། མཛོད་ལས། དགྲ་བཅོམ་དྲུག་འདོད་དེ་དག་ལས། །ལྔ་ནི་དད་པས་མོས་ལས་བྱུང༌། །དེ་དག་རྣམ་གྲོལ་དུས་དང་སྦྱོར། །མི་གཡོ་ཆོས་ཅན་མི་གཡོ་བ། །ཞེས་གསུངས་པའི་ཕྱིར། དང་པོ་ལྔའི་ཁྱད་པར། ཀུན་བཏུས་དང་ཉན་ཐོས་སྡེ་པའི་གཞུང་ལས་བཤད་ཚུལ་ཡོད་དེ། བདག་བསད་ཀྱང་རུང་མ་བསད་
ཀྱང་རུང་དགྲ་བཅོམ་གྱི་རྟོགས་པ་ལས་ཉམས་པར་འགྱུར་བའི་དགྲ་བཅོམ་དང་པོ། །བདག་བསད་ན་མི་ཉམས་མ་བསད་ན་ཉམས་པར་འགྱུར་བའི་དགྲ་བཅོམ་གཉིས་པ། བདག་བསོད་མི་དགོས་ཤིང་འདོད་ཡོན་ལས་སེམས་བསྲུངས་ན་མི་ཉམས་མི་བསྲུངས་ན་ཉམས་པར་འགྱུར་བའི་དགྲ་བཅོམ་གསུམ་པ་
དང༑ དགྲ་བཅོམ་གྱི་རྟོགས་པ་ལས་མི་ཉམས་ཀྱང་ཚེ་འདིར་དབང་རྣོན་དུ་འཕོ་མི་ནུས་པ་བཞི་པ་དང༌། དབང་རྣོན་དུ་འཕོ་ནུས་པ་ལྔ་པར་བཤད་པའི་ཕྱིར། དབུ་མ་པའི་ལུགས་ལ་དེ་ལྟར་མི་འདོད་དེ། དགྲ་བཅོམ་གྱི་སྤངས་རྟོགས་ལས་ཉམས་པ་མེད་པའི་ཕྱིར། འོན་ཀྱང་མཐོང་ཆོས་ལ་བདེ་གནས་ཀྱི་རྟོགས་པ་ལས་
ཉམས་མི་ཉམས་ཀྱི་སྒོ་ནས་སྦྱར་ན་བཤད་དུ་རུང་བར་མངོན་ནོ། །དེ་ལྟར་བྱས་ན་དགྲ་བཅོམ་སྤངས་རྟོགས་ལས་ཉམས་པ་མེད་ཀྱང༌། དགྲ་བཅོམ་གྱི་རྟོགས་པ་ཡིན་ན་རང་ཉིད་ལས་མི་ཉམས་པས་མ་ཁྱབ་སྟེ། དགྲ་བཅོམ་པ་མཐོང་ཆོས་ལ་བདེ་གནས་ཀྱི་རྟོགས་པ་ལས་ཉམས་པ་ཡོད་པའི་ཕྱིར། ༈ །མཚོན་བྱ་
དོན་གྱི་དགེ་འདུན་བཤད་པ་ལ། དགེ་འདུན་གྱི་གྲངས་འདྲེན་ཚུལ། ཐེག་ཆེན་འཕགས་པ་ལ་རྒྱུན་ཞུགས་སོགས་ཀྱི་ཐ་སྙད་གསུངས་པའི་དགོས་པ་སོགས་བཤད་པ་གཉིས་ལས། དང་པོ་ལ། དགེ་འདུན་དཀོན་མཆོག་གི་སྐབས་སུ་དགེ་འདུན་གྱི་དབྱེ་བ་མང་དུ་གསུངས་པ་རྣམས་བསྟན་བཅོས་འདིར་ཉི་ཤུར་
བསྡུས་ནས་འཆད་ཅིང་དེའི་ཚུལ་ཡང་ཤནྟི་པ་དང་བུདྡྷ་ཤྲཱི་གཉིས་ཀྱི་ནི། རྩ་བའི་སྒྲས་ཟིན་ལྟར་བཞེད་དེ། དེ་ཡང་རྒྱུན་ཞུགས་ཞུགས་པ་དབང་པོ་རྣོ་རྟུལ་གཉིས། བར་པ་གཉིས་ཀྱི་ཞུགས་པ་གཉིས། རྒྱུན་ཞུགས་རིགས་ནས་རིགས་སྐྱེ་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ། འདའ་བ་བཞི། འོག་མིན་མཐར་ཐུག་འགྲོ།
འཕར་བ་གསུམ། སྲིད་རྩེའི་མཐར་ཐུག་འགྲོ་༌།གཟུགས་མེད་ཉེར་འགྲོ༌།མཐོང་ཆོས་ཞི། ལུས་མངོན་བྱེད། བསེ་རུ་རང་སངས་རྒྱས་དང་ཉི་ཤུའོ། །འཕགས་གྲོལ་གྱི་རྩ་བའི་སྒྲས་ཟིན་བཅུ་དྲུག །ཁ་བསྐང་བ་བཞི་དང་བཅས་པའི་ཉི་ཤུར་བཞེད་དེ། དེ་ཡང་བཞན་རྣམས་སྔར་དང་འདྲ་བ་ལ་འོག་མིན་མཐར་ཐུག
འགྲོ༑ འཕར་བ་གསུམ། སྲིད་རྩེའི་མཐར་ཐུག་འགྲོ་རྣམས་ལ་གོང་འཕོ་ཞེས་གཅིག་ཏུ་བྱེད། ཁ་བསྐང་བ་བཞི་ནི་རྒྱུན་ཞུགས་ཞུགས་པ། འབྲས་གནས་བར་པ་གཉིས། དགྲ་བཅོམ་ཞུགས་པ་དང་བཞིས་ཁ་བསྐང་ནས་དེ་ལྟར་འདྲེན་པའི་ཕྱིར། སློབ་དཔོན་གྱི་ལུགས་ལ། རྩ་བའི་སྒྲས་ཟིན་བཅུ་བདུན་ཁ་
བསྐོང་གསུམ་དང་བཅས་པའི་ཉི་ཤུར་བྱེད་པ་ཡིན་ཏེ། རྒྱུན་ཞུགས་ཞུགས་པ་དབང་པོ་རྣོ་རྟུལ་གཉིས་བར་པ་གཉིས་ཀྱི་ཞུགས་པ་གཉིས། རྒྱུན་ཞུགས་འབྲས་གནས་ཙམ་པོ་བ་ཁ་བསྐང༌། རྒྱུན་ཞུགས་རིགས་སྐྱེ་གཉིས་ཕྱིར་འོང་ཚེ་གཅིག་བར་ཆད་གཅིག་པ། ཤུགས་བསྟན་ཕྱིར་འོང་འབྲས་གནས་ཙམ་པོ། །
བར་འདའ་བ་སྐྱེ་འདའ་བ་གསུམ། འོག་མིན་འགྲོ་དབྱེ་གཞིར་བྱས་ནས་འཕར་བ་གསུམ། སྲིད་རྩེའི་མཐར་ཐུག་འགྲོའི་མིང་ཅན་གྱི་ཆགས་བཅོམ་དབྱེ་གཞིར་བྱས་པའི་མཐོང་ཆོས་ཞི་ལུས་མངོན་བྱེད་གཉིས། དགྲ་བཅོམ་འབྲས་གནས་ཁ་བསྐང༌། བསེ་རུ་རང་སངས་རྒྱས་དང་ཉི་ཤུར་བཞེད་པའི་ཕྱིར། གཉིས་པ་རྒྱུན་
ཞུགས་སོགས་ཀྱི་མིང་གིས་བཏགས་པའི་དགོས་པ་སོགས་ལ། མདོ་ལས་ཐེག་ཆེན་འཕགས་པ་ལ་རྒྱུན་ཞུགས་སོགས་ཀྱི་མིང་གིས་བཏགས་པའི་རྒྱུ་མཚན་ཡོད་དེ། དེ་དང་མཐོང་སྤངས་ཀུན་སྦྱོར་གསུམ་སྤངས་པའི་ངོས་ནས་སྤངས་རྟོགས་ཆོས་མཚུངས་ཅུང་ཟད་རྩི་རུང་བ་ལ་དགོངས་པའི་ཕྱིར། དགོས་པ་ཡོད་དེ། སྒྲུབ་
ཕྱོགས་ནས་ཉན་ཐོས་རིགས་མ་ངེས་པ་འགའ་ཞིག་ཐེག་ཆེན་ལམ་ལ་དཀྲི་བ་དང༌། ཐེག་པ་ཆེ་ཆུང་གང་གི་དབང་དུ་བྱས་ཀྱང་དགེ་འདུན་དཀོན་མཆོག་ལ་མཆོད་པ་སོགས་ཀྱི་བྱ་བ་བྱེད་པ་ལ་མོས་པའི་དགོས་པ་ཡོད། དགག་ཕྱོགས་ནས་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་ལ་སོགས་པའི་རྣམ་གཞག་མ་བསྟན་
ན་ལམ་སྒྲུབ་པའི་ཟླ་གྲོགས་མ་བསྟན་པས་སངས་རྒྱས་ཀྱི་བཀའ་མ་ཡིན་ནམ་སྙམ་པའི་ལོག་རྟོགས་དགག་པའི་ཆེད་ཡིན་པའི་ཕྱིར་ཏེ། མཚོན་བྱེད་དཔེའི་དགེ་འདུན་ཉི་ཤུས་མཚོན་ཏེ་ཐེག་ཆེན་གྱི་དགེ་འདུན་ལ་ཡང་དགེ་བདུན་ཉི་ཤུའི་མིང་གི་ཐ་སྙད་ཀྱིས་བསྟན་པའི་ཕྱིར། དངོས་
ལ་གནོད་བྱེད་ཡོད་དེ། བྱང་འཕགས་ལས་ཉོན་གྱི་དབང་གིས་ལྷ་མིའི་རིགས་ནས་རིགས་སུ་སྐྱེ་བ་སོགས་མེད་པའི་ཕྱིར། མཚོན་བྱེད་དཔེའི་དགེ་འདུན་དང༌། མཚོན་བྱ་དོན་གྱི་དགེ་འདུན་གཉིས་ཀའི་རྣམ་གཞག་རྒྱས་པར་གཞན་ལས་ཤེས་པར་བྱའོ།།
ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་འགྲེལ་གྱི་སྤྱི་དོན་རྣམ་བཤད་སྙིང་པོ་རྒྱན་གྱི་སྣང་བ་ཞེས་བྱ་བ་མཁས་ཤིང་གྲུབ་པ་བརྙེས་པའི་དགེ་སློང་དགེ་འདུན་བསྟན་པ་དར་རྒྱས་ཀྱིས་སྦྱར་བའི་དགེ་འདུན་ཉི་ཤུའི་སྤྱི་དོན་བཤད་ཟིན་ཏོ།
།རྒྱལ་བའི་རྒྱལ་ཚབ་བྱམས་མགོན་ཆོས་ཀྱི་རྗེ། །རྒྱལ་སྲས་གཞོན་ནུའི་ལུས་འཆང་འཇམ་དཔལ་དབྱངས། །རྒྱལ་བའི་སྲས་པོ་ཀླུ་གྲུབ་ཐོགས་མེད་སོགས། །རྒྱལ་བ་ཡབ་སྲས་བཅས་ལ་གུས་ཕྱག
འཚལ།། ༈ །།འདིར་གཉིས་པ་ལུང་གི་ཆོས་འཁོར་གྱི་དྲང་ངེས་འགྲེལ་ཚུལ་བྱེ་བྲག་ཏུ་བཤད་པ་ལ། སེམས་ཙམ་པའི་ལུགས་བཤད་པ་དང༌། དབུ་མ་པའི་ལུགས་བཤད་པ་དང་གཉིས་ལས། །དང་པོ་ལ་གསུམ་ལས། དང་པོ་ལ།
ཁ་ཅིག་ན་རེ། འཁོར་ལོ་གསུམ་པོ་དེ་གཅིག་ཅར་དང་རིམ་ཅན་གང་རུང་དུ་མ་བསྐོར་ཟེར་ན། འོ་ན། འཁོར་ལོ་གསུམ་པོ་ཅིག་ཅར་དང་རིམ་ཅན་གང་རུང་དུ་མ་གྲུབ་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གསུམ་
ཅིག་ཅར་དང་རིམ་ཅན་གང་རུང་གི་དོན་བྱེད་ནུས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གསུམ་པོ་ཆོས་ཅན། དོན་བྱེད་ནུས་སྟོང་ཡིན་པར་ཐལ། ཅིག་ཅར་རིམ་ཅན་གང་རུང་གི་དོན་བྱེད་ནུས་སྟོང་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དོན་བྱེད་
ནུས་པ་ཡིན་པའི་ཕྱིར། ཁ་ཅིག །སྟོན་པས་འཁོར་ལོ་གསུམ་པོ་དེ་ཅིག་ཅར་དུ་བསྐོར་ཟེར་ན། འོ་ན། སྟོན་པས་དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་སོགས་ཀྱི་མདོ་དང༌། རྒྱས་འབྲིང་བསྡུས་གསུམ་དང༌། བྱང་ཆུབ་སེམས་
དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་རྣམས་ཅིག་ཅར་དུ་བསྐོར་བར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་སོགས་ཀྱི་མདོ་སྟོན་པ་མངོན་པར་
རྫོགས་པར་སངས་རྒྱས་པའི་ཚུལ་བསྟན་ནས་ཞག་བཞི་བཅུ་རྩ་དགུ་ལོན་པའི་རྗེས་སུ་གསུངས་པ་དང༌། རྒྱས་འབྲིང་བསྡུས་གསུམ་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་བའི་ཚུལ་བསྟན་པའི་ཕྱི་དེ་ལོ་བྱ་རྒོད་ཕུང་
པོའི་རི་ལ་གསུངས་པ་སོགས་ཡིན་པའི་ཕྱིར། ཁ་ཅིག །བཅོམ་ལྡན་འདས་ཀྱིས་དུས་དང་པོར་གསུངས་པའི་མདོ་ལ་བདེན་བཞིའི་ཆོས་འཁོར་གྱིས་ཁྱབ་པ་དང༌། དུས་བར་པར་གསུངས་པའི་མདོ་ལ་མཚན་ཉིད་མེད་པའི་ཆོས་འཁོར་གྱིས་ཁྱབ་
བ་དང༑ དུས་ཐ་མར་གསུངས་པའི་མདོ་ལ་ལེགས་ཕྱེའི་ཆོས་འཁོར་གྱིས་ཁྱབ་པ་ཡིན་ནོ་ཟེར་ན། འོ་ན། བཅོམ་ལྡན་འདས་ཀྱིས་དུས་དང་པོར་གསུངས་པའི་མདོ་ལ། དགོངས་འགྲེལ་ནས་དངོས་སུ་གསུངས་པའི་བཀའ་དང་པོ་བདེན་བཞིའི་ཆོས་
འཁོར་སོགས་ཀྱིས་ཁྱབ་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དགོངས་འགྲེལ་ནས་དངོས་སུ་གསུངས་པའི་འཁོར་ལོ་གསུམ་པོ་དེ་དུས་ཙམ་གྱི་སྒོ་ནས་འཇོག་པ་མ་ཡིན་པའི་ཕྱིར། ཁ་ཅིག །བཅོམ་ལྡན་འདས་ཀྱིས་དུས་
དང་པོར་གསུངས་པའི་གསུང་རབ་ཐམས་ཅད་ལ་འཁོར་ལོ་དང་པོས་ཁྱབ་པ་དང༌། །དུས་བར་པར་གསུངས་པའི་གསུང་རབ་ཐམས་ཅད་ལ་འཁོར་ལོ་བར་པས་ཁྱབ་བ་དང༌། དུས་ཐ་མར་གསུངས་པའི་གསུང་རབ་ཐམས་ཅད་ལ་འཁོར་ལོ་
ཐ་མས་ཁྱབ་པ་ཡིན་ནོ་ཟེར་ན། འོ་ན། བཅོམ་ལྡན་འདས་ཀྱིས་དུས་དང་པོར་གསུངས་པའི་མདོ་ཡིན་ན། དགོངས་འགྲེལ་ནས་དངོས་སུ་གསུངས་པའི་འཁོར་ལོ་དང་པོ་ཡིན་པས་ཁྱབ་པར་ཐལ། བཅོམ་ལྡན་འདས་ཀྱིས་དུས་དང་པོར་གསུངས་པའི་
གསུང་རབ་ཐམས་ཅད་ལ་འཁོར་ལོ་དང་པོས་ཁྱབ་པའི་ཕྱིར། འདོད་ན། དགེ་སློང་དག་ཤམ་ཐབས་དང་ཆོས་གོས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ། །ཞེས་པའི་མདོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། བདེན་བཞི་གང་ཡང་རུང་བ་
དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བསླབ་བྱ་ཙམ་བསྟན་པའི་མདོ་ཡིན་པའི་ཕྱིར། །གལ་ཏེ་རྩ་བའི་ཐལ་འགྱུར་ལ་མ་ཁྱབ་ན། འོ་ན། གཟུངས་རྒྱལ་ནས་བཤད་
པའི་འཁོར་ལོ་དང་པོ་ལ་འཁོར་ལོ་དང་པོས་ཁྱབ་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། ཡུམ་རྒྱས་པའི་ནང་ཚན་དུ་གྱུར་པའི་གཟུགས་ནི་དགྲར་ཡིད་ལ་བྱའོ། །ཞེས་སོགས་འཁོར་བ་ལ་སྐྱོ་བ་བསྐྱེད་པའི་མདོ་ཆོས་ཅན། འཁོར་ལོ་དང་
པོ་ཡིན་པར་ཐལ། གཟུངས་རྒྱལ་ནས་བཤད་པའི་འཁོར་ལོ་དང་པོ་ཡིན་པའི་ཕྱིར། །དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཡུམ་རྒྱས་པའི་མདོ་ཚིག་ཡིན་པའི་ཕྱིར། ཁ་ཅིག །ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་
ཅན་ལ་གཙོ་བོར་དགོངས་ནས་གསུངས་པའི་མདོ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་མཚན་ཉིད། ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ལ་གཙོ་བོར་དགོངས་ནས་གསུངས་པའི་མདོ། བཀའ་བར་པ་མཚན་ཉིད་
མེད་པའི་ཆོས་འཁོར་གྱི་མཚན་ཉིད། ཆེད་དུ་བྱ་བའི་འདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་རྟུལ་ལ་གཙོ་བོར་དགོངས་ནས་གསུངས་པའི་མདོ། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། བཅོམ་ལྡན་འདས་ཀྱིས་ལྔ་སྡེ་ལ་དགེ་
།སློང་དག་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ། །ཞེས་པའི་མདོ་ཆོས་ཅན། མཚོན་བྱ་དང་པོ་དེར་ཐལ། མཚན་ཉིད་དང་པོ་དེའི་ཕྱིར། དེར་ཐལ། ཐེག་དམན་གྱི་མདོ་ཡིན་པའི་ཕྱིར། འདོད་ན། བདེན་བཞི་གང་
ཡང་རུང་བ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པར་ཐལ། །འདོད་པའི་ཕྱིར། འདོད་མི་ནུས་ཏེ། གོང་དུ་བཀག་ཟིན་པའི་ཕྱིར། གཞན་ཡང༌། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་
ཆོས་ཅན། མཚོན་བྱ་བར་པ་དེར་ཐལ། མཚན་ཉིད་བར་པ་དེའི་ཕྱིར། དེར་ཐལ། དེའི་ཆེད་དུ་བྱ་བའི་གདུལ་བྱ་དེ་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ཡིན་པའི་ཕྱིར། མ་གྲུབ་ན། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཆོས་ཅན། ཁྱོད་ཐེག་ཆེན་གྱི་རིགས་ཅན་
དབང་རྣོན་ཡིན་པར་ཐལ། ཁྱོད་སེམས་ཙམ་པའི་རིགས་ཅན་ཡིན་པའི་ཕྱིར། མ་གྲུབ་ན། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ཆོས་ཅན། ཁྱོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་སེམས་ཙམ་པའི་རིགས་ཅན་ཡིན་
པར་ཐལ། ཁྱོད་སེམས་ཙམ་པའི་མདོ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། དཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། མཚན་ཉིད་ཕྱི་མ་དེར་ཐལ། མཚོན་བྱ་ཕྱི་མ་དེའི་ཕྱིར། རྟགས་སླའོ། །ཁ་ཅིག །
དགོངས་འགྲེལ་ནས་དངོས་སུ་གསུང་པའི་འཁོར་ལོ་གསུམ་པོ་དེ་དུས་ཀྱི་སྒོ་ནས་མི་འཇོག་ཟེར་ན། དེ་འཇོག་པར་ཐལ། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། ཞེས་སོགས་ཀྱི་མདོ་འདི་འཁོར་ལོ་དང་པོར་འཇོག་བྱེད་ཅིག་ཡོད་པ་
གང་ཞིག །བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པ་ཙམ་གྱིས་ཀྱང་འཁོར་ལོ་དང་པོར་མི་འཇོག །སྟོང་ཉིད་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པ་ཙམ་གྱིས་ཀྱང་བཀའ་བར་པ་མཚན་ཉིད་མེད་
པའི་ཆོས་འཁོར་དུ་ཡང་མི་འཇོག་པའི་ཕྱིར། དང་པོ་དེར་ཐལ། དེ་འཁོར་ལོ་དང་པོ་ཡིན་པའི་ཕྱིར། ཕྱི་མ་གཉིས་མ་གྲུབ་ན། ཡུམ་བར་མའི་ནང་ཚན་དུ་གྱུར་པའི་གཟུགས་མི་རྟག་པ་ཉིད་དུ་ཡིད་ལ་བྱའོ། །གཟུགས་སྟོང་པ་དང་བདག་མེད་པ་ཉིད་དུ་ཡིད་ལ་བྱའོ་
ཞེས་སོགས་ཀྱི་མདོ་ཚིག་ཆོས་ཅན། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཡིན་པར་ཐལ། བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པའི་ཕྱིར། །དེར་ཐལ། མངོན་རྟོགས་རྒྱན་གྱི་ནང་ཚན་དུ་གྱུར་པའི། ལམ་ཤེས་ཉིད་ཀྱི་ཚུལ་
ལ་ནི། འཕགས་པའི་བདེན་པ་བཞི་དག་གི། རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་པའི་གཞུང་འདི་བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་བསྟན་བཅོས་ཡིན་པའི་ཕྱིར། དེར་ཐལ། མངོན་རྟོགས་
རྒྱན་གྱི་ནང་ཚན་དུ་གྱུར་པའི་བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་གཞུང་ཚིག་གཅིག་ཡོད་པའི་ཕྱིར། དེར་ཐལ། མངོན་རྟོགས་རྒྱན་གྱིས་བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། མ་ཁྱབ་ན། འགལ་
ལོ། །རྩ་བར་འདོད་མི་ནུས་ཏེ། ཡུམ་བར་མའི་མདོ་ཚིག་ཡིན་པའི་ཕྱིར། གཞན་ཡང༌། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ཆོས་ཅན། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཡིན་པར་ཐལ། སྟོང་ཉིད་དངོས་བསྟན་བསྟན་
བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་[*BRTAGS ETC THROUGHOUT]་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། དེས་ངོ་བོ་དང་
=།ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་གྱིས་མ་གྲུབ་པ་དེ་རྒྱས་འབྲིང་བསྡུས་གསུམ་ལས་ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་ངོ་བོ་ཉིད་མེད་པར་བསྟན་པའི་དགོངས་གཞིར་དངོས་བསྟན་བསྟན་བྱའི་གཙོ་
བོར་བྱས་ནས་བསྟན་པའི་ཕྱིར། དེར་ཐལ། དེས་རྒྱས་འབྲིང་བསྡུས་གསུམ་ལས་ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་ངོ་བོ་ཉིད་མེད་མཉམ་དུ་གསུངས་པའི་དགོངས་གཞི་གཅིག་དངོས་སུ་བསྟན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བཀའ་ཐ་མ་ལེགས་
ཕྱེའི་ཆོས་འཁོར་ཡིན་པའི་ཕྱིར། རང་རེས། དགོངས་འགྲེལ་ནས་དངོས་སུ་གསུངས་པའི་འཁོར་ལོ་གསུམ་པོ་དེ་དུས་དང༌། ཆེད་དུ་བྱ་བའི་གདུལ་བྱ་དང༌། བརྗོད་བྱ་གསུམ་ཀའི་སྒོ་ནས་འཇོག་བྱས་པ་ལ། ཁོ་ན་རེ། དེ་གསུམ་པོ་དུས་ཀྱི་སྒོ་ནས་མི་འཇོག་པར་
ཐལ། ལེགས་བཤད་སྙིང་པོ་ལས། དགོངས་འགྲེལ་ནས་འཁོར་ལོ་རིམ་པ་གསུམ་གསུངས་པ་ནི་འཁོར་གྱི་འདུ་ཐེབས་དང་སྟོན་པའི་སྐུ་ཚེའི་ཚིགས་ལ་སོགས་པས་འཇོག་པ་མིན་གྱི་བརྗོད་བྱའི་ངོས་ནས་ཡིན་ནོ། །དེ་ཡང་བདག་མེད་པའི་དོན་གཏན་ལ་འབེབས་པའི་
དབང་དུ་བྱས་པ་སྟེ། ཞེས་གསུངས་པའི་ཕྱིར། ཟེར་ན་སྐྱོན་མེད་དེ། དེའི་དོན་ནི། དུས་ཁོ་ན་དང༌། ཆེད་དུ་བྱ་བའི་གདུལ་བྱ་ཁོ་ན་དང༌། བརྗོད་བྱ་ཁོ་ནའི་སྒོ་ནས་མི་འཇོག་ཞེས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན་དགོང་འགྲེལ་ལས་དངོས་སུ་གསུངས་པའི་འཁོར་
ལོ་གསུམ་པོ་དེ་དུས་ཀྱི་སྒོ་ནས་འཇོག་པར་ཐལ། ལེགས་བཤད་སྙིང་པོ་ལས། ཤུགས་ལ་གནས་པའི་དོན་དེ་ཉིད་དུས་ཀྱི་རིམ་པའི་སྒོ་ནས་འཁོར་ལོ་གསུམ་དང་སྦྱར་བའི་དྲང་ངེས་སུ་འགྱུར་ཚུལ་དོན་དམ་ཡང་དག་འཕགས་ཀྱིས་སྟོན་པ་ལ་ཞུས་པ་ནི། ཞེས་གསུངས་
པའི་ཕྱིར། ཁ་ཅིག་ལེགས་བཤད་སྙིང་པོ་ལས། དང་པོར་ཝ་ར་ཎ་སེར་གང་ཟག་གི་བདག་མེད་པ་གསུངས་ཤིང༌། ཕུང་པོ་ལ་སོགས་པའི་ཆོས་ལ་ཉུང་ཤས་གཅིག་མ་གཏོགས་བདེན་པར་གྲུབ་པ་མ་བཀག་ཅིང༌། བདེན་པར་གྲུབ་པ་མང་དུ་གསུངས་པའི་སྐོར་གཅིག་གོ་༌།དེ་ནས་རྣམ་
}དབྱེ་མ་མཛད་པར་ཕུང་སོགས་ཀྱི་ཆོས་ཐམས་ཅད་བདེན་པར་གྲུབ་པ་བཀག་བའི་སྐོར་གཅིག་གོ་༌།ཞེས་སོགས་ཀྱིས་ཐལ་འགྱུར་བའི་ལུགས་ཀྱི་དྲང་ངེས་འགྲེལ་ཚུལ་གཏན་ལ་འབེབས་པ་ཡིན་ནོ། །ཟེར་ན། དེ་མི་འཐད་པར་ཐལ། སྐབས་འདིར་སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་དྲང་ངེས་འགྲེལ་ཚུལ་
གཏན་ལ་འབེབས་པའི་སྐབས་ཡིན་པའི་ཕྱིར། ཁྱབ་པ་ཡོད་པར་ཐལ། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་དྲང་ངེས་འགྲེལ་ཚུལ་གཏན་ལ་འབེབས་པའི་སྐབས་སུ། ཐལ་འགྱུར་བའི་ལུགས་ཀྱི་དྲང་ངེས་འགྲེལ་ཚུལ་གཏན་ལ་ཕབ་ན་སྐབས་དོན་འཆོལ་བའི་སྐྱོན་ཡོད་པའི་ཕྱིར། ཁ་ཅིག །གསུང་དེ་ཐལ་
འགྱུར་བའི་དཀྱུས་ཤོར་བ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། དྲང་ངེས་རྣམ་འབྱེད་དེ་རྒྱལ་བའི་གསུང་རབ་ལ་དཔྱད་པ་དག་པའི་ཚུལ་བསྟན་པའི་རྗེས་སུ་རྩོམ་པ་གང་ཞིག །རྒྱལ་བའི་གསུང་རབ་ལ་དཔྱད་བ་རྫོགས་ནས་ཤིང་རྟ་ཆེན་པོ་རྣམས་ཀྱི་ལུགས་འཆད་པ་ན་སྐབས་དོན་འཆོལ་བ་མི་སྲིད་པའི་ཕྱིར། ཁ་ཅིག
གསུང་དེའི་དོན་ནི། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དེས་འདུས་བྱས་ཀྱི་ཆོས་ཐམས་ཅད་བདེན་གྲུབ་ཏུ་དངོས་སུ་བསྟན། འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བདེན་མེད་དུ་དངོས་སུ་བསྟན་པས་དེ་ལ་དགོངས་པ་ཡིན་ནོ་ཟེར་ན། འོ་ན། གྲུབ་དོན་དང་པོའི་སྐབས་ནས་དངོས་
སུ་བསྟན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དེས། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་བཞི་ཡིན་པ་དེ་བདེན་མེད་དུ་དངོས་སུ་བསྟན་པར་ཐལ། དེས་འདུས་མ་བྱས་ཀྱི་ཆོས་ཐམས་ཅད་བདེན་མེད་དུ་དངོས་སུ་བསྟན་པའི་ཕྱིར། རྟགས་ཁས། འདོད་ན། དེས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་མདོ་
སྡེ་པ་ལ་དེ་ལྟར་བསྟན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེའི་ཆེད་དུ་བྱ་བའི་གདུལ་བྱ་མདོ་སྡེ་པས་དེ་བདེན་མེད་དུ་འདོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་བདེན་གྲུབ་ཏུ་འདོད་པའི་ཕྱིར། དེར་ཐལ། དེས་གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་
འདོད་པའི་ཕྱིར། དེར་ཐལ། ལེགས་བཤད་སྙིང་པོ་ལས། དེའི་ཕྱིར་འདིའི་བཟློག་ཕྱོགས་ཀྱི་སྒྲོ་འདོགས་ངོ་བོ་དང་ཁྱད་པར་དུ་མིང་གིས་བཏགས་པ་དེར་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་གྲུབ་མཐའི་ཁས་ལེན་ཀྱང་ཉན་ཐོས་ལྡེ་པ་ལ་ཡོད་དོ། ཞེས་གསུངས་པའི་ཕྱིར། ཁ་ཅིག །བདག
མེད་ཕྲ་རགས་གསུམ་པོ་གང་རུང་མི་སྟོན་པའི་མདོ་རྣམས་དྲང་ངེས་འབྱེད་པའི་གཞིར་མི་རུང་ཟེར་ན། དེ་རུང་བར་ཐལ། དེ་བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པའི་དྲང་ངེས་འབྱེད་པའི་གཞིར་རུང་བའི་ཕྱིར། དེར་ཐལ། དེ་དག་བློ་གྲོས་མི་ཟད་པའི་མདོ་ལས་གསུངས་པའི་དྲང་དོན་
གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། བློ་གྲོས་མི་ཟད་པའི་མདོ་དེས། དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་མི་སྟོན་པའི་མདོ་རྣམས་དྲང་དོན་གྱི་མདོར་གསུངས་པའི་ཕྱིར། ཁ་ཅིག །བདག་མེད་ཕྲ་རགས་གསུམ་པོ་གང་རུང་མི་སྟོན་པའི་མདོ་རྣམས་དགོངས་འགྲེལ་ལས་གསུངས་པའི་
དྲང་ངེས་འབྱེད་པའི་གཞིར་མི་རུང་ཟེར་ན། འོ་ན༑ དགེ་སློང་དག་ཤམ་ཐབས་ཟླུམ་པོར་བགོ་བ་ལ་བསླབ་པར་བྱའོ། །ཞེས་པའི་མདོ་འདི་ཡང་དགོངས་འགྲེལ་ལས་གསུངས་པའི་དྲང་ངེས་འབྱེད་པའི་གཞིར་མི་རུང་བར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་རུང་བར་ཐལ། དེ་དགོངས་འགྲེལ་
ལས་གསུངས་པའི་ངེས་དོན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲ་ཇི་བཞིན་པའི་མདོ་ཡིན་པའི་ཕྱིར། ཁ་ཅིག་དེ་ལྟ་བུའི་མདོ་དེ་གྲུབ་དོན་གྱི་སྐབས་ནས་དངོས་སུ་བསྟན་པའི་དྲང་ངེས་འབྱེད་པའི་གཞིར་རུང་བ་ཡིན་ནོ་ཟེར། དེ་མི་འཐད་པར་ཐལ། དེ་བདག་མེད་ཕྲ་རགས་གསུམ་པོ་གང་རུང་མི་སྟོན་པའི་མདོ་
ཡིན་པའི་ཕྱིར། ཁ་ཅིག །སྟོན་པས་འཁོར་ལོ་གསུམ་པོ་ཅིག་ཅར་དུ་བསྐོར་བར་ཐལ། བདེན་བཞིའི་ཆོས་འཁོར་སྐོར་བ་དེའི་ཚེ་གདུལ་བྱ་རིགས་ཅན་གསུམ་ཀ་ཡོད་པ་གང་ཞིག །བཅོམ་ལྡན་འདས་གདུལ་བྱ་འདུལ་བའི་དུས་ལས་ཡོལ་བ་མི་སྲིད་ཅིང༌། གསུངས་གཅིག་ཉིད་ཀྱིས་གསུངས་མོད་ཀྱི། །དུ་མ་ཉིད་
དུ་སོ་སོར་གོ་༌།ཞེས་གསུངས་པའི་ཕྱིར། ཟེར་ན་མ་ཁྱབ། འོ་ན། ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིག་ཅན་ལ་གཙོ་བོར་དགོངས་ནས་གསུངས་པའི་མདོ་ལ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱིས་ཁྱབ་པ་དང༌། ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ལ་གཙོ་བོར་དགོངས་ནས་
གསུངས་པའི་མདོ་ལ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱིས་ཁྱབ་པར་ཐལ། ཁྱོད་ཀྱི་སྒྲུབ་བྱེད་དེ་འཐད་པའི་ཕྱིར། འདོད་ན། མི་འཐད་དེ། གོང་དུ་བཀག་ཟིན་པའི་ཕྱིར། གཞན་ཡང༌། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དེ། ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་ལྟོས་ནས་
}བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང༌། ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ལ་ལྟོས་ཏེ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དང༌། ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་རྟུལ་ལ་ལྟོས་ཏེ། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་ཡིན་པར་ཐལ། གསུང་གཅིག་ཉིད་
ཀྱིས་གསུངས་མོད་ཀྱི། །དུ་མ་ཉིད་དུ་སོ་སོར་གོ་ཞེས་གསུངས་ན། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བ་དེའི་ཚེ་ན། འཁོར་ལོ་གསུམ་པོ་བསྐོར་བས་ཁྱབ་པའི་ཕྱིར། འདོད་ན། དེ་ཐེག་པ་ཐུན་མོང་བའི་མདོ་ཡིན་པར་ཐལ། དེ་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་ལྟོས་ནས་ཐེག་དམན་གྱི་
མདོ་དང༌། ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ལ་ལྟོས་ནས་ཐེག་ཆེན་གྱི་མདོ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེ་ཐེག་དམན་ཐུན་མོང་མ་ཡིན་པའི་མདོ་ཡིན་པའི་ཕྱིར། ཁ་ཅིག །ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ནས་བདེན་
བཞི་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཐེག་དམན་གྱི་མདོ། བདེན་བཞིའི་ཆོས་འཁོར་གྱི་མཚན་ཉིད། ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་སྟོང་ཉིད་ཕྲ་མོ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ། མཚན་ཉིད་མེད་པའི་ཆོས་འཁོར་གྱི་མཚན་ཉིད། ཆེད་དུ་བྱ་བའི་གདུལ་
བྱ་ཐེག་ཆེན་གྱི་རིགས་ཅན་ལ་གཟུགས་དང་གཟུགས་འཛིན་པའི་མཚན་མ་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ། ལེགས་ཕྱེའི་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། འོ་ན། འདུལ་བ་མདོ་རྩ་བའི་ནང་ཚན་དུ་གྱུར་པའི་བདེན་བཞི་བསྟན་བྱའི་གཙོ་བོར་བྱས་ནས་
བསྟན་པའི་གཞུང་ཚིག་ཆོས་ཅན། མཚན་ཉིད་དང་པོ་དེར་ཐལ། མཚོན་བྱ་དང་པོ་དེའི་ཕྱིར། དེར་ཐལ། བདེན་བཞིའི་ཆོས་འཁོར་དུ་གྱུར་པའི་བསྟན་བཅོས་ཡོད་པ་གང་ཞིག །དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་སོགས་ཀྱི་མདོ་དེ། བདེན་བཞིའི་ཆོས་འཁོར་ཡིན་པའི་ཕྱིར། དང་པོ་
དེར་ཐལ། ལུང་གི་ཆོས་འཁོར་དུ་གྱུར་པའི་བསྟན་བཅོས་རྣམ་དག་ཡོད་པ་སྒྲུབ་ཟིན་པའི་ཕྱིར། འདོད་མི་ནུས་ཏེ། བསྟན་བཅོས་ཡིན་པའི་ཕྱིར། གཞན་ཡང༌། དབུ་མ་རྩ་བ་ཤེས་རབ་ཆོས་ཅན། མཚན་ཉིད་བར་པ་དེར་ཐལ། མཚོན་བྱ་བར་པ་དེའི་ཕྱིར། དེར་ཐལ། མཚན་ཉིད་མེད་པའི་ཆོས་འཁོར་དུ་གྱུར་པའི་
།བསྟན་བཅོས་ཡོད་པ་གང་ཞིག །རྒྱས་འབྲིང་བསྡུས་གསུམ་མཚན་ཉིད་མེད་པའི་ཆོས་འཁོར་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བསྟན་བཅོས་ཡིན་པའི་ཕྱིར། ཁ་ཅིག །དེ་དག་རིམ་པ་བཞིན་དུ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་མཚན་ཉིད་དང༌། བཀའ་བར་པ་མཚན་ཉིད་མེད་
པའི་ཆོས་འཁོར་གྱི་མཚན་ཉིད་སོགས་ཡིན་ཟེར་ན། འོ་ན། བཅོམ་ལྡན་འདས་ཀྱིས་དུས་ཐ་མར་གསུངས་པའི་བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཐེག་དམན་གྱི་མདོ་ཆོས་ཅན། མཚོན་བྱ་དང་པོ་དེར་ཐལ། མཚན་ཉིད་དང་པོ་དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ་
དེ་ཡོད་པའི་ཕྱིར། དེར་ཐལ། བཅོམ་ལྡན་འདས་ཀྱིས་སྐུ་ཚེའི་ཐ་མར་ཀུན་ཏུ་རྒྱུ་རབ་བཟང་ལ་བདེན་བཞིའི་འདོར་ལེན་བསྟན་པའི་ཕྱིར། དེར་ཐལ། ཀུན་ཏུ་རྒྱུ་རབ་བཟང་དེ་བཅོམ་ལྡན་འདས་ཀྱི་སྐུ་ཚེ་ཐ་མའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པའི་ཕྱིར། དེར་ཐལ། སྲས་སྒྲ་གཅན་འཛིན་གྱི་བསྟོད་པ་ལས། མཛེས་བཟང་ཡན་ཆད་བཏུལ་
ལགས་ན། །ད་ནི་ཁྱོད་ལ་གདུལ་བྱ་ཡི། །བུ་ལོན་ལྷག་མ་ཅུང་ཟད་མེད། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དུས་དང་པོར་གསུངས་པའི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། བཅོམ་ལྡན་འདས་ཀྱིས་དང་པོར་ཝ་ར་ཎ་སིར། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་
ཕྱིར། ཁ་ཅིག་གསུངས་ན་རེ། ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ནས་ཆོས་རྣམས་ཤས་ཆེར་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྟན་པའི་མདོ་དངོས་སམ་དེའི་སྡེར་གཏོགས་གང་རུང༌། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་མཚན་ཉིད། ཆེད་དུ་བྱ་བའི་གདུལ་བྱ་
ཐེག་ཆེན་གྱི་རིགས་ཅན་འཁོར་ལོ་བར་པའི་མདོའི་དགོངས་པ་འཁོར་ལོ་ཐ་མས་བཀྲལ་བ་ལ་ལྟོས་མི་དགོས་པའི་རིགས་ཅན་ལ་གཙོ་བོར་དགོངས་ནས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྒྲས་ཟིན་ལ་བསྟན་པའི་མདོ་དངོས་སམ་དེའི་སྡེར་གཏོགས་གང་རུང༌། བཀའ་བར་པ་མཚན་ཉིད་མེད་
པའི་ཆོས་འཁོར་གྱི་མཚན་ཉིད། ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་འཁོར་ལོ་བར་པའི་དགོངས་པ་འཁོར་ལོ་ཐ་མས་བཀྲལ་བ་ལ་ལྟོས་དགོས་པའི་རིགས་ཅན་རྣམས་ལ་གཙོ་བོར་དགོངས་ནས་མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་སོ་སོར་ཕྱེ་ནས་བསྟན་པའི་མདོ་དངོས་སམ་
དེའི་སྡེར་གཏོགས་གང་རུང༌། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། འོ་ན། བཅོམ་ལྡན་འདས་ཀྱིས་དུས་ཐ་མར་ཀུན་ཏུ་རྒྱུ་རབ་བཟང་ལ་བདེན་བཞིའི་འདོར་ལེན་བསྟན་པའི་མདོ་དེ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་སྡེར་གཏོགས་ཡིན་པར་ཐལ། དེའི་སྡེར་གཏོགས་ཀྱི་མདོ་
གཅིག་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། དུས་དང་པོར་གསུངས་པའི་མདོ་ཡིན་པར་ཐལ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཡིན་པའི་ཕྱིར། འདོད་མི་ནུས་སོ། །གཞན་ཡང་མཚན་ཉིད་བར་པ་དེ་ཆོས་ཅན། ངོ་བོ་ཉིད་མེད་པར་སྨྲ་བའི་ཐལ་རང་གཉིས་ཀྱིས་རྒྱས་འབྲིང་བསྡུས་གསུམ་ཁྱོད་དུ་འདོད་པར་
ཐལ། ཁྱོད་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་མཚན་ཉིད་ཡིན་པ་གང་ཞིག །ངོ་བོ་ཉིད་མེད་པར་སྨྲ་བའི་ཐལ་རང་གཉིས་ཀྱིས་རྒྱས་འབྲིང་བསྡུས་གསུམ་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་མཚན་གཞིར་འདོད་པའི་ཕྱིར། འདོད་ན། རང་རྒྱུད་པས་དེ་ལྟར་འདོད་པར་ཐལ། འདོད་པའི་
ཕྱིར། འདོད་ན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྒྱས་འབྲིང་བསྡུས་གསུམ་དེ་ལྟར་འདོད་པར་ཐལ། འདོད་པའི་ཕྱིར། འདོད་ན། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྒྱས་འབྲིང་བསྡུས་གསུམ་དྲང་དོན་གྱི་མདོར་བཞེད་པར་ཐལ། དེས་རྒྱས་འབྲིང་བསྡུས་གསུམ་ལས་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་
མ་གྲུབ་པར་སྒྲས་ཟིན་ལ་བསྟན་པར་འདོད་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེས་རྒྱས་འབྲིང་བསྡུས་གསུམ་ངེས་དོན་གྱི་མདོར་བཞེད་པའི་ཕྱིར། གཞན་ཡང་མཚན་ཉིད་གསུམ་པ་དེ་ཆོས་ཅན། ངོ་བོ་ཉིད་མེད་པར་སྨ་བའི་ཐལ་རང་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་
ཞུས་ཀྱི་ལེའུ་ཁྱོད་དུ་འདོད་པར་ཐལ། ཁྱོད་བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་མཚན་ཉིད་ཡིན་པ་གང་ཞིག །ངོ་བོ་ཉིད་མེད་པར་སྨྲ་བའི་ཐལ་རང་གཉིས་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་ཀྱི་མཚན་གཞིར་བཞེད་པའི་ཕྱིར།
འདོད་ན། རང་རྒྱུད་པས་དེ་ལྟར་འདོད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་མ་བསྟན་པར་བཞེད། སློབ་དཔོན་ཞི་བ་མཚོ་ཡབ་སྲས་ཀྱིས་བྱང་
ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་མ་བསྟན་ཀྱང༌། དགོངས་འགྲེལ་གྱི་ལེའུ་གཞན་གྱིས་བསྟན་པར་བཞེད་པའི་ཕྱིར། དང་པོ་དེར་ཐལ། སེམས་ཙམ་པ་རྣམས་ཀྱིས་ཀུན་བཏགས་རང་གི་མཚན་ཉིད་
ཀྱིས་མ་གྲུབ་པ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུའི་བསྟན་དོན་དུ་ཁས་བླངས་པ་ལ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་དོན་འདོགས་བྱེད་ཀྱི་རྟོག་པ་ལ་བྱེད་དམ། བཏགས་དོན་ལ་བྱེད་ཞེས་དཔྱད་པར་མཛད་པའི་སྒོ་ནས་སྐྱོན་
བརྗོད་མཛད་པའི་ཕྱིར། ཕྱི་མ་དེར་ཐལ། ལེགས་བཤད་སྙིང་པོ་ལས། ཆ་ཕྱེ་ནས་མདོའི་དོན་དུ་འཇོག་གོ་ཞེས་གསུངས་པའི་ཕྱིར། ཁ་ཅིག །དགོངས་འགྲེལ་ནས་གསུངས་པའི་འཁོར་ལོ་གསུམ་པོ་གང་རུང་གང་ཞིག །རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྗེས་སུ་འཛིན་པའི་ཕྱིར་དུ་བདེན་
བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཐེག་དམན་གྱི་མདོ། དགོངས་འགྲེལ་ནས་གསུངས་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་མཚན་ཉིད། དགོངས་འགྲེལ་ནས་གསུངས་པའི་འཁོར་ལོ་གསུམ་པོ་གང་རུང་གང་ཞིག །རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་
རྣོན་རྗེས་སུ་འཛིན་པའི་ཕྱིར་དུ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྒྲས་ཟིན་ལ་བསྟན་པའི་ཐེག་ཆེན་གྱི་མདོ། དགོངས་འགྲེལ་ནས་གསུངས་པའི་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་མཚན་ཉིད། དགོངས་འགྲེལ་ནས་གསུངས་པའི་འཁོར་ལོ་གསུམ་པོ་གང་རུང་གང་ཞིག །
རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་རྟུལ་རྗེས་སུ་འཛིན་པའི་ཕྱིར་དུ་མཚན་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་སོ་སོར་ཕྱེ་ནས་གསལ་བར་བསྟན་པའི་ཐེག་ཆེན་གྱི་མདོ། དགོངས་འགྲེལ་ནས་གསུངས་པའི་བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་མཚན་ཉིད་ཟེར་ན། འོ་ན།
རི་བོང་རྭ་ཆོས་ཅན། དགོངས་འགྲེལ་ནས་གསུངས་པའི་འཁོར་ལོ་གསུམ་པོ་གང་རུང་གང་ཞིག །རང་གི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྗེས་སུ་འཛིན་པའི་ཕྱིར་དུ་བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཐེག་དམན་གྱི་མདོ་ཡོད་པར་ཐལ། དགོངས་འགྲེལ་
}ནས་གསུངས་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རི་བོང་རྭ་དགོངས་འགྲེལ་ནས་གསུངས་པའི་འཁོར་ལོ་གསུམ་པོ་གང་རུང་གང་ཞིག །རི་བོང་རྭའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་རྗེས་སུ་འཛིན་པའི་ཕྱིར་དུ་བདེན་བཞི་དངོས་བསྟན་
བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཐེག་དམན་གྱི་མདོ་མེད་པར་ཐལ། རི་བོང་རྭ་མེད་པའི་ཕྱིར། གཉིས་པ་སླའོ། །གཞན་ཡང༌། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ཆོས་ཅན། མཚན་ཉིད་ཕྱི་མ་དེར་ཐལ། མཚོན་བྱ་ཕྱི་མ་དེའི་ཕྱིར། འདོད་ན། དེའི་ཆེད་དུ་བྱ་བའི་
གདུལ་བྱ་དེ་ཐེག་ཆེན་གྱི་རིགས་ཅན་དབང་རྟུལ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཆོས་ཅན། ཁྱོད་ཐེག་ཆེན་གྱི་རིགས་ཅན་དབང་བརྟུལ་མ་ཡིན་པར་ཐལ། ཁྱོད་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ཡིན་པའི་ཕྱིར། དེར་ཐལ། སེམས་ཙམ་པའི་རིགས་ཅན་ཡིན་པའི་ཕྱིར།
མ་གྲུབ་ན། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ཆོས་ཅན། ཁྱོད་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་སེམས་ཙམ་པའི་རིགས་ཅན་ཡིན་པར་ཐལ། ཁྱོད་སེམས་ཙམ་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། སེམས་ཙམ་པའི་མདོ་གཅིག་ཡོད་པའི་ཕྱིར། དབུ་སེམས་ཐུན་མོང་དུ་མཚན་
ཉིད་དེ་ལྟར་འཇོག་ན་སྔ་མ་ལྟར་གྱི་སྐྱོན་ཡང་རིགས་འགྲེ༌།སེམས་ཙམ་པའི་ལུགས་ཀྱི་དེ་ལྟར་འཇོག་ན་སྐྱོན་གཉིས་པོ་དེ་གཅིག་འཕེན་ནོ། །ཁ་ཅིག །འདུལ་བ་ལུང་སྡེ་བཞི་པོ་དེ། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་མཚན་གཞི་དང༌། ངེས་དོན་གྱི་མདོ་ཐམས་
ཅད་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་མཚན་གཞི་དང༌། ལེའུ་བཅུའི་བདག་ཉིད་ཅན་གྱི་མདོ་སྡེ་དགོངས་འགྲེལ་རིལ་པོ་དེ། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་མཚན་གཞི་ཡིན་ཟེར་ན། དང་པོ་དེ་མི་ཐད་པར་ཐལ། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བཀའ་དང་པོ་བདེན་
གཞིའི་ཆོས་འཁོར་ཡིན་ན། བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པས་ཁྱབ་པ་གང་ཞིག །འདུལ་བ་གནས་མལ་གྱི་གཞི་མ་གཏོགས་གཞན་རྣམས་ཕལ་ཆེར་བདེན་གཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། གཞན་ཡང༌། དམ་བཅའ་བར་པ་དེ་ཡང་མི་
།འཐད་བར་ཐལ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཅིག་ཁོ་བོས་རྙེད། །ཞེས་སོགས་ཀྱི་མདོ་འདི་ངེས་དོན་གྱི་མདོ་ཡིན་ཀྱང་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། དེའི་བསྟན་དོན་
གཅིག་ཡོད་པའི་ཕྱིར། ཕྱི་མ་དེར་ཐལ། དེ་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་མ་བསྐོར་བའི་སྔ་ལོགས་སུ་གསུངས་པའི་མདོ་ཡིན་པའི་ཕྱིར། དམ་བཅའ་ཕྱི་མ་དེ་ཡང་མི་འཐད་པར་ཐལ། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་དང༌། དགོངས་འགྲེལ་གྱི་བྱམས་
ཞུས་ཀྱི་ལེའུའི་ནང་ཚན་དུ་གྱུར་པའི་བྱམས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ནི་སེམས་ལ་ཐ་དད་པ་ཞེས་བགྱིའམ། ཞེས་སོགས་ཀྱི་ཕྱི་དོན་འགོག་པའི་མདོ་རྣམས་མ་གཏོགས་ལེའུ་གཞན་རྣམས་འདིའི་བླ་ན་མ་མཆིས་ཞེས་ཉེ་ཚིག་སྨོས་པའི་ལེགས་ཕྱེའི་ཆོས་འཁོར་
གྱི་མཚན་གཞིར་འབྲེལ་བ་མེད་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། འདི་ནི་བླ་ན་མ་མཆིས་ཞེས་ཉེ་ཚིག་སྨྲོས་པའི་མཚན་བཞིར་མདོ་སྡེ་དགོངས་པ་ངེས་འགྲེལ་རིལ་པོ་འཛིན་པ་མི་འཐད་དེ། །དེར་ས་བཅུའི་དབང་ཕྱུག་གི་བྱང་ཆུབ་སེམས་དཔའ་བཅུས་སྟོན་པ་ལ་དྲི་བ་མི་འདྲ་བ་རེ་རེ་མཛད་པའི་དྲིས་
ལན་གཞན་རྣམས་འདིའི་མཚན་གཞིར་འབྲེལ་བ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ཉན་ཐོས་ཀྱི་རིགས་ཅན་ཡིན་པས་ཁྱབ་ཟེར་ན། འོ་ན། དེའི་ཆེད་དུ་བྱ་བའི་གདུལ་བྱ་རང་རྒྱལ་གྱི་རིགས་ཅན་
ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ཐེག་དམན་གྱི་མདོའི་ཆེད་དུ་བྱ་བའི་གདུལ་བྱ་རང་རྒྱལ་གྱི་རིགས་ཅན་ཡོད་པ་གང་ཞིག །རང་རྒྱལ་ལ་ཉན་ཐོས་ལས་སྡེ་སྣོད་ཟུར་པ་མེད་པའི་ཕྱིར། དང་པོ་དེར་ཐལ། སངས་རྒྱས་ཀྱི་གསུང་གི་ཆེད་དུ་བྱ་བའི་
གདུལ་བྱ་རང་རྒྱལ་གྱི་རིགས་ཅན་ཡོད་པའི་ཕྱིར། དེར་ཐལ། བསེ་རུ་ལྟ་བུའི་རང་རྒྱལ་དེས་སྐྱེ་བ་གཅིག་ཐོགས་ཀྱི་ཚེ། སངས་རྒྱས་ཡོངས་འཛིན་དུ་བསྟེན་སྨོན་ལམ་ཆེན་པོ་གསུམ་བཏབ་མཁས་པར་བྱ་བའི་དངོས་པོ་དྲུག་ལ་མཁས་པ་སོགས་བྱེད་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཆོས་ཅན་
}དེ་ཡིན་པའི་ཕྱིར། ཁ་ཅིག །མདོ་ཤེས་རབ་སྙིང་པོའི་ཆེད་དུ་བྱ་བའི་གདུལ་བྱ་ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་ཅན་ཡོད་ཟེར་ན། འོ་ན། དེ་ཆོས་ཅན། ཁྱོད་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ཡིན་པར་ཐལ། ཁྱོད་སེམས་ཙམ་པའི་རིགས་ཅན་ཡིན་པའི་ཕྱིར། དེར་ཐལ། ཁྱོད་བཀའ་བར་པ་མཚན་ཉིད་
མེད་པའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཤེས་རབ་སྙིང་པོའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་ཅན་ཡིན་པའི་ཕྱིར། ཁ་ཅིག །རྒྱས་འབྲིང་བསྡུས་གསུམ་གྱི་ཆེད་དུ་བྱ་བའི་གདུལ་བྱས་རྒྱས་འབྲིང་བསྡུས་
གསུམ་སྒྲ་ཇི་བཞིན་པར་འཛིན་པ་ཡིན་ནོ་ཟེར་ན། འོ་ན། རྒྱས་འབྲིང་བསྡུས་གསུམ་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཆོས་ཅན། ཁྱོད་ཀྱིས་གཞན་དབང་བདེན་མེད་དུ་འདོད་པར་ཐལ། ཁྱོད་རྒྱས་འབྲིང་བསྡུས་གསུམ་སྒྲ་ཇི་བཞིན་པར་འཛིན་པའི་ཐེག་ཆེན་གྱི་རིགས་ཅན་ཡིན་པའི་ཕྱིར། །རྟགས་ཁས། འདོད་མི་ནུས་
ཏེ། གཞན་དབང་བདེན་གྲུབ་ཏུ་འདོད་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། སེམས་ཙམ་པའི་རིགས་ཅན་ཡིན་པའི་ཕྱིར། དེར་ཐལ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་པའི་ཕྱིར། ཁ་ཅིག །རྒྱས་འབྲིང་བསྡུས་གསུམ་པོ་དེའི་གོང་དུ་མདོ་སྡེ་གཞན་
ཡོད་པས་བླ་ན་མཆིས་པའི་མདོ་ཡིན་ནོ་ཟེར་ན། དེ་མི་འཐད་པར་ཐལ། རྒྱས་འབྲིང་བསྡུས་གསུམ་དེ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་འགྱུར་མེད་ཡོངས་གྲུབ་ཀྱིས་བསྡུས་པའི་སྟོང་ཉིད་རྒྱས་པར་གཏན་ལ་འབེབས་པའི་མདོ་སྡེ་ཀུན་གྱི་གཙོ་བོ་ཡིན་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། དྲང་
བའི་དོན་ཡིན་ཡང་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་དམིགས་པ་འགྱུར་མེད་ཡོངས་གྲུབ་ཀྱིས་བསྡུས་པའི་སྟོང་ཉིད་རྒྱས་པར་གཏན་ལ་འབེབས་པའི་མདོ་སྡེ་རྣམས་ཀྱི་གཙོ་བོ་ཡིན་ཞིང༌། དེའི་ཆེད་དུ་བྱ་བའི་གདུལ་བྱ་ནི་མདོ་སྡེ་གཞན་གྱི་དགོངས་པ་བཀྲལ་བ་ལ་ལྟོས་མི་དགོས་པར་དགོངས་པ་རྫོགས་
པར་རྟོགས་ཤིང༌། སྒྲ་ཇི་བཞིན་པར་མི་འཛིན་ནོ། ཞེས་གསུངས་པའི་ཕྱིར། ཁ་ཅིག །བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ཀ་ཡོད་ཟེར་ན། འོ་ན། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་དང་པོ་ཉིད་ནས་ཐེག་དམན་དུ་རིགས་ངེས་
{@9A}༄༅། །པའི་ཐེག་དམན་གྱི་རིགས་ཅན་ཡོད་པར་ཐལ། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ཡོད་པའི་ཕྱིར། ཁ་ཅིག་གིས་མ་ཁྱབ་ཟེར། འདོད་ན། སྟོང་ཉིད་ཕྲ་མོ་བསྟན་པའི་སྣོད་རུང་གི་གདུལ་བྱ་དང་པོ་ཉིད་ནས་ཐེག་དམན་དུ་རིགས་ངེས་པའི་ཐེག་དམན་གྱི་
རིགས་ཅན་ཡོད་པར་ཐལ། འདོད་པ་གང་ཞིག །བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་དེ་བདག་མེད་ཕྲ་མོ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པའི་ཕྱིར། འདོད་ན། ཆོས་ཀྱི་བདག་མེད་ཕྲ་མོ་རྟོགས་པའི་དང་པོ་ཉིད་ནས་ཐེག་དམན་དུ་རིགས་ངེས་པའི་ཐེག་དམན་གྱི་རིགས་
ཅན་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་ཏེ། མདོ་སྡེ་དགོངས་འགྲེལ་དང་འགལ་བའི་ཕྱིར། རྩ་བའི་ཐལ་འགྱུར་ལ་ཁྱབ་པ་ཡོད་པར་ཐལ། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ཡོད་པ་གང་ཞིག །དེ་ལ་ཐེག་ཆེན་ལམ་དུ་འཇུག་མྱོང་
གིས་ཁྱབ་པ་སྟོན་བྱེད་ཀྱི་ཚད་ལྡན་གྱི་གཞུང་མེད་པའི་ཕྱིར། དང་པོ་ཁས། གཞན་ཡང་བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་མེད་པར་ཐལ། །བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་འཁོར་ལོ་ཐ་མས་བར་པའི་
དགོངས་པ་བཀྲལ་བ་ལ་ལྟོས་དགོས་པའི་ཐེག་ཆེན་གྱི་རིགས་ཅན་ཡིན་པའི་ཕྱིར། དེར་ཐལ། རྣམ་བཤད་ལས། མདོ་སྡེ་དགོངས་འགྲེལ་ལྟ་བུས་དེའི་དགོངས་པ་གསལ་བར་ཕྱེ་ནས་བསྟན་དགོས་པའི་རིགས་ཅན་རྣམས་ནི་ཐེག་པ་ཆེན་པོའི་རིགས་ཅན་ཡིན་ཡང་སྔ་མ་ལས་དབང་པོ་དམན་པ་
ཡིན་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་རང་གི་ལུགས་བཞག་པ་ལ། བཅོམ་ལྡན་འདས་ཀྱིས་དུས་དང་པོར་ཆེད་དུ་བྱ་བའི་གདུལ་བྱ་ཐེག་དམན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ནས་བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་ཐེག་དམན་གྱི་མདོ། བཀའ་དང་པོ་
བདེན་བཞིའི་ཆོས་འཁོར་གྱི་མཚན་ཉིད། མཚན་གཞི་ནི། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་བདེན་པའོ། །འདི་ནི་འགོག་པ་འཕགས་པའི་བདེན་པའོ། །འདི་ནི་ལམ་འཕགས་པའི་བདེན་པའོ། །སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་
{@9B}སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་བསྒོམ་པར་བྱ། སྡུག་བསྔལ་ཤེས་པར་བྱ། སླར་ཡང་ཤེས་པར་བྱར་མེད། ཀུན་འབྱུང་སྤང་བར་བྱ། སླར་ཡང་སྤང་བར་བྱར་མེད། འགོག་པ་མངོན་དུ་བྱ། སླར་ཡང་མངོན་དུ་བྱར་མེད། ལམ་བསྒོམ་པར་བྱ། སླར་ཡང་བསྒོམ་པར་བྱར་མེད། ཞེས་པའི་མདོ་
ལྟ་བུ་ཡིན། བཅོམ་ལྡན་འདས་ཀྱིས་དུས་བར་པར་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་དབང་རྣོན་ལ་སྟོང་ཉིད་ཕྲ་མོ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཐེག་ཆེན་གྱི་མདོ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་མཚན་ཉིད། མཚན་གཞི་ནི། རྒྱས་འབྲིང་བསྡུས་
གསུམ་དང༌། སྡུད་པ་ཤེས་རབ་སྙིང་པོ་དང་བཅས་པ་ཡིན། བཅོམ་ལྡན་འདས་ཀྱིས་དུས་ཐ་མར་ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་ལ་ཆོས་ཀྱི་བདག་མེད་ཕྲ་རགས་ཅི་རིགས་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཐེག་ཆེན་གྱི་མདོ། །བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་མཚན་
ཉིད། མཚན་གཞི་ནི། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་དང༌། དགོངས་འགྲེལ་གྱི་བྱམས་ཞུས་ཀྱི་ལེའུའི་ནང་ཚན་དུ་གྱུར་པའི་བྱམས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན། ཞེས་སོགས་ཀྱི་མདོ་ལྟ་བུ་ཡིན། དེ་དག་ནི་གོ་བ་གཙོ་བོར་བྱས་པ་ཡིན་ལ།
ཚིག་སྐྱོན་བཅད་དེ་ཞིབ་པར་སྨྲས་ན་འཁོར་ལོ་གསུམ་པོ་གང་རུང་དུ་གྱུར་པའི་ཐེག་དམན་གྱི་མདོ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་མཚན་ཉིད། དགོངས་འགྲེལ་ནས་གསུངས་པའི་འཁོར་ལོ་གསུམ་པོ་གང་རུང་གང་ཞིག །ཆེད་དུ་བྱ་བའི་གདུལ་བྱ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་
དག་འཕགས་ཞུས་ཀྱི་ལེའུ་ལྟ་བུས་འཁོར་ལོ་བར་པའི་དགོངས་པ་བཀྲལ་བ་ལ་ལྟོས་མི་དགོས་པའི་ཐེག་ཆེན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ནས་གསུངས་པའི་མདོ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་མཚན་ཉིད། དགོངས་འགྲེལ་ནས་གསུངས་པའི་འཁོར་ལོ་གསུམ་པོ་
གང་རུང་གང་ཞིག །ཆེད་དུ་བྱ་བའི་གདུལ་བྱ་བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ལྟ་བུས་འཁོར་ལོ་བར་པའི་དགོངས་པ་བཀྲལ་བ་ལ་ལྟོས་དགོས་པའི་ཐེག་ཆེན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ནས་གསུངས་པའི་མདོ། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་མཚན་
{@10A}༄༅། །ཉིད༑ མཚན་གཞི་ནི་སྔར་ལྟར་ཡིན། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་ལ་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་ཞེས་འཆད་པའི་རྒྱུ་མཚན་ཡོད་དེ། འཁོར་ལོ་དང་པོའི་ཆེད་དུ་བྱ་བའི་གདུལ་བྱ་དེས་འཁོར་ལོ་དང་
པོས་བསྟན་ཚོད་ཀྱི་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་ཙམ་ཞིག་གོ་བར་ནུས། འཁོར་ལོ་བར་པའི་བརྗོད་བྱར་གྱུར་པའི་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་གོ་མི་ནུས། འཁོར་ལོ་བར་པའི་ཆེད་དུ་བྱ་བའི་
གདུལ་བྱ་དེས་མདོ་གཞན་གྱིས་འཁོར་ལོ་བར་པའི་དགོངས་པ་བཀྲལ་བ་ལ་མ་ལྟོས་པར་འཁོར་ལོ་བར་པའི་བརྗོད་བྱར་གྱུར་པའི་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་གོ་ནུས། འཁོར་ལོ་ཐ་མའི་ཆེད་དུ་བྱ་བའི་གདུལ་བྱ་དེས་བྱང་ཆུབ་སེམས་དཔའ་དོན་
དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ལྟ་བུས་འཁོར་ལོ་བར་པའི་དགོངས་པ་མ་བཀྲལ་བར་འཁོར་ལོ་བར་པའི་བརྗོད་བྱར་གྱུར་པའི་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་གོ་བར་མི་ནུས། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་
ལྟ་བུས་འཁོར་ལོ་བར་པའི་དགོངས་པ་དངོས་སུ་བཀྲལ་བ་ལ་བརྟེན་ནས་འཁོར་ལོ་བར་པའི་བརྗོད་བྱར་གྱུར་པའི་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་དངོས་སུ་གོ་བའི་ཤུགས་ལ། འཁོར་ལོ་དང་པོའི་བརྗོད་བྱར་གྱུར་པའི་གང་ཟག་གི་བདག་མེད་ཀྱི་
དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་རྣམ་བཞག་གོ་བར་འགྱུར་བའི་གདུལ་བྱ་ཞིག་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བཤད་པའི་ཕྱིར། ༈ གསུམ་པ་རྩོད་པ་སྤོང་བ་ལ། ཁ་ཅིག་གི་ན་རེ། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་རང་རྒྱལ་གྱི་རིགས་ཅན་མེད་
པར་ཐལ། དེའི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ཉན་ཐོས་ཀྱི་རིགས་ཅན་ཡིན་དགོས་པའི་ཕྱིར། དེར་ཐལ། གྲུབ་དོན་དང་པོའི་སྐབས་སུ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་རྣམས་ལ། ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། གཙོ་ཆེ་བ་ལ་དགོངས་པ་ཡིན་པའི་ཕྱིར། དེ་
{@10B}ལྟར་མ་ཡིན་ན། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཡིན་ན། ཉན་ཐོས་ལམ་ཞུགས་ཀྱི་གང་ཟག་ཡིན་དགོས་པར་ཐལ། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་རྣམས་ལ། ཞེས་གསུངས་པའི་ཕྱིར། འདོད་ན། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་ཆེད་དུ་
བྱ་བའི་གདུལ་བྱ་ཉན་ཐོས་ཀྱི་ལམ་ལ་འཇུག་མ་མྱོང་བའི་མདོ་སྡེ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། དེ་ཡོད་པའི་ཕྱིར། དེར་ཐལ། ཐེག་ཆེན་ལམ་དུ་འཇུག་མ་མྱོང་བའི་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་
བྱ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། མདོ་ཤེས་རབ་སྙིང་པོ་ངོ་བོ་ཉིད་མེད་པར་སྨྲ་བའི་མདོ་ཡིན་པར་ཐལ། ཤེས་རབ་སྙིང་པོའི་ཆེད་དུ་བྱ་བའི་གདུལ་བྱ་ངོ་བོ་ཉིད་མེད་པར་སྨྲ་བའི་ཐལ་འགྱུར་བའི་རིགས་ཅན་ཡོད་པའི་ཕྱིར། དེར་ཐལ། ཤེས་རབ་
སྙིང་པོས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ལ་དོན་དམ་པའམ། བདེན་པའི་ཁྱད་པར་དངོས་སུ་མ་སྦྱར་བར། རང་བཞིན་མེད་པར་སྒྲས་ཟིན་ལ་བསྟན་པ་དེ་གདུལ་བྱ་ངོ་བོ་ཉིད་མེད་པར་སྨྲ་བའི་ཐལ་འགྱུར་བའི་རིགས་ཅན་རྗེས་སུ་འཛིན་པའི་ཆེད་དུ་ཡིན་པའི་ཕྱིར། ཟེར་ན་མ་
ཁྱབ། མ་གྲུབ་ན། དེར་ཐལ། དེ་ལྟར་བསྟན་པ་ལ་དགོས་པ་ཡོད་པའི་ཕྱིར། དེར་ཐལ། བཅོམ་ལྡན་འདས་ལ་གདུལ་བྱའི་དོན་དུ་མི་འགྱུར་བའི་མཛད་པ་མི་མངའ་བའི་ཕྱིར། ཁ་ཅིག །བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ཀ་ཡོད་པར་ཐལ།
ལེགས་བཤད་སྙིང་པོ་ལས། གདུལ་བྱ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་སྟེ། སྔ་མ་གཉིས་ནི་ཐེག་པ་ཆེ་ཆུང་སོ་སོ་བ་ཡིན་ལ་འདི་ནི་གཉིས་ཀའི་དབང་དུ་བྱས་པའོ། །ཞེས་གསུངས་པའི་ཕྱིར། ཟེར་ན་སྐྱོན་མེད་དེ། དེའི་དོན་ནི་གོང་དུ་བཤད་ཟིན་པ་ལྟར་ཡིན་པའི་ཕྱིར། དེ་ལྟར་
མ་ཡིན་ན། ཐེག་པ་ཐམས་ཅད་ལ་ཡང་ཞུགས་ཀྱི་དོན་གདུལ་བྱ་ནི་ཐེག་པ་ཐམས་ཅད་ལ་ཞེས་སོགས་ལས་ལོགས་སུ། ལེགས་བཤད་སྙིང་པོ་ལས། ཕུང་པོ་ལ་སོགས་པ་གཞན་དབང་དང་དེ་ལ་ཆོས་ཀྱི་བདག་ཏུ་སྒྲོ་བཏགས་པ་ཀུན་བཏགས་དང༌། དེ་དེས་སྟོང་པ་ཆོས་ཀྱི་བདག་མེད་ཀྱི་ཡོངས་གྲུབ་ཏུ་འཇོག
{@11A}༄༅། །པ་ཐེག་ཆེན་གྱི་མདོའི་དོན་དུ་དགོངས་འགྲེལ་གྱིས་བཀྲལ་བའི་ཤུགས་ཀྱིས་ཕུང་པོའི་གཞན་དབང་གང་ཟག་གི་བདག་གི་ཀུན་བཏགས་ཀྱིས་སྟོང་པ་གང་ཟག་གི་བདག་མེད་ཀྱི་ཡོངས་གྲུབ་ཏུ་འཇོག་པའི་ངོ་བོ་ཉིད་གསུམ་གྱི་རྣམ་བཞག་དེ་ཙམ་ཞིག་ཐེག་དམན་
གྱི་མདོའི་དོན་དུ་གོ་ནུས་ལ། དེའི་ཕྱིར་འཁོར་ལོ་དང་པོ་གསུངས་པའི་གདུལ་བྱ་ནི་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་ངོ་བོ་ཉིད་མེད་པ་རྟོགས་པའི་སྣོད་དུ་རུང་ལ། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་ངོ་བོ་ཉིད་མེད་པ་རྟོགས་པའི་སྣོད་དུ་མི་རུང་བ་ལ་
གསུངས་པར་དགོངས་འགྲེལ་གྱི་ཤུགས་ཀྱིས་འགྲེལ་བས། ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཐེག་པ་ཐམས་ཅད་ལ་ཞུགས་པའི་ཆེད་དུ་གསུངས་པའི་དོན་ནི་འདིའོ་ཞེས་རྒྱས་པར་འཆད་མི་རིགས་པར་ཐལ། ཐེག་པ་ཐམས་ཅད་ལ་ཡང་ཞུགས་ཀྱི་དོན་དེ། བཀའ་ཐ་མ་
ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ཀ་ཡོད་པ་ཙམ་ལ་བྱེད་རིགས་པའི་ཕྱིར། རྟགས་ཁས། འདོད་མི་ནུས་སོ། །གཞན་ཡང་འཁོར་ལོ་དང་པོ་གཉིས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་གཉིས་པོ་དེ་ཐེག་པ་ཆེ་ཆུང་སོ་སོ་བ་དང༌། བཀའ་ཐ་མ་ལེགས་ཕྱེའི་
ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་དེ་ཐེག་པ་ཆེ་ཆུང་གཉིས་ཀ་ལ་ཞུགས་པའི་གང་ཟག་ཡིན་པར་ཐལ། ལེགས་བཤད་སྙིང་པོ་ལས། གདུལ་བྱ་ནི་ཐེག་པ་ཐམས་ཅད་ལ་ཡང་དག་པར་ཞུགས་པ་སྟེ། སྔ་མ་གཉིས་ནི་ཐེག་པ་ཆེ་ཆུང་སོ་སོ་བ་ཡིན་ལ་འདི་ནི་གཉིས་ཀའི་དབང་དུ་
བྱས་པའོ། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེ་ལྟར་གསུངས་ན། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ཀ་ཡོད་དགོས་པའི་ཕྱིར། རྟགས་ཁས། འདོད་ན། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་ཆོས་
ཅན༑ ཁྱོད་ཐེག་པ་ཆེ་ཆུང་གཉིས་ཀ་ལ་ཞུགས་པའི་གང་ཟག་མ་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁ་ཅིག །བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ཆེད་དུ་བྱ་བའི་གདུལ་བྱ་རིགས་ཅན་གསུམ་ཀ་ཡོད་པར་ཐལ། དེ་ཐེག་པ་ཐུན་མོང་བའི་མདོ་ཡིན་པའི་ཕྱིར།
{@11B}དེར་ཐལ། ཐེག་པ་ཐུན་མོང་བའི་མདོ་ཡོད་པའི་ཕྱིར། དེར་ཐལ། མངོན་པ་ཀུན་ལས་བཏུས་དེ་ཐེག་པ་ཐུན་མོང་བའི་མངོན་པའི་སྡེ་སྣོད་དུ་གསུངས་པའི་ཕྱིར། ཟེར་ན་མ་ཁྱབ། དེའི་དོན་ནི། ཐེག་པ་ཆེ་ཆུང་གཉིས་ཀའི་ལམ་ཉམས་སུ་ལེན་པའི་ཚེ། གཏན་ལ་འབེབས་དགོས་པའི་གཞི་ཕུང་
ཁམས་སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་གཏན་ལ་ཕབ་པ་ལ་དགོངས་པ་ཡིན་པའི་ཕྱིར། ཁ་ཅིག །སྡུག་བདེན་ཙམ་སྟོན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དེ་ཆོས་ཅན། བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པར་ཐལ། བཀའ་དང་
པོ་བདེན་བཞིའི་ཆོས་འཁོར་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན་དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། དེར་ཐལ། ཕུང་ཁམས་སྐྱེ་མཆེད་ཙམ་སྟོན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཡོད་པའི་ཕྱིར། དེར་ཐལ། མདོ་སྡེ་ལ་འགལ་སྤོང་གི་དྲི་བའི་སྐབས་སུ། བཅོམ་ལྡན་འདས་ཀྱི་
རྣམ་གྲངས་དུ་མར་ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཞེས་གསུངས་པའི་ཕྱིར་ཟེར་ན། མ་ཁྱབ། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། འདོད་ན། བདེན་བཞི་གང་རུང་མི་སྟོན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཡོད་པར་ཐལ། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་
ཕུང་པོ་རྣམས་ཀྱི་རང་གི་མཚན་ཉིད་ཀྱང་བཀའ་སྩལ། ཞེས་པ་ལས་ལོགས་སུ། བདེན་པ་རྣམས་ཀྱི་རང་གི་མཚན་ཉིད་དང༌། ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྟོང་ཉིད་མི་སྟོན་པའི་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཡོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་མི་ནུས་
ཏེ༑ དེ་ཡིན་ན། བརྗོད་བྱ་སྟོང་ཉིད་ལས་བརྩམས་པས་ཁྱབ་པའི་ཕྱིར། ཁ་ཅིག །བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་མདོ་ཚིག་ཏུ་གྱུར་པའི་སྡུག་བདེན་ཙམ་སྟོན་པའི་མདོ་ཚིག་ཆོས་ཅན། བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་མདོ་ཡིན་པར་ཐལ། བཀའ་དང་པོ་
བདེན་བཞིའི་ཆོས་འཁོར་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། དེའི་མདོ་ཚིག་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར་ཟེར་ན། འོ་ན། དེ་རང་ཆོས་ཅན། བདེན་བཞིའི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་ཡིན་པར་ཐལ། དེ་འདྲ་བའི་མདོ་
{@12A}༄༅། །ཚིག་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་བདེན་བཞིའི་ཆོས་འཁོར་གྱི་མདོ་ཚིག་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཆོས་ཅན་དེ་ཡིན་པའི་ཕྱིར། འཁོར་གསུམ་ཡོད། ཁ་ཅིག །བཀའ་བར་པ་
མཚན་ཉིད་མེད་པའི་ཆོས་འཁོར་ཡིན་ན། སྟོང་ཉིད་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པས་ཁྱབ་པར་ཐལ། དེ་ཡིན་ན། སྟོང་ཉིད་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པས་ཁྱབ་པ་གང་ཞིག །སྟོང་ཉིད་དངོས་སུ་བསྟན་ན་སྒྲས་ཟིན་ལ་བསྟན་མི་དགོས་པའི་ཕྱིར། ཕྱི་མ་དེར་ཐལ།
ཤེས་རབ་སྙིང་པོས་སྟོང་ཉིད་སྒྲས་ཟིན་ལ་མ་བསྟན་ཀྱང༌། ཤེས་རབ་སྙིང་པོའི་ཆེད་དུ་བྱ་བའི་གདུལ་བྱས་ཤེས་རབ་སྙིང་པོ་ལ་བརྟེན་ནས་སྟོང་ཉིད་དངོས་སུ་གོ་ནུས་པའི་ཕྱིར་ཟེར་ན་མ་ཁྱབ། ཁ་ཅིག །གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་རང་གི་མཚན་ཉིད་
ཀྱིས་མ་གྲུབ་པ་དེ། ཆོས་ཀྱི་བདག་མེད་རགས་པ་ཡིན་པར་ཐལ། བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་གྱི་ཆོས་ཀྱི་བདག་མེད་ཕྲ་རགས་ཅི་རིགས་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། དེ་ཆད་མཐའ་ཡིན་པའི་ཕྱིར། དེར་ཐལ། གཞན་དབང་རང་
གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། ཁ་ཅིག །བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ངེས་དོན་གྱི་མདོ་མ་ཡིན་པར་ཐལ། དེའི་གོང་དུ་ངེས་དོན་གྱི་མདོ་གཞན་ཡོད་པའི་ཕྱིར། དེར་ཐལ། དེའི་གོང་དུ་ཁྱད་པར་དུ་འཕགས་པའི་མདོ་གཞན་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། མ་
གྲུབ་ན་དེར་ཐལ། རྒྱས་འབྲིང་བསྡུས་གསུམ་དེ་ལྟར་ཡིན་པའི་ཕྱིར། ཁ་ཅིག །ལེའུ་བཅུའི་བདག་ཉིད་ཅན་གྱི་མདོ་སྡེ་དགོངས་འགྲེལ་རིལ་པོ་དེ་ལེགས་ཕྱེའི་ཆོས་འཁོར་གྱི་མཚན་གཞི་ཡིན་པར་ཐལ། རྣམ་བཤད་དུ་དབུ་སེམས་གཉིས་ཀའི་སྐབས་སུ་ལེགས་ཕྱེའི་ཆོས་འཁོར་གྱི་
མཚན་གཞི་ངོས་འཛིན་པ་དེའི་ཚེ། མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་སོ་སོར་ཕྱེ་ནས་སྟོན་པའི་མདོ་དགོངས་འགྲེལ་ལྟ་བུ་ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་དང་དགོངས་འགྲེལ་གྱི་བྱམས་ཞུས་ཀྱི་ལེའུའི་ནང་ཚན་
{@12B}དུ་གྱུར་པའི་བྱམས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སོགས་ཀྱི་མདོ་གཉིས་ལ། མདོ་ཉིད་ནས་དགོངས་འགྲེལ་གྱི་མིང་གིས་བཏགས་པ་དེ་ལ་དགོངས་པའི་ཕྱིར། །དེ་ལྟར་མ་ཡིན་ན། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་དང༌། བྱམས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་
བརྙན་ནི། ཞེས་སོགས་ཀྱི་མདོ་གཉིས་དང༌། བྱང་ཆུབ་སེམས་དཔའ་ཆོས་འཕགས་ཀྱི་དྲིས་ལན་གྱི་ལེའུ་དང༌། དོན་ཟབ་དགོངས་པ་ངེས་འགྲེལ་གྱི་ལེའུ་གཞན་རྣམས་ལ་བརྗོད་བྱ་སྟོན་ཚུལ་ལ་ཁྱད་པར་མེད་པར་ཐལ། དེ་ཐམས་ཅད་བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་ཡིན་པའི་ཕྱིར།
རྟགས་ཁས། འདོད་མི་ནུས་སོ།། ༈ །།འཁོར་ལོ་གསུམ་གྱི་མཚན་ཉིད་དང་དབྱེ་བ། བརྗོད་བྱ། ཆེད་དུ་བྱ་བའི་གདུལ་བྱ་སོགས་དེ་ལྟར་ཡིན་ན། འཁོར་ལོ་གསུམ་གྱི་དྲང་ངེས་འགྲེལ་ཚུལ་ཇི་ལྟ་བུ་ཞེ་ན། དེ་ལ་ཁ་ཅིག་ན་རེ། འཁོར་ལོ་དང་པོའི་དགོངས་གཞི་ཡིན་ན། དེའི་
དགོངས་པ་ཡིན་པས་ཁྱབ་ཟེར་ན། འོ་ན༑ ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཕྱི་རོལ་དོན་སྣང་གི་བག་ཆགས་བཞག་པ་སྨིན་པ་ལ་བརྟེན་ནས་ཕྱི་རོལ་དོན་སྣང་གི་རྣམ་ཤེས་སྐྱེ་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འཁོར་ལོ་དང་པོས་གཟུགས་ནས་རེག་བྱའི་བར་གྱི་ཆོས་རྣམས་ཕྱི་
རོལ་དོན་དུ་གྲུབ་པར་བསྟན་པའི་དགོངས་གཞི་ཡིན་པའི་ཕྱིར། འདོད་ན། དེའི་བསྟན་དོན་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེས་རང་གི་ཆེད་དུ་བྱ་བའི་གདུལ་བྱ་དོན་སྨྲ་སྡེ་གཉིས་ལ་ཀུན་གཞི་བསྟན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དོན་སྨྲ་སྡེ་གཉིས་ཀྱིས་ཀུན་གཞི་འདོད་
པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་གཉིས་ཀྱིས་གཟུགས་ནས་རེག་བྱའི་བར་གྱི་ཆོས་རྣམས་ཀུན་གཞིའི་སྟེང་དུ་ཕྱི་རོལ་དོན་སྣང་གི་བག་ཆགས་བཞག་པ་སྨིན་པའི་སྣང་བ་ཙམ་ཡིན་གྱི་ཕྱི་རོལ་དོན་དུ་མ་གྲུབ་པར་འདོད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། དེ་གཉིས་དོན་སྨྲ་མ་ཡིན་པར་
ཐལ་ལོ། །ཁ་ཅིག །འཁོར་ལོ་དང་པོའི་དགོངས་གཞི་ཡིན་ན། དེའི་དགོངས་པ་མ་ཡིན་པས་ཁྱབ་ཟེར་ན། འོ་ན། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཡོད་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། འཁོར་ལོ་དང་པོས་གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་
{@13A}༄༅། །འཇུག་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པར་བསྟན་པའི་དགོངས་གཞི་ཡིན་པའི་ཕྱིར། དེར་ཐལ། དེས་དེ་ལྟར་བསྟན་པའི་དགོངས་གཞི་གཅིག་ཡོད་པའི་ཕྱིར། འདོད་ན། དེའི་དགོངས་པ་ཡིན་པར་ཐལ། དེའི་བསྟན་དོན་ཡིན་པའི་ཕྱིར། དེར་ཐལ།
དེས་དེ་ལྟར་བསྟན་པའི་ཕྱིར། དེར་ཐལ། དེས་གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པར་བསྟན་པའི་ཕྱིར། ཁ་ཅིག །འཁོར་ལོ་དང་པོའི་བསྟན་དོན་ཡིན་ན། དེའི་སྒྲས་ཟིན་གྱི་དོན་ཡིན་པས་མ་ཁྱབ་ཟེར་ན། དེས་ཁྱབ་
པར་ཐལ། གཟུགས་ནས་རེག་བྱའི་བར་གྱི་ཆོས་རྣམས་ཕྱི་རོལ་དོན་དུ་གྲུབ་པ་ཡང༌། དེའི་སྒྲས་ཟིན་གྱི་དོན་ཡིན། གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པ་ཡང་
དེའི་སྒྲས་ཟིན་གྱི་དོན་ཡིན། །བདེན་པ་བཞི་པོ་དེ་ཡང་དེའི་སྒྲས་ཟིན་གྱི་དོན་ཡིན་པའི་ཕྱིར། ཁ་ཅིག །ཕྱི་དོན་ཡོད་པར་སྟོན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་སྒྲས་ཟིན་གྱི་དོན་མེད་ཟེར་ན། འོ་ན། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་འཁོར་ལོ་དང་པོའི་སྒྲས་
ཟིན་གྱི་དོན་ཡང་མེད་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བདེན་བཞིའི་ཆོས་འཁོར་གྱི་བརྗོད་བྱ་མེད་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བཀའ་དང་པོ་བདེན་
བཞིའི་ཆོས་འཁོར་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་ཡོད་པར་ཐལ། བདེན་པ་བཞི་པོ་ཁྱོད་ཀྱི་བརྗོད་བྱ་ཡིན་པའི་ཕྱིར། དེར་ཐལ། འཕགས་པའི་བདེན་པ་བཞིའི་རྣམ་པ་བསྟན་པས། ཞེས་པ་འདི་གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་
གྱི་བརྗོད་བྱ་ངོས་འཛིན་གྱི་གཞུང་ཡིན་པའི་ཕྱིར། དེར་ཐལ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་ངོ་བོ་ཉིད་མ་མཆིས་པ་ཉིད་ལས་བརྩམས། ཞེས་པའི་གཞུང་འདི་གྲུབ་དོན་བར་པའི་སྐབས་ནས་དངོས་སུ་བསྟན་པའི་འཁོར་ལོ་བར་པའི་བརྗོད་བྱ་ངོས་འཛིན་གྱི་གཞུང་ཡིན་པའི་ཕྱིར།
{@13B}གཞན་ཡང༌། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ཆོས་ཅན། ཁྱོད་རང་ཉིད་ཀུན་ནས་སློང་བྱེད་མི་ཤེས་པས་ཀུན་ནས་བསླངས་ནས་བརྩམས་པའི་ངག་ཡིན་པར་ཐལ། བརྗོད་བྱས་སྟོང་པའི་ངག་གང་ཞིག །སྐྱེས་བུས་བརྩམས་པའི་ངག་ཡིན་
པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། བརྗོད་བྱས་སྟོང་པ་བརྗོད་རྣམས་ཀྱི། །འདི་ནི་མི་ཤེས་ཀྱིས་བསླང་ཡིན། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སངས་རྒྱས་ཀྱི་བཀའ་ཡིན་པའི་ཕྱིར། གཞན་ཡང༌། དེ་ཆོས་ཅན། གྲོལ་བ་དོན་གཉེར་གྱི་སྐྱེས་བུ་ལ་ལྟོས་ཏེ། ཁྱོད་བརྩམས་པ་ལ་དགོས་པ་
མེད་པར་ཐལ། ཁྱོད་ཀྱིས་གྲོལ་བ་དོན་གཉེར་གྱི་སྐྱེས་བུ་ལ་ཉེར་མཁོའི་དོན་མ་བསྟན་པའི་ཕྱིར། མ་གྲུབ་ན། དེའི་བརྗོད་བྱ་ཡོད་པར་ཐལ་ལོ།། གཞན་ཡང༌། དེ་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་ཡོད་པར་ཐལ། ཁྱོད་དགོས་སོགས་ཆོས་བཞི་དང་འབྲེལ་བའི་ངག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་
སངས་རྒྱས་ཀྱི་བཀའ་ཡིན་པའི་ཕྱིར། ཁ་ཅིག །བདེན་བཞིའི་ཆོས་འཁོར་གྱིས་ཕྱི་དོན་ཡོད་པར་བསྟན་པའི་བརྗོད་བྱ་ཡོད་ཟེར་ན། དེ་མེད་པར་ཐལ། ཕྱི་དོན་མེད་པའི་ཕྱིར། ཁ་ཅིག །ཕྱི་དོན་ཡོད་པར་བསྟན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གྱི་སྒྲས་ཟིན་གྱི་དོན་མེད་པར་ཐལ། དེའི་
སྒྲས་ཟིན་གྱི་དོན་ལ་ཚད་མས་གནོད་པའི་ཕྱིར་དང༌། དེའི་དགོངས་གཞི་ཡིན་ན། དེའི་བསྟན་དོན་མ་ཡིན་དགོས་པའི་ཕྱིར། དང་པོ་དེར་ཐལ། གཟུགས་ནས་རེག་བྱའི་བར་གྱི་ཆོས་རྣམས་ཕྱི་རོལ་དོན་དུ་གྲུབ་པ་ཡང་མེད། གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་
ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པ་ཡང་མེད། ཕྱི་རོལ་གྱི་དོན་ཡང་མེད་པའི་ཕྱིར་ཟེར་ན། མ་ཁྱབ། ཕྱི་མ་དེར་ཐལ། ཉི་ཤུ་པ་རྩ་འགྲེལ་གྱིས་འཁོར་ལོ་དང་པོ་དྲང་དོན་དུ་འགྲེལ་བ་དེའི་ཚེ། དགོངས་གཞི་བསྟན་དོན་དུ་མ་བྱས་པར་དྲང་དོན་
དུ་འགྲེལ་པར་ལེགས་བཤད་སྙིང་པོ་ལས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། ཀུན་གཞིའི་སྟེང་དུ་ཕྱི་རོལ་དོན་སྣང་གི་བག་ཆགས་བཞག་པ་སྨིན་པ་ལ་བརྟེན་ནས། ཕྱི་རོལ་དོན་སྣང་གི་རྣམ་ཤེས་སྐྱེ་བ་དེ། དེའི་དགོངས་གཞི་ཡིན་ཀྱང༌། དེའི་བསྟན་དོན་མ་ཡིན་ཞེས་པའི་དོན་ཡིན་པའི་
{@14A}༄༅། །ཕྱིར༑ ཁ་ཅིག །གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཡོད་པ་དེ། འཁོར་ལོ་དང་པོས་གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པར་བསྟན་པའི་དགོངས་གཞི་མ་ཡིན་པར་ཐལ།
གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཡོད་ཙམ་དེའི་དགོངས་གཞི་ཡིན་པའི་ཕྱིར་ཟེར་ན། དེ་གཉིས་མི་འགལ་ཏེ། དེའི་ཡོད་ཙམ་གྱི་དོན་ནི་འཇུག་གཞི་དེར་རྟོག་པས་བཏགས་པ་ཙམ་དུ་ཡོད་པ་ལ་བྱེད་པ་གང་ཞིག །འཇུག་གཞི་དེར་རྟོག་པས་བཏགས་ཙམ་
དུ་ཡོད་ན་འཇུག་གཞི་དེར་ཡོད་དགོས་པའི་ཕྱིར། གང་ཞིག་དེར་ཐལ། ཙམ་སྒྲ་དེ་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པ་འགོག་པའི་ཕྱིར་དུ་ཡིན་པའི་ཕྱིར། ཁ་ཅིག་ན་རེ། འཁོར་ལོ་བར་པའི་སྒྲས་ཟིན་གྱི་དོན་ཡིན་ན། འཁོར་ལོ་བར་པའི་བསྟན་དོན་
མ་ཡིན་པས་ཁྱབ་ཟེར་ན། འོ་ན། འགོག་བདེན་དང་ཆོས་ཁམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེས་འགོག་བདེན་དང་ཆོས་ཁམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྒྲས་ཟིན་ལ་བསྟན་པའི་ཕྱིར། དེར་ཐལ། དེས་མྱང་འདས་རང་གི་མཚན་
ཉིད་ཀྱིས་མ་གྲུབ་པར་སྒྲས་ཟིན་ལ་བསྟན་པའི་ཕྱིར། དེར་ཐལ། ཡུམ་རྒྱས་པ་ལས། མྱ་ངན་ལས་འདས་པ་ལས་ཁྱད་པར་དུ་འཕགས་པའི་ཆོས་གཞན་ཞིག་ཡོད་ན་དེ་ཡང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུར་སྨྲའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་དེའི་བསྟན་དོན་ཡིན་པར་ཐལ། ངོ་བོ་དང་ཁྱད་པར་དུ་
ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེའི་བསྟན་དོན་ཡིན་པའི་ཕྱིར། དེར་ཐལ། དེ་དེའི་དགོངས་གཞི་ཡིན་པའི་ཕྱིར། ཁ་ཅིག འཁོར་ལོ་བར་པའི་སྒྲས་ཟིན་གྱི་དོན་ཡིན་ན། མེད་པས་ཁྱབ་ཟེར་ན། འོ་ན། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་རང་གི་མཚན་ཉིད་
ཀྱིས་མ་གྲུབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྒྲས་ཟིན་ལ་བསྟན་པའི་ཕྱིར། དེར་ཐལ། དེས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་རང་གི་མཚན་ཉིད་ཀྱིས་
{@14B}མ་གྲུབ་པར་སྒྲས་ཟིན་ལ་བསྟན་པའི་ཕྱིར། དེར་ཐལ། དེས་དེ་ལྟར་བསྟན་པའི་སྒོ་ནས་དེ་དྲང་དོན་དུ་འགྲེལ་བའི་ཕྱིར། དེར་ཐལ། དེ་དྲང་དོན་དུ་འགྲེལ་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པའི་ཕྱིར། མ་གྲུབ་ན། དེ་
ཆོས་ཅན། ཁྱོད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ། ཁྱོད་ཀུན་བཏགས་ཡིན་པའི་ཕྱིར། དེར་ཐལ། མཚན་ཉིད་གསུམ་པོ་གང་རུང་གང་ཞིག །གཞན་དབང་དང་ཡོངས་གྲུབ་གང་རུང་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། གཞི་གྲུབ་པའི་ཕྱིར། ཕྱི་མ་སླའོ། ཁ་ཅིག །འཁོར་ལོ་བར་པའི་དགོངས་གཞི་
ཡིན་ན། དེའི་སྒྲས་ཟིན་གྱི་དོན་ཡིན་པས་ཁྱབ་ཟེར་ན། འོ་ན། གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་དེའི་བསྟན་དོན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཞན་དབང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེའི་སྒྲས་ཟིན་གྱི་དོན་ཡིན་པའི་ཕྱིར། དེར་
ཐལ། དེས་གཞན་དབང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་སྒྲས་ཟིན་ལ་བསྟན་པའི་ཕྱིར། ཁ་ཅིག །འཁོར་ལོ་བར་པའི་སྒྲས་ཟིན་གྱི་དོན་ལ་ཚད་མས་གནོད་པར་ཐལ། དེ་དྲང་དོན་དགོངས་པ་ཅན་གྱི་མདོ་གང་ཞིག །དེས་གཞན་དབང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བསྟན་པའི་སྒྲས་ཟིན་
གྱི་དོན་ལ་ཚད་མས་གནོད་པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། དེར་ཐལ། གཞན་དབང་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། གཞན་ཡང༌། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ཐལ། དེས་སྒྲས་ཟིན་ལ་དེ་ལྟར་བསྟན་པ་གང་ཞིག་སྒྲས་
ཟིན་པ་བསྟན་པ་དེ་གདུལ་བྱ་ཕལ་པ་རྗེས་སུ་བཟུང་བའི་ཕྱིར་དུ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་སྒྲས་ཟིན་ལ་བསྟན་པ་ལ་དགོས་པ་ཡོད་པའི་ཕྱིར། ཁ་ཅིག །རྒྱས་འབྲིང་བསྡུས་གསུམ་ངོ་བོ་ཉིད་མེད་པར་སྨྲ་བའི་མདོ་ཡིན་པར་ཐལ། རྒྱས་འབྲིང་བསྡུས་གསུམ་གྱི་གཟུགས་ནས་རྣམ་
མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་བསྟན་པའི་ཕྱིར། ཟེར་ན་མི་འཐད་དེ། དེ་སེམས་ཙམ་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། ལེགས་ཕྱེའི་ཆོས་འཁོར་སེམས་ཙམ་པའི་མདོ་གང་ཞིག །དེ་གཉིས་དགོངས་པ་མཐར་ཐུག་གཅིག་པའི་ཕྱིར། དེར་ཐལ། ལེགས་བཤད་
{@15A}༄༅། །སྙིང་པོ་ལས། འཁོར་ལོ་ཕྱི་མ་གཉིས་ཀྱི་དགོངས་པ་ནི་གཅིག་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། དེ་སེམས་ཙམ་པའི་མདོ་ཡིན་པར་ཐལ། དེས་གཞན་དབང་བདེན་པར་གྲུབ། ཡོངས་གྲུབ་ཡང་བདེན་པར་གྲུབ་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་
པའི་ཕྱིར། དེར་ཐལ། འཁོར་ལོ་ཕྱི་མས་དེ་ལྟར་བསྟན་པ་གང་ཞིག །དེ་གཉིས་དགོངས་པ་མཐར་ཐུག་གཅིག་པའི་ཕྱིར། དེར་ཐལ། ལུང་དྲངས་མ་ཐག་པ་དེ་ཡིན་པའི་ཕྱིར། ཁོ་ན་རེ། རྒྱས་འབྲིང་བསྡུས་གསུམ་གྱིས་གཞན་དབང་ངོ་བོ་ཉིད་མེད་པར་མ་བསྟན་པར་ཐལ། ངོ་བོ་ཉིད་ཀྱིས་གྲུབ་པར་བསྟན་
པའི་ཕྱིར་ཟེར་ན་མ་ཁྱབ། མ་གྲུབ་ན། དེར་ཐལ། དེ་བདེན་པར་གྲུབ་པ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར་ཟེར་ན། འོ་ན། ལེའུ་བཅུའི་བདག་ཉིད་ཅན་གྱི་མདོ་སྡེ་དགོངས་འགྲེལ་གྱིས་ཕྱི་དོན་ཡོད་པར་མ་བསྟན་པར་ཐལ། དེས་ཕྱི་དོན་མེད་པར་བསྟན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན།
དེར་ཐལ། དེས་སེམས་ཙམ་པའི་ལྟ་བ་མཐར་ཐུག་གཅིག་བསྟན་པའི་ཕྱིར། འདོད་ན། དེས་ཕྱི་དོན་བསྟན་པར་ཐལ། དེས་དོན་སྨྲ་སྡེ་གཉིས་རྗེས་སུ་བཟུང་བའི་ཐབས་གཅིག་བསྟན་པའི་ཕྱིར། དེར་ཐལ། སེམས་ཙམ་པ་རྣམས་ཀྱིས་མདོ་སྡེ་དགོངས་འགྲེལ་ལ་བརྟེན་ནས་དོན་སྨྲ་སྡེ་གཉིས་རྗེས་སུ་
འཛིན་པའི་ཐབས་གཅིག་རྙེད་པའི་ཕྱིར། ཁོ་ན་རེ། རྒྱས་འབྲིང་བསྡུས་གསུམ་གྱི་སྒྲས་ཟིན་གྱི་དོན་བསྟན་དོན་དུ་བྱེད་པ་དེ་མི་འཐད་པར་ཐལ། འཁོར་ལོ་བར་པ་དྲང་དོན་དུ་འགྲེལ་པ་དེའི་ཚེ་སྒྲས་ཟིན་གྱི་དོན་བསྟན་དོན་དུ་མ་བྱས་པར་དྲང་དོན་དུ་འགྲེལ་པར་ལེགས་བཤད་སྙིང་པོ་ལས་གསུངས་པའི་
ཕྱིར་ཟེར་ན་སྐྱོན་མེད་དེ། དེའི་དོན་ནི་སྒྲས་ཟིན་གྱི་དོན་གང་ཡིན་ཐམས་ཅད་བསྟན་དོན་གྱི་གཙོ་བོར་མི་བྱེད་ཞེས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག །བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས་མདོ་སྡེ་ལ་འགལ་སྤོང་གི་དྲི་བ་ཞུས་པའི་ཚུལ་ནི། བཅོམ་ལྡན་འདས་ཀྱིས་
དུས་དང་པོར་གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྟན། དུས་བར་པར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་རང་གི་མཚན་ཉིད་ཀྱིས་མ་
{@15B}གྲུབ་པར་བསྟན་པས། སྒྲས་ཟིན་ལྟར་ན་འགལ་བ་ལྟར་སྣང་ཡང་བཅོམ་ལྡན་འདས་ཀྱི་དགོངས་པ་ལ་འགལ་བ་མེད་དགོས་པས། དུས་བར་པར་དེ་ལྟར་གསུངས་པ་དེ་དགོངས་གཞི་གང་ལ་དགོངས་ནས་གསུངས་པ་ཡིན་ཞེས་དངོས་སུ་དྲིས་ནས། དོན་གྱིས་དུས་དང་པོར་དེ་ལྟར་གསུངས་པ་དེ་དགོངས་གཞི་
གང་ལ་དགོངས་ནས་གསུངས་པ་ཡིན་ཞེས་དྲིས་པ་ཡིན་ནོ་ཟེར་ན། འོ་ན། འཁོར་ལོ་དང་པོས་གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྟན་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་
ཆོས་ཁམས་ཆོས་ཁམས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེས་ཆོས་ཁམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྟན་པར་ཐལ་ལོ། །འདོད་པའི་ཕྱིར། འདོད་ན། དེ་བརྗོད་བྱེད་སྒྲའི་བརྗོད་བྱ་རང་གི་མཚན་ཉིད་ཀྱིས་གྲུབ་
པར་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་ཆེད་དུ་བྱ་བའི་གདུལ་བྱས་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་འདོད་པའི་ཕྱིར། ཁོ་ན་རེ། བྱང་ཆུབ་སེམས་དཔའ་ཡང་དག་འཕགས་ཞུས་ཀྱི་ལེའུས་མདོ་སྡེ་ལ་འགལ་སྤོང་གི་དྲི་བ་ཞུས་ཚུལ་ནི་བཅོམ་ལྡན་འདས་ཀྱིས་དུས་དང་པོར་གཟུགས་
ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པ་གཞིར་བཅས་ཀྱི་སྒོ་ནས་བསྟན། དུས་བར་པར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་མཉམ་
དུ་བསྟན་པས་སྒྲས་ཟིན་ལྟར་ན། དངོས་སུ་འགལ་བ་ལྟར་སྣང་ཡང་བཅོམ་ལྡན་འདས་ཀྱི་དགོངས་པ་ལ་འགལ་བ་མེད་དགོས་པས་དུས་བར་པར་དེ་ལྟར་གསུངས་པ་དེ་དགོངས་གཞི་གང་ལ་དགོངས་ནས་གསུངས་པ་ཡིན་ཞེས་དངོས་སུ་དྲིས་ནས། དུས་དང་པོར་དེ་ལྟར་གསུངས་པ་དེ་དགོངས་གཞི་
གང་ལ་དགོངས་ནས་གསུངས་པ་ཡིན་ཞེས་དོན་གྱིས་ཞུས་པ་ཡིན་ནོ་ཟེར་ན། འོ་ན། གཟུགས་ནས་བྱང་ཕྱོགས་སོ་འདུན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པ་དང༌། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་
{@16A}༄༅། །ཕྱོགས་གཅིག་ཏུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་གཉིས་པོ་འགལ་བར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་ཀ་གཞི་མ་གྲུབ་པའི་ཕྱིར། ཁ་ཅིག །དགོངས་འགྲེལ་ལས། དོན་དམ་ཡང་དག་འཕགས་ངས་ཆོས་རྣམས་ཀྱི་ངོ་བོ་ཉིད་མེད་
པ་གསུམ་པོ་འདི་ལྟ་སྟེ། མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཞེས་པས་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་བསྟན། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པའི་རྒྱུ་མཚན་མ་བསྟན་ཟེར་ན། དེས་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པའི་རྒྱུ་མཚན་བསྟན་པར་ཐལ། ཀུན་བཏགས་མཚན་ཉིད་
ངོ་བོ་ཉིད་མེད་པའི་རྒྱུ་མཚན་ཤུགས་ལ་བསྟན་པའི་ཕྱིར། དེར་ཐལ། དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཀུན་བཏགས་པའི་མཚན་ཉིད་གང་ཡིན་པའོ། །དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་དེ་ནི་མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་
རྣམ་པར་གནས་པ་ནི་མ་ཡིན་པ་དེའི་ཕྱིར། དེ་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་པའི་གཞུང་འདིས་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པའི་རྒྱུ་མཚན་རྒྱས་པར་བཤད་པའི་ཕྱིར། དེར་ཐལ། ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པར་རྒྱས་པར་འཆད་བྱེད་ཀྱི་གཞུང་ཅིག
ཡོད་པའི་ཕྱིར། ཁ་ཅིག །དེ་ལ་ཆོས་རྣམས་ཀྱི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད། ཞེས་སོགས་ཀྱི་སྐབས་ནས་དངོས་སུ་བསྟན་པའི་ཀུན་བཏགས་ལ་མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་ཡིན་པས་ཁྱབ་ཟེར་ན། གཟུགས་རུང་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཆོས་
ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་ལ་འདི་ལྟ་སྟེ། དཔེར་ན་ནམ་མཁའི་མེ་ཏོག་ཇི་ལྟ་བ་དེ་ལྟ་བུར་ནི་མཚན་ཉིད་ངོ་བོ་ཉིད་མེད་པ་ཉིད་བལྟ་བར་བྱའོ། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་ཀུན་བཏགས་ཡིན་པའི་ཕྱིར། དེར་ཐལ། དེ་ཀུན་བཏགས་ནམ་མཁའི་མེ་ཏོག
གི་དཔེས་བསྟན་པ་ནི་རྟོག་པས་བཏགས་པ་ཙམ་གྱི་དཔེ་ཡིན་གྱི། ཤེས་བྱ་ལ་མི་སྲིད་པའི་དཔེ་མ་ཡིན་པ་ལེགས་བཤད་སྙིང་པོ་ལས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། དེ་ཡོད་པའི་ཕྱིར། དེར་ཐལ། གཟུགས་རུང་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པའི་ཕྱིར།
{@16B}གཞན་ཡང༌། དེ་ལ་ཆོས་རྣམས་ཀྱི་ཞེས་སོགས་ཀྱི་མདོ་འདིས་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་ཚུལ་ཅིག་རྒྱས་པར་བསྟན་པར་ཐལ། ཆོས་རྣམས་ཀྱི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་གང་ཞེ་ན། ཞེས་སོགས་ཀྱི་གཞུང་འདིའི་གཞན་དབང་བདག་ལས་སྐྱེ་བ་ངོ་བོ་ཉིད་
མེད་ཚུལ་རྒྱས་པར་བཤད་པའི་ཕྱིར། དེར་ཐལ། གཞན་དབང་བདག་ལས་སྐྱེ་བ་ངོ་བོ་ཉིད་མེད་པར་རྒྱས་པར་འཆད་བྱེད་ཀྱི་གཞུང་ཅིག་ཡོད་པའི་ཕྱིར། འདོད་ན། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་མདོ་འདིའི་སྐབས་ནས་དངོས་སུ་བསྟན་པའི་ཀུན་བཏགས་ཡིན་པར་ཐལ། འདོད་
པའི་ཕྱིར། འདོད་ན། དེ་མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མ་ཡིན་པར་ཐལ། གཟུགས་རུང་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པ་དེ་ངོ་བོ་ལ་ཀུན་བཏགས་པའི་ཀུན་བཏགས་ཡིན་པའི་ཕྱིར། ཁ་ཅིག །ཀུན་བཏགས་ཡིན་ན་
མིང་བརྡས་འཇོག་ནུས་ཡིན་པས་ཁྱབ་ཟེར་ན། སྒྲ་རྟག་སྟོང་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། མཚན་ཉིད་གསུམ་པོ་གང་རུང་གང་ཞིག །གཞན་དབང་ཡོངས་གྲུབ་གཉིས་རེ་རེ་ནས་མ་ཡིན་པའི་ཕྱིར། གཞན་དབང་མ་ཡིན་ཏེ། རྟོག་པས་བཏགས་ཙམ་ཡིན་པའི་ཕྱིར། ཡོངས་གྲུབ་མིན་ཏེ། ཀུན་རྫོབ་
བདེན་པ་ཡིན་པའི་ཕྱིར། རྩ་བར་འདོད་ན། སྒྲ་རྟག་པས་སྟོང་ཞེས་མིང་གི་བརྗོད་པ་ཡང་ཡང་གོམས་པ་དང༌། སྒྲ་རྟག་པས་སྟོང་སྙམ་དུ་འཛིན་པའི་རྟོག་པས་ཞེན་པ་ཙམ་གྱིས་སྒྲ་རྟག་སྟོང་དུ་ཚད་མས་ངེས་ནུས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་རྟག་སྟོང་དུ་ཚད་མས་ངེས་པ་ལ་བྱས་པ་
སོགས་ཀྱི་རྟགས་ལ་བསྟེན་ནས་ངེས་དགོས་པ་ཡིན་པའི་ཕྱིར། དེར་ཐལ། ཐ་སྙད་དཔྱོད་བྱེད་ཀྱི་རིག་ཤེས་ཀྱི་རྙེད་དོན་གཅིག་གཞི་གྲུབ་པའི་ཕྱིར། ཁ་ཅིག །རང་གི་མིང་བརྡས་བཞག་ཙམ་ཡིན་ན་ཡོད་པས་ཁྱབ་ཟེར་ན། གང་ཟག་གི་བདག་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། རང་གི་མིང་གི་བརྗོད་བྱ་
དང་རང་འཛིན་རྟོག་པའི་ཞེན་ཡུལ་ཙམ་ཡིན་པའི་ཕྱིར། འདོད་མི་ནུས་སོ། །ཁ་ཅིག །དེ་མིང་བརྡས་བཞག་ཙམ་ཡིན་ཟེར་ན། དེ་ཆོས་ཅན། མིང་གི་བརྗོད་བྱ་དང་རྟོག་པའི་ཞེན་ཡུལ་ཡིན་པར་ཐལ། མིང་བརྡས་བཞག་ཙམ་ཡིན་པའི་ཕྱིར། འདོད་ན། བརྗོད་བྱེད་སྒྲའི་བརྗོད་བྱ་དང་རྟོག་པའི་ཡུལ་ཡིན་པར་ཐལ།
{@17A}༄༅། །འདོད་པའི་ཕྱིར། འདོད་ན། ཡོད་པར་ཐལ། འདོད་པའི་ཕྱིར། ཁྱབ་སྟེ། སྒྲ་དེ་སྒྲ་དོན་མཐུན་དང༌། རྟོག་རྟོག་པ་དོན་མཐུན་ཡིན་པའི་ཕྱིར། ཁ་ཅིག །སེམས་ཙམ་པ་རྣམས་ཀྱིས་ཀུན་བཏགས་སེམས་ཙམ་པས་འདོད་པ་ལྟར་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པར་མི་འཛིན་ཀྱང་
ཐལ་འགྱུར་བའི་འདོད་པ་ལྟར་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པ་ཡོད་དོ་ཟེར་ན། མི་འཐད་དེ། སེམས་ཙམ་པ་རྣམས་ཀྱིས་ཀུན་བཏགས་སེམས་ཙམ་པས་འདོད་པ་ལྟར་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་ཀུན་བཏགས་སེམས་ཙམ་པས་འདོད་པ་
ལྟར་གྱི་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཛིན་པ་ལྷན་སྐྱེས་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ཆོས་ཀྱི་བདག་འཛིན་ལྷན་སྐྱེས་ཡོད་པའི་ཕྱིར། དེར་ཐལ། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ཆོས་
ཀྱི་བདག་འཛིན་ལྷན་སྐྱེས་ཞིག་ཡོད་པའི་ཕྱིར། ཁ་ཅིག །གཞན་དབང་བདག་ལས་མི་སྐྱེ་བའི་དོན་བདག་ཉིད་དང་ངོ་བོ་གཅིག་པའི་རྒྱུ་ལས་མི་སྐྱེ་བ་ལ་བྱེད་པ་ཡིན་ཟེར་ན། མི་འཐད་དེ། གཞན་དབང་བདག་ལས་མི་སྐྱེ་བའི་དོན། རྒྱུ་རྐྱེན་གཞན་ལ་མི་ལྟོས་པར་རང་དབང་དུ་མི་སྐྱེ་བའི་དོན་ཡིན་
པའི་ཕྱིར། དེར་ཐལ། བསྡུ་བ་ལས། འདུ་བྱེད་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར། རྐྱེན་གྱི་སྟོབས་ཀྱིས་སྐྱེ་བ་ཡིན་གྱི། རང་དབང་དུ་མི་སྐྱེ་བ་ནི་སྐྱེ་བ་ངོ་བོ་ཉིད་མེད་པ་ཉིད་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །དུས་བར་པར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་
ངོ་བོ་ཉིད་མེད་པར་གསུངས་པ་དེ་ཀུན་བཏགས་མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། གཞན་དབང་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པ་ལ་དགོངས་ནས་གསུངས་པ་ཡིན་ནོ། །ཞེས་མདོར་བསྟན་རྒྱས་བཤད་གཉིས་ཀྱིས་བསྟན་པ་ཡིན་ནོ་ཟེར་ན། གཞན་དབང་སྐྱེ་བ་
ངོ་བོ་ཉིད་མེད་པ་དང་ཡོངས་གྲུབ་དོན་དམ་པ་ངོ་བོ་ཉིད་མེད་པ་ཡིན་པར་ཐལ། དེ་འཁོར་ལོ་བར་པའི་དགོངས་གཞི་མཐར་ཐུག་ཡིན་པའི་ཕྱིར། དེར་ཐལ། དེ་འཁོར་ལོ་བར་པའི་དགོངས་གཞི་མཐར་ཐུག་ཏུ་མདོར་བསྟན་རྒྱས་བཤད་གཉིས་ཀྱིས་བསྟན་པ་གང་ཞིག །དེ་གཉིས་སྒྲ་ཇི་བཞིན་པའི་གཞུང་
{@17B}ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཞན་དབང་ལ་སྐྱེ་བའི་ངོ་བོ་ཡང་ཡོད། ཡོངས་གྲུབ་དོན་དམ་པར་གྲུབ་པ་དང་དོན་དམ་པ་ཡིན་པའི་ངོ་བོ་གཉིས་ཀ་ཡང་ཡོད་པའི་ཕྱིར། དང་པོ་དེར་ཐལ། གཞན་དབང་སྐྱེ་བའི་ཕྱིར། གཉིས་པ་དེར་ཐལ། ཡོངས་གྲུབ་དོན་དམ་པར་གྲུབ་པའི་ཕྱིར། གསུམ་
པ་ཡང་དེར་ཐལ། ཡོངས་གྲུབ་དོན་དམ་བདེན་པ་ཡིན་པའི་ཕྱིར། ཁ་ཅིག་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མ་ཡིན་ན་སྐབས་འདིར་དོན་དམ་པ་ངོ་བོ་ཉིད་མེད་པར་དངོས་སུ་འཆད་རིགས་པས་ཁྱབ་ཟེར་ན། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཆོས་ཅན། དེར་ཐལ། དེའི་ཕྱིར།
དེར་ཐལ། ཀུན་བཏགས་ཡིན་པའི་ཕྱིར། འདོད་ན། སྐབས་འདིར་དེ་ལ་དོན་དམ་པ་ངོ་བོ་ཉིད་མེད་པ་འཆད་མི་རིགས་པར་ཐལ། དེ་ལྟར་འཆད་མི་དགོས་པའི་ཕྱིར། དེར་ཐལ། སྐབས་འདིར་ཀུན་བཏགས་ལ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་ནམ་སྙམ་པའི་དོགས་པ་རྒོལ་བ་རྟོག་ལྡན་ལ་སྐྱེ་
དཀའ་བའི་ཕྱིར། ཁ་ཅིག །ཀུན་བཏགས་ལ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་ནམ་སྙམ་པའི་དོགས་པ་མི་སྐྱེ་བས། ཀུན་བཏགས་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་མ་ཡིན་པའི་རྒྱུ་མཚན་གྱིས་དོན་དམ་པར་ངོ་བོ་ཉིད་མེད་པར་མ་བཤད་པ་ཡིན་ནོ་ཟེར་ན། མི་འཐད་དེ། ཀུན་
བཏགས་ལ་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་ནམ་སྙམ་པའི་དོགས་པ་སྐྱེ་བའི་ཕྱིར། དེར་ཐལ། དེ་འདྲ་བའི་ཐེ་ཚོམ་སྐྱེ་བའི་ཕྱིར། དེར་ཐལ། ཀུན་བཏགས་དོན་དམ་པར་གྲུབ་པར་འཛིན་པའི་ལོག་རྟོག་ཡོད་པའི་ཕྱིར། དེར་ཐལ། དེ་དོན་དམ་པར་གྲུབ་པར་འཛིན་པའི་ཆོས་ཀྱི་བདག
འཛིན་ཡོད་པའི་ཕྱིར། ཁ་ཅིག །དུས་བར་པར་ཆོས་ཐམས་ཅད་མ་སྐྱེས་པ་མ་འགགས་པ་སོགས་སུ་གསུངས་པའི་དགོངས་གཞི་ངོ་བོ་ཉིད་དང་ཐ་ཁོ་ན་ལ་འཆད་པས་གཞན་དབང་ལ་འཆད་མི་རིགས་ཟེར་ན། མི་འཐད་དེ། གཞན་དབང་ལ་འཆད་རིགས་པའི་ཕྱིར། དེར་ཐལ། གཞན་དབང་བདག་ཉིད་ཀྱིས་
མ་སྐྱེས་པས་བདག་ཉིད་ཀྱིས་སྐྱེས་བ་དེ་མ་འགགས། དེར་འགགས་པས་དེ་གཟོད་མ་ནས་ཞི་བ་སོགས་ཡིན་པའི་ཕྱིར། དེར་ཐལ། ཀུན་བཏུས་ལས། ཇི་ལྟར་ངོ་བོ་ཉིད་མེད་པ་དེ་ལྟར་མ་སྐྱེས་སོ། །ཇི་ལྟར་མ་སྐྱེས་པ་འདི་ལྟར་མ་འགགས་སོ། །ཇི་ལྟར་མ་སྐྱེས་པ་དང་མ་འགགས་པ་དེ་ལྟར་བཟོད་མ་ནས་ཞི་
{@18A}༄༅། །བའོ། །དེ་ལྟར་རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་སོ་ཞེས་གསུངས་པའི་ཕྱིར།། ༈ །།གཉིས་པ་རང་ལུགས་ལ། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས་མདོ་སྡེ་ལ་འགལ་སྤོང་གི་དྲི་བ་ཞུས་ཚུལ་ཡོད་དེ། བཅོམ་ལྡན་འདས་ཀྱིས་དུས་དང་པོར་
གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱིས་གྲུབ་པ་གཞིར་བཅས་ཀྱི་སྒོ་ནས་བསྟན། དུས་བར་པར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་རང་གི་མཚན་
ཉིད་ཀྱིས་མ་གྲུབ་མཉམ་དུ་བསྟན་པས་སྒྲས་ཟིན་ལྟར་ན་འགལ་བ་ལྟར་སྣང་ཡང་བཅོམ་ལྡན་འདས་ཀྱི་དགོངས་པ་ལ་འགལ་བ་མེད་དགོས་པས་དུས་བར་པར་དེ་ལྟར་གསུངས་པ་དེ་དགོངས་གཞི་གང་ལ་དགོངས་ནས་གསུངས་པ་ཡིན་ཞེས་དངོས་སུ་དྲིས་ནས་དོན་གྱིས། དུས་དང་པོར་དེ་ལྟར་
གསུངས་པ་དེ་དགོངས་གཞི་གང་ལ་དགོངས་ནས་གསུངས་པ་ཡིན་ཞེས་ཞུས་པའི་ཕྱིར། དུས་དང་པོར་གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་མཉམ་དུ་གསུངས་པའི་དགོངས་
གཞི་ཡོད་དེ། དེ་རྣམས་ཡོད་པ་ལ་དགོངས་པ་དང་དགོས་པ་ཉན་ཐོས་སྡེ་གཉིས་རྗེས་སུ་འཛིན་པའི་ཕྱིར་དང༌། དངོས་ལ་གནོད་བྱེད་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་གྲུབ་པ་འགོག་བྱེད་ཀྱི་ལུང་རིགས་ཀྱིས་གནོད་པའི་ཕྱིར། དེས་གཟུགས་ནས་རེག་བྱའི་བར་གྱི་ཆོས་རྣམས་ཕྱི་རོལ་དོན་དུ་
གྲུབ་པར་གསུངས་པའི་དགོངས་གཞི་ནི་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་ཕྱི་རོལ་དོན་སྣང་གི་བག་ཆགས་བཞག་པ་སྨིན་པ་ལ་བརྟེན་ནས། ཕྱི་རོལ་དོན་སྣང་གི་རྣམ་ཤེས་སྐྱེ་བ་ལ་དགོངས་པ་ཡིན་ཏེ། ཉི་ཤུ་པ་ལས། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་འབྱུང་བ། དེ་དང་དེ་ཡི་
སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་གསུངས་པའི་ཕྱིར། དགོས་པ་སྔར་ལྟར། དངོས་ལ་གནོད་བྱེད་ཡོད་དེ་ཕྱི་དོན་འགོག་པའི་ལུང་རིགས་གིས་གནོད་པའི་ཕྱིར། དུས་བར་པར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་རང་གི་མཚན་ཉིད་ཀྱིས་
{@18B}མ་གྲུབ་མཉམ་དུ་གསུངས་པའི་དགོངས་གཞི་ཡོད་དེ། མཚན་ཉིད་ངོ་བོ་ཉིད་མེད་པ་དང༌། བདག་ལས་སྐྱེ་བ་ངོ་བོ་ཉིད་མེད་པ་དང༌། ཆོས་བདག་གི་ངོ་བོ་ཉིད་མེད་པ་ལ་དགོངས་ནས་གསུངས་པ་ཡིན་ཞེས་མདོར་བསྟན། །ངོ་བོ་ཉིད་མེད་པ་གསུམ་གྱི་མཚན་གཞི་དང༌། ངོ་བོ་ཉིད་མེད་ཚུལ་རྒྱས་པར་
བཤད་པའི་སྒོ་ནས་ལན་མཛད་པའི་ཕྱིར། དགོས་པ་ངོ་བོ་ཉིད་མེད་པར་སྨྲ་བའི་རིགས་ཅན་རྗེས་སུ་འཛིན་པའི་ཕྱིར་དང་དངོས་ལ་གནོད་བྱེད་གཞན་དབང་བདེན་གྲུབ་དུ་སྟོན་པའི་ལུང་རིགས་གིས་གནོད་པའི་ཕྱིར། དེ་ལྟར་བྱས་ན་གྲུབ་དོན་ཞུས་པའི་ཚུལ་ཡོད་དེ། འཁོར་ལོ་དང་པོ་གཉིས་དྲང་དོན་གྱི་མདོ་
དང༌། བཤད་མ་ཐག་པའི་དྲིས་ལན་གྱི་མདོ་དེ་རྣམས་ངེས་དོན་གྱི་མདོར་གོའོ། །ཞེས་ཞུས་པ་ཡིན་པའི་ཕྱིར། ཁ་ཅིག །གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དང༌། གཟུགས་ཕྱི་རོལ་དོན་གྱིས་སྟོང་བ་གཉིས་ལ་ཕྲ་རགས་ཀྱི་ཁྱད་པར་ཡོད་
ཟེར་ན། མི་འཐད་དེ། དེ་གཉིས་གནས་ལུགས་མཐར་ཐུག་ཡིན་པར་མཚུངས་པའི་ཕྱིར། དེར་ཐལ། གཟུགས་ཕྱི་རོལ་དོན་གྱིས་སྟོང་བ་དེ་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་ཕྱི་རོལ་དོན་གྱིས་སྟོང་བ་དེ་གནས་ལུགས་མཐར་ཐུག་ཡིན་པར་ཐལ། ཁྱོད་
གཟུགས་ཀྱི་སྐྱེ་མཆེད་ནས་རེག་བྱའི་བར་གྱི་སྐྱེ་མཆེད་ཀྱི་ཆོས་གང་རུང་ཡིན་པའི་ཕྱིར། ཁ་ཅིག །སློབ་དཔོན་ཐོགས་མེད་སྐུ་མཆེད་ཀྱིས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་ཀྱི་ངོས་ནས་མ་གྲུབ་པ་
ཆོས་ཀྱི་བདག་མེད་ཕྲ་མོར་བཞེད། སློབ་དཔོན་ཕྱོགས་གླང་ཡབ་སྲས་ཀྱིས་གཟུགས་ནས་རེག་བྱའི་བར་གྱི་ཆོས་རྣམས་ཕྱི་རོལ་དོན་དུ་མ་གྲུབ་པ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད་པས། དེ་གཉིས་ཆོས་ཀྱི་བདག་མེད་ཕྲ་མོ་བཞེད་ཚུལ་མི་མཐུན་པ་ཡིན་ནོ་ཟེར་ན་མི་འཐད་དེ། ཐོགས་མེད་སྐུ་མཆེད་
གཉིས་ཀྱིས་ཀྱང༌། གཟུགས་ནས་རེག་བྱའི་བར་གྱི་ཆོས་རྣམས་ཕྱི་རོལ་དོན་དུ་མ་གྲུབ་པ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད། ཕྱོགས་གླང་ཡབ་སྲས་ཀྱིས་ཀྱང་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་གནས་ལུགས་
{@19A}༄༅། །ཀྱི་ངོས་ནས་མ་གྲུབ་པ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད་པའི་ཕྱིར། ཕྱི་མ་དེར་ཐལ། དེས་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཆོས་ཀྱི་བདག་མེད་ཕྲ་མོར་བཞེད་པའི་ཕྱིར། དེར་ཐལ། དེས་དེ་རང་གི་མཚན་ཉིད་
ཀྱིས་མ་གྲུབ་པར་བཞེད་པའི་ཕྱིར། དེར་ཐལ། བརྒྱད་སྟོང་དོན་བསྡུས་ལས། མེད་ཅེས་བྱ་ལ་སོགས་ཚིག་གིས། །བཏགས་པ་ཐམས་ཅད་འགོག་པ་ཡིན། །ཞེས་གསུངས་པའི་ཕྱིར། རྟགས་དང་པོ་དེར་ཐལ། དེ་ཆོས་ཀྱི་བདག་མེད་ཕྲ་མོར་མདོ་སྡེ་ས་བཅུ་པའི་ལུང་དང་ལྷན་ཅིག་དམིགས་
ངེས་ཀྱི་རིགས་པ་དང༌། རྨི་ལམ་སྒྱུ་མ་ལ་སོགས་པའི་དཔེ་དུ་མའི་སྒོ་ནས་སྒྲུབ་པའི་ཕྱིར། ཁ་ཅིག །ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་གནས་ལུགས་མཐར་ཐུག་ཡིན་ཟེར་ན། འོ་ན། དེ་ཀུན་བཏགས་ཀྱི་གནས་ལུགས་མཐར་ཐུག་ཏུ་གྲུབ་པར་ཐལ། དེ་གནས་ལུགས་མཐར་ཐུག
ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཀུན་བཏགས་ཀུན་བཏགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཀུན་བཏགས་ཀྱི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། མ་གྲུབ་ན། ཀུན་བཏགས་ཆོས་ཅན། ཁྱོད་ཁྱོད་ཞེས་པའི་ཐ་སྙད་འཇུག་པའི་
འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཁྱོད་ཀྱི་གནས་ལུགས་མཐར་ཐུག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། གཞན་ཡང་ནམ་མཁའ་དང་སྤྱི་མཚན་གཉིས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་གནས་ལུགས་མཐར་ཐུག་ཏུ་གྲུབ་པར་ཐལ། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་
མ་གྲུབ་པ་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་དང་སྤྱི་མཚན་གཉིས་གཞན་དབང་ཀུན་བཏགས་གང་གིས་སྟོང་པའི་ཡོངས་གྲུབ་གཏན་ལ་འབེབས་པའི་སྐབས་སུ་ཉེ་བར་མཁོ་བའི་ཀུན་བཏགས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ལེགས་བཤད་སྙིང་པོ་ལས།
སྤྱིར་ཀུན་བཏགས་ལ་སྤྱི་མཚན་ཐམས་ཅད་དང་ནམ་མཁའ་ལ་སོགས་པ་དུ་མ་ཞིག་ཡོད་ཀྱང༌། དགོངས་འགྲེལ་ལས་མ་གསུངས་པ་ནི། ཀུན་བཏགས་གང་གིས་སྟོང་པ་ཡོངས་གྲུབ་ཏུ་འཇོག་པའི་སྐབས་སུ་དེ་དག་མི་མཁོ་བས་སོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་བརྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་
{@19B}རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་གནས་ལུགས་མཐར་ཐུག་ཏུ་གྲུབ་པར་ཐལ། གོང་གི་དམ་བཅའ་འཐད་པའི་ཕྱིར། འདོད་ན། བརྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཆོས་ཅན། ཁྱོད་གནས་ལུགས་མཐར་ཐུག་མ་ཡིན་པར་ཐལ། ཁྱོད་མདོ་སྡེ་པས་ཚད་མས་ངེས་པའི་ཕྱིར།
དེར་ཐལ། མདོ་སྡེ་པས་དེ་སྤྱི་མཚན་དུ་ཚད་མས་ངེས་པའི་ཕྱིར། དེར་ཐལ། དེ་སྤྱི་མཚན་དུ་ཚད་མས་ངེས་པའི་གང་ཟག་ལ་སེམས་ཙམ་པ་ཡིན་པས་མ་ཁྱབ་པའི་ཕྱིར། ཁ་ཅིག །ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་མེད་དོ་ཟེར་ན། ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་
འཇུག་གཞིར་ཡོད་པར་ཐལ། ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་བཏགས་པའི་ངོ་བོར་ཡོད་པའི་ཕྱིར། དེར་ཐལ། ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་བཏགས་པ་ལྟར་དུ་གྲུབ་པའི་ཕྱིར། དེར་ཐལ། ལྟོ་ལྡིར་བ་བུམ་པར་གྲུབ་པའི་ཕྱིར། གཞན་ཡང༌། ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག
གཞིར་ཡོད་པར་ཐལ། ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ལྟོ་ལྡིར་བའི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། ཁྱབ་སྟེ། རང་གི་ཆོས་ཅན་དང་མ་འབྲེལ་བའི་ཆོས་ཉིད་མེད་པའི་ཕྱིར་དང༌། ལྟོ་ལྡིར་བ་ཀ་བ་ཞེས་པའི་ཐ་སྙད་འཇུག་པའི་འཇུག
གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་གནས་ལུགས་མཐར་ཐུག་མ་ཡིན་པའི་ཕྱིར། ཁ་ཅིག །སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་སྔོན་པོ་ཀུན་བཏགས་ཡིན་ཟེར་ན། འོ་ན། བརྡ་བྱང་གི་སྐྱེས་བུས་ཡིད་གཏད་པའི་ཚུལ་གྱིས་སྔོན་པོ་མཐོང་བའི་ཚུར་མཐོང་གི་རྒྱུད་ཀྱི་སྔོན་འཛིན་
དབང་པོའི་མངོན་སུམ་ལ། སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་མིང་བརྡས་བཞག་ཙམ་དུ་སྣང་བར་ཐལ། སྔོན་འཛིན་དེ་ལ་ཀུན་བཏགས་སུ་སྣང་བའི་ཕྱིར། དེར་ཐལ། སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཀུན་བཏགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་
སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་གནས་ལུགས་ཀྱི་དབང་གིས་གྲུབ་པར་སྣང་བའི་ཕྱིར་དང༌། དེ་ལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བའི་ཕྱིར། དང་པོ་དེར་ཐལ། ལེགས་བཤད་སྙིང་པོ་ལས། དེའི་ཕྱིར་གཟུགས་ཞེས་པའི་ཐ་སྙད་བཏགས་པའི་ཚེ་སྔོན་པོ་གཟུགས་ཀྱི་ཐ་སྙད་
{@20A}༄༅། །འདོགས་པའི་གཞི་ཡིན་པ་དེ་ཇི་ལྟར་སྣང་བ་ལྟས་པས་མིང་དང་བརྡས་བཞག་པ་མ་ཡིན་པར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པ་བཞིན་དུ་སྣང་ངོ་ཞེས་གསུངས་པའི་ཕྱིར། ཕྱི་མ་དེར་ཐལ། དེ་འདྲ་བའི་སྔོན་འཛིན་དེ་ལ་ཆོས་ཀྱི་བདག་འཛིན་གྱིས་བསླད་པ་ཡོད་པའི་ཕྱིར།
དེར་ཐལ། དེ་འཁྲུལ་ཤེས་ཡིན་པའི་ཕྱིར། གཞན་ཡང༌། དེ་འདྲ་བའི་སྔོན་འཛིན་དེས་སྔོན་པོ་འདི་ནི་གཟུགས་སོ་ཞེས་པའི་ཐ་སྙད་བྱེད་བའི་རྟོག་པ་དང་སྔོན་པོ་འདི་ནི་གཟུགས་སོ་ཞེས་པའི་ཐ་སྙད་རང་སྟོབས་ཀྱིས་མི་འདྲེན་པར་ཐལ། དེ་ལ་སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་སྔོན་པོར་
མི་སྣང་བའི་ཕྱིར། ཁ་ཅིག་མ་ཁྱབ་ཟེར། མ་གྲུབ་ན་དེར་ཐལ། དེས་ཀུན་བཏགས་སུ་སྣང་བའི་ཕྱིར། མ་ཁྱབ་འཚམས་ལ། གནས་ལུགས་མངོན་སུམ་དུ་རྟོགས་པའི་སློབ་པ་འཕགས་པའི་མཉམ་གཞག་ཡེ་ཤེས་དེས་ཀྱང་སྔོན་པོ་འདི་ནི་གཟུགས་སོ་ཞེས་པའི་ཐ་སྙད་བྱེད་པའི་རྟོག་པ་དང་སྔོན་པོ་འདི་ནི་
གཟུགས་སོ་ཞེས་པའི་ཐ་སྙད་རང་སྟོབས་ཀྱིས་འདྲེན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། མཉམ་བཞག་ཡེ་ཤེས་ཆོས་ཅན། ཁྱོད་ཀྱིས་དེ་འདྲའི་རྟོག་པ་དང་དེ་འདྲའི་ཐ་སྙད་རང་སྟོབས་ཀྱིས་མི་འདྲེན་པར་ཐལ། ཁྱོད་གནས་ལུགས་མངོན་སུམ་དུ་རྟོགས་པའི་སློབ་པའི་མཉམ་བཞག་ཡེ་ཤེས་
ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་འདྲའི་སྔོན་འཛིན་དེས་སྔོན་པོ་འདི་ནི་གཟུགས་སོ་སྙམ་དུ་ངེས་པའི་ངེས་ཤེས་རང་སྟོབས་ཀྱིས་མི་འདྲེན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ངེས་ཤེས་འདྲེན་བྱེད་ཀྱི་ཚད་མ་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་འདྲའི་ངེས་ཤེས་དོན་མཐུན་ཅིག་མེད་
པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོན་པོ་གཟུགས་མ་ཡིན་པར་ཐལ་ལོ། །གཞན་ཡང༌། སྔོན་པོ་འདི་ནི་གཟུགས་སོ་ཞེས་པའི་ཐ་སྙད་དེ་ཐ་སྙད་ཕྱིན་ཅི་ལོག་ཡིན་པར་ཐལ། སྔོན་པོ་འདི་ནི་གཟུགས་སོ་ཞེས་པའི་ཐ་སྙད་བྱེད་པའི་རྟོག་པ་རྟོག་པ་ཕྱིན་ཅི་ལོག་ཡིན་པའི་ཕྱིར། དེར་ཐལ། སྔོན་པོ་གཟུགས་
ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་སྔོན་པོར་སྣང་བའི་སྣང་ཚུལ་དེ་སྣང་ཚུལ་ཕྱིན་ཅི་ལོག་ཡིན་པའི་ཕྱིར། དེར་ཐལ། སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཀུན་བཏགས་སུ་སྣང་བའི་ཕྱིར། དེར་ཐལ། སྔོན་པོ་དེ་འདྲའི་ཐ་སྙད་འཇུག་པའི་འཇུག་གཞིར་ཀུན་བཏགས་ཡིན་
{@20B}པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། སྔོན་པོ་གཟུགས་མ་ཡིན་པར་ཐལ་ལོ། འདོད་པའི་ཕྱིར། ཁ་ཅིག །སྔོན་པོ་གཟུགས་སོ་སྙམ་དུ་འཛིན་པའི་རྟོག་པའི་ཞེན་ཡུལ་དང་སྔོན་པོ་གཟུགས་སོ་ཞེས་བརྗོད་པའི་སྒྲའི་བརྗོད་བྱ་གཉིས། རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་གནས་ལུགས་མཐར་ཐུག་ཡིན་
ཟེར་ན། དེ་གཉིས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཆོས་ཅན། ཁྱོད་གནས་ལུགས་མཐར་ཐུག་ཡིན་པར་ཐལ། ཁྱོད་མདོ་སྡེ་པས་ཚད་མས་ངེས་པའི་ཕྱིར། དེར་ཐལ། མདོ་སྡེ་པས་དེ་སྤྱི་མཚན་དངོས་མེད་དུ་ཚད་མས་ངེས་པའི་ཕྱིར། དེར་ཐལ། དེ་སྤྱི་མཚན་དངོས་མེད་དུ་ཚད་མས་ངེས་པའི་གང་
ཟག་ཡོད་པའི་ཕྱིར། ཁ་ཅིག །སྔོན་པོ་དེ་སྔོན་པོ་འདི་ནི་གཟུགས་སོ་སྙམ་དུ་འཛིན་པའི་རྟོག་པའི་ཞེན་ཡུལ་ཡིན་པ་དང༌། སྔོན་པོ་གཟུགས་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་གནས་ལུགས་མཐར་ཐུག་ཡིན་ཟེར་ན། དེ་གཉིས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་
ཆོས་ཅན། ཁྱོད་གནས་ལུགས་མཐར་ཐུག་མ་ཡིན་པར་ཐལ། ཁྱོད་མདོ་སྡེ་པས་ཚད་མས་ངེས་པའི་ཕྱིར། དེར་ཐལ། མདོ་སྡེ་པས་སྤྱི་མཚན་དུ་ཚད་མས་ངེས་པའི་ཕྱིར། དེར་ཐལ། དེ་སྤྱི་མཚན་དུ་ཚད་མས་ངེས་པའི་གང་ཟག་ཅིག་ཡོད་པའི་ཕྱིར། ཁ་ཅིག །སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག
པའི་འཇུག་གཞི་ཡིན་པ་དང༌། སྔོན་པོ་གཟུགས་འཛིན་རྟོགས་པའི་ཞེན་གཞི་ཡིན་པ་གཉིས་མདོ་སྡེ་པས་སྤྱི་མཚན་དུ་འདོད་པ་ཡིན་ནོ་ཟེར་ན། འོ་ན། དེའི་ལུགས་གཞིར་གཞོག་ལ། སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པ་དེ་སྔོན་འཛིན་དབང་པོའི་མངོན་སུམ་ལ་སྣང་བར་
ཐལ། དེ་ལ་སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་སྣང་བའི་ཕྱིར། དེར་ཐལ། དེ་ལ་སྔོན་པོ་དེ་འདྲའི་ཐ་སྙད་འཇུག་པའི་འཇུག་གཞིར་གནས་ལུགས་ཀྱི་དབང་གིས་གྲུབ་པར་སྣང་བའི་ཕྱིར། དེར་ཐལ། དེ་ལ་སྔོན་པོ་དེ་འདྲའི་ཐ་སྙད་འཇུག་པའི་འཇུག་གཞིར་གནས་ལུགས་ཀྱི་
དབང་གིས་གྲུབ་པར་སྣང་བ་སྣང་བ་ལྟར་དུ་གྲུབ་པར་འཛིན་པ་དེ་འཛིན་པ་འཐད་ལྡན་དུ་འདོད་པའི་ཕྱིར། དེར་ཐལ། ལེགས་བཤད་སྙིང་པོ་ལས། དེ་འདྲའི་འཛིན་སྟངས་འཐད་ལྡན་དུ་དོན་སྨྲ་སྡེ་གཉིས་ཀྱིས་ཀྱང་འདོད་པས་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། སྔོན་པོ་གཟུགས་ཞེས་པའི་ཐ་སྙད་
{@21A}༄༅། །འཇུག་པའི་འཇུག་གཞི་ཡིན་པ་ཆོས་ཅན། ཁྱོད་སྔོན་འཛིན་དབང་པོའི་མངོན་སུམ་ལ་མི་སྣང་བར་ཐལ། ཁྱོད་སྤྱི་མཚན་དངོས་མེད་ཡིན་པའི་ཕྱིར། རྟགས་ཁས། ཁ་ཅིག །དེ་འདྲ་བ་དེ་སེམས་ཙམ་པས་དངོས་པོ་རང་མཚན་པར་འདོད་པ་ཡིན་ནོ་ཟེར་ན། སྔོན་པོ་གཟུགས་
ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པ་ཆོས་ཅན། ཁྱོད་བདེན་པར་གྲུབ་པར་ཐལ། ཁྱོད་དངོས་པོ་རང་མཚན་པ་ཡིན་པའི་ཕྱིར། འདོད་ན། སྔོན་པོ་དེ་འདྲའི་ཐ་སྙད་འཇུག་པའི་འཇུག་གཞིར་བདེན་པར་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྔོན་པོ་དེ་འདྲའི་ཐ་སྙད་
འཇུག་པའི་འཇུག་གཞིར་བདེན་པར་མ་གྲུབ་པ་སྔོན་པོའི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། མ་གྲུབ་ན། སྔོན་པོ་ཆོས་ཅན། ཁྱོད་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་བདེན་པར་མ་གྲུབ་པ། ཁྱོད་ཀྱི་གནས་ལུགས་མཐར་ཐུགས་དུ་གྲུབ་པར་ཐལ། ཁྱོད་གཟུགས་ཡིན་
པའི་ཕྱིར། ཁ་ཅིག །ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཡོངས་གྲུབ་ཡིན་ཟེར་ན། ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་དོན་དམ་པར་གྲུབ་པར་ཐལ། ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་གནས་ལུགས་སུ་གྲུབ་པའི་ཕྱིར།
དེར་ཐལ། ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཡོངས་གྲུབ་ཡིན་པའི་ཕྱིར། འདོད་ན། བུམ་པ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་དོན་དམ་པར་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་
འཇུག་གཞིར་དོན་དམ་པར་མ་གྲུབ་པ་བུམ་པའི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། ཁྱོད་ཁྱོད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་དོན་དམ་པར་མ་གྲུབ་པ་ཁྱོད་ཀྱི་གནས་ལུགས་མཐར་ཐུག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། ཁ་ཅིག །
མདོ་སྡེ་པས་གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཁྱབ་པ་ཁས་ལེན་པ་ཡིན་ནོ་ཟེར་ན། དེའི་ལུགས་གཞིར་གཞོག་ལ། གཟུགས་རུང་ལ་གཟུགས་ཞེས་པའི་སྒྲའི་བརྗོད་བྱ་ཆོས་ཅན། །རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། གཟུགས་རུང་ལ་གཟུགས་
{@21B}ཞེས་པའི་སྒྲའི་བརྗོད་བྱ་དང༌། གཟུགས་རུང་ལ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པ་གཉིས་ལ་རྟོགས་བཏགས་ཡིན་མིན་གྱི་ཁྱད་པར་མེད་པར་ཐལ། དེ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་མཉམ་དུ་མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། ལེགས་བཤད་སྙིང་པོ་ལས། སྒྲའི་
བརྗོད་བྱའི་རང་ལྡོག་རྟོགས་བཏགས་ཡིན་ཀྱང༌། དེའི་གཞི་ལྡོག་དུ་རང་མཚན་འོང་བའི་ལུགས་དང་ག་ལ་མཚུངས། ཞེས་གསུངས་པའི་ཕྱིར། གཞན་ཡང༌། གཟུགས་རུང་ལ་གཟུགས་ཞེས་པའི་སྒྲའི་བརྗོད་བྱ་ཆོས་ཅན། ཁྱོད་དོན་དམ་པར་གྲུབ་པར་ཐལ། ཁྱོད་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། ཁ་ཅིག
གིས་མ་ཁྱབ་ཟེར། འདོད་ན། དེ་ཆོས་ཅན། ཁྱོད་དོན་དམ་པར་མ་གྲུབ་པར་ཐལ། ཀུན་རྫོབ་ཏུ་གྲུབ་པའི་ཕྱིར། དེར་ཐལ། སྤྱི་མཚན་ཡིན་པའི་ཕྱིར། མ་ཁྱབ་འཚམས་ལ། ཁྱབ་པ་ཡོད་པར་ཐལ། དེ་གཉིས་ལ་ཁྱད་པར་ཡོད་པ་ལུགས་འདིའི་ཚད་ལྡན་གྱི་གཞུང་གང་ལས་ཀྱང་མ་གསུངས་པའི་ཕྱིར། ཁ་ཅིག །
གང་ཟག་གི་བདག་མེད་ཕྲ་མོ་ཡོངས་གྲུབ་ཡིན་ཟེར་ན། དེ་ཆོས་ཅན། ཟབ་མོ་ཡིན་པར་ཐལ། ཡོངས་གྲུབ་ཡིན་པའི་ཕྱིར། འདོད་ན། དང་པོ་ཉིད་ནས་ཐེག་དམན་དུ་རིགས་ངེས་པའི་ཉན་ཐོས་མཐོང་ལམ་བར་ཆད་མེད་ལམ་པ་དེས་ཟབ་མོའི་དོན་མངོན་སུམ་དུ་རྟོགས་པར་ཐལ། དེས་གང་ཟག་གི་བདག་མེད་ཕྲ་མོ་
མངོན་སུམ་དུ་རྟོགས་པ་གང་ཞིག །དེ་ཟབ་མོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། ཞེས་པས། དང་པོ་ཉིད་ནས་ཐེག་དམན་དུ་རིགས་ངེས་པའི་ཐེག་པ་དམན་པ་ལ་ཟབ་མོའི་དོན་རྟོགས་པ་མེད་པར་གསུངས་པའི་ཕྱིར་ཏེ། ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ་ཞེས་སོགས་གསུངས་པའི་ཕྱིར།
ཁ་ཅིག །ནམ་མཁའ་འཛིན་པའི་ཚད་མ་ནམ་མཁའི་གཞན་དབང་ཡིན་ཟེར་ན། འོ་ན། ནམ་མཁའི་གཞན་དབང་ལ་གཞན་དབང་གིས་ཁྱབ་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། ཆོས་ཉིད་ཀྱི་གཟུགས་ཡིན་ན་གཟུགས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་ཕྱི་རོལ་དོན་གྱིས་
སྟོང་བ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། གཟུགས་ཆོས་ཅན། ཁྱོད་ཕྱི་རོལ་དོན་གྱིས་སྟོང་བ་ཆོས་ཉིད་ཀྱི་གཟུགས་ཡིན་པར་ཐལ། ཁྱོད་གཟུགས་ཀྱི་སྐྱེ་མཆེད་ཡིན་པའི་ཕྱིར། གཞན་ཡང༌། ནམ་མཁའ་འཛིན་པའི་ཚད་མ་ནམ་མཁའ་འཛིན་པའི་ཚད་མ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་
{@22A}༄༅། །རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་དེ་ནམ་མཁའ་ནམ་མཁའ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་ཡིན་པར་ཐལ། ནམ་མཁའ་འཛིན་པའི་ཚད་མ་ནམ་མཁའི་སྟེང་གི་གནས་ལུགས་གཏན་ལ་འབེབས་པའི་
དབང་དུ་བྱས་པའི་གཞི་གཞན་དབང་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་འཛིན་པའི་ཚད་མ་འཛིན་པའི་རྟོག་པ་དེ། ། །ནམ་མཁའ་འཛིན་པའི་རྟོག་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་རྟོག་ཡུལ་ལ་སེལ་འཇུག་ཡིན་པའི་ཕྱིར། གཞན་ཡང་
ནམ་མཁའ་འཛིན་པའི་ཚད་མ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་དེ་ནམ་མཁའ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་ཡིན་པར་ཐལ། ནམ་མཁའ་འཛིན་པའི་ཚད་མ་འཛིན་པའི་རྟོག་པ་དེ། ནམ་མཁའ་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་
འདྲའི་རྟོག་པ་ཆོས་ཅན། ཁྱོད་རྟོག་པ་དོན་མཐུན་ཡིན་པར་ཐལ། ནམ་མཁའ་འཛིན་པའི་ཚད་མ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། ཁྱབ་སྟེ། ནམ་མཁའ་འཛིན་པའི་ཚད་མ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། རྟོག་པ་དོན་མི་མཐུན་ཡིན་པའི་
ཕྱིར།། དེར་ཐལ། ནམ་མཁའ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་རྟོག་པ་ཡིན་པའི་ཕྱིར། ཁ་ཅིག །དོན་སྨྲ་སྡེ་གཉིས་ཀྱིས་གཟུགས་སོགས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་དེ་དག་ཡོད་པར་འཇོག་མི་ཤེས་པ་ཡིན་ཟེར་ན། དེ་གཉིས་ཀྱིས་
ནམ་མཁའ་ནམ་མཁའ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་ནམ་མཁའ་ཡོད་པར་འཇོག་མི་ཤེས་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། དེ་གཉིས་ཀྱིས་ནམ་མཁའ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པར་ཐལ་ལོ། །ཁ་ཅིག །དེ་གཉིས་ཀྱིས་ནམ་མཁའ་ནམ་
མཁའ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་གནས་ཚུལ་གྱི་ངོས་ནས་མ་གྲུབ་ན། ནམ་མཁའ་ཡོད་པར་འཇོག་མི་ཤེས་པ་ཡིན་ནོ་ཟེར་ན། དེ་དོན་སྨྲ་སྡེ་གཉིས་ལ་དམིགས་ཀྱིས་བཀར་ནས་འཆད་མི་རིག་པར་ཐལ། དོན་སྨྲ་སྡེ་གཉིས་སུ་མ་ཟད་སེམས་ཙམ་པས་ཀྱང་ནམ་མཁའ་དེ་དེ་འདྲའི་ཐ་སྙད་འཇུག་པའི་
{@22B}འཇུག་གཞིར་ནམ་མཁའ་གནས་ཚུལ་གྱི་ངོས་ནས་མ་གྲུབ་ན་ནམ་མཁའ་ཡོད་པར་འཇོག་མི་ཤེས་པའི་ཕྱིར། དེར་ཐལ། ནམ་མཁའ་དེ་དེ་འདྲའི་ཐ་སྙད་འཇུག་པའི་འཇུག་གཞིར་ནམ་མཁའ་རང་ངོས་ནས་མ་གྲུབ་ན་ནམ་མཁའ་ཡོད་པར་འཇོག་མི་ཤེས་པའི་ཕྱིར། དེར་ཐལ། དེས་གཞི་གྲུབ་ན་རང་ངོས་ནས་གྲུབ་
པས་ཁྱབ་པར་འདོད་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་ན་རྙེད་པས་ཁྱབ་པར་འདོད་པའི་ཕྱིར། ཁ་ཅིག །ཚད་མ་པ་ལ་གྲགས་པའི་རང་མཚན་ནི་མིན་ནོ་ཞེས་པའི་དོན། དོན་སྨྲ་སྡེ་གཉིས་ཀྱིས་གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག
གཞི་ཡིན་པ་དེ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་རང་མཚན་དུ་མི་འདོད་པར་བསྟན་པ་ཡིན་ནོ་ཟེར་ན། མི་འཐད་དེ། དོན་སྨྲ་སྡེ་གཉིས་ཀྱིས་གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པ་དོན་བྱེད་ནུས་པར་འདོད་པ་གང་ཞིག
གཞུང་དེས་དོན་བྱེད་ནུས་པ་ལ་རང་མཚན་དུ་བསྟན་པའི་ཕྱིར། དང་པོ་དེར་ཐལ། དེ་གཟུགས་འཛིན་དབང་པོའི་མངོན་སུམ་གྱི་དངོས་ཀྱི་སྣང་ཡུལ་དུ་འདོད་པའི་ཕྱིར། དེར་ཐལ། གཟུགས་འཛིན་དབང་པོའི་མངོན་སུམ་ལ་སྣང་བར་འདོད་པའི་ཕྱིར། དེར་ཐལ། གཟུགས་འཛིན་དབང་པོའི་མངོན་སུམ་ལ།
གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་སྣང་བར་འདོད་པའི་ཕྱིར། ཁ་ཅིག །གསུང་དེའི་དོན་སེམས་ཙམ་པས་གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པ་དེ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་རང་མཚན་དུ་འདོད་པར་
བསྟན་པ་ཡིན་ཟེར་ན། ལུགས་དེ་གཞིར་གཞོག་ལ། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པ་ཆོས་ཅན། དོན་བྱེད་ནུས་པ་ཡིན་པར་ཐལ། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་པའི་སྐབས་ནས་དངོས་སུ་བསྟན་པའི་རང་མཚན་གང་ཞིག །གཞུང་དེས་དོན་བྱེད་ནུས་པ་ལ་རང་མཚན་
དུ་བསྟན་པའི་ཕྱིར། འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་ན། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་
{@23A}༄༅། །ཉིད་ཀྱིས་མ་གྲུབ་པ་དེ་གཟུགས་ཀྱི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། རྟགས་སླ། ཁ་ཅིག་མིང་བརྡས་བཞག་ཙམ་གྱི་ཀུན་བཏགས་ཡིན་ན། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཡིན་པས་ཁྱབ་ཟེར་ན། རི་བོང་ཅན་ལ་ཟླ་སྒྲའི་བརྗོད་རུང་ཆོས་
ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། མིང་བརྡས་བཞག་ཙམ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མིང་བརྡས་བཞག་ཙམ་ཡིན་པར་ཐལ། གྲགས་པའི་རྗེས་དཔག་གི་དངོས་གཞལ་ཡིན་པའི་ཕྱིར། འདོད་ན། རི་བོང་ཅན་དེ་ཆོས་ཅན། ཁྱོད་ལ་ཟླ་སྒྲས་བརྗོད་རུང་ངོ་བོ་དང་ཁྱད་པར་ལ་ཀུན་
བཏགས་པའི་ཀུན་བཏགས་མ་ཡིན་པར་ཐལ། ཁྱོད་ཟླ་བ་ཡིན་པའི་ཕྱིར། གཉིས་པ་རང་གི་ལུགས་བཞག་པ་ལ། འཁོར་ལོ་དང་པོ་གཉིས་དྲང་དོན་གྱི་མདོ་དང་ཕྱི་མ་ངེས་དོན་གྱི་མདོར་སྒྲུབ་པ་ལ་དགོས་པ་ཡོད་དེ། ལུགས་འདིའི་མཐའ་གཉིས་སྤངས་པའི་དེ་ཁོ་ན་ཉིད་གཏན་ལ་འབེབས་པའི་ཆེད་དུ་ཡིན་པའི་
ཕྱིར༑ མཐའ་གཉིས་སུ་ལྟ་ཚུལ་ཡོད་དེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ཕྱོགས་གཅིག་ཏུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་ལྟ་བ་སྐུར་འདེབས་ཀྱི་ལྟ་བ་དང༌། གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག
གཞིར་རང་གི་གནས་ལུགས་ཀྱི་དབང་གིས་གྲུབ་པར་ལྟ་བ་སྒྲོ་འདོགས་ཀྱི་ལྟ་བ་ཡིན་པའི་ཕྱིར། རིགས་པ་ཡང་དག་གི་དགག་བྱ་ལ་མེད་པས་མ་ཁྱབ་ཏེ། བཤད་མ་ཐག་པའི་ལྟ་བ་གཉིས་རིགས་པ་ཡང་དག་གི་དགག་བྱ་ཡིན་པའི་ཕྱིར། སྒྲོ་འདོགས་ཀྱི་མཐར་འཛིན་དེའི་ཞེན་ཡུལ་འགོག་པའི་
ཚུལ་ཡང༌། ལྟོ་ལྡིར་བ་ལ་བུམ་པའོ་སྙམ་པའི་བློ་སྐྱེ་བ་དེ་བརྡའ་འབྲེལ་བྱས་པ་ལ་མི་ལྟོས་པར་ཐལ། ལྟོ་ལྡིར་བ་བུམ་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་གནས་ལུགས་ཀྱི་དབང་གིས་གྲུབ་པའི་ཕྱིར། འདོད་ན། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་མིང་མ་བཏགས་པའི་སྔ་རོལ་དུ་ལྟོ་ལྡིར་བ་མཐོང་ཙམ་ཉིད་
ནས་འདི་ནི་བུམ་པའོ་སྙམ་པའི་བློ་སྐྱེ་བ་ཡོད་པར་ཐལ། འདོད་པའི་ཕྱིར། ཞེས་དང༌། གང་ཟག་གཅིག་ལ་བརྒྱ་བྱིན་དང་གྲོང་འཇོམས་དང༌། དབང་པོ་ཞེས་མིང་གསུམ་བཏགས་པའི་ཚེ་མིང་ཐ་དད་པ་དེ་བཞིན་དུ་གང་ཟག་དེ་ཡང་རྒྱུད་ཐ་དད་པ་གསུམ་དུ་འགྱུར་བར་ཐལ། གང་ཟག་གཅིག་པོ་
{@23B}དེ་མིང་གསུམ་པོ་དེ་འཇུག་པའི་འཇུག་གཞིར་གནས་ལུགས་ཀྱི་དབང་གིས་གྲུབ་པའི་ཕྱིར་དང༌། གང་ཟག་རྒྱུད་ཐ་དད་པ་གཉིས་ལ་ཉེར་སྦས་ཞེས་མིང་གཅིག་བཏགས་པའི་ཚེ་མིང་གཅིག་ཡིན་པ་དེ་བཞིན་དུ་གང་ཟག་གཉིས་པོ་དེ་རྒྱུད་ཅིག་ཏུ་འགྱུར་བར་ཐལ། གང་ཟག་གཉིས་པོ་དེ་མིང་
གཅིག་པོ་དེ་འཇུག་པའི་འཇུག་གཞིར་གནས་ལུགས་ཀྱི་དབང་གིས་གྲུབ་པའི་ཕྱིར། ཞེས་སོགས་ཀྱིས་འགོག་པ་ཡིན་ཏེ། ཐེག་བསྡུས་ལས། མིང་གི་སྔ་རོལ་བློ་མེད་ཕྱིར། །མང་བའི་ཕྱིར་དང་མ་འདྲེས་ཕྱིར། དེ་ཡི་བདག་ཉིད་བདག་མང་དང༌། །བདག་འདྲེས་འགལ་བས་འགྲུབ་པར་འགྱུར། །ཞེས་
གསུངས་པའི་ཕྱིར། དེ་ལྟར་བྱས་ནས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་གནས་ལུགས་ཀྱི་དབང་གིས་མ་གྲུབ་པ་དེ་གང་ལ་དམིགས་ནས་བསྒོམས་པས་ཤེས་སྒྲིབ་དག་པར་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་
ཐུག་དང༌། དེ་དང་པོ་ཉིད་ནས་ཐེག་དམན་དུ་རིགས་ངེས་པའི་ཉན་རང་རྣམས་ཀྱི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ཟབ་མོ་ཡིན་ཏེ། དེ་ལྟར་བྱང་ས་དང་ཐེག་བསྡུས་སོགས་ལས་གསུངས་པའི་ཕྱིར། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་ཀྱི་སྟེང་དུ་མཚན་ཉིད་གསུམ་གྱི་རྣམ་བཞག
བྱེད་ཚུལ་ཡོད་དེ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རྣམས་རང་རང་གི་གནས་ལུགས་མཐར་ཐུག་གཏན་ལ་འབེབས་པའི་དབང་དུ་བྱས་པའི་གཞི་གཞན་དབང་དང༌། དེའི་སྟེང་དུ་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་དེའི་དབང་དུ་བྱས་པའི་ཀུན་བཏགས། དེའི་སྟེང་
དུ་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པ་ལྟར་དུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེའི་དབང་དུ་བྱས་པའི་ཡོངས་གྲུབ་ཏུ་འཇོག་པའི་ཕྱིར། རང་གི་རྒྱུ་རྐྱེན་ལས་སྐྱེས་པ། གཞན་དབང་གི་མཚན་ཉིད། དེ་ལ་དག་མ་དག་གི་གཞན་དབང་གཉིས་ལས། དག་པའི་ཞིང་བདེ་བ་ཅན་ལྟ་བུ་
དང་པོ་དང༌། མ་དག་པའི་སྣོད་ཀྱི་འཇིག་རྟེན་ལྟ་བུ་གཉིས་པ་ཡིན་པའི་ཕྱིར། རང་འཛིན་རྟོག་པས་སྒྲོ་བཏགས་ཙམ། ཀུན་བཏགས་ཀྱི་མཚན་ཉིད། དེ་ལ་རྣམ་གྲངས་པའི་ཀུན་བཏགས་དང༌། མཚན་ཉིད་ཡོངས་ཆད་ཀྱི་ཀུན་བཏགས་གཉིས་ལས། ནམ་མཁའ་ལྟ་བུ་དང་པོ་དང་བདག་གཉིས་ལྟ་བུ་གཉིས་
{@24A}༄༅། །པ་ཡིན༑ ༑གང་ལ་དམིགས་ནས་བསྒོམས་ན་ཤེས་སྒྲིབ་དག་པར་གྱུར་པའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག །ཡོངས་གྲུབ་ཀྱི་མཚན་ཉིད། དེ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང༌། འགྱུར་མེད་ཡོངས་གྲུབ་གཉིས་ཡོད། །སློབ་པ་འཕགས་
པའི་མཉམ་གཞག་ཡེ་ཤེས་དང་པོ་དང༌། ཕྱི་མ་དང་ཡོངས་གྲུབ་དོན་གཅིག །དོན་སྨྲ་སྡེ་གཉིས་ཀྱིས་རྟོག་པའི་ཞེན་ཡུལ་དང་རྟོག་པའི་ཞེན་གཞི་སོགས་ལ། རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་མི་འདོད་དང༌། རང་མཚན་དུ་འདོད་མི་འདོད་ཀྱི་ཁྱད་པར་ཡོད་དེ། སྔོན་པོ་གཟུགས་ཞེས་པའི་སྒྲའི་བརྗོད་བྱ་དང༌།
སྔོན་པོ་འདི་ནི་གཟུགས་སོ་སྙམ་དུ་འཛིན་པའི་རྟོག་པའི་ཞེན་ཡུལ་གཉིས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་ཅིང༌། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་རྟོགས་པ་དང༌། སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པ་དང༌། སྔོན་པོ་སྔོན་འཛིན་རྟོག་པའི་ཞེན་གཞི་ཡིན་པ་གཉིས་རང་
གི་མཚན་ཉིད་ཀྱིས་གྲུབ་པར་འདོད་ཅིང༌། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་མ་རྟོགས། ནམ་མཁའ་དང་སྤྱི་མཚན་གཉིས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འདོད་ཀྱང༌། ཐ་སྙད་འཇུག་པའི་འཇུག་གཞི་དེར་རང་གི་མཚན་ཉིད་ཀྱིས་མ་
གྲུབ་པར་མ་རྟོགས། གོང་དུ་བཤད་མ་ཐག་པའི་སྔོན་པོ་གཟུགས་ཞེས་པའི་སྒྲའི་བརྗོད་བྱ་ཡིན་པ་སོགས་གཉིས་པོ་སྤྱི་མཚན་དུ་འདོད། སྔོན་པོ་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་ཡིན་པ་སོགས་གཉིས་པོ་དེ་རང་མཚན་དུ་འདོད་པའི་ཕྱིར། །གསུམ་པ་རྩོད་པ་སྤོང་བ་ལ། ཁོ་
ན་རེ༑ རྟགས་ཡང་དག་གི་དགག་བྱ་ཡོད་པར་ཐལ། རིགས་པ་ཡང་དག་གི་དགག་བྱ་ཡོད་པའི་ཕྱིར། ཁ་ཅིག །མ་ཁྱབ་ཟེར། འདོད་ན། རྟགས་ཡང་དག་གི་དགག་བྱ་མཐར་ཐུག་ཡོད་པར་ཐལ། འདོད་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། ཐ་སྙད་དཔྱོད་བྱེད་ཀྱི་རྟགས་ཡང་དག་གི་དགག་བྱ་མཐར་
ཐུག་ཡང་མེད། དོན་དམ་དཔྱོད་བྱེད་ཀྱི་རྟགས་ཡང་དག་གི་དགག་བྱ་མཐར་ཐུག་ཀྱང་མེད་པའི་ཕྱིར། དང་པོ་དེར་ཐལ། སྒྲ་རྟག་པ་སོགས་མེད་པའི་ཕྱིར། མ་ཁྱབ་མཚམས་ལ། ཁྱབ་པ་ཡོད་པར་ཐལ། རིགས་པ་ཡང་དག་དང་རྟགས་ཡང་དག་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། ཁ་ཅིག །
{@24B}ཁྱོད་ཡོད་ན་ཁྱོད་ཁྱོད་ཅེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཡོད་དགོས་པར་ཐལ། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཡོད་པའི་ཕྱིར། འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་
ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཡོད་པར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཡོད་པའི་ཕྱིར། ཁ་ཅིག །
མ་ཁྱབ་ཟེར། འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། འདོད་པའི་ཕྱིར། ཟེར་ན་མ་ཁྱབ། འདོད་ན། མི་འཐད་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་རང་གི་མཚན་
ཉིད་ཀྱིས་གྲུབ་པའི་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེ་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཀྱི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། མ་གྲུབ་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཆོས་ཅན། ཁྱོད་
ཁྱོད་ཅེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཁྱོད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ཁྱོད་ཀྱི་གནས་ལུགས་མཐར་ཐུག་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར་ཟེར་ན། ཁྱོད་ཡོད་ན་ཁྱོད་ཁྱོད་ཅེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཡོད་དགོས་པར་ཐལ། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་
འཇུག་གཞིར་གཟུགས་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། སྒྲུབ་ཚུལ་གོང་ལྟར་བྱས་འཁོར་གསུམ་བྱའོ། ཁོ་ན་རེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། གཟུགས་ཀྱི་གཞི་མཐུན་པ་ཞེས་པའི་ཐ་སྙད་འཇུག
པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང༌། གཟུགས་ཀྱི་གཞི་མཐུན་པ་ཡོད་པར་ཐལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཟུགས་ཡོད་པའི་ཕྱིར། འདོད་ན། དེ་འདྲའི་གཞི་མཐུན་པ་དེ་འདྲའི་གཞི་
{@25A}༄༅། །མཐུན་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་དེ་འདྲའི་གཞི་མཐུན་པ་མེད་པར་ཐལ། གཞི་གྲུབ་ན། འཇུག་གཞིར་དེར་དེ་འདྲ་བའི་གཞི་མཐུན་མ་ཡིན་དགོས་པའི་ཕྱིར་ཟེར་ན་རྣམ་པ་གཅིག་ཏུ་ན་མ་ཁྱབ། མ་གྲུབ་ན། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་གཟུགས་ཀྱི་
གཞི་མཐུན་པ་དེ། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་གཟུགས་ཀྱི་གཞི་མཐུན་པ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་གཟུགས་ཀྱི་གཞི་མཐུན་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་འདྲའི་གཞི་མཐུན་པ་ཞེས་པའི་ཐ་སྙད་འཇུག་པའི་
འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཐལ། འདོད་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན་སླ། ཁ་ཅིག །ཁྱོད་ཁྱོད་རང་ཡིན་པའི་ཆོས་ཡིན་ན། ཁྱོད་ཁྱོད་ཅེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཁྱོད་ཁྱོད་རང་ཡིན་དགོས་པར་ཐལ། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག
གཞིར་གཟུགས་གཟུགས་ཡིན་པའི་ཕྱིར་ན་མ་ཁྱབ། འདོད་ན། བདེན་གྲུབ་ཆོས་ཅན། དེར་ཐལ། དེའི་ཕྱིར། མ་གྲུབ་ན། བདེན་གྲུབ་བདེན་གྲུབ་ཡིན་པར་ཐལ། བདེན་གྲུབ་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། བདེན་གྲུབ་བདེན་གྲུབ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་
བདེན་པར་མ་གྲུབ་པ་དེ་བདེན་གྲུབ་ཀྱི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། ཡང་ཁོ་ན་རེ། བདེན་པར་གྲུབ་པའི་གཟུགས་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ཁྱོད་ཁྱོད་རང་ཡིན་པར་ཐལ། ཁྱོད་ཁྱོད་རང་ཡིན་པའི་ཆོས་ཡིན་པའི་ཕྱིར། འདོད་ན། བདེན་པར་
གྲུབ་པའི་གཟུགས་བདེན་པར་གྲུབ་པའི་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་བདེན་པར་གྲུབ་པར་ཐལ། བདེན་པར་གྲུབ་པའི་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་བདེན་པར་གྲུབ་པའི་གཟུགས་དེ་བདེན་པར་གྲུབ་པའི་གཟུགས་ཡིན་པའི་ཕྱིར་ཟེར་ན་མ་
ཁྱབ། འདོད་ན་སླ། ཁོ་ན་རེ། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་གཟུགས་བདེན་པར་གྲུབ་པར་ཐལ། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་གཟུགས་ཡིན་པའི་ཕྱིར། ཁྱབ་ཏེ། གཟུགས་ཡིན་ན། བདེན་པར་གྲུབ་དགོས་པའི་ཕྱིར་ཟེར་
{@25B}ན༑ འོ་ན༑ མྱུ་གུའི་དུས་སུ་ས་བོན་ཡོད་པར་ཐལ། མྱུ་གུའི་དུས་སུ་ས་བོན་ཞིག་པའི་ཕྱིར། ཁྱབ་ཏེ། ཞིག་ན་ཡོད་དགོས་པའི་ཕྱིར། གཞན་ཡང་བྱང་སེམས་ཚོགས་ལམ་པ་སངས་རྒྱས་པའི་དུས་སུ་བྱང་སེམས་ཚོགས་ལམ་པ་ཡོད་པར་ཐལ། བྱང་སེམས་ཚོགས་ལམ་པ་སངས་རྒྱས་པའི་དུས་
སུ་བྱང་སེམས་ཚོགས་ལམ་པ་སངས་རྒྱས་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་ན་ཡོད་དགོས་པའི་ཕྱིར། འཁོར་གསུམ། གཞན་ཡང༌། གཟུགས་ཞེས་པའི་མིང་དེ་རང་གི་གདགས་གཞིའི་གཙོ་བོ་རྟག་པ་ཞིག་ལ་བཏགས་པའི་མིང་ཡིན་པར་ཐལ། གཟུགས་ལ་གཟུགས་ཞེས་པའི་མིང་འཇུག་པ་
གང་ཞིག །གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རྟག་པ་ཡིན་པའི་ཕྱིར། དེར་ཐལ། གཟུགས་གཟུགས་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རྣམ་གྲང་པའི་ཀུན་བཏགས་ཡིན་པའི་ཕྱིར། འདོད་ན། གཟུགས་ཞེས་པའི་མིང་ཆོས་ཅན། ཁྱོད་རང་གི་གདགས་
གཞིའི་གཙོ་བོ་རྟག་པ་ཞིག་ལ་བཏགས་པའི་མིང་མ་ཡིན་པར་ཐལ། ཁྱོད་གཟུགས་ཞེས་པའི་མིང་ཡིན་པའི་ཕྱིར། གཞན་ཡང༌། གཞན་དབང་བདེན་གྲུབ་གཞན་དབང་བདེན་གྲུབ་ཡིན་པར་ཐལ། བདེན་གྲུབ་བདེན་གྲུབ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། གཞན་དབང་བདེན་གྲུབ་ཆོས་ཅན། ཁྱོད་
མཚན་ཉིད་གསུམ་པོ་གང་རུང་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། འདོད་ན་ཀུན་བཏགས་ཡིན་པར་ཐལ། མཚན་ཉིད་གསུམ་པོ་གང་རུང་གང་ཞིག །གཞན་དབང་ཡང་མ་ཡིན། ཡོངས་གྲུབ་ཡང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། གཞན་དབང་བདེན་གྲུབ་གཞན་དབང་མ་ཡིན་པར་
ཐལ། གཞན་དབང་ཡོད་པ་གཞན་དབང་མ་ཡིན་པའི་ཕྱིར། མ་གྲུབ་ན། གཞན་དབང་ཆོས་ཅན། ཁྱོད་ཡོད་པ་གཞན་དབང་མ་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། གཉིས་པ་དེར་ཐལ། གཞན་དབང་བདེན་གྲུབ་མེད་དགག་མ་ཡིན་པའི་ཕྱིར། དེར་ཐལ། གཞན་དབང་ཡོད་པ་མེད་དགག
མ་ཡིན་པའི་ཕྱིར། མ་གྲུབ་ན། གཞན་དབང་ཆོས་ཅན། ཁྱོད་ཡོད་པ་མེད་དགག་མ་ཡིན་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཁྱོད་ཀུན་བཏགས་མ་ཡིན་པར་ཐལ། བདེན་གྲུབ་ཡིན་པའི་ཕྱིར། རྟགས་ཁས། ཁོ་ན་རེ། ནམ་མཁའ་འཛིན་པའི་ཚད་མ་ནམ་མཁའི་གཞན་
{@26A}༄༅། །དབང་ཡིན་པར་ཐལ། གཟུགས་འཛིན་ཚད་མ་གཟུགས་ཀྱི་གནས་ལུགས་གཏན་ལ་འབེབས་པའི་དབང་དུ་བྱས་པའི་གཟུགས་ཀྱི་གཞན་དབང་ཡིན་པའི་ཕྱིར། དེར་ཐལ། གཟུགས་འཛིན་ཚད་མའི་ཆོས་ཉིད་གང་ཡིན་གཟུགས་ཀྱི་ཆོས་ཉིད་དང༌། གཟུགས་ཀྱི་ཆོས་
ཉིད་གང་ཡིན་གཟུགས་འཛིན་ཚད་མའི་ཆོས་ཉིད་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། དེ་ཕྱིར་གཉིས་སྟོང་གང་ཡིན་པ། །དེ་ནི་དེ་ཡིའང་དེ་ཉིད་ཡིན། །ཞེས་པ་དང༌། དེ་ལ་གཅིག་ནི་མེད་པས་ཀྱང༌། །གཉིས་ཀའང་ཉམས་པར་འགྱུར་བ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན། སྐྱོན་མེད་
དེ༑ ༑ལུང་དང་པོའི་དོན་ནི། གཟུགས་གཟུགས་འཛིན་ཚད་མ་དང༌། རྫས་གཞན་གྱིས་སྟོང་བ་གཟུགས་ཀྱི་གནས་ལུགས་མཐར་ཐུག་ཡིན་པར་མ་ཟད། གཟུགས་འཛིན་ཚད་མ་གཟུགས་དང་རྫས་གཞན་གྱིས་སྟོང་བ་གཟུགས་འཛིན་ཚད་མའི་གནས་ལུགས་ཡིན་ཞེས་པའི་དོན་དང༌། ཕྱི་
མའི་དོན་ནི། གཟུགས་གཟུགས་འཛིན་ཚད་མ་དང་རྫས་གཞན་ཡིན་པ་ཁེགས་པའི་རིགས་པ་དེའི་བྱེད་པ་ལ་བརྟེན་ནས། གཟུགས་འཛིན་ཚད་མ་གཟུགས་དང་རྫས་གཞན་ཡིན་པ་ཁེགས་ནུས་ཞེས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན། ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་དང༌། དེ་
འཛིན་པའི་རྣམ་མཁྱེན་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་དེ་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་གི་གནས་ལུགས་དང༌། ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་འཛིན་པའི་རྣམ་མཁྱེན་གཉིས་ཀའི་གནས་ལུགས་ཡིན་པར་ཐལ། ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་དང་དེ་འཛིན་པའི་ཚད་མ་
རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་གཉིས་པོ་དེ་ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་གི་གནས་ལུགས་དང༌། དེ་འཛིན་པའི་ཚད་མ་གཉིས་ཀའི་གནས་ལུགས་མཐར་ཐུག་ཡིན་པའི་ཕྱིར། ཁ་ཅིག་མ་ཁྱབ་ཟེར། འདོད་ན། ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་དང་དེ་འཛིན་པའི་རྣམ་མཁྱེན་
རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ཆོས་ཅན། ཁྱོད་སྒྲིབ་པ་མ་སྤངས་པའི་ཆོས་ཉིད་ཡིན་པར་ཐལ། ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་གི་ཆོས་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། མི་འཐད་དེ། དེ་སྒྲིབ་པ་སྤངས་པའི་ཆོས་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། སྒྲིབ་
{@26B}པ་སྤངས་པའི་ཆོས་ཉིད་ཡིན་པར་ཐལ། ཟག་བཅས་ཉེར་ལེན་གྱི་གཟུགས་ཕུང་འཛིན་པའི་རྣམ་མཁྱེན་གྱི་ཆོས་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་རྣམ་མཁྱེན་དེ་སྒྲིབ་པ་སྤངས་པའི་ཆོས་ཅན་ཡིན་པའི་ཕྱིར། མ་ཁྱབ་འཚམས་ལ། ལོངས་སྐུའི་དབུ་སྐྲ་བུང་བ་ལྟར་གནག་དང༌། དེ་འཛིན་པའི་ཚད་
མ་རྫས་གཞན་གྱིས་སྟོང་པའི་སྟོང་ཉིད་ལོངས་སྐུའི་དབུ་སྐྲ་བུང་བ་ལྟར་གནག་གི་གནས་ལུགས་དང༌། དེ་འཛིན་པའི་ཚད་མ་གཉིས་ཀའི་གནས་ལུགས་ཡིན་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། ལོངས་སྐུའི་དབུ་སྐྲ་བུང་བ་ལྟར་གནག་དང༌། དེ་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་པའི་
སྟོང་ཉིད་ཆོས་ཅན། སྒྲིབ་པ་སྤངས་པའི་ཆོས་ཉིད་ཡིན་པར་ཐལ། ལོངས་སྐུའི་དབུ་སྐྲ་བུང་བ་ལྟར་གནག་གི་ཆོས་ཉིད་ཡིན་པའི་ཕྱིར། ཁྱབ་སྟེ། ལོངས་སྐུའི་དབུ་སྐྲ་བུང་བ་ལྟར་གནག་སྒྲིབ་པ་སྤངས་པའི་ཡོན་ཏན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲིབ་པ་མ་སྤངས་པའི་ཆོས་ཉིད་ཡིན་པའི་ཕྱིར། དེར་ཐལ། ལོངས་སྐུའི་དབུ་
སྐྲ་བུང་བ་ལྟར་གནག་འཛིན་པའི་ཚད་མའི་ཆོས་ཉིད་གང་ཞིག །དེ་འདྲའི་ཚད་མ་སྒྲིབ་པ་མ་སྤངས་པའི་ཆོས་ཅན་ཡིན་པའི་ཕྱིར། དང་པོ་དངོས་གཉིས་པ་མ་གྲུབ་ན། དེ་ཆོས་ཅན། ཁྱོད་སྒྲིབ་པ་མ་སྤངས་པའི་ཆོས་ཅན་ཡིན་པར་ཐལ། ཁྱོད་ཚད་མ་གང་ཞིག །ཁྱོད་རྒྱུད་ལ་ལྡན་པའི་བྱང་འཕགས་ཡོད་པའི་ཕྱིར། །དེར་ཐལ། ལོངས་སྐུ་མངོན་
སུམ་དུ་རྟོགས་པའི་བྱང་འཕགས་ཡོད་པའི་ཕྱིར། གཞན་ཡང༌། འདུས་བྱས་སྟོང་པ་ཉིད་ཡིན་ན། འདུས་མ་བྱས་སྟོང་པ་ཉིད་ཡིན་དགོས་པར་ཐལ། འདུས་མ་བྱས་སྟོང་པ་ཉིད་ཡིན་ན། འདུས་བྱས་སྟོང་པ་ཉིད་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན། རང་གི་ཆོས་ཅན་དུ་གྱུར་པའི་འདུས་བྱས་
གཅིག་ཡོད་དགོས་པའི་ཕྱིར། དེར་ཐལ། ནམ་མཁའི་ཆོས་ཉིད་ཡིན་ན། རང་གི་ཆོས་ཅན་དུ་གྱུར་པའི་འདུས་བྱས་གཅིག་ཡོད་དགོས་པའི་ཕྱིར། དེར་ཐལ། དེ་ཡིན་ན། ནམ་མཁའ་འཛིན་པའི་ཚད་མའི་ཆོས་ཉིད་ཡིན་དགོས་པའི་ཕྱིར། རྟགས་ཁས། རྩ་བར་འདོད་ན། དེ་གཉིས་ཀྱི་རྣམ་དབྱེ་སོ་སོར་མཛད་མི་
རིགས་པར་ཐལ། དེ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྟོང་ཉིད་བཅུ་དྲུག་དང༌། སྟོང་ཉིད་ཉི་ཤུ་སོགས་ཀྱི་དབྱེ་བ་མཛད་པའི་ཕྱིར། གཞན་ཡང༌། ཤེས་སྒྲིབ་གཟུང་རྟོག་ཀུན་བཏགས་མངོན་གྱུར་བ་ཡིན་ན། ཤེས་སྒྲིབ་འཛིན་རྟོག་ཀུན་བཏགས་མངོན་གྱུར་བ་ཡིན་པས་ཁྱབ་
{@27A}༄༅། །པ་དང༌། ཤེས་སྒྲིབ་འཛིན་རྟོག་ཀུན་བཏགས་མངོན་གྱུར་བ་ཡིན་ན། ཤེས་སྒྲིབ་གཟུང་རྟོག་ཀུན་བཏགས་མངོན་གྱུར་བ་ཡིན་པས་ཁྱབ་པར་ཐལ། གཟུང་བའི་གནས་ལུགས་མཐར་ཐུག་ཡིན་ན། རང་ཉིད་ཀྱི་འཛིན་པའི་གནས་ལུགས་མཐར་ཐུག་ཡིན་པས་ཁྱབ།
འཛིན་པའི་གནས་ལུགས་མཐར་ཐུག་ཡིན་ན། རང་ཉིད་ཀྱི་བཟུང་བའི་གནས་ལུགས་མཐར་ཐུག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཕྱི་བཟུང་བའི་གནས་ལུགས་ཡིན་ན་ནང་འཛིན་པའི་གནས་ལུགས་ཡིན་དགོས་པའི་ཕྱིར། འདོད་ན། དེ་གཉིས་ལ་མངོན་གྱུར་བ་མགོ་གནོན་དཀའ་
སླའི་ཁྱད་པར་མེད་པར་ཐལ། དེ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མདོ་སྡེ་རྒྱན་ལས། དེ་ཚེ་དེ་ཡི་གཟུང་བ་ཡི། །རྣམ་པར་གཡེང་བ་དེ་སྤོང་འགྱུར། །འདི་ལྟར་དེ་ཡི་འཇུག་ཐོགས་སུ། །འཛིན་པའི་རྣམ་པར་གཡེང་བ་སྤོང༌། །ཞེས་གསུངས་པའི་ཕྱིར། ཁོ་ན་རེ༑
སེམས་ཙམ་པས་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་མི་བཞེད་པས་སྐྱོན་དེ་དག་མི་འཇུག་པ་ཡིན་ནོ་ཟེར་ན། སེམས་ཙམ་པས་དག་པ་གཉིས་ལྡན་གྱི་ཆོས་སྐུ་གཅིག་མི་བཞེད་པར་ཐལ། དེས་རང་བཞིན་རྣམ་དག་གི་ཆར་གྱུར་པའི་ངོ་བོ་ཉིད་སྐུ་གཅིག་མི་བཞེད་པའི་ཕྱིར། རྟགས་
ཁས། འདོད་ན། སེམས་ཙམ་པ་རྣམས་ཀྱིས་གཟུགས་དང་གཟུགས་འཛིན་པའི་ཚད་མ་རྫས་ཐ་དད་ཏུ་འཛིན་པའི་རྟོག་པ་བདེན་གྲུབ་ཏུ་ཁས་བླངས་པ་ལ། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱིས་སངས་རྒྱས་ཀྱི་ས་ན་བློ་བུར་རྣམ་དག་ཙམ་མ་གཏོགས་དག་པ་གཉིས་ལྡན་གྱི་ཆོས་སྐུ་མེད་པར་ཐལ་
བ་འཕངས་པ་ལ་འདོད་ལན་ཐེབས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ངོ་བོ་ཉིད་མེད་པར་སྨྲ་བ་ཁྱོད་རང་གིས་གཟུགས་བདེན་སྟོང་བློ་དོན་དམ་པ་གནས་ལུགས་མངོན་སུམ་དུ་རྟོགས་པའི་སློབ་པ་འཕགས་པའི་མཉམ་བཞག་ཡེ་ཤེས་ཀྱི་རྙེད་དོན་དུ་ཁས་བླངས་པས་དེ་དོན་དམ་
པར་གྲུབ་དགོས་དེ་དོན་དམ་པར་གྲུབ་ན་གཟུགས་བདེན་པར་འཛིན་པའི་བདེན་འཛིན་བདེན་པར་གྲུབ་དགོས། དེ་བདེན་པར་གྲུབ་ན་གཉེན་པོས་སྤང་དུ་མི་རུང་བས་སངས་རྒྱས་ཀྱི་ས་ན་དག་པ་ཕྱོགས་གཅིག་མ་གཏོགས་དག་པ་གཉིས་ལྡན་གྱི་ཆོས་སྐུ་མེད་པར་ཐལ་བ་ཁྱོད་རང་ལ་ཡང་
{@27B}མཚུངས་སོ། །ཞེས་མཚུངས་པ་བསྒྲེས་པའི་ཕྱིར། བསྒྲེས་ཚུལ་འགྲེལ་ཆེན་ལས་ཤེས་དགོས་སོ། ཁ་ཅིག་ནམ་མཁའི་གཞན་དབང་མེད་ཟེར་ན་ནམ་མཁའི་གཞན་དབང་ཡོད་པར་ཐལ། ཆོས་ཁམས་ཀྱི་སྟེང་གི་གནས་ལུགས་མཐར་ཐུག་གཏན་ལ་འབེབས་པའི་དབང་དུ་བྱས་པའི་གཞན་དབང་ཡོད་པའི་ཕྱིར། དེར་
ཐལ༑ གཟུགས་ཕུང་གི་སྟེང་གི་གནས་ལུགས་མཐར་ཐུག་གཏན་ལ་འབེབས་པའི་དབང་དུ་བྱས་པའི་གཞན་དབང་ཡོད་པ་གང་ཞིག །གཟུགས་ཕུང་ལ་ཇི་ལྟར་སྦྱར་བ་བཞིན་དུ་ཆོས་ཁམས་ཀྱི་བར་ལ་སྦྱར་བར་གསུངས་པའི་ཕྱིར། ཁོ་ན་རེ། ནམ་མཁའི་གཞན་དབང་ཡིན་ན། གཞན་དབང་ཡིན་དགོས་
པར་ཐལ། གཟུགས་ཀྱི་གཞན་དབང་ཡིན་ན། གཞན་དབང་ཡིན་དགོས་པ་གང་ཞིག །ལེགས་བཤད་སྙིང་པོ་ལས། དེ་ལྟར་གཟུགས་ཕུང་ལ་ཇི་ལྟར་སྦྱར་བ་བཞིན་དུ་ཕུང་པོ་ལྷག་མ་བཞི་དང་སྐྱེ་མཆེད་བཅུ་གཉིས་དང་རྟེན་འབྲེལ་བཅུ་གཉིས་དང༌། །ཟས་བཞི་དང༌། ཁམས་དྲུག་དང༌།
ཁམས་བཅོ་བརྒྱད་པོ་རེ་རེ་ལ་ཡང་མཚན་ཉིད་གསུམ་གསུམ་སྦྱར་བར་གསུངས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། དེའི་དོན་ནི། གཟུགས་ཕུང་གཟུགས་ཕུང་གི་གནས་ལུགས་མཐར་ཐུག་གཏན་ལ་འབེབས་པའི་དབང་དུ་བྱས་པའི་གཞན་དབང་དང་དེ་ལ་ངོ་བོ་དང་ཁྱད་པར་དུ་
སྒྲོ་བཏགས་པ་ཀུན་བཏགས་དང༌། བཏགས་པ་ལྟར་དུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་གཟུགས་ཕུང་གི་ཡོངས་གྲུབ་ཏུ་བྱེད་པ་དེ་བཞིན་དུ། ཆོས་ཁམས་ཆོས་ཁམས་ཀྱི་གནས་ལུགས་མཐར་ཐུག་གཏན་ལ་འབེབས་པའི་དབང་དུ་བྱས་པའི་གཞི་གཞན་དབང་དང་དེ་ལ་ངོ་བོ་དང་ཁྱད་པར་དུ་
སྒྲོ་བཏགས་པ་དེའི་སྟེང་གི་གནས་ལུགས་གཏན་ལ་འབེབས་པའི་དབང་དུ་བྱས་པའི་ཀུན་བཏགས་དང༌། དེ་ལྟར་བཏགས་པ་ལྟར་དུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེའི་ཡོངས་གྲུབ་ཏུ་ཁྱེད་པར་སྦྱོར་ཞེས་པའི་དོན་ཡིན་པའི་ཕྱིར། དེ་ལྟར་མ་ཡིན་ན་ནམ་མཁའ་འཛིན་པའི་ཚད་མ་ལ་འདི་ནི་གཟུགས་སོ།
འདི་ནི་གཟུགས་ཀྱི་སྐྱེ་བའོ། །ཞེས་བཏགས་པ་དང༌། ནམ་མཁའ་ལ་འདི་ནི་གཟུགས་སོ་འདི་ནི་གཟུགས་ཀྱི་སྐྱེ་བའོ་ཞེས་བཏགས་པའི་ཀུན་བཏགས་དེ་ནམ་མཁའི་སྟེང་གི་གནས་ལུགས་མཐར་ཐུག་གཏན་ལ་འབེབས་པའི་དབང་དུ་བྱས་པའི་ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་ཡིན་
{@28A}༄༅། །པར་ཐལ། ཀུན་བཏགས་ངོས་འཛིན་གྱི་སྐབས་སུ་རྣམ་པར་རྟོག་པའི་སྤྱོད་ཡུལ་ཀུན་བཏགས་པའི་མཚན་ཉིད་ཀྱི་གནས་ལུགས་འདུ་བྱེད་ཀྱི་མཚན་མ་ལ། གཟུགས་ཀྱི་ཕུང་པོ་ཞེས་ངོ་བོ་ཉིད་དམ་བྱེ་བྲག་གི་མཚན་ཉིད་དུ་མིང་དང་བརྡར་རྣམ་པར་བཞག་པ་དང༌། ཞེས་སོགས་
གསུངས་པ་གང་ཞིག །གཟུགས་ཕུང་ལ་ཇི་ལྟར་སྦྱར་བ་བཞིན་དུ་ཞེས་པ་ནས་ཁམས་བཅོ་བརྒྱད་པོ་རེ་རེ་ལ་ཡང་མཚན་ཉིད་གསུམ་གསུམ་སྦྱར་བར་གསུངས་སོ། །ཞེས་གསུངས་ན། ནམ་མཁའི་གཞན་དབང་ལ་གཞན་དབང་གིས་ཁྱབ་པ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ནམ་མཁའ་འཛིན་པའི་ཚད་
མ་དང༌། ནམ་མཁའ་གཉིས་དེ་ལྟར་བཏགས་པ་ལྟར་དུ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་དོན་སྨྲ་སྡེ་གཉིས་གྱིས་ཚད་མས་ངེས་པའི་ཕྱིར། དེར་ཐལ། དོན་སྨྲ་སྡེ་གཉིས་ཀྱིས་ནམ་མཁའ་འཛིན་པའི་ཚད་མ་དང༌། ནམ་མཁའ་གཉིས་གཟུགས་མ་ཡིན་པར་ཚད་མས་ངེས་པའི་ཕྱིར། ཁོ་ན་རེ། ནམ་མཁའི་གཞན་
དབང་ཡིན་ན། གཞན་དབང་ཡིན་པས་ཁྱབ་པར་ཐལ། གཟུགས་ནས་རྣམ་མཁྱེན་གྱི་བར་ཆོས་རེ་རེའི་སྟེང་དུ་མཚན་ཉིད་གསུམ་གསུམ་གྱི་རྣམ་བཞག་བྱས་ནས་གཞན་དབང་འཆད་པའི་སྐབས་སུ་རྐྱེན་གཞན་གྱི་སྟོབས་ཀྱིས་བྱུང་བ་ཡིན་གྱི་བདག་ཉིད་ཀྱིས་མ་ཡིན་པས་ཞེས་སོགས་གསུངས་
པའི་ཕྱིར་ཟེར་ན། སྐྱོན་མེད་དེ། གཟུགས་ཕུང་ལྟ་བུའི་གཞན་དབང་གི་དབང་དུ་བྱས་པའི་ཕྱིར། དེ་ལྟར་མ་ཡིན་ན་ཀུན་བཏགས་ཡིན་ན། མིང་བདས་འཇོག་ནུས་ཡིན་དགོས་པར་ཐལ། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་རེ་རེའི་སྟེང་དུ་མཚན་ཉིད་གསུམ་གསུམ་གྱི་རྣམ་བཞག་བྱས་ནས། ཀུན་
བཏགས་འཆད་པའི་སྐབས་སུ། མིང་དང་བརྡས་རྣམ་པར་བཞག་པའི་མཚན་ཉིད་ཡིན་གྱི་རང་གི་མཚན་ཉིད་ཀྱིས་རྣམ་པར་གནས་པ་ནི་མ་ཡིན་པས་ཞེས་གསུངས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྒྲ་རྟག་སྟོང་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། གོང་དུ་བསྒྲུབ་ཟིན་པའི་
ཕྱིར༑ ཁོ་ན་རེ། ནམ་མཁའ་དེ་ནམ་མཁའི་ཡོངས་གྲུབ་ཀྱི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་གཞན་དབང་ཡིན་པར་ཐལ། ནམ་མཁའ་ནམ་མཁའི་གཞན་དབང་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ། འདོད་མི་ནུས་ཏེ། ནམ་མཁའ་ནམ་མཁའི་ཡོངས་གྲུབ་ཀྱི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་ཀུན་བཏགས་ཡིན་པའི་ཕྱིར།
{@28B}དེར་ཐལ། ནམ་མཁའི་ཡོངས་གྲུབ་ཀྱི་སྟོང་གཞི་ཆོས་ཅན་དུ་གྱུར་པའི་ཀུན་བཏགས་ཡོད་པ་གང་ཞིག །དེ་ཡོད་ན་ནམ་མཁའ་དེ་ལྟར་ཡིན་དགོས་པའི་ཕྱིར། དང་པོ་དེར་ཐལ། ནམ་མཁའི་ཡོངས་གྲུབ་ཀྱི་ཆོས་ཅན་ཅིག་ཡོད་པའི་ཕྱིར་ཟེར་ན། མྱུ་གུ་ཆོས་ཅན། ཀུན་རྫོབ་ཏུ་གྱུར་པའི་བདེན་པ་ཡིན་པར་ཐལ། ཀུན་
རྫོབ་བདེན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཀུན་རྫོབ་ཏུ་གྱུར་པའི་བརྫུན་པ་ཡིན་པའི་ཕྱིར། དེར་ཐལ། ཀུན་རྫོབ་ཏུ་གྱུར་པའི་དངོས་པོ་ཡིན་པའི་ཕྱིར། གཞན་ཡང༌། ནམ་མཁའ་ནམ་མཁའི་གནས་ལུགས་ཀྱི་སྟོང་བཞི་ཡིན་པར་ཐལ། ནམ་མཁའ་ནམ་མཁའི་ཡོངས་གྲུབ་ཀྱི་སྟོང་གཞི་ཡིན་པའི་ཕྱིར།
རྟགས་ཁས། འདོད་ན། ནམ་མཁའ་ནམ་མཁའི་གནས་ལུགས་ཀྱིས་སྟོང་བར་ཐལ། འདོད་པའི་ཕྱིར། མ་གྲུབ་ན་སོང༌། འདོད་ན། ནམ་མཁའ་ཆོས་ཅན། ཁྱོད་ཁྱོད་ཀྱི་གནས་ལུགས་ཀྱིས་མི་སྟོང་བར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། བྱས་ན་ཅི་གསུང༌། ཁོ་ན་རེ། ནམ་མཁའི་གཞན་དབང་ཡིན་ན། །གཞན་དབང་ཡིན་
དགོས་པར་ཐལ། ནམ་མཁའི་ཡོངས་གྲུབ་དེ་རང་གི་ཆོས་ཅན་གཞན་དབང་གི་སྟེང་དུ་དགག་བྱ་ཆོས་བདག་དཀག་ཙམ་གྱི་མེད་དགག་ཡིན་པའི་ཕྱིར། དེར་ཐལ། ལེགས་བཤད་སྙིང་པོ་ལས། ཆོས་ཅན་འདུས་བྱས་ལ་ཆོས་ཀྱི་བདག་རྣམ་པར་བཅད་ཙམ་གྱི་སྤྲོས་པ་མེད་དགག་ལ་ཆོས་ཀྱི་བདག་མེད་ཀྱི་
ཡོངས་གྲུབ་འཇོག་པར་ཤིན་ཏུ་གསལ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། ཡོངས་གྲུབ་ཀྱི་མཚན་གཞི་བཟུང་བ་ཙམ་ཡིན་པའི་ཕྱིར། ཁོ་ན་རེ། ནམ་མཁའི་གཞན་དབང་གཞན་དབང་ཡིན་པར་ཐལ། ནམ་མཁའི་ཡོངས་གྲུབ་བདེན་པར་གྲུབ་པ་གང་ཞིག །ནམ་མཁའི་གཞན་དབང་བདེན་
པར་མ་གྲུབ་ན། དེའི་ཡོངས་གྲུབ་ཀྱང་བདེན་པར་མ་གྲུབ་པར་འགྱུར་བའི་ཕྱིར། དེར་ཐལ། ལེགས་བཤད་སྙིང་པོ་ལས། གཞན་དབང་གི་རྟེན་འབྲེལ་རང་བཞིན་གྱིས་གྲུབ་པས་སྟོང་ན་ཡོངས་གྲུབ་ཀྱང་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་འགྱུར་ཞེས་ལུགས་སྔ་མས་ཀྱང་སྨྲ་ལ། ལུགས་འདིས་ཀྱང་དེ་
ལྟར་སྨྲ་སྟེ་ཞེས་གསུངས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། གཞན་དབང་གི་རྟེན་འབྲེལ་རང་བཞིན་གྱིས་མ་གྲུབ་ན། ཡོངས་གྲུབ་ཀྱང་བདེན་པར་མ་གྲུབ་དགོས་པར་འདོད་པའི་སེམས་ཙམ་པ་དང༌། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་མཚུངས་ཞེས་པའི་དོན་ཡིན་པའི་ཕྱིར། ཁ་ཅིག །ནམ་མཁའི་གདགས་གཞིར་
{@29A}༄༅། །གྱུར་པའི་བར་གྱི་སྣང་བ་སྐྱ་སངས་པ་ནམ་མཁའི་གཞན་དབང་ཡིན་ཟེར་ན། ནམ་མཁའ་དེ་བར་གྱི་སྣང་བ་སྐྱ་སངས་པ་ལ་བཏགས་པའི་བཏགས་ཆོས་ཡིན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན། བར་གྱི་སྣང་བ་སྐྱ་སངས་པ་ལ་འདི་ནི་ནམ་མཁའོ་སྙམ་དུ་
འཛིན་པའི་རྟོག་པ་དེ། རྟོག་པ་དོན་མཐུན་དང་འདི་ནི་ནམ་མཁའོ་ཞེས་པའི་མིང་དེ་མིང་དོན་མཐུན་ཡིན་པར་ཐལ། འདོད་པ་དེའི་ཕྱིར། འདོད་ན། བར་གྱི་སྣང་བ་སྐྱ་སངས་པ་ནམ་མཁའ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདུས་བྱས་ཡིན་པའི་ཕྱིར། ཁོ་ན་རེ། གང་ཟག་གི་བདག་མེད་ཕྲ་
མོ་ཆོས་ཅན། ཉོན་སྒྲིབ་དག་པར་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པར་ཐལ། ཡོངས་གྲུབ་ཡིན་པའི་ཕྱིར། དེར་ཐལ། གང་ལ་དམིགས་ནས་བསྒོམས་ན། ཉོན་སྒྲིབ་དག་པར་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་
སྒྲིབ་དག་པར་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་དང༌། ཉོན་སྒྲིབ་དག་པར་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་གཉིས་ཀ་ཡོངས་གྲུབ་ཡིན་པའི་ཕྱིར། དེར་ཐལ། དབུས་མཐའ་ལས། རྣམ་དག་སྤྱོད་ཡུལ་རྣམ་གཉིས་ཏེ། །གཅིག་པུ་ཁོ་ནར་བརྗོད་པ་ཡིན། །ཞེས་
གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཉན་ཐོས་དགྲ་བཅོམ་པས་ཤིས་སྒྲིབ་མ་སྤངས་པའི་ཕྱིར་ཟེར་ན། སྐྱོན་མེད་དེ། གསུང་དེའི་དོན་ནི། གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་ནང་ནས་གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་གཅིག་པུ་
ཉོན་སྒྲིབ་དག་པར་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་དང༌། ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་མཚན་ཉིད་གསུམ་གྱི་ནང་ནས་ཆོས་ཀྱི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་གཅིག་པུ་ཤེས་སྒྲིབ་དག་པར་འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག
ཡིན་ཞེས་པའི་དོན་ཡིན་པའི་ཕྱིར། །ཁོ་ན་རེ། གང་ཟག་གི་བདག་མེད་ཕྲ་མོ་ཆོས་ཅན། ཡོངས་གྲུབ་ཡིན་པར་ཐལ། གང་ཟག་གི་བདག་མེད་ཀྱི་དབང་དུ་བྱས་པའི་ཡོངས་གྲུབ་ཡིན་པའི་ཕྱིར། ཟེར་ན་མ་ཁྱབ། འོ་ན་དེ་ཆོས་ཅན། རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པར་ཐལ། ཉོན་སྒྲིབ་དག་པར་
{@29B}འགྱུར་བའི་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཁྱོད་ལས་ཕྲ་བའི་སྟོང་ཉིད་མེད་པར་ཐལ། ཁྱོད་རྣམ་དག་ལམ་གྱི་དམིགས་པ་མཐར་ཐུག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཆོས་ཀྱི་བདག་མེད་ཕྲ་མོ་དེ་ལྟར་ཡིན་པའི་ཕྱིར། ཁོ་ན་རེ། དོན་སྨྲ་སྡེ་གཉིས་ཀྱིས་གཞི་གྲུབ་
ན༑ རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པ་ཁས་ལེན་པར་ཐལ། དེ་གཉིས་ཀྱིས་ནམ་མཁའ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པའི་ཕྱིར། དེར་ཐལ། ནམ་མཁའ་ནམ་མཁའ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པའི་ཕྱིར། དེར་ཐལ། འཇུག་བཞི་དེར་རང་གི་མཚན་ཉིད་ཀྱིས་མ་
གྲུབ་ན་ནམ་མཁའ་ཡོད་པར་འཇོག་མི་ཤེས་པའི་ཕྱིར། དེར་ཐལ། ལེགས་བཤད་སྙིང་པོ་ལས་དོན་སྨྲ་སྡེ་གཉིས་ཀྱིས་གཟུགས་སོགས་རྟོག་པའི་ཞེན་གཞི་དང་བརྡའ་འདོགས་པའི་གནས་སུ་རང་མཚན་གྱིས་གྲུབ་པ་ཁེགས་ན་དེ་དག་ཡོད་པར་འཇོག་མི་ཤེས་ཏེ། ཚད་མ་པ་ལ་གྲགས་པའི་རང་མཚན་ནི་མིན་ནོ། །ཞེས་གསུངས་པའི་
ཕྱིར་ཟེར་ན་སྐྱོན་མེད་དེ། གསུངས་དེའི་དོན་ནི་དོན་སྨྲ་ལྡེ་གཉིས་ཀྱིས་ནམ་མཁའ་ནམ་མཁའ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་ནམ་མཁའ་གནས་ལུགས་ཀྱི་དབང་གིས་གྲུབ་པར་འདོད་ཅིང་དེ་ལྟར་མ་གྲུབ་ན་ནམ་མཁའ་ཡོད་པར་འཇོག་མི་ཤེས་པས། སེམས་ཙམ་པས་གཞལ་བའི་ཚེ་ནམ་མཁའ་ནམ་མཁའ་ཞེས་པའི་ཐ་སྙད་འཇུག
པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་ན་ནམ་མཁའ་ཡོད་པར་འཇོག་མི་ཤེས་པར་སོང་ཞེས་པའི་དོན་ཡིན་པའི་ཕྱིར། ། ཁོ་ན་རེ། དེ་གཉིས་ཀྱིས་གཞི་གྲུབ་ན་རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པ་ཁས་ལེན་པར་ཐལ། འགོག་བདེན་དང་ཆོས་ཁམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་འདོད་པའི་ཕྱིར། དེར་ཐལ། དེ་
གཉིས་ཀྱིས་གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པ་གང་ཞིག །གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་ཀྱི་ནང་ཚན་དུ་འགོག་བདེན་དང་ཆོས་ཁམས་གཉིས་འདུ་བའི་ཕྱིར། དང་པོ་དེར་ཐལ། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བདེན་
བཞིའི་ཆོས་འཁོར་གྱིས་གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པར་བསྟན་པ་གང་ཞིག །དེ་གཉིས་ཀྱིས་མདོ་དེ་སྒྲ་ཇི་བཞིན་པར་ཁས་ལེན་པའི་ཕྱིར། དང་པོ་དེར་ཐལ། མདོ་སྡེ་ལ་འགལ་སྤོང་གི་དྲི་བའི་སྐབས་སུ་བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་ཕུང་བོ་རྣམས་ཀྱི་རང་གི་
{@30A}༄༅། །མཚན་ཉིད་ཀྱང་བཀའ་སྩལ། ཞེས་པ་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་རང་གི་མཚན་ཉིད་དང་ཞེས་སོགས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། མདོ་དེ་ལས་གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་ཉིད་རང་ཉིད་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་རང་གི་
གནས་ལུགས་ཀྱི་དབང་གིས་གྲུབ་པར་བསྟན་པའི་དོན་ཡིན་པའི་ཕྱིར། ཁོ་ན་རེ། དོན་སྨྲ་སྡེ་གཉིས་ཀྱིས་གཞི་གྲུབ་ན། རང་གི་མཚན་ཉིད་ཀྱིས་གྲུབ་པས་ཁྱབ་པ་ཁས་ལེན་པར་ཐལ། མདོ་སྡེ་པས་དེ་ལྟར་ཁས་ལེན་པའི་ཕྱིར། དེར་ཐལ། མདོ་སྡེ་པས་གཞི་གྲུབ་ན། ཆོས་བདག་ཡིན་པས་ཁྱབ་པ་ཁས་ལེན་པའི་ཕྱིར། དེར་
ཐལ༑ དེས་ཆོས་ཀྱི་བདག་མེད་ཁས་མི་ལེན་པའི་ཕྱིར་ཟེར་ན། དེ་ནི་ཆེས་མི་རིགས་ཏེ། ཆོས་ཀྱི་བདག་མེད་ཞེས་པའི་ཐ་སྙད་དེ་དགག་བྱ་གང་བཀག་པའི་བདག་མེད་འཇོག་ཚུལ་གཅིག་གི་དབང་དུ་བྱས་པའི་ཕྱིར། ཁོ་ན་རེ། ནམ་མཁའ་ནམ་མཁའ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་དོན་དམ་པར་མ་གྲུབ་པ་
གནས་ལུགས་མཐར་ཐུག་མ་ཡིན་པར་ཐལ། དེ་མདོ་སྡེ་པས་ཚད་མས་ངེས་པའི་ཕྱིར། དེར་ཐལ། མདོ་སྡེ་པས་ནམ་མཁའ་ནམ་མཁའ་ཞེས་པའི་ཐ་སྙད་འཇུག་པའི་འཇུག་གཞིར་དོན་དམ་པར་མ་གྲུབ་པར་ཁས་ལེན་པའི་ཕྱིར་ཟེར་ན། མ་ཁྱབ། མ་གྲུབ་ན། དེར་ཐལ། དེས་ནམ་མཁའ་དོན་དམ་པར་མ་གྲུབ་པར་ཁས་ལེན་
པའི་ཕྱིར། དེར་ཐལ། ནམ་མཁའ་དོན་དམ་པར་དོན་བྱེད་ནུས་པ་མ་ཡིན་པར་ཁས་ལེན་པའི་ཕྱིར། དེར་ཐལ། དེས་ནམ་མཁའ་རང་མཚན་མ་ཡིན་པར་ཁས་ལེན་པའི་ཕྱིར། ཁོ་ན་རེ། ཐེག་དམན་གྱི་མདོ་ལས་ཆོས་ཀྱི་བདག་མེད་ཕྲ་མོ་མ་བསྟན་པ་དང༌། དང་པོ་ཉིད་ནས་ཐེག་དམན་དུ་རིགས་ངེས་པའི་ཐེག་དམན་གྱི་རིགས་
ཅན་གྱིས་ཆོས་ཀྱི་བདག་མེད་ཕྲ་མོ་མ་རྟོགས་པར་འདོད་པ་མི་རིགས་པར་ཐལ། སྲིད་པ་འཕོ་བའི་མདོ་ལས། མིང་ནི་གང་དང་གང་གིས་སུ། ཆོས་རྣམས་གང་དང་གང་བརྗོད་པ། །དེ་ལ་དེ་ནི་ཡོད་མ་ཡིན། འདི་ནི་ཆོས་རྣམས་ཆོས་ཉིད་དོ། །ཞེས་གསུངས་པའི་ཕྱིར་དང༌། དོན་གྱི་སྡེ་ཚན་པའི་མདོ་དང༌། བསྡུམ་བྱེད་ཀ་ཏ་ཡ་
ན་ལ་བརྩམས་པའི་མདོ་ལས་ཀྱང་ཆོས་ཀྱི་བདག་མེད་ཕྲ་མོ་བསྟན་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། ལུང་དང་པོའི་དོན་ནི། ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྗོད་པའི་སྒྲའི་བརྗོད་བྱ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ལྟོ་ལྡིར་བའི་གནས་ལུགས་སུ་བསྟན་པའི་ཕྱིར། ཁ་ཅིག་ན་རེ། མདོ་དེ་ལས་ལྟོ་ལྡིར་བ་ལ་བུམ་བ་ཞེས་པའི་ཐ་
{@30B}སྙད་འཇུག་པའི་འཇུག་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བསྟན་ཡང༌། མདོ་སྡེ་པས་ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྗོད་པའི་སྒྲའི་བརྗོད་བྱ་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་མདོ་དེ་ལས་བསྟན་པར་འདོད་པ་ཡིན་ནོ། །ཟེར་ན། འོ་ན། ལུང་གཞིའི་ནང་ཚན་དུ་གྱུར་པའི་རྩ་བའི་རྣམ་པར་ཤེས་པ་ཞེས་འབྱུང་བའི་
མདོ་དེ་ལས་ཀུན་གཞི་བསྟན་པར་ཐལ། སྲིད་པ་འཕོ་བའི་མདོ་ལས་ཆོས་ཀྱི་བདག་མེད་ཕྲ་མོ་བསྟན་པའི་ཕྱིར། འདོད་ན་ལུང་གཞིའི་ནང་ཚན་དུ་གྱུར་པའི་དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་པའི་མདོ་དེ་ལས་ཀུན་གཞི་བསྟན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེའི་
ཆད་དུ་བྱ་བའི་གདུལ་བྱ་དེ་ཀུན་གཞི་སྟོན་པའི་སྣོད་དུ་རུང་བ་མ་ཡིན་པའི་ཕྱིར། དེར་ཐལ། དེ་ཕྱི་དོན་བསྟན་དགོས་ཀྱི་གདུལ་བྱ་ཡིན་པའི་ཕྱིར། ཁ་ཅིག །སྲིད་པ་འཕོ་བའི་མདོ་དེ་ཐེག་དམན་གྱི་མདོ་ཡིན་ཟེར་ན། དེ་མི་འཐད་དེ། དེ་ཐེག་ཆེན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། དེ་ཉིད་ལས། སྲིད་པ་འཕོ་བ་ཞེས་
བྱ་བ་ཐེག་པ་ཆེན་པོའི་མདོ། ཞེས་གསུངས་པའི་ཕྱིར། ཁོ་ན་རེ། དེ་ཐེག་དམན་གྱི་མདོ་ཡིན་པར་ཐལ། དེ་ཐེག་དམན་ལ་གྲུབ་པའི་མདོ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འོ་ན། རྒྱས་འབྲིང་བསྡུས་གསུམ་ཆོས་ཅན། ཉན་ཐོས་སྡེ་པའི་མདོ་ཡིན་པར་ཐལ། ཉན་ཐོས་སྡེ་པ་ལ་གྲུབ་པའི་མདོ་ཡིན་པའི་ཕྱིར། ཁྱབ་པ་ཁས།
མ་གྲུབ་ན། དེར་ཐལ། ཉན་ཐོས་སྡེ་པས་དེ་དྲང་དོན་གྱི་མདོར་འདོད་པའི་ཕྱིར། དེར་ཐལ། དེ་རྒྱས་འབྲིང་བསྡུས་གསུམ་ལས་གཟུགས་སོགས་ཀྱི་ཆོས་རྣམས་ངོ་བོ་ཉིད་མེད་པར་གསུངས་པ་དེ་བྱ་བྱེད་ཀྱི་ཆ་རྣམས་བདེན་པས་སྟོང་པ་ལ་དགོངས་ནས་གསུངས་པར་འཆད་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། ཕུང་པོ་ལ་
སོགས་བྱེ་བྲག་གི་༌།མཚན་ཉིད་ཐམས་ཅད་བྱེད་པ་ཡིན། །ཁྱད་པར་ཅན་དེ་འང་དེ་ཉིད་མིན། དེས་ཀྱང་དེ་དག་མཚན་ཉིད་བྲལ། ཞེས་གསུངས་པའི་ཕྱིར། གཞན་དབང་དྲང་ངེས་རྣམ་འབྱེད་དུ་དོགས་པ་འགོད་པའི་སྐབས་སུ། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་དེ། དང་པོ་ཉིད་ནས་
ཐེག་དམན་དུ་རིགས་ངེས་པའི་ཐེག་དམན་གི་རིགས་ཅན་གྱི་མངོན་སུམ་གྱི་སྤྱོད་ཡུལ་མ་ཡིན་པའི་ཟབ་མོ་དང༌། དེ་ཐེག་དམན་གྱི་མདོ་ལས་མ་བསྟན་པ་མི་འཐད་པར་ཐལ། སྲིད་པ་འཕོ་བའི་མདོ་ལས། མིང་ནི་གང་དང་གང་གིས་སུ། །ཞེས་སོགས་ཀྱིས། ངོ་བོ་དང་ཁྱད་པར་ལ་ཀུན་བཏགས་པའི་ཀུན་བཏགས་རང་གི་མཚན་
{@31A}༄༅། །ཉིད་ཀྱིས་མ་གྲུབ་པར་བསྟན་ཚུལ་དེ་ལས་ལྷག་པ་དགོངས་འབྲེལ་ལ་ཡང་མི་སྣང་ཞིང་མདོ་སྡེ་དེ་དག་གི་དོན་འཆད་ཚུལ་ལ་ཁྱད་པར་མེད་པའི་ཕྱིར་ཞེས་བཀོད་པ་ཡིན་པར་ཐལ། དེ་དག་གིས་བཤད་པ་དང་ཁྱད་པར་མེད་པ་མ་ཡིན་ཏེ། ཞེས་པའི་དོན་མདོ་སེམས་གཉིས་
ཀྱིས་མདོ་དེ་དག་གི་དོན་འཆད་ཚུལ་ཁྱད་པར་ཡོད་པ་ལ་བྱེད་རིགས་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་གཞུང་འགོ་མཇུག་གང་དུ་ཡང་མི་འབྱུང་བའི་ཕྱིར། ཁོ་ན་རེ། མི་འཐད་དེ། མདོ་དེ་དག་གིས་ཉན་ཐོས་སྡེ་པའི་དེར་ཆོས་ཀྱི་བདག་མེད་ཕྲ་མོ་མ་བསྟན་པའི་ཕྱིར། ཟེར་ན་སྐྱོན་མེད་དེ། རིགས་མཐུན་
གྱི་དཔེའི་སྒོ་ནས་སྒྲུབ་པ་ཡིན་པའི་ཕྱིར།། ༈ །།གཉིས་པ་དབུ་མ་པའི་ལུགས་ཀྱི་འཁོར་ལོ་གསུམ་གྱི་དྲང་ངེས་འགྲེལ་ཚུལ་བཤད་པ་ལ། རང་རྒྱུད་པའི་ལུགས་བཤད་པ་དང༌། ཐལ་འགྱུར་བའི་ལུགས་བཤད་པ་གཉིས་ལས། དང་པོ་ལ། ཁ་ཅིག །དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་
བདེན་པའོ། །ཞེས་སོགས་ཀྱིས་སྡུག་བསྔལ་བདེན་པ་དོན་དམ་པར་ཤེས་བྱར་མེད་པ་དང༌། ཀུན་འབྱུང་དོན་དམ་པར་སྤངས་བྱར་མེད་པར་བསྟན་པ་ཡིན་ཟེར་ན། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བདེན་བཞིའི་ཆོས་འཁོར་དེ་ངེས་དོན་གྱི་མདོ་ཡིན་པར་ཐལ། དམ་བཅའ་འཐད་པའི་
ཕྱིར། འདོད་མི་ནུས་ཏེ། དྲང་དོན་གྱི་མདོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དྲང་དོན་གྱི་མདོ་ཡིན་པར་ཐལ། ཁྱོད་གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་མདོ་ཡིན་པའི་ཕྱིར། ཁྱབ་སྟེ། གྲུབ་དོན་དང་པོའི་སྐབས་སུ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས། ཞེས་གསུངས་
པའི་ཕྱིར། ཁ་ཅིག །བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དེ་གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་མཉམ་དུ་བསྟན་པའི་སྒོ་ནས་དྲང་དོན་དུ་འགྲེལ་བ་ཡིན་ཟེར་ན། འོ་ན། དེས་གཟུགས་ནས་བྱང་ཕྱོགས་སོ་བདུན་གྱི་བར་གྱི་ཆོས་རྣམས་རང་གི་མཚན་
ཉིད་ཀྱིས་གྲུབ་མཉམ་དུ་བསྟན་པར་ཐལ། དམ་བཅའ་འཐད་པའི་ཕྱིར། འདོད་ན༌།དེའི་ཆེད་དུ་བྱ་བའི་གདུལ་བྱ་དོན་སྨྲ་སྡེ་གཉིས་ཀྱིས་དེ་ལྟར་ཁས་ལེན་པར་ཐལ། འདོད་པའི་ཕྱིར། འདོད་ན་བཀག་ཟིན། ཁ་ཅིག །བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས། འཁོར་ལོ་བར་པ་ལ་དྲང་
{@31B}ངེས་འབྱེད་པའི་ཚེ། འཁོར་ལོ་བར་པ་དེ་ལ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་མ་སྦྱར་བའི་ཤེས་རབ་སྙིང་པོ་དང༌། དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བའི་མདོ་སྡུད་པ་དང༌། ཡུམ་བར་མ་དང༌། དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བའི་ཤེར་ཕྱིན་འབུམ་གྱི་ནང་ཚན་དུ་གྱུར་པའི་
གཟུགས་ལ་ངོ་བོ་ཉིད་མེད་ཞེས་པ་ནས། རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་བར་ངོ་བོ་ཉིད་ཞེས་པ་གསུམ་ལས། དང་པོ་ངེས་དོན་གྱི་མདོར་སྒྲུབ་མི་རུང་བས་དྲང་དོན་དུ་འགྲེལ། བར་པ་གཉིས་ངེས་དོན་གྱི་མདོར་སྒྲུབ་མི་དགོས་པས་མི་སྒྲུབ། ཐ་མ་དེ་ངེས་དོན་གྱི་མདོར་གཞུང་བཙུགས་ནས་སྒྲུབ་པ་ཡིན་ཟེར་ན།
ཤེས་རབ་སྙིང་པོ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་མདོ་མ་ཡིན་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་སྦྱར་བའི་མདོ་ཡིན་པའི་ཕྱིར། དེར་ཐལ། དེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དོན་གྱིས་སྦྱར་བའི་མདོ་ཡིན་པའི་ཕྱིར། དེར་ཐལ། དེས་
ཕུང་པོ་ལྔ་པོ་དོན་དམ་པར་རང་བཞིན་གྱིས་མ་གྲུབ་པར་བསྟན་པའི་ཕྱིར། དེར་ཐལ། དེ་སྟོང་ཉིད་སྟོན་པའི་མདོ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་རབ་སྙིང་པོ་ཆོས་ཅན། ཁྱོད་སྟོང་ཉིད་སྟོན་པའི་མདོ་ཡིན་པར་ཐལ། བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ཡིན་པའི་ཕྱིར། གཞན་ཡང༌། ཤེར་ཕྱིན་འབུམ་
གྱི་ནང་ཚན་དུ་གྱུར་པའི་གཟུགས་ལ་ངོ་བོ་ཉིད་མེད་ཞེས་སོགས་ཀྱི་མདོ་དེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བའི་མདོ་ཡིན་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བའི་མདོ་ཡིན་པའི་ཕྱིར། དེར་ཐལ། དེ་མགོ་མཇུག་གང་
རུང་དུ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བའི་མདོ་ཡིན་པའི་ཕྱིར། དེར་ཐལ། འདིའི་མཇུག་ཏུ་དེ་དག་ཐམས་ཅད་དོན་དམ་པར་ཡིན་གྱི་འཇིག་རྟེན་ཐ་སྙད་དུ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །དབུ་མ་སྣང་བ་ལས་སྒྲ་ཇི་བཞིན་དུ་རྟོག་པ་བསལ་བའི་ཕྱིར། ཞེས་པའི་སྐབས་ནས་དངོས་སུ་
བསྟན་པའི་སྒྲ་ཇི་བཞིན་དུ་རྟོག་པ་བསལ་རྒྱུའི་མདོ་ལ་དྲང་དོན་གྱི་མདོས་ཁྱབ་ཟེར་བ་དང༌། ཡང་ཁ་ཅིག་ངེས་དོན་གྱི་མདོས་ཁྱབ་ཟེར་ན། དང་པོ་ལ་མགོ་མཇུག་གང་རུང་དུ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་ཤིང༌། སྐབས་དེར་མ་སྦྱར་བའི་ཤེར་ཕྱིན་འབུམ་གྱི་ནང་ཚན་དུ་གྱུར་པའི་གཟུགས་ལ་ངོ་བོ་
{@32A}༄༅། །ཉིད་མེད་ཞེས་སོགས་ཀྱི་མདོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དེ་སྐབས་དེར་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བ་ལྟར་དུ་སྒྲ་ཇི་བཞིན་པར་འཛིན་པ་བཀག་ནས་ངེས་དོན་དུ་སྒྲུབ་རྒྱུའི་མདོ་ཡིན་པའི་ཕྱིར། དེར་ཐལ། ལེགས་བཤད་སྙིང་པོ་ལས། འདིས་
ནི་ངོ་བོ་ཉིད་མེད་པ་སོགས་གསུངས་པའི་དགོངས་པ་དགོངས་འགྲེལ་གྱིས་བཀྲལ་ཏེ། སྒྲ་ཇི་བཞིན་པར་འཛིན་པ་བཀག་ནས་ངེས་དོན་དུ་སྒྲུབ་པར་འདོད་ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ངེས་དོན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་
ལེའུས། ངེས་དོན་གྱི་མདོར་གཞུང་བཙུགས་ནས་སྒྲུབ་རྒྱུའི་མདོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། ཕྱི་མ་ལ་ཤེས་རབ་སྙིང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བ་ལྟར་དུ་སྒྲ་ཇི་བཞིན་པར་འཛིན་པ་བཀག་ནས་དྲང་དོན་དུ་འགྲེལ་
རྒྱུའི་མདོ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དྲང་དོན་གྱི་མདོ་ཡིན་པའི་ཕྱིར། ཁ་ཅིག །བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་འདེས་སེམས་ཙམ་པས་འདོད་པ་ལྟར་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དངོས་སུ་བསྟན་ནས་ཤུགས་ལ་དབུ་མ་པས་འདོད་པ་ལྟར་གྱི་མཚན་ཉིད་
གསུམ་གྱི་རྣམ་བཞག་ཤུགས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པ་ཡིན་ནོ་ཟེར་ན། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས། ཀུན་བཏགས་རང་གི་མཚན་ཉིད་ཀྱི་ངོ་བོ་ཉིད་མེད་པ་དང༌། གཞན་དབང་བདག་ལས་སྐྱེ་བའི་ངོ་བོ་ཉིད་མེད་པ་དང༌། ཡོངས་གྲུབ་ཆོས་བདག
གི་ངོ་བོ་ཉིད་མེད་པ་གསུམ་ཙམ་ཞིག་རྒྱས་འབྲིང་བསྡུས་གསུམ་ལས། ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པའི་དགོངས་གཞི་མཐར་ཐུག་ཏུ་དངོས་སུ་བསྟན་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་ན། དེས་རྒྱས་འབྲིང་བསྡུས་གསུམ་དངོས་སུ་དྲང་དོན་གྱི་མདོར་བཀྲལ་བར་ཐལ།
འདོད་པའི་ཕྱིར། འདོད་མི་ནུས་ཏེ། དེས་རྒྱས་འབྲིང་བསྡུས་གསུམ་ངེས་དོན་གྱི་མདོར་གཞུང་བཙུགས་ནས་སྒྲུབ་པའི་ཕྱིར། དེར་ཐལ། དེས་དབུ་མ་པས་འདོད་པ་ལྟར་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དེ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་པ་མཐར་ཐུག་ཏུ་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་
{@32B}པའི་ཕྱིར། དེར་ཐལ། དེ་ལྟར་ཤུགས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། རྟགས་ཁས། དེ་ཡང་འདོད་ན། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས་དྲང་དོན་དུ་འགྲེལ་རྒྱུའི་འཁོར་ལོ་བར་པ་དང༌། ངེས་དོན་དུ་གཞུང་བཙུགས་ནས་སྒྲུབ་རྒྱུའི་འཁོར་ལོ་
བར་པ་གཉིས་མདོ་གཅིག་ཡིན་པར་ཐལ། རྒྱས་འབྲིང་བསྡུས་གསུམ་དེ་གཉིས་ཀ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ལེགས་བཤད་སྙིང་པོ་ལས། དྲང་དོན་དུ་གསུངས་པ་དང་དགོངས་པ་བསྟན་ནས་ངེས་དོན་དུ་བསྒྲུབ་པ་གཉིས་མདོ་གཅིག་ཡིན་ན་འགལ་མོད་ཀྱང་འཁོར་ལོ་བར་པ་ཙམ་དུ་གཅིག་པ་ཡིན་
གྱི་མདོ་གཅིག་མིན་ནོ། །ཞེས་གསུངས་པའི་ཕྱིར། གཞན་ཡང༌། སེམས་ཙམ་པས་འདོད་པ་ལྟར་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དེ། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུའི་བསྟན་དོན་ཡིན་པར་ཐལ། དེའི་དངོས་ཟིན་གྱི་དོན་ཡིན་པའི་ཕྱིར། རྟགས་དངོས། འདོད་མི་ནུས་ཏེ། ལེགས་
བཤད་སྙིང་པོ་ལས། དགོངས་འགྲེལ་ལས་མཚན་ཉིད་གསུམ་གསུངས་པའི་དོན་རྣལ་འབྱོར་སྤྱོད་པ་དག་གིས་ཇི་ལྟར་བཀྲལ་བ་མདོའི་དོན་མིན་པར་དབུ་མའི་དོན་དུ་འགྲེལ་བའི་ལམ་སྲོལ་འདི་ནི། ལེགས་ལྡན་འབྱེད་ཀྱིས་ཕྱེ་བ་ཞིབ་ཏུ་ནི། དབུ་མ་སྣང་བ་ལས་བཤད་དེ། ཚུལ་གཉིས་ཀྱིས་མདོ་འགྲེལ་ཚུལ་ཞིབ་
ཏུ་ཤེས་ན་ཤིང་རྟ་ཆེན་པོ་རྣམས་ཀྱི་རིགས་པའི་རྣམ་འགྱུར་དང༌། གསུང་རབ་འགྲེལ་ཚུལ་དུ་མ་ཞིག་ཤེས་སོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །འདི་ནི་བླ་ན་མ་མཆིས་ཞེས་པའི་མཚན་གཞིར་ལེའུ་བཅུའི་བདག་ཉིད་ཅན་གྱི་མདོ་སྡེ་དགོངས་འགྲེལ་རིལ་པོ་དེ་འཛིན་པ་ཡིན་ནོ་ཟེར་ན། བྱང་ཆུབ་སེམས་
དཔའ་དོན་དམ་ཡང་དག་འཕགས་ཀྱིས་སྟོན་པ་ལ་གྲུབ་དོན་ཞུས་པའི་ཚེ་ལེའུ་བཅུའི་བདག་ཉིད་ཅན་གྱི་མདོ་སྡེ་དགོངས་འགྲེལ་རིལ་པོ་གསུངས་ཟིན་པར་ཐལ། ཁྱོད་ཀྱི་དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། སྤྱན་རས་གཟིགས་དང་འཇམ་དབྱངས་ཀྱི་ལེའུ་རྣམས་གསུངས་མ་ཟིན་པའི་ཕྱིར་དང་
རྣམ་བཤད་སྙིང་པོ་རྒྱན་ལས་ཀྱང༌། འདི་ནི་བླ་ན་མ་མཆིས་ཞེས་ཉེ་ཚིག་སྨོས་པའི་མཚན་གཞིར། མདོ་སྡེ་དགོངས་པ་ངེས་འགྲེལ་རིལ་པོ་འཛིན་པ་ཡང་མི་འཐད་དེ། ཞེས་སོགས་གསུངས་པའི་ཕྱིར། ཁ་ཅིག །བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་ལ་ངེས་དོན་གྱི་མདོས་ཁྱབ་ཟེར་བ་དང༌། ཡང་ཁ་
{@33A}༄༅། །ཅིག །དེ་ལ་དྲང་དོན་གྱི་མདོས་ཁྱབ་ཟེར་ན། དང་པོ་ལ། དགོངས་འགྲེལ་གྱི་བྱམས་ཞུས་ཀྱི་ལེའུའི་ནང་ཚན་དུ་གྱུར་པའི་བྱམས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ནི་སེམས་ལས་ཐ་དད་པ་ཞེས་བགྱིའམ། ཐ་དད་པ་མ་ལགས་ཞེས་བགྱི། བཅོམ་ལྡན་འདས་ཐ་དད་པ་མ་
ལགས་ཞེས་བགྱིའོ་ཞེས་པའི་མདོ་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། སེམས་ཙམ་པས་འདོད་པ་ལྟར་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་སྟོན་པའི་དགོངས་འགྲེལ་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་ཡིན་པའི་ཕྱིར། རྩ་བར་འདོད་མི་
ནུས་ཏེ། དྲང་དོན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། སེམས་ཙམ་པའི་ཐུན་མོང་མ་ཡིན་པའི་མདོ་ཡིན་པའི་ཕྱིར། ཕྱི་མ་ལ། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་དྲིས་ལན་གྱི་ལེའུ་རྣམས་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་སླ། འདོད་མི་ནུས་ཏེ། ངེས་དོན་གྱི་མདོ་ཡིན་པའི་
ཕྱིར། དེར་ཐལ། དབུ་མ་པའི་འདོད་བ་ལྟར་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དེ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་པ་མཐར་ཐུག་ཏུ་བསྟན་པའི་སྒོ་ནས་རྒྱས་འབྲིང་བསྡུས་གསུམ་ངེས་དོན་གྱི་མདོར་གཞུང་བཙུག་ནས་སྒྲུབ་པར་བྱེད་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེ་
ཡིན་པའི་ཕྱིར། །ཁ་ཅིག །སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་སེམས་ཙམ་པའི་འདོད་པ་ལྟར་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དེ་དགོངས་འགྲེལ་བྱམས་ཞུས་ཀྱི་ལེའུའི་ནང་ཚན་དུ་གྱུར་པའི་བྱམས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ནི་ཞེས་སོགས་ཀྱི་མདོའི་དོན་དུ་འཆད་པ་ཡིན་
ཟེར་ན། དེ་མི་འཐད་དེ། སློབ་དཔོན་ལེགས་ལྡན་འབྱེད་དེས། སེམས་ཙམ་པས་འདོད་པ་ལྟར་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དེ་མདོ་གང་གི་ཡང་དོན་མ་ཡིན་པར་བཞེད་པའི་ཕྱིར། དེར་ཐལ། ཕྱི་དོན་བཀག་པ་དེ་མདོ་གང་གི་ཡང་དོན་མ་ཡིན་པར་བཞེད་པའི་ཕྱིར། དེར་ཐལ། ལེགས་
བཤད་སྙིང་པོ་ལས། ཕྱི་དོན་བཀག་པ་དེ་མདོ་གང་གི་ཡང་དོན་མ་ཡིན་པར་བཞེད་དམ་སྙམ་སྟེ་དཔྱད་པར་བྱའོ། །ཞེས་གསུངས་པའི་ཕྱིར། ཁ་ཅིག །ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྡས་བཞག་པའི་ཡུལ་དོན་དམ་པར་གྲུབ་པ་འགོག་པ་ལ། དབུ་མའི་རིགས་པ་མི་དགོས་སོ་ཟེར་ན། དེ་དགོས་པར་ཐལ་
{@33B}ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྡས་བཞག་པའི་ཡུལ་དོན་དམ་པར་མ་གྲུབ་པར་རྟོགས་པའི་རྗེས་དཔག་སྐྱེད་པ་ལ་དབུ་མའི་རིགས་པ་དགོས་པའི་ཕྱིར། དེར་ཐལ། དེ་འདྲའི་རྗེས་དཔག་སྐྱེད་པ་ལ་དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་འགོད་དགོས་པའི་ཕྱིར། མ་གྲུབ་ན། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡས་
བཞག་པའི་ཡུལ་ཆོས་ཅན། ཁྱོད་དོན་དམ་པར་མ་གྲུབ་པར་རྟོགས་པའི་རྗེས་དཔག་སྐྱེད་པ་ལ་དོན་དམ་ལ་དཔྱོད་པའི་རྟགས་ཡང་དག་འགོད་དགོས་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། ཁ་ཅིག །ལེགས་བཤད་སྙིང་པོ་ལས། དེ་ཡང་ལྟོ་ལྡིར་བ་ལ་བུམ་པ་ཞེས་བརྡས་བཞག་པའི་ཡུལ་དོན་དམ་པར་
གྲུབ་པ་འགོག་པ་ལ། དབུ་མའི་རིགས་པ་དགོས་ཞེས་སྨྲ་བ་མ་ཡིན་ཏེ། ཞེས་པའི་དོན་ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡས་བཞག་པའི་ཡུལ་དོན་དམ་པར་གྲུབ་པར་མི་འཛིན་པ་ལ། དབུ་མའི་རིགས་པ་ཤེས་མི་དགོས་ཏེ། སེམས་ཙམ་པས་དབུ་མའི་རིགས་པ་མི་ཤེས་ཀྱང༌། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་
བརྡས་བཞག་པའི་ཡུལ་དོན་དམ་པར་གྲུབ་པར་མི་འཛིན་པའི་ཕྱིར་ཞེས་པའི་དོན་ཡིན་ཟེར་ན། སེམས་ཙམ་པས་ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡས་བཞག་པའི་ཡུལ་དོན་དམ་པར་གྲུབ་པར་མི་འཛིན་པར་ཐལ། ཁྱོད་ཀྱི་ལུང་དོན་འཐད་པའི་ཕྱིར། འདོད་ན། དེ་འཛིན་པར་ཐལ། དེའི་རྒྱུད་ལ་དེ་དོན་དམ་
པར་གྲུབ་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཡོད་པའི་ཕྱིར། དེར་ཐལ། དེའི་རྒྱུད་ལ་དེ་བདེན་པར་འཛིན་པའི་བདེན་འཛིན་ལྷན་སྐྱེས་ཡོད་པའི་ཕྱིར། རང་ལུགས་ལ། གསུང་དེའི་དོན་ཡོད་དེ། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡས་བཞག་པའི་ཡུལ། ལྟོ་ལྡིར་བའི་གནས་ལུགས་ཀྱི་ངོས་ནས་གྲུབ་པར་མི་འདོད་
པ་ལ་དབུ་མའི་རིགས་པ་མི་དགོས་ཞེས་པའམ། ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡས་བཞག་པའི་ཡུལ་དོན་དམ་པར་གྲུབ་པར་མི་འདོད་པ་ལ་དབུ་མའི་རིགས་པ་ཤེས་མི་དགོས་ཞེས་པའི་དོན་ཡིན་ཏེ། སེམས་ཙམ་པས་དབུ་མའི་རིགས་པ་མི་ཤེས་ཀྱང་ལྟོ་ལྡིར་བ་ལ་བུམ་པ་ཞེས་པའི་བརྡས་བཞག་པའི་
ཡུལ། ལྟོ་ལྡིར་བའི་གནས་ལུགས་ཀྱི་ངོས་ནས་གྲུབ་པར་ཡང་མི་འདོད། དོན་དམ་པར་གྲུབ་པར་ཡང་མི་འདོད་པའི་ཕྱིར། དེར་ཐལ། དེས་དེ་ཀུན་བཏགས་སུ་འདོད་པའི་ཕྱིར། ཁ་ཅིག །ལེགས་ལྡན་འབྱེད་ཞི་མཚོ་ཡབ་སྲས་དང་བཅས་པ་རྣམས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལ་དྲང་དོན་
{@34A}༄༅། །དུ་འགྲེལ་རྒྱུའི་འཁོར་ལོ་བར་པ་གཅིག་དང་ངེས་དོན་དུ་གཞུང་བཙུགས་ནས་སྒྲུབ་རྒྱུའི་འཁོར་ལོ་བར་པ་གཉིས་འདོད་ཅིང༌། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་ངེས་དོན་གྱི་མདོར་འདོད་ཀྱང༌། འཕགས་སེང་ཡབ་སྲས་གཉིས་ཀྱིས་ཤེས་རབ་སྙིང་པོ་ངེས་དོན་གྱི་མདོ་དང༌།
དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་དྲང་དོན་གྱི་མདོར་བཞེད་པ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། འཕགས་སེང་ཡབ་སྲས་ཞི་མཚོ་ཡབ་སྲས་ཀྱི་རྗེས་སུ་འབྲང་ནས་རང་རྒྱུད་ཀྱི་ལྟ་བ་གཏན་ལ་འབེབས་པ་གང་ཞིག །ཞི་མཚོ་ཡབ་སྲས་ལས་ལོགས་སུ་འཕགས་སེང་ཡབ་སྲས་ཀྱིས་འཁོར་ལོ་གསུམ་
གྱི་དྲང་ངེས་འགྲེལ་ཚུལ་ཟུར་པ་ཅིག་ཡོད་ན་དྲང་ངེས་རྣམ་འབྱེད་འདིར་ཟུར་ཙམ་ཞིག་འབྱུང་རིགས་པ་ལས་མི་འབྱུང་བའི་ཕྱིར། འབྱུང་རིགས་པ་ཡང་ཡིན་ཏེ། དབུ་མ་རང་རྒྱུད་པ་ནང་བསེས་སུའང་ཐ་སྙད་ཀྱི་རྣམ་བཞག་སེམས་ཙམ་རྣམ་བདེན་རྫུན་གང་དང་ཡང་མཐུན་པ་ཡན་ཆད་ཀྱི་ཆ་ཤས་ཕྲ་མོ་རྣམས་
ཀྱང་གཏན་ལ་ཕབ་པའི་ཕྱིར།། ༈ །།གཉིས་པ་རང་ལུགས་ལ། འཁོར་ལོ་གསུམ་གྱི་དྲང་ངེས་འགྲེལ་བའི་ཚུལ་ཡོད་དེ། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་ལ་དྲང་དོན་གྱི་མདོས་ཁྱབ་པ་དང༌། གྲུབ་དོན་བར་པའི་སྐབས་ནས་དངོས་སུ་བསྟན་པའི་བཀའ་བར་པ་
མཚན་ཉིད་མེད་པའི་ཆོས་འཁོར་ལ་དྲང་དོན་དུ་འགྲེལ་རྒྱུའི་འཁོར་ལོ་བར་པ་གཅིག་དང༌། ངེས་དོན་དུ་གཞུང་བཙུགས་ནས་སྒྲུབ་རྒྱུའི་འཁོར་ལོ་བར་པ་གཅིག་དང་བཅས་པ་གཉིས། གྲུབ་དོན་ཐ་མའི་སྐབས་ནས་བསྟན་པའི་བཀའ་ཐ་མ་ལེགས་ཕྱེའི་ཆོས་འཁོར་ལ་ཡང་ངེས་དོན་གྱི་མདོ་དང༌། དྲང་དོན་གྱི་
མདོ་གཉིས་ཡོད་པའི་ཕྱིར། བར་པ་གཉིས་ཀྱི་མཚན་གཞི་ཡོད་དེ། ཤེས་རབ་སྙིང་པོ་དེ་དང་པོ་དང༌། རྒྱས་འབྲིང་བསྡུས་གསུམ་གཉིས་པ་ཡིན་པའི་ཕྱིར། ཕྱི་མ་གཉིས་ཀྱི་མཚན་གཞི་ཡོད་དེ། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་དང་པོ་དང༌། དགོངས་འགྲེལ་བྱམས་ཞུས་ཀྱི་ལེའུའི་ནང་ཚན་དུ་གྱུར་པའི་
བྱམས་བ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཞེས་སོགས་ཀྱི་མདོ་གཉིས་པ་ཡིན་པའི་ཕྱིར། གསུམ་པ་རྩོད་པ་སྤོང་བ་ལ། ཁོ་ན་རེ། བྱང་ཆུབ་སེམས་དཔའ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས་རྒྱས་འབྲིང་བསྡུས་གསུམ་དྲང་དོན་གྱི་མདོར་བཀྲལ་བར་ཐལ། དབུ་སེམས་གཉིས་ཀས་རྒྱས་འབྲིང་བསྡུས་གསུམ་
{@34B}བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དུ་འདོད་པ་གང་ཞིག །གྲུབ་དོན་བར་པའི་སྐབས་སུ་དྲང་བའི་དོན་རྩོད་པའི་གཞིའི་གནས་སུ་གྱུར་པ་ལགས་ཀྱི། ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། དེའི་དོན་ནི་འགོ་མཇུག་གང་དུ་ཡང་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བའི་ཤེས་རབ་སྙིང་
པོ་ལྟ་བུ་དྲང་དོན་གྱི་མདོ་དང་དེའི་དགོངས་གཞི་ལ་མི་མཐུན་པའི་རྩོད་པ་འབྱུང་བ་དང༌། འགོ་མཇུག་གང་རུང་དུ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་ཞིང༌། སྐབས་དེར་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བའི་གཟུགས་ལ་ངོ་བོ་ཉིད་མེད་དོ་ཞེས་པ་ནས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ལ་ངོ་བོ་
ཉིད་མེད་དོ་ཞེས་པའི་མདོ་རྣམས་སྐབས་དེར་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་མ་སྦྱར་བ་ལྟར་དུ་སྒྲ་ཇི་བཞིན་དུ་བཟུང་དུ་མི་རུང་ཞེས་པའི་དོན་ཡིན་པའི་ཕྱིར། ཁོ་ན་རེ། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས་རྒྱས་འབྲིང་བསྡུས་གསུམ་དྲང་དོན་གྱི་མདོར་བཀྲལ་བར་ཐལ། དེས་སེམས་ཙམ་པས་འདོད་པ་ལྟར་གྱི་
མཚན་ཉིད་གསུམ་གྱི་རྣམ་བཞག་དེ་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་པ་མཐར་ཐུག་ཏུ་དངོས་སུ་བསྟན་པའི་ཕྱིར། དེར་ཐལ། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུའི་དོན་ལ་སེམས་ཙམ་པས་འདོད་པ་ལྟར་གྱི་མཚན་ཉིད་གསུམ་གྱི་རྣམ་བཞག་དངོས་སུ་བསྟན་པའི་ཆ་གཅིག་དང་དབུ་མ་པས་འདོད་པ་ལྟར་གྱི་
མཚན་ཉིད་གསུམ་གྱི་རྣམ་བཞག་ཤུགས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཆ་གཅིག་ཡོད་པའི་ཕྱིར། དེར་ཐལ། ལེགས་བཤད་སྙིང་པོ་ལས། ཆ་ཕྱེ་ནས་མདོའི་དོན་དུ་འཇོག་གོ༌།ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། མདོ་སྡེ་དགོངས་འགྲེལ་རིལ་པོའི་དོན་དུ་ཆ་ཕྱེ་ནས་འཇོག་ཞེས་པའི་དོན་ཡིན་
པའི་ཕྱིར། ཁོ་ན་རེ། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་ལ་དྲང་ངེས་མ་ཕྱེ་བར་ཐལ། དེས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་དྲང་དོན་གྱི་མདོར་ཡང་མ་བཀྲལ། ངེས་དོན་གྱི་མདོར་ཡང་མ་སྒྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། དྲང་དོན་སྒྲ་ཇི་བཞིན་པ་
མ་ཡིན་པའི་མདོར་བཀྲལ་བར་ཐལ། འདོད་པའི་ཕྱིར། འདོད་ན། དེ་དྲང་དོན་གྱི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་ཡིན་ན། དྲང་དོན་གྱི་མདོ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར་ཟེར་ན། མ་ཁྱབ། ཕྱི་མ་མ་གྲུབ་ན། དེ་ངེས་དོན་གྱི་མདོ་ཡིན་པར་ཐལ། མ་གྲུབ་པ་དེའི་ཕྱིར། འདོད་ན། དེ་ཡིན་ན། ངེས་དོན་གྱི་མདོ་ཡིན་
{@35A}༄༅། །དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་རབ་སྙིང་པོ་ཆོས་ཅན། དེར་ཐལ། དེའི་ཕྱིར། འཁོར་གསུམ། ཁོ་ན་རེ། བྱམས་ཞུས་ཀྱི་ལེའུའི་ནང་ཚན་དུ་གྱུར་པའི་བྱམས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ཞེས་སོགས་ཀྱི་མདོ་ཆོས་ཅན། གྲུབ་དོན་ཐ་མའི་སྐབས་ནས་དངོས་སུ་བསྟན་
པའི་ལེགས་ཕྱེའི་ཆོས་འཁོར་ཡིན་པར་ཐལ། དེའི་སྐབས་ནས་བསྟན་པའི་ལེགས་ཕྱེའི་ཆོས་འཁོར་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་ན། ངེས་དོན་གྱི་མདོ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བཀག་ཟིན། ཁོ་ན་རེ། འཕགས་སེང་ཡབ་སྲས་ཀྱི་ལུགས་ལ་ཤེས་རབ་སྙིང་པོ་ངེས་དོན་གྱི་མདོ་ཡིན་པར་ཐལ། དེས་
ཕུང་པོ་ལྔ་པོ་དོན་དམ་པར་མ་གྲུབ་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། དེར་ཐལ། དེ་ཉིད་ལས། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་མ་ཁྱབ། འོ་ན། ཞི་བ་མཚོ་ཡབ་སྲས་ཀྱི་ལུགས་ལ་ཡང༌། དེ་ངེས་དོན་གྱི་མདོ་ཡིན་
པར་ཐལ། དེ་ཉིད་ལས། ཕུང་པོ་དེ་དག་ཀྱང་ཞེས་སོགས་གསུངས་པའི་ཕྱིར། ཁ་ཅིག །འཕགས་སེང་ཡབ་སྲས་ཀྱི་ལུགས་ལ་དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་དྲང་དོན་གྱི་མདོ་ཡིན་པར་ཐལ། དེ་མཚན་ཉིད་ལ་ལྡེམ་པོར་དགོངས་པའི་མདོ་ཡིན་པའི་ཕྱིར། དེར་ཐལ། རྣམ་བཤད་སྙིང་པོ་རྒྱན་ལས། མཚན་
ཉིད་ལ་ལྡེམ་པོར་དགོངས་པ་ནི། མདོ་སྡེ་དགོངས་འགྲེལ་ལས། མཚན་ཉིད་གསུམ་ལ་བདེན་པར་གྲུབ་མ་གྲུབ་གྱི་ཁྱད་པར་གསུངས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་སྐྱོན་མེད་དེ། དེའི་དོན་ནི། བྱམས་ཞུས་ཀྱི་ལེའུའི་ནང་ཚན་དུ་གྱུར་པའི་བྱམས་པ་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བརྙན་ནི། ཞེ་སོགས་
ལ་དགོངས་པ་ཡིན་པའི་ཕྱིར།། ༈ །།གཉིས་པ་ཐལ་འགྱུར་བའི་ལུགས་ཀྱི་དྲང་ངེས་འགྲེལ་ཚུལ་ཡོད་དེ། གྲུབ་དོན་དང་པོའི་སྐབས་ནས་དངོས་སུ་བསྟན་པའི་བདེན་བཞིའི་ཆོས་འཁོར་ལ་ངེས་དོན་གྱི་མདོས་ཁྱབ་པ་དང༌། གྲུབ་དོན་གཉིས་པའི་སྐབས་ནས་དངོས་སུ་བསྟན་པའི་བཀའ་བར་པ་མཚན་ཉིད་མེད་
པའི་ཆོས་འཁོར་ལ་ཡང་ངེས་དོན་གྱི་མདོས་ཁྱབ་པ་དང༌། གྲུབ་དོན་ཐ་མའི་སྐབས་ནས་དངོས་སུ་བསྟན་པའི་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ལ་དྲང་དོན་གྱི་མདོས་ཁྱབ་པའི་ཕྱིར། དང་པོ་དེར་ཐལ། དགེ་སློང་དག་འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །འདི་ནི་ཀུན་འབྱུང་འཕགས་པའི་
{@35B}བདེན་པའོ། །ཞེས་སོགས་ཀྱིས་བདེན་བཞི་རང་བཞིན་མེད་པར་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་ཕྱིར། དེར་ཐལ། དེ་ལྟར་བསྟན་པ་དེའི་ཚེ་ན་ཀུན་ཤེས་ཀཽ་དི་ནྱའི་རྒྱུད་ལ་བདེན་བཞི་རང་བཞིན་མེད་པར་རྟོགས་པའི་མཐོང་ལམ་སྐྱེས་པར་གསུངས་པའི་ཕྱིར། ལུགས་འདིར་བདེན་བཞིའི་ཆོས་འཁོར་བཤད་མ་
ཐག་པའི་བདེན་བཞི་དངོས་སུ་བསྟན་པའི་མདོ་ལྟ་བུ་ལ་བྱས་ན་ཡབ་སྲས་ཀྱི་གསུང་དང་མཐུན་པ་ཡོད་དོ། །གཉིས་པ་ལ་དེ་ལྟར་ཁྱབ་སྟེ། མདོ་ཤེས་རབ་སྙིང་པོ་ངེས་དོན་གྱི་མདོ་ཡིན་པའི་ཕྱིར། གསུམ་པ་ལ་དེ་ལྟར་ཁྱབ་སྟེ། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུ་དྲང་དོན་གྱི་མདོ་ཡིན་པའི་ཕྱིར། དེར་ཐལ། དེས་གཞན་དབང་དང་ཡོངས་
གྲུབ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་ཅིང༌། ཀུན་བཏགས་སེམས་ཙམ་པས་འདོད་པ་ལྟར་གྱི་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བསྟན་པའི་ཕྱིར། ཁོ་ན་རེ། མདོ་ཤེས་རབ་སྙིང་པོ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བའི་མདོ་ཡིན་པར་ཐལ། དེ་དོན་དམ་བདེན་པ་དངོས་བསྟན་བསྟན་བྱའི་གཙོ་བོར་བྱས་ནས་བསྟན་པའི་མདོ་
ཡིན་པའི་ཕྱིར་ཟེར་ན། མ་ཁྱབ། འདོད་མི་ནུས་ཏེ། ཐལ་འགྱུར་བའི་སྐབས་སུ་ལེགས་བཤད་སྙིང་པོ་ལས་ཤེས་རབ་སྙིང་པོ་ལ་སོགས་པ་དགག་བྱ་ལ་དོན་དམ་གྱི་ཐ་སྙད་དངོས་སུ་མ་སྦྱར་བ་ལ་ཡང༌། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་ལྟའོ། །ཞེས་མདོར་བསྟན་དུ་རང་མཚན་གྱིས་
སྟོང་པར་གསུངས་པ་རྒྱས་བཤད་ཀྱི་སྐབས་སུ་སྦྱར་དགོས་པས་དོན་གྱིས་སྦྱར་ཟིན་ལ། ཞེས་གསུངས་པའི་ཕྱིར། ཁོ་ན་རེ། དེ་དགག་བྱ་ལ་དོན་དམ་གྱི་ཁྱད་པར་དངོས་སུ་སྦྱར་བའི་མདོ་ཡིན་པར་ཐལ། དེས་དགག་བྱ་རང་བཞིན་གྱིས་གྲུབ་པ་དངོས་སུ་བཀག་པ་གང་ཞིག །རང་བཞིན་གྱིས་གྲུབ་པ་ལས་ཕྲ་བའི་དགག
བྱ་མེད་པའི་ཕྱིར་ཟེར་ན་མ་ཁྱབ། །ཁོ་ན་རེ། སེམས་ཙམ་པས་གཞན་དབང་དང་ཡོངས་གྲུབ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པར་འདོད་པར་ཐལ། དོན་དམ་ཡང་དག་འཕགས་ཞུས་ཀྱི་ལེའུས་རྒྱས་འབྲིང་བསྡུས་གསུམ་གྱི་དགོངས་པ་མཐར་ཐུག་སེམས་ཙམ་དུ་བཀྲལ་བ་གང་ཞིག །དེས་གཞན་
དབང་ཡོངས་གྲུབ་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་ཅིང༌། ཀུན་བཏགས་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་བསྟན་པའི་ཕྱིར་ཟེར་ན་མ་ཁྱབ། འདོད་མི་ནུས་ཏེ། སེམས་ཙམ་པས་གཞི་གྲུབ་ན། མཚན་ཉིད་གསུམ་པོ་གང་རུང་ཡིན་པས་ཁྱབ་པར་འདོད། གཞན་དབང་དང་ཡོངས་གྲུབ་གང་རུང་མ་ཡིན་
{@36A}༄༅། །པའི་བདེན་པར་གྲུབ་པའི་ཆོས་ནི་འདོད་པ་གང་ཞིག །དེ་གཉིས་པོ་གཞན་དབང་ཡོངས་གྲུབ་གང་རུང་མ་ཡིན་པའི་ཕྱིར། མ་གྲུབ་ན། དེས་གཞན་དབང་ཡོངས་གྲུབ་ཏུ་འདོད་པར་ཐལ་བ་དང་ཡོངས་གྲུབ་གཞན་དབང་དུ་འདོད་པར་ཐལ་བ་འཕེན་ནོ།། ༈ །།ཨོཾ་སྭ་སྟི། གངས་ཅན་
མཁས་གྲུབ་དུ་མའི་གཙུག་གི་རྒྱན། །འཇིག་རྟེན་མིག་གྱུར་དགེ་འདུན་བསྟན་དར་རྗེའི། །གསུང་གི་གསང་བ་རྒྱལ་གསུང་དྲང་ངེས་དོན། །གཏན་ལ་འབེབས་པའི་མཐའ་དཔྱོད་པད་དཀར་ཕྲེང༌། །བློ་གསལ་མཐར་འདོད་ཡོངས་ལ་སྨན་ཕྱིར་དུ། །ནམ་ཡང་འཛད་མེད་པར་གྱི་མཆོད་སྦྱིན་ཆེར། །ལེགས་པར་
སྤེལ་བའི་དགེ་བ་སྟོན་མཚན་གྱི། །ཟླ་བ་དག་པའི་རྗེས་སུ་ཞུགས་འདྲ་དེས། །རྒྱལ་བསྟན་ཡང་སྙིང་གསེར་ཞུན་འཆང་བའི་སྲོལ། །ཡུན་དུ་དར་ཞིང་དེ་འཛིན་སྐྱེས་བུ་རྣམས། །ཞབས་ཟུང་བརྟན་ཅིང་མཛད་འཕྲིན་ཡར་ཟླར་འགྲན། །འཇིག་རྟེན་ཁམས་སུ་བདེ་སྐྱིད་འཕེལ་བར་ཤོག །འདུས་སྡེ་སྤྱི་དང་ཁྱད་པར་
ཐོས་བསམ་གྱི། །ནོར་བུའི་གླིང་དུ་གྲགས་པའི་ཆོས་ཀྱི་སྡེའི། །འདུས་ཚོགས་བསླབ་གསུམ་ཁྲིམས་དང་བཤད་སྒྲུབ་ཀྱི། །ལང་ཚོ་དབྱར་གྱི་གང་བའི་རྗེས་འགྲོར་ཤོག །རྒྱུ་སྦྱོར་ཆོས་མཛད་བློ་བཟང་འཇམ་དཔལ་ཀྱང༌། །རྒྱལ་བའི་བསྟན་ལ་ཐོས་བསམ་གྱིས་མཚོན་པའི། །ཆོས་ལྡན་བསམ་སྦྱོར་མཐའ་རུ་
ཕྱིན་པ་དང༌། །མདོ་སྔགས་ལམ་གྱི་གནད་ཀུན་རྟོགས་པར་ཤོག །མང་ཐོས་བཀའ་བཅུ་བློ་བཟང་དགེ་ལེགས་དང༌། །ནང་མི་ལྷག་པའི་སེམས་ལྡན་རྣམ་རྒྱལ་ནོར། །ཚེ་དབང་དཔལ་འབར་ཚེ་རིང་སྒྲོལ་མ་སོགས། །ཉེ་འབྲེལ་ལྟོས་པར་བཅས་པ་ཐམས་ཅད་ཀྱི། །སྒོ་གསུམ་མི་འདོད་ཉེར་འཚེ་ཀུན་ཞི་ཞིང༌།
ཚེ་རིང་ནད་མེད་དཔལ་འབྱོར་བསོད་ནམས་དང༌། །རྣམ་དཀར་ཡོན་ཏན་གོང་ནས་གོང་འཕེལ་ཏེ། །གནས་སྐབས་མཐར་ཐུག་འདོད་དོན་ཀུན་འགྲུབ་ཤོག། དུས་འདས་པ་མ་དབང་འདུས་ཚེ་རིང་དང༌། །ཚེས་བཅུ་ལྷ་མོ་བཅས་ཀྱིས་ཐོགས་མེད་ནས། །བྱས་བསགས་སྡིག་ལྟུང་ཀུན་བྱང་དལ་རྟེན་ཐོག །
རིང་མིན་རྡོ་རྗེའི་ས་ལ་རེག་གྱུར་ཅིག །མདོར་ན་བདག་གཞན་སེམས་ཅན་མ་ལུས་པ། །རྒྱལ་བས་བསྔགས་པའི་ལམ་ལ་རབ་ཞུགས་ནས། །སྒྲིབ་པ་ཀུན་བྱང་སྐུ་བཞིའི་གོ་འཕང་མཆོག །མྱུར་དུ་མངོན་གྱུར་དོན་གཉིས་མཐར་ཕྱིན་ཤོག །ཅེས་སེར་གཞུང་པ་ཁང་ནས་རག་མགོ་ནང་པའི་ཆོས་མཛད་བློ་བཟང་འཇམ་