རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་ཁོང་གི་བརྡ་དག་ལ་དཔྱད་པ།

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་ཁོང་གི་བརྡ་དག་ལ་དཔྱད་པ།

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་དང་ཁོང་གི་བརྡ་དག་ལ་དཔྱད་པ།

 


གནད་བསྡུས།
 རྩོམ་ཡིག་འདིའི་ནང་དུ་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་ལོ་རྒྱུས་རགས་བསྡུས་སུ་བརྗོད་པ་བརྒྱུད་ནས་ཁོང་གིས་བརྩམས་པའི《དག་ཡིག་ཉེར་མཁོ་བསྡུས་པའི》པར་གཞི་དང་། ནང་དོན། སྒྲིག་གཞི་བཅས་གསེད་བཀྲོལ་བྱས་ཏེ་མིང་བརྡ་ཞིབ་བརྗོད་རིག་པ་དང་ཡིག་ཚང་ཞིབ་བསྡུར་རིག་པའི་ཐབས་ལམ་སྤྱད་དེ《དག་ཡིག་ཉེར་མཁོ་བསྡུས་པའི》རིན་ཐང་དང་། དག་ཡིག་ཞིབ་བརྗོད་ཀྱི་རྣམ་པ་གླེང་བརྗོད་བྱས་ཏེ། དག་ཡིག་འདི་ནི་སུམ་རྟགས་བརྩམས་གྲུབ་རྗེས་ཀྱི་བརྡ་སྤྲོད་ཀྱི་གཞུང་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་སྐད་ཡིག་སྲོལ་གཏན་འབེབས་མཛད་པའི་ཚད་ལྡན་གྱི་བསྟན་བཅོས་ཤིག་ཡིན་པའི་དགོངས་ཚུལ་གླེང་འདུག

གནད་ཚིག རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ། རིན་ཐང་།

 

          དང་པོ། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་མཛད་རྣམ་མདོར་བསྡུས།

 

རྔོག་ལོ་ཙཱ་བ་ཆེན་མོ་བློ་ལྡན་ཤེས་རབ་ནི་བོད་རབ་བྱུང་དང་པོའི་ས་ཕག་སྟེ་སྤྱི་ལོ་1059ལོར་བོད་ལྗོངས་ཀྱི་ཡར་འབྲོག་རྡོའི་མདོ་གླ་བོ་ཞེས་པའི་མཚོའི་བྱང་འགྲམ་སྒོག (དེང་གི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གོང་དཀར་རྫོང་ཡར་འབྲོག་སྟོང་ར་ཤང་གདོར་དཀར་གྲོང་ཚོ) ཅེས་པར་སྔ་འགྱུར་རྙིང་མའི་དགེ་བཤེས་རྡོ་རྗེ་གཞོན་ནུ་ལ་སྲས་ལྔ་ཡོད་པའི་ནང་ཚན་བཞི་པ་སྟེ་ཡབ་ཆོས་སྐྱབས་དང་ཡུམ་དཔལ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་སྐུ་ན་ཆུང་ངུའི་དུས་ནས་བརྩོན་འགྲུས་དང་བློ་གྲོས་ཀྱི་རྣམ་དཔྱོད་རྨད་དུ་བྱུང་བ་ཞིག་ཡིན་ལ་འཚོ་གོས་ལ་སོགས་པའི་ཆ་རྐྱེན་ཞན་པའི་དབང་གིས་སྐུ་ངལ་མང་དུ་བྱུང་། ལོ་བདུན་གྱི་བར་དུ་རང་གི་ཁུ་བོ་དང་ཀ་ཆུའི་སྦོ་ཆུང་བ་ཚུལ་ཁྲིམས་ཤེས་རབ་སོགས་ཀྱི་དྲུང་དུ་ཀློག་དང་། ཡི་གེ་དང་། སྐད་རིགས་དང་།འདུལ་བ་ལ་སོགས་པའི་བསྟན་བཅོས་ལེགས་པར་སྦྱངས། དགུང་ལོ་བཅུ་བདུན་སྐབས་རང་ཁྱིམ་ནས་གསང་ཕུར་བཞུགས་པའི་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྲོས། “བྲོས་བྱོལ་དུ་ཕེབས་སྐབས་ན་བཟའ་ཧྲུལ་པོ་ལ་རྩྭ་དྲེས་མའི་སྐུ་ཆིངས་འཁོར་ཙམ་ཞིག་ལས་མེད། བྲོས་པའི་ལམ་བར་དུ་རྩམ་པ་ཆུ་འཐག་བྱེད་མཁན་གྱི་མི་རྣམས་ལ་སློང་མོ་བྱས་པས་ཡོས་ཅུང་ཟད་བྱུང་བ་རྣམས་རུམ་དུ་བླུགས་ཏེ་གསང་ཕུའི་མདར་བྱོན་ཏེ་གནས་ཚང་མ་རྙེད་པར་ཁྱིམ་ཚང་དེའི་རྟ་རྭའི་ནང་དུ་གཟིམ་སྟེ་བཞུགས་སྐབས། ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་གཟིམ་ལམ་དུ་ཁྱིམ་ཚང་དེའི་རྟ་རྭའི་ནང་དུ་སེང་གེ་གསེར་མདོག་ཅན་ཞིག་ཡོད་པའི་མཚན་མ་བྱུང་སྟེ་བཙལ་བས། ཚ་བོ་བློ་ལྡན་ཤེས་རབ་ཡིན་པ་ཤེས་ནས་མདུན་དུ་བོས་ཏེ་ཕྱག་འཚལ་གསུངས་པས་ཕྱག་འཚལ་ཚུལ་སློབས་དང་ཞུས་པ་བཞིན་བསླབས་ཏེ་ཕྱག་འཚལ་བའི་ཚེ། དྲེས་མའི་སྐུ་རགས་ཆད་ནས་ཡོས་རྣམས་འཐོར་ཏེ་དེའི་ཉེ་འཁོར་ཀུན་ལ་ཁྱབ་པས་འཕྲིན་ལས་ཆེན་པོ་ཡོང་བའི་རྟེན་འབྲེལ་དུ་གཟིགས། རིག་པ་བརྟག་ཕྱིར་ཞོ་ཕོར་པ་གང་ལ་ཕྱེ་མ་བཏབ་པའི་ཕྱུར་ར་ཞིག་དྲངས་པས་མདུན་དུ་ཞོགས་གསུངས་ཏེ། གོས་ཀྱི་གོང་པ་ནས་ཁབ་སྦོམ་ཞིག་བཏོན་ཏེ་ཕོར་པའི་ཁ་མཐའ་ནས་དྲིལ་ཏེ་ཅུང་ཟད་འགོས་པ་རྣམས་ཟོས་པས་ཕོར་པ་ཁ་དམའ་རུ་སོང་། རྐེད་པ་ནས་རྩིབས་མའི་ཐུར་མ་ཞིག་བཏོན་ཏེ་དཀྲུགས་དཀྲུགས་བྱས་ཏེ་ཅི་བདེར་གསོལ་བས། ཅུང་ཟད་ཀྱང་ཕྱི་རོལ་དུ་མ་བོར་བར་རིགས་པ་བཟང་བར་ཁུ་བོ་ངོ་མཚར་སྐྱེས།”[1]ཁུ་བོ་རྔོག་ལེགས་པའི་ཤེས་རབ་དང་གཟུས་ཀྱི་སློབ་མ་སྤོས་ཆུང་བ་ཚུལ་ཁྲིམས་ཤེས་རབ་གཉིས་ལས་རབ་ཏུ་བྱུང་སྟེ་མཚན་ལ་བློ་ལྡན་ཤེས་རབ་ཅེས་བཏགས། བློ་ལྡན་དང་ཤེས་རབ་གཅིག་པ་ལ་མིང་གཉིས་བརྩེགས་ནས་ཅི་བྱེད་ཞུས་པར་འོ་ན་བློ་ལྡན་བཟང་པོ་གྱིས་གསུངས། ཁོང་གི་བསྟན་བཅོས་མང་པོའི་མཛད་བྱང་ལ་བློ་ལྡན་བཟང་པོ་ཞེས་འཁོད་ཡོད། ཀློག་ཡིག་སྔར་ནས་མཁྱེན་པར་ཁུ་བོས་ཤེར་ཕྱིན་གྱི་མཆན་ཅན་ཞིག་གཏད་ནས་དེ་རིང་ནགས་གསེབ་ཕ་གིར་བསྡད་ནས་འདི་བློར་ཟུངས་ཤིག་གསུངས་པས། དེའི་དགོང་མོར་ཡི་གེ་ཨ་མ་རྣམས་བཟུང་ཡོད་བུ་ཆུང་ཚོ་འཛིན་དགོས་ན་སང་ཉིན་གཟུང་ཆོག་ཅེས་གསུངས། ཉིན་ཞིག་ལ་ཤེར་ཕྱིན་གྱི་འགྲེལ་པ་དོན་གསལ་མཆན་ཅན་ཞིག་བློར་བཟུང་དུ་བཅུག་པས་མཆན་རྣམས་མ་གཏོགས་ཚང་མ་ཐུགས་ལ་ཟིན་པའི་རིག་སྟོབས་ལ་ཁུ་བོ་ལེགས་པའི་ཤེས་རབ་ཧ་ལས་ཏེ་ཁྱེད་ཀྱི་སློབ་དཔོན་ངས་མི་ཡོང་བར་འདུག་གསུངས། མདོར་ན་དགུང་ལོ་བཅུ་བདུན་པར་ཁུ་བོ་ལེགས་པའི་ཤེས་རབ་དང་གཟུས་ཀྱི་སློབ་མ་སྤོས་ཆུང་བ་ཚུལ་ཁྲིམས་ཤེས་རབ་སོགས་ཀྱི་དྲུང་དུ་ལོ་ངོ་གཅིག་གི་རིང་ལ་སློབ་གཉེར་མཛད། དགུང་ལོ་བཅོ་བརྒྱད་པར་ཁུ་བོས་བཀའ་སློབ་ལམ་སྟོན་གནང་བ་ལྟར་མངའ་རིས་སྟོད་ཀྱི་ལྷ་བླ་མ་བྱང་ཆུབ་འོད་ཀྱི་དབོན་པོ་མངའ་བདག་རྩེ་ལྡེས་མཐུན་རྐྱེན་སྦྱར་ཞིང་ཁོའི་སྲས་དབང་ལྡེས་ཡོན་བགྱིས་ཏེ་རྒྱ་གར་དང་ཁ་ཆེ་སོགས་སུ་སློབ་གཉེར་ལ་བརྫངས། མངའ་རིས་བརྒྱུད་ནས་རྒྱ་གར་དུ་བྱོན་པའི་ལམ་གྱི་འགྲོ་རོགས་སུ་“རྒྱ་གར་དུ་བཙན་ཁ་བོ་ཆེ་དང་། ཁྱུང་པོ་ཆོས་བརྩོན།རྭ་ལོ་རྡོ་རྗེ་གྲགས། གཉན་ལོ་དར་མ་གྲགས་སོགས་ལྷན་དུ་ཕེབས་སྐབས་མངའ་བདག་རྩེ་ལྡེས་དབུས་གཙང་ཁམས་གསུམ་གྱི་སྡེ་སྣོད་འཛིན་པ་རྣམས་སྤྱན་དྲངས་ནས་མེ་ཕོ་འབྲུག་ལོའི་ཆོས་འཁོར་མཛད་པ་དང་སྐབས་ཁེལ། སྐུ་ན་གཞོན་པའི་སྟོབས་ཀྱིས་ལྟད་མོ་ཆེན་པོ་ཞིག་གི་སར་བྱོན་པས། ཁུ་བོས་ཆོས་རྒྱགས་སུ་བསྐུར་བའི་གསེར་ཉུང་ཤས་ཤིག་ཡོད་པ་བོར་སྟོར་ཤོར་བར། མངའ་བདག་རྩེ་ལྡེས་གསེར་ཐུམ་པོ་ར་མཆིན་ཙམ་ཞིག་གནང་། སྲས་དབང་ཕྱུག་ལྡེས་རྔོག་གི་ཡོན་བདག་བྱེད་པར་ཞལ་གྱིས་བཞེས།”[2]ཞེས་དང་། “རྒྱ་གར་དུ་ཆོས་སློབ་པར་ཕེབས་པའི་ལོ་ཙཱ་བ་བཙན་ཁ་བོ་ཆེ་དང་། ཁྱུང་པོ་ཆོས་བརྩོན། རྭ་ལོ་ཙཱ་བ། གཉན་ལོ་ཙཱ་བ་རྣམས་མཉམ་དུ་བྱུང་”[3]བས་རྒྱ་གར་ཡུལ་དབུས་དང་ཁ་ཆེ་སོགས་སུ་སྦྱངས་པ་མཛད། གནས་དེ་དག་ཏུ་དགེ་བའི་བཤེས་གཉེན་“པཎྚི་ཏ་སཛྫན་དང་འབུམ་ཕྲག་གསུམ་པ། པ་ར་ཧེ་ཧ་དང་མཱ་ཧཱ་ཛ་ན་དང་སུ་མ་ཏི་ཀིརྟི་དང་། ཨ་ཏུ་ལྱ་བཛྲ་དང་བ་རེནྡྲ་རུ་ཙི། སྐལ་ལྡན་རྒྱལ་པོ་ལ་སོགས་པར་ལོ་བཅུ་བདུན་རིང་བསམ་སྦྱོར་ཚུལ་བཞིན་དུ་བསྟེན་ཏེ་མདོ་སྔགས་དང་སྒྲ་རིག་པ་དང་ཚད་མ་རིག་པ་སོགས་རྒྱ་ཚད་བསྙུང་བས་ཆོས་རར་སྐུ་སྨད་ཤོང་བའི་དོང་བྲུས་ཏེ་ཆོས་གསན་པའི་བརྩོན་པ་བློ་ཡུལ་དུ་མི་ཤོང་བ་གནང་ནས་སྦྱངས་པ་མཐར་ཕྱིན་”[4]ཏེ་དགུང་ལོ་སོ་ལྔ་པ་རབ་བྱུང་དང་པོའི་ཆུ་སྤྲེལ་ཏེ་སྤྱི་ལོ1092ལོར་ཕྱིར་བོད་དུ་ཕེབས། རྒྱ་གར་དང་ཁ་ཆེ་སོགས་སུ་སློབ་གཉེར་མཛད་སྐབས་“ལམ་བར་དུ་རྒྱགས་ཆད་ནས་ཁ་ཆེ་ནས་གསེར་སློང་བའི་ཡི་གེ་མངའ་རིས་སུ་བཏང་བ་ལས། དབང་ལྡེས་གསེར་མང་པོ་ཡང་བསྐུར། ཚད་མ་རྒྱན་བསྒྱུར་ཅིག་བྱ་བའི་ཞུ་བ་བྱུང་བས། པཎྚི་ཏ་སྐལ་ལྡན་རྒྱལ་བོ་དང་རྔོག་པོ་གཉིས་ཀྱིས་ལེགས་པར་བསྒྱུར་”[5]བ་སོགས་བཀས་བསྐུལ་བ་ལ་བརྟེན་ནས་བཀའ་བསྟན་བསྒྱུར་བའི་དབུ་བརྩམས་སོ།

བོད་དུ་ཕེབས་རྗེས་ཐོག་མར་མངའ་རིས་སྟོད་དུ་མངའ་བདག་དབང་ལྡེ་དང་ཁྲི་བཀྲ་ཤིས་དབང་ཕྱུག་བཙན་གྱིས་སྦྱིན་བདག་བྱས་ཏེ་ཚད་མ་དང་ཤེར་ཕྱིན་སོགས་བསྟན་བཅོས་མང་དུ་བསྒྱུར། རིམ་བཞིན་ལྷ་ས་དང་། བསམ་ཡས། སྨྱུ་གུ་སྣ། གཉལ་སྒང་ཐོག  གཙང་རྒྱང་མཁར་སོགས་སུ་འགྱུར་ཞུས་མང་དུ་མཛད། ཁོང་གིས་བསྒྱུར་ཞུས་མཛད་པའི་བསྟན་བཅོས་ཀྱི་གྲངས་ཚད་ནི་གྲོ་ལུང་པས་མཛད་པའི་རྣམ་ཐར་འཇིག་རྟེན་མིག་གཅིག་ཏུ་“དམ་ཆོས་བསྒྱུར་ལ་མངའ་བརྙེས་པས། །རྒྱལ་ཡུམ་གཉིས་དང་བསྟན་བཅོས་གཞུང་། །འབུམ་ཕྲག་གཅིག་དང་ཁྲི་ཕྲག་གསུམ། །སྟོང་ཕྲག་བདུན་ནི་ལྷག་བཅས་བསྒྱུར།”[6]ཞེས་གསུངས་པ་ནང་བཞིན་རྔོག་ལོ་ཆེན་པོས་བསྒྱུར་ཞུས་མཛད་པའི་བསྟན་བཅོས་ལ་རྟོག་གེ་ཚད་མའི་གཞུང་དང་། ཤེར་ཕྱིན་གྱི་གཞུང་། བསྟན་བཅོས་གཞན་དག གསང་སྔགས་ཀྱི་གཞུང་བཅས་ཁྱོན་བསྡོམས་བདུན་ཅུ་དོན་གཉིས་ཡོད་པ་ལས་བཀའ་བསྟན་དུ་ཆོས་ཚན་ལྔ་བཅུ་ང་ལྔ་བསྡུས་ཡོད། དེ་མིན་གཞུང་གི་ཚོགས་མང་པོ་ལ་དོན་བསྡུས་དང་འགྲེལ་པ་མཛད་པའི་བརྩམས་ཆོས་ཀྱི་སྐོར་ལ་མངོན་རྟོགས་རྒྱན་འགྲེལ་དང་བཅས་པའི་དོན་བསྡུས་པ་དང་།རྩ་ཤེས་དོན་བསྡུས། སྤྱོད་འཇུག་དོན་བསྡུས། ཚད་མ་རྣམ་ངེས་ཀྱི་ཌིཀྐ་སོགས་ཆོས་ཚན་ཞེ་གསུམ་ཡོད་པ་གྲོ་ལུང་པའི་རྣམ་ཐར་དུ་འཁོད་ཡོད། གཞན་ད་དུང་སྤྲིང་ཡིག་བདུད་རྩིའི་ཐིག་ལེ་དང་། བསྟན་རིམ། བསླབ་བཏུས་ཀྱི་འགྲེལ་པ། དག་ཡིག་ཉེར་མཁོ་བསྡུས་པ། བཀའ་བསྟན་གྱི་དཀར་ཆག་སོགས་དུ་མ་ཞིག་མཛད་ཡོད། དེ་མིན་ཁོང་གིས་བསྒྱུར་ཞུས་མཛད་པའི་བསྟན་བཅོས་དང་སྦྱར་བའི་གཞུང་རྣམས་ཞིབ་རྒྱས་སུ་《ལོ་ཙཱ་བ་ཆེན་པོ་རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་སྐོར་གྱི་དཔྱད་གླེང》[7]དུ་བཀོད་ཡོད་པས་དེར་གཟིགས་ན་ཤེས་ཐུབ། ཁོང་གིས་བསྒྱུར་ཞུས་དང་གཞུང་དོན་འགྲེལ་པ་དོན་བསྡུས་སོགས་མཛད་པ་ལས་གཞན་གསང་ཕུ་ནེའུ་ཐོག་དང་རྭ་སྒྲེང་སོགས་གནས་ཁྱད་པར་ཅན་དུ་འཁོར་མང་པོ་ལ་ཆོས་ཀྱི་འཆད་ཉན་ཡང་རྒྱ་ཆེར་སྤེལ་ཏེ་སྐལ་ལྡན་གྱི་བུ་སློབ་ཁྲི་ཕྲག་དྲུག་ལྷག་འདུས་པར་གྲགས། ཁོང་གིས་བསྐྱངས་པའི་སློབ་མ་ལྷ་སར་ཁྲི་དང་སུམ་སྟོང་བདུན་བརྒྱ། བསམ་ཡས་དང་སྒང་ཐོག་གཉིས་སུ་ཆིག་ཁྲི་སུམ་སྟོང་། གཙང་རྒྱང་མཁར་དུ་ཁྲི་གཉིས། ངམ་ལམ་དུ་དགེ་བཤེས་ཁྲི་གཅིག་དང་རྣལ་འབྱོར་ཕོ་མོ་ཉིས་ཁྲི་བཅས་ཁྲི་གསུམ་འཚོགས་སོ། ། དེ་དག་གི་ཁྲོད་དུ་ཟུར་ཁྲིད་བྱེད་ཐུབ་པའི་སློབ་མ་ཆིག་སྟོང་བརྒྱད་བརྒྱ་རྩ་ལྔ་བྱུང་ཡོད་པ་སོགས་གྲོ་ལུང་པས་མཛད་པའི་རྣམ་ཐར་དང་《ཆོས་འབྱུང་མཁས་པའི་དགའ་སྟོན》དུ་གསུངས་ཡོད། དེ་མིན་ཆོས་འཆད་པའི་འཁོར་གྱི་གྲངས་ཚད་ནི་རྣམ་ཐར་ལས་“ལྷ་ས་བསམ་ཡས་སྒང་ཐོག་དང་། །ལྷ་ཡངས་ད་ལྷམ་མྱུག་གུ་སྣར། །འཁོར་གྱི་གྲངས་ནི་རིམ་པ་བཞིན། །ཁྲི་དང་སུམ་སྟོང་བདུན་བརྒྱ་དང་། །གཉིས་སུ་སྟོང་ཚོ་བཅུ་གསུམ་འཚོགས། །ཁྲི་ཚོ་གཉིས་དང་ཁྲི་ཚོ་གཅིག །རྣལ་འབྱོར་ཕོ་མོ་ཁྲི་ཚོ་གཉིས། །འཚོགས་སོ་ལུང་རིགས་སྨྲ་བ་ཡིན། །ཞར་ཆོས་སྟོང་དང་བརྒྱད་བརྒྱ་དང་། །བརྒྱད་ཅུ་རྩ་ལྔ་ཡོད་པ་ལ། །རྒྱན་དང་ཆོས་མཆོག་ལྔ་ཅུ་ལྔ། །རྣམ་ངེས་ཉིས་བརྒྱ་ལྔ་བཅུ་ལྔ། །ལུང་ཆོས་སྨྲ་བ་སྟོང་དང་ནི། །ལྔ་བརྒྱ་བདུན་ཅུ་རྩ་ལྔ་ཡོད། །”[8]ཅེས་པ་ལྟར་སློབ་མ་སྐར་ཚོགས་ལྟ་བུ་འདུས་ཡོད། རྔོག་ལོའི་སློབ་མའི་ཁྲོད་དུ་ཐུགས་སྲས་ཐུ་བོ་བཞི་ཡོད་པ་ནི་ཞང་ཚེ་སྤོང་ཆོས་ཀྱི་བླ་མ་དང་།ཞང་གྲོ་ལུང་པ་བློ་གྲོས་འབྱུང་གནས། ཁྱུང་རིན་ཆེན་གྲགས། འབྲེ་ཤེས་རབ་འབར་བཅས་ཡིན་ཞིང་། གཞན་གངས་པ་ཤེའུ། གུང་བུ་རྭ་ཅན། ཤམ་པོ་མེ་དིག རྔོག་སྐྱ་བོ། དམར་སྒས་ལང་ལ་སོགས་ཀྱིས་ཁོང་ནས་བརྒྱུད་པའི་ཕར་ཕྱིན་དང་། བྱམས་ཆོས། དབུ་མ། ཚད་མ། མངོན་པ་བཅས་དར་སྤེལ་རྒྱུན་འཛིན་བྱས་པའི་རྔོག་ལོའི་བཤད་རྒྱུད་དུ་གྲགས་སོ །།

མཐར་དགུང་ལོ་ང་གཅིག་པ་ས་མོ་གླང་སྟེ་སྤྱི་ལོ་1109ལོར་བསམ་ཡས་མ་རིར་ཆིབས་བསྒྱུར་གནང་སྐབས་ཆིབས་རྟ་ལས་ལྷུངས་ནས་དགོངས་པ་མྱ་ངན་ལས་འདས། ཁོང་གི་སྐུ་ཚེ་ཧྲིལ་པོའི་མཛད་འཕྲིན་ནི་གྲོ་ལུང་པས་བཅུ་བདུན་ཕྲག་གསུམ་དུ་བསྡུས་ཡོད་དེ། དེ་ཡང་སྐུ་འཁྲུངས་ཤིང་ཐོག་མར་རང་གི་ཁུ་བོའི་དྲུང་དུ་འབྲི་ཀློག་ལ་སོགས་སྦྱངས་ཏེ་དགུང་ལོ་བཅུ་བདུན་པར་ཁུ་བོ་རྔོག་ལེགས་པའི་ཤེས་རབ་ཀྱི་དྲུང་དུ་བྲོས་ནས་སློབ་གཉེར་གནང་བ་ནི་བཅུ་བདུན་ཕྲག་དང་པོ་དང་། རྒྱ་གར་དང་ཁ་ཆེ་སོགས་སུ་དགེ་རྒན་གཙོ་བོ་དྲུག་སྟེ་པཎྚི་ཏ་སཛྫན་དང་། འབུམ་ཕྲག་གསུམ་པ། པ་ར་ཧེ་ཧ། མཱ་ཧཱ་ཛ་ན། སུ་མ་ཏི་ཀིརྟི། སྐལ་ལྡན་རྒྱལ་བོ་བཅས་དགེ་བའི་བཤེས་གཉེན་རྣམས་བསམ་སྦྱོར་ཚུལ་བཞིན་དུ་བསྟེན་ཏེ་མདོ་སྔགས་རིག་གནས་དང་བཅས་པར་སྦྱང་པ་དཔྱིས་ཕྱིན་མཛད། སླར་ཡང་བལ་པོར་ཕེབས་ཏེ་པཎྚི་ཏ་ཨ་ཏུ་ལ་བཛྲ་དང་བ་རེནྡྲ་རུ་ཙི་ལ་སོགས་པར་གསང་སྔགས་ཀྱི་ཆོས་མང་པོ་གསན་ཏེ་གཞུང་ལ་ཐོས་བསམ་དང་བོད་ཡིག་ཏུ་ཐོག་མར་བསྒྱུར་ཞུས་མཛད་པ་ནི་བཅུ་བདུན་ཕྲག་གཉིས་པ། བོད་དུ་བྱོན་ནས་མངའ་རིས་དང་། ལྷ་ས། བསམ་ཡས། སྒང་ཐོག་ལ་སོགས་པའི་དབུས་གཙང་གི་གནས་སུ་ནང་བསྟན་གྱི་གཞུང་འབོར་ཆེན་བསྒྱུར་ཞུས་དང་བརྩམས་གནང་མཛད་པ་མ་ཟད། སློབ་ཚོགས་རྒྱ་མཚོ་ལྟ་བུ་བསྐྱངས་ཏེ་འཆད་རྩོད་རྩོམ་གསུམ་གྱི་དུས་འདའ་བར་མཛད་དེ་མཐར་དགོངས་པ་མྱ་ངན་ལས་འདས་པར་མཛད་པ་ནི་བཅུ་བདུན་ཕྲག་གསུམ་པ་བཅས་ལོ་ངོ་བཅུ་བདུན་གསུམ་དུ་བསྡུས་ཡོད་དོ།

མདོར་ན། རྔོག་ལོ་ཆེན་པོ་ནི་བོད་ཀྱི་རིག་གནས་སྤྱི་དང་ཁྱད་པར་དུ་ནང་བསྟན་འཕེལ་རྒྱས་ལ་མཛད་རྗེས་རྨ་མེད་པ་བཞག་ཡོད་པ་ནི་ཁོང་གི་མཛད་རྗེས་ལས་རྟོགས་ཐུབ། དེར་མ་ཟད་ཁོང་ནི་བོད་ཀྱི་རིག་གནས་ཀྱི་མ་ལག་གསར་འཛུགས་བྱེད་མཁན་ཐོག་མ་ལྟ་བུར་ཆགས་ཡོད་དེ། གཞུང་བསྒྱུར་ཞུས་དང་དེ་དག་ལ་དོན་བསྡུས་མཛད་པ་དང་། སློབ་གཉིར་སོགས་ལ་དགོངས་ནས་བོད་གངས་ཅན་གྱི་དག་ཡིག་ཐོག་མ་སྟེ་དག་ཡིག་ཉེར་མཁོ་བསྡུས་པ་དང་། ཕར་ཕྱིན་ཌིཀྐ་ཆེ་ཆུང་གཉིས་ལས་ཆུང་བ་ནི་བོད་ཀྱི་ཕར་ཕྱིན་ཌིཀྐ་ཐོག་མ་ཡིན་པར་བཤད་པ་དང་། ཚད་མ་རྣམ་ངེས་ཀྱི་དཀའ་གནད་རྣམ་པར་བཤད་པ་དེ་ནི་བོད་ཀྱི་མཁས་པས་མཛད་པའི་ཚད་མའི་བསྟན་བཅོས་ཐོག་མ་ཡིན་པ་སོགས་ཐོག་མ་རྣམ་གསུམ་དུ་གྱུར་པའི་སྒྲ་ཚད་ཕར་ཕྱིན་གྱི་གཞུང་ལུགས་མ་ལག་གསར་འཛུགས་བྱེད་མཁན་ཐོག་མ་ལྟ་བུར་གྱུར་ཡོད། ཁོང་གིས་“མཛད་པའི་རྣམ་བཤད་དང་དོན་བསྡུས་ཀྱི་རྩོམ་སྲོལ་གསར་པ་ནི་གཞུང་དོན་གོ་བ་ལེན་པའི་ཐབས་ལམ་གལ་པོ་ཆེར་གྱུར་བས་དེར་ཀུན་གྱིས་བསྔགས་བརྗོད་ཀྱི་མེ་ཏོག་ལན་བརྒྱར་འཐོར། ལོ་ཆེན་གང་དེ་ནི་བོད་ཀྱི་ནང་པའི་མཚན་ཉིད་ཀྱི་མ་ལག་འཛུགས་སྐྲུན་ཁྲོད་ཀྱི་སྐྱེས་ཆེན་འགངས་ཆེའི་གྲས་ཤིག་རེད”[9]ཅེས་གསུངས་བས་ཀྱང་ཤེས་ནུས། ཁོང་ནི་མདོ་སྔགས་གཞུང་ལུགས་ཀུན་ལ་ནང་བྱན་ཆུད་པའི་མཁས་པའི་དབང་པོ་ཤིང་རྟའི་སྲོལ་འབྱེད་དུ་གྲགས་པ་ཞིག་ཡིན་པ་མ་ཟད། ཐུགས་རྒྱུད་ཤིན་ཏུ་ཞི་ཞིང་དུལ་ལ་ཁེངས་སྐྱུང་གི་སྤྱོད་པས་ཀུན་ནས་མཛེས་པ་ཞིག་ཡིན་ཏེ་ཉིད་ཀྱི་ཞལ་ལས། བཻ་རོ་ཙཱ་ན་ནམ་མཁའི་མཐའ་དང་མཉམ། །སྐ་ཅོག་རྣམ་གཉིས་ཉི་ཟླ་ཟུང་དང་མཚུངས། །རིན་ཆེན་བཟང་པོ་ཐོ་རེངས་སྐར་ཆེན་འདྲ། །ཁོ་བོ་ཅག་ནི་སྲིན་བུ་མེ་ཁྱེར་ཙམ། །ཞེས་པ་སོགས་ལས་མཚོན་ནུས་སོ།།

 

          གཉིས་པ། 《དག་ཡིག་ཉེར་མཁོ་བསྡུས་པའི》སྐོར་གླེང་བ།    

 

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་《དག་ཡིག་ཉེར་མཁོ་བསྡུས་པ》ནི་དུས་རབས་བཅུ་གཅིག་གི་ནང་དུ་བྱུང་བའི་དག་ཡིག་ཅིག་ཡིན་པས་བོད་དུ་བྱུང་བའི་དག་ཡིག་ཆེས་སྔ་བ་ཡིན་ཞིང་། དཔེ་རྒྱུན་ཧ་ཅང་དཀོན་པོ་ཡིན་པས་སྔོན་མ་ཀུན་གྱིས་མིག་ལམ་དུ་བསྟར་རྒྱུ་ཅུང་དཀའ་བའི་སྣང་ཚུལ་དུ་འདུག དེ་ནི་བརྡ་དག་རྐྱང་པ་ཙམ་མ་ཡིན་པར་སློབ་དཔོན་ཐོན་མིས་སུམ་རྟགས་མཛད་པའི་རྗེས་ཀྱི་བརྡ་སྤྲོད་པའི་གཞུང་གལ་ཆེན་ཞིག་དང་ཕྱིས་འབྱུང་གི་བརྡ་སྤྲོད་སྨྲ་བ་མང་དག་ཅིག་གིས་དཔྱད་གཞིའི་ཁུངས་གཏུགས་སའི་ཚད་ལྡན་གྱི་བསྟན་བཅོས་ཤིག་ཀྱང་ཡིན། འདིར་ཕྱོགས་གསུམ་ནས་དེའི་སྐོར་བརྗོད་པར་བྱ་བ་ལ།

 

  གཅིག 《དག་ཡིག་ཉེར་མཁོ་བསྡུས་པའི》པར་གཞིའི་སྐོར།    

 

《དག་ཡིག་ཉེར་མཁོ་བསྡུས་པའི》མིང་ཆ་ཚང་ལ་《དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ》ཞེས་འབོད་ཅིང་། དག་ཡིག་འདི་ལ་མིག་སྔར་མཐོང་དུ་ཡོད་པའི་པར་གཞི་ལ་རིགས་གཉིས་ཡོད་དེ་ལག་བྲིས་དང་ལྕགས་པར་མའོ།

ལག་བྲིས་མ་དེ་ནི་བོད་ལྗོངས་དཔེ་མཛོད་ཁང་དུ་བཞུགས་སུ་གསོལ་བའི་དབུ་ཅན་གྱི་སྣ་ཐུང་ཅན་ཞིག་ཡིན། དེ་ནི་མ་ཡིག་གམ་བུ་ཡིག་གང་ཡིན་རྩད་གཅོད་བྱེད་ཐབས་མི་འདུག དེར་ལྡེབ་མ་དགུ་དང་ཤོག་གྲངས་བཙོ་བརྒྱད་ཡོད། ཤོག་ངོས་ཀྱི་ཉིན་སྲིབ་གཉིས་ལས་ཉིན་ལ་ཡིག་མགོ་སློང་བྱེད་ཀྱི་དབུ་ཁྱུད་བཀོད་ཡོད། ཉིན་ཤོག་དང་པོར་དབུ་ཁྱུད་མིག་གསུམ་མ་བཀོད་ཡོད་པ་ལས་གཞན་ཚང་མ་དབུ་ཁྱུད་མིག་གཉིས་ཅན་ཡིན། ལྡེབ་ངོས་སུ་ཐིག་ཕྲེང་དྲུག་ཡོད་ཅིང་། དོན་ཚན་སོ་སོར་མི་འཁྲུལ་བའི་ཆེད་དུ་སྦྲུལ་ཤད་ཀྱིས་བར་བཅད་དེ་དོན་རྣམས་གསལ་པོར་བཀོད་ཡོད་པ་ཞིག་རེད།

ལྕགས་པར་ལ་རིགས་མི་འདྲ་བ་བརྒྱད་ལྷག་ཡོད་དེ། དེ་ལས་པར་དང་པོ་དེ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུའི་ནང་པར་དུ་བཏབ་པའི་ལྕགས་པར་མ་ཞིག་ཡོད་པར་བཤད་ཀྱང་ད་བར་ལག་སོན་མ་བྱུང་བས་བརྗོད་ཐབས་བྲལ། པར་གཉིས་པ་དེ་ནི་སྤྱི་ལོ2006ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་བཀའ་གདམས་པའི་གསུང་འབུམ་ཕྱོགས་བསྒྲིགས་ཀྱི་གླེགས་བམ་དང་པོའི་ཁྲོད་བཞུགས། དེ་ནི་བོད་ལྗོངས་དཔེ་མཛོད་ཁང་དུ་བཞུགས་པའི་ལག་བྲིས་མ་དེ་ཉིད་གཞིར་བཟུང་ནས་བསྒྲིགས་པ་ཞིག་ཡིན་འདུག པར་གསུམ་པ་དེ་ནི་སྤྱི་ལོ་2009ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་གསུང་ཆོས་སྐོར་དུ་བཞུགས། དེ་ནི་བོད་ལྗོངས་དཔེ་མཛོད་ཁང་གིས་ལག་བྲིས་མ་གཞིར་བཟུང་ནས་པར་དུ་བཏབ་ཅིང་ཁ་ཤས་བཟོ་བཅོས་བྱས་པར་སྣང་། པར་བཞི་པ་ནི་སྤྱི་ལོ་2009ལོར་ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་པའི་བརྡ་སྤྲོད་སྐོར་ཀྱི་དཔེ་རྙིང་གཅེས་བསྡུས་དེབ་དང་པོར་བཀོད་ཡོད།  གཞི་གང་ལ་བཟུང་ཡོད་པ་མི་གསལ་མོད་“དཔེ་འདིར་མ་དཔེ་གཅིག་ལས་མེད་པས་དོགས་པ་ཅུང་ཟད་འདུག་སྙམ་ཡང་བཅོས་ཐལ་མ་བྱས་པ་མ་དཔེ་ཇི་བཞིན་རང་སོར་བཞག་པར”[10]བཀོད་ཡོད་པས་མ་དཔེ་དེ་ཉིད་གང་ཡིན་གསལ་པོར་མི་སྣང་། འདིའི་རྩོམ་བྱང་དང་ཚིག་འགའ་ཤས་ཤིག་བོད་ལྗོངས་དཔེ་མཛོད་ཁང་གི་བྲིས་མ་མི་འདྲ་བའི་པར་གཞན་ཞིག་ཨེ་ཡིན་སྙམ། པར་ལྔ་པ་ནི་སྤྱི་ལོ་2010ལོར་རྒྱ་གར་དུ་པར་དུ་བཏབ་པའི་གངས་ལྗོངས་བརྡ་དག་ཀུན་བཏུས་སུ་བཀོད་ཡོད། དེ་ནི་གཞི་གང་ལ་བཟུང་བའི་ཁུངས་སོགས་བརྗོད་མེད་མོད།  བོད་ལྗོངས་དཔེ་མཛོད་ཁང་གི་ལག་བྲིས་མ་དང་གཅིག་མཐུན་དུ་སྣང་བ་ཞིག་ཡིན། པར་དྲུག་པ་ནི་སྤྱི་ལོ་2012ལོར་རྒྱ་གར་དུ་པར་དུ་བསྐྲུན་པའི་བརྡ་དག་སྙན་ངག་སོགས་ཐ་སྙད་རིག་གནས་ཀྱི་གཞུང་གཅེས་བསྡུས་སུ་བཀོད་ཡོད། དེར་རྩོམ་སྒྲིག་པས་ཅུང་བཟོ་བཅོས་བརྒྱབ་སྟེ་གཞུང་གི་བསྟན་བྱའི་ས་བཅད་ལྔ་པོ་དབྱེ་བ་སོ་སོར་བགར་ཏེ་དཀར་ཆག་བཟོས་ཡོད་པ་ཞིག་རེད། དེ་ཉིད་གང་ལ་གཞིར་བཟུང་བ་བཀོད་མེད་མོད་གཞུང་གི་ཚིག་དོན་སོགས་ལ་བལྟས་ན་བོད་ལྗོངས་དཔེ་མཛོད་ཁང་གི་ལག་བྲིས་ལྟར་པར་དུ་བསྒྲིགས་པ་ཡིན་སྙམ།  པར་བདུན་པ་ནི་སྤྱི་ལོ་2014ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ་པའི་བོད་ཀྱི་བརྡ་སྤྲོད་ཕྱོགས་བསྒྲིགས་ཀྱི་པོད་བཅུ་དགུ་པར་བཞུགས་ཡོད། འདི་ཉིད་ཀྱང་པར་མ་གང་ཞིག་ལ་གཞིར་བཟུང་བ་སོགས་བཀོད་མེད་མོད། ཕན་ཚུན་གོ་བསྡུར་གྱིས་བལྟས་ན་ཕལ་ཆེར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་པར་དུ་བཏབ་ཡོད་པའི་རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་གསུང་ཆོས་སྐོར་ཞེས་པ་དེ་གཞིར་བཟུང་ཡོད་སྙམ། པར་བརྒྱད་པ་དེ་ནི་སྤྱི་ལོ་2000ལོར་མཚོ་སྔོན་ནང་བསྟན་རིག་གནས་ཞབས་ཞུ་ལྟེ་གནས་སུ་པར་དུ་བཏབ་པའི་རྔོག་བློ་ལྡན་ཤེས་རབ་ཀྱི་དག་ཡིག་ཉེར་མཁོ་བསྡུས་པ་བཞུགས་སོ་ཞེས་པའི་དེབ་རྐྱང་དེ་ཉིད་ཡིན། དེའང་གཞིར་འཛིན་སའི་ཁུངས་སོགས་བརྗོད་མེད་ལ་ཕལ་ཆེར་བོད་ལྗོངས་དཔེ་མཛོད་ཁང་གི་ལག་བྲིས་དེ་ཉིད་ཡིན་པར་ངེས་སོ།།

མདོར་ན་དག་ཡིག་འདིའི་ལྕགས་པར་གྱི་པར་གཞི་ལ་རྒྱལ་ནང་དུ་པར་དུ་བཏབ་པ་རིགས་དྲུག་ཙམ་དང་། རྒྱ་གར་དུ་པར་དུ་བཏབ་པ་རིགས་གཉིས་ཙམ་ཡོད་པ་སོགས་ཀྱི་མ་ཡིག་ནི་བོད་ལྗོངས་དཔེ་མཛོད་ཁང་གི་ལག་བྲིས་དེ་ཉིད་ལས་མེད་པར་འདོད་ལ། ཡིན་ནའང་ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་པ་དེ་ནི་པར་གཞི་གཞན་ཞིག་ཡིན་ནམ་སྙམ་པའི་ཐེ་ཚོམ་ཞིག་ཀྱང་ཡོད། དེ་བས་མིག་སྔར་གྱི་པར་གཞི་དག་ནི་ལག་བྲིས་མ་དེ་ལས་འདའ་མེད་པར་བལྟས་ན་དེ་ནི་ཕལ་ཆེར་དག་ཡིག་དེ་ཉིད་ཀྱི་མ་ཡིག་ཨེ་ཡིན་སྙམ་པའི་ངེས་པ་ཞིག་འདྲོངས་པ་ཡིན་ནོ།།

 

          གཉིས། 《དག་ཡིག་ཉེར་མཁོ་བསྡུས་པའི》གཞུང་དོན་ས་བཅད་ཀྱི་སྐོར།    

 

《དག་ཡིག་ཉེར་མཁོ་བསྡུས་པ》ཞེས་པ་འདིའི་གཞུང་གི་གྲུབ་ཚུལ་ནི་མཆོད་བརྗོད་དང་། གཞུང་དངོས། མཇུག་བསྡུས་པ་བཅས་ཀྱིས་གྲུབ་ཡོད། གཞུང་དངོས་ལའང་ས་བཅད་ཀྱི་རྣམ་པ་ལྔའི་སྒོ་ནས་བསྟན་ཡོད། ས་བཅད་དང་པོ་ནི་བསྟན་བཅོས་འདིའི་བརྗོད་བྱ་སྤྱིར་བསྟན་པ་སྟེ་བོད་ཀྱི་ཡི་གེའི་དབྱངས་གསལ་དང་། མགོ་འདོགས། འཕུལ་རྟེན། སྟེང་འོག་དང་འཕུལ་རྟེན་གྱི་མུ་བཞི་བཅས་ཀྱི་གྲངས་ངེས་གཏན་འཁེལ་བགྱིས་ཡོད། ས་བཅད་གཉིས་པ་ནི་གྲངས་ངེས་དེ་དག་རྒྱས་པར་བསྟན་ཏེ་དཔེར་བརྗོད་ཀྱི་སྒོ་ནས་ཞིབ་པར་བསྟན་ཡོད། ས་བཅད་གསུམ་པ་ནི་ཚིག་ཕྲད་ཀྱི་རིམ་པ་རྒྱས་པར་བསྟན་ཡོད་ལ། དེ་དག་ནི་རྣམ་དབྱེ་དྲུག་པ་དང་། ལ་དོན་གྱི་རྣམ་དབྱེ། ལྷག་བཅས། རྒྱན་སྡུད། ཅིང་ཞིང་ཤིང་གསུམ། མིང་མཐའ་པ་བའི་འཇུག་ཚུལ། འབྱེད་སྡུད། རྫོགས་ཚིག ཤད་ཀྱི་སྦྱོར་ཚུལ་སོགས་དཔེ་དང་བཅས་ནས་བསྟན་ཡོད། ས་བཅད་བཞི་པ་ནི་འཕུལ་ཡིག་དང་མཐའ་རྟེན་རྣམ་པར་ཕྱེ་ནས་བསྟན་ཡོད། དེ་ལའང་འཕུལ་ཡིག་སྤངས་པའི་མིང་27དང་། མཐའ་རྟེན་སྤངས་པའི་མིང་10དང་། མཐའ་རྟེན་གདམ་ང་ཅན་ཏེ་ལྷུག་པར་མི་ཐོབ་པ་དང་ཚིགས་བཤད་སྡེབ་སྦྱོར་སོགས་ཀྱི་དབང་གིས་ཐོབ་པའི་མིང་8ལྷག ཕྱི་མའི་ཤུགས་ཀྱིས་དྲངས་པའི་མིང་5བསྡུས་ཏེ་དཔེ་དང་བཅས་ནས་བསྟན་འདུག ས་བཅད་ལྔ་པ་ནི་དམིགས་བསལ་སོ་སོར་དབྱེ་བ་མཛད་པ་དེ་སྒྲ་ཉེས་པའི་མིང་གི་ཁྱད་པར་ཕྱེ་སྟེ་བསྟན་འདུག དེ་ལའང་སྒྲ་ཉེས་པའམ་སྒྲ་འདྲ་བའི་མིང་253ལྷག་ལ་བསྡུས་ཏེ་སོ་སོར་དབྱེ་ཡོད།

མདོར་ན་དག་ཡིག་འདིར་ཁྱོན་བསྡོམས་མིང་བརྡ་303ལྷག་བསྡུས་ཡོད་པ་མ་ཟད། རྣམ་དབྱེ་དང་ཚིག་ཕྲད་སོགས་ཐོབ་ཐང་གི་རྣམ་གཞག་ཆ་ཚང་བ་ཞིག་བསྟན་ཡོད། དེ་མིན་སུམ་ཅུ་པའི་རྩ་བར་དངོས་སུ་མ་བསྟན་པའི་ཚིག་ཕྲད་ཅིང་ཞིང་ཤིང་གསུམ་སོགས་ཀྱི་འཇུག་པ་བསྟན་ཡོད་པ་ནི་བོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་རྣམས་ཀྱི་ཐོག་མ་ཡིན་པར་ངེས་སོ། །ད་ལྟའི་དུས་སུ་རྩོད་གཞིར་གྱུར་ཡོད་པའི་མིང་མཐའི་པ་བའི་འཇུག་ཚུལ་ནི་ཕྱེད་སྔ་མ་ཕྲད་རང་དབང་ཅན་དང་ཕྱེད་ཕྱི་མ་ཕྲད་གཞན་དབང་ཅན་ཡིན་པ་གསལ་བ་དང་། ད་དྲག་གི་སྦྱོར་ཚུལ་ནི་འབྱེད་སྡུད་ཀྱི་སྐབས་སུ་རྗེས་འཇུག་ར་ཡིག་གི་རྗེས་སུ་མ་གཏོགས་ཏམ་མི་སྦྱོར་བ་དང་། རྫོགས་ཚིག་གི་སྐབས་སུ་རྗེས་འཇུག་ན་ར་གཉིས་ཀྱི་རྗེས་སུ་མ་གཏོགས་ཏོ་མི་ཐོབ། དེ་མིན་ཤད་ཀྱི་འཇོག་སྟངས་ལ་སོགས་གསལ་པོར་བཀོད་ཡོད་པ་ནི་བསྟན་བཅོས་འདི་ཉིད་ཐོག་མར་འཁུམ་མོ། །གཞན་ད་དུང་དབྱངས་བཞི་ལ་“གུ་གུ་ཞབས་ཀྱུ་ན་རོ་འགྲེང་བུ་རྣམས་ནི་བུ་བཞི་སྟེ་”[11]ཞེས་པའི་མིང་འདོགས་མཛད་ཅིང་། སྐད་གསར་བཅད་ཀྱི་དབང་གིས་རྗེས་འཇུག་འ་ཡིག་དོར་བའི་མཐའ་ཆོད་ཀྱི་སྡོམ་ཚིག་ལྟ་བུ་སྟེ“རྐྱང་པ་འཕུལ་ལ་འ་མཐའ་དགོས། །བརྩེགས་པ་བུ་དྲུག་ཅན་ལ་སྤང་། །དེ་ཕྱིར་འ་ནི་མཐའ་རྟེན་ཕྱེད། །འི་དང་འང་སོགས་ཚེག་བར་མིན། །”[12]ཞེས་དང་། ཤད་ཀྱི་འཇོག་སྟངས་གཅིག་གྱུར་ཐད་ལའང་“དེ་རྣམས་ཕལ་ཆེར་ཉིས་ཤད་དང་། །ལེའུའི་མཚམས་སོགས་བཞི་ཤད་འཐོབ། །རྐྱང་ཤད་དང་ནི་ཚེག་ཤད་དག །ཐོབ་ཚུལ་སྐབས་དང་སྦྱར་ལ་དཔྱད། །ག་ཡི་རྗེས་སུ་ཆིག་ཤད་དང་། །ཤད་གང་ཕལ་ཆེར་ཕྱི་ཚེག་སྤང་། །”[13]ཞེས་པའི་བསྡོམས་མཛད་དེ་གཏན་ཆགས་ཚད་ལྡན་ཅན་དུ་གཏན་ལ་འཁེལ་བ་སོགས་བསྟན་བཅོས་འདིར་བསྡུས་ཡོད་དོ། །

 

          གསུམ། 《དག་ཡིག་ཉེར་མཁོ་བསྡུས་པའི》རིན་ཐང་གི་སྐོར།    

 

《དག་ཡིག་ཉེར་མཁོ་བསྡུས་པ》འདི་ལ་རིན་ཐང་མི་དམན་པ་དུ་མ་ཡོད་པར་འདོད་དེ། དེར་ཚད་ལྡན་ཡིག་ཚང་གི་རིན་ཐང་དང་། ཁ་བསྐངས་ལོ་རྒྱུས་ཀྱི་རིན་ཐང་། གཏན་འབེབས་གཏན་ཆགས་ཀྱི་རིན་ཐང་། ཁུངས་འཚོལ་བརྩད་ཞིབ་ཀྱི་རིན་ཐང་བཅས་ལྡན།

 

           1.ཚད་ལྡན་ཡིག་ཚང་གི་རིན་ཐང་།    

 

དག་ཡིག་ཉེར་མཁོ་བསྡུས་པ་འདི་ནི་དུས་ཀྱི་ཆ་ནས་དུས་རབས་བཅུ་གཅིག་ནང་དུ་གྲུབ་པའི་བསྟན་བཅོས་ཤིག་ཡིན་པས་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་། སྐད་གསར་བཅད་རྗེས་ཀྱི་བོད་ཀྱི་དག་ཡིག་གི་རྣམ་པ་ཐོག་མ་ལྟ་བུར་ཆགས་ཡོད། དུས་རབས་བཅུ་གཅིག་པའི་སྔོན་གྱི་བོད་ཀྱི་སྐད་ཡིག་གི་རྣམ་པའི་འགྱུར་བ་སྟེ། མིང་བརྡའི་བཀོད་སྤྱོད་ཀྱི་འཁྲུལ་ཉེན་དང་། སུམ་རྟགས་ཐོབ་ཐང་གི་སྦྱོར་ཚུལ། མིང་མཐའ་པ་བའི་སྤྱོད་ཚུལ། ཤད་ཀྱི་འཇུག་ཚུལ་ལ་སོགས་པའི་གནད་རྣམས་ཡང་དག་པའི་སྒོ་ནས་མཐའ་ཆོད་ཀྱི་སྡོམ་ལྟ་བུར་བསྡུས་ཏེ་བཀོད་ཡོད། དེ་མིན་སྐད་ཡིག་གི་བྱུང་འཕེལ་གྱི་རིམ་པ་སོགས་ལ་དཔྱད་ཞིབ་བགྱིས་པ་ནི་འདི་ལས་སྔ་བ་མེད་པས་དག་ཡིག་འདི་ཉིད་ནི་བརྡ་སྤྲོད་ཀྱི་བསྟན་བཅོས་གྲགས་ཆེ་བ་ཞིག་ཡིན་ཞིང་། བོད་སིལ་བུར་ཐོར་དུས་ཀྱི་ཚབ་མཚོན་དུ་རུང་ཞིང་ཕྱིས་ཀྱི་སྐད་བརྡ་སྨྲ་བར་ཤུགས་རྐྱེན་ཆེན་པོ་ཐེབས་པའི་ཚད་ལྡན་དུ་འཁུམས་པས། ཡིག་ཚང་གི་རིན་ཐང་ཆེས་ཆེར་ལྡན་པ་ཞིག་ཡིན། དེའི་སྐོར་རྗེ་འཇིགས་མེད་རིགས་པའི་བློ་གྲོས་ཀྱི་ཐོན་མིའི་ཞལ་ལུང་དུའང་བསྟན་བཅོས་འདི་ཉིད་བསྟན་པ་ཕྱི་དར་སྐབས་ཀྱི་དག་ཡིག་ཆེས་སྔ་ཤོས་སུ་བགྲངས་ཡོད་པས་ཀྱང་ཤེས་ནུས་སོ།  །

 

          2.ཁ་བསྐངས་ལོ་རྒྱུས་ཀྱི་རིན་ཐང་།   

 

དག་ཡིག་འདི་ཉིད་དུ་སློབ་དཔོན་ཐོན་མིས་སུམ་རྟགས་ཀྱི་རྩ་ཚིག་སོགས་སུ་དངོས་སུ་མ་བསྟན་པའི་རིགས་ཏེ། དབྱངས་བཞིའི་མིང་འདོགས་དང་། མགོ་འདོགས་ཡི་གེའི་གྲངས་ངེས། ཨི་ལྡན་གྱི་རྣམ་དབྱེ་མ་འདུས་པའི་ཕྲད་གཞན་དབང་ཅན་གྱི་ཐོབ་ཐང་། རྗེས་འཇུག་ལཡིག་གི་འཇུག་ཚུལ། མིང་མཐའ་པ་བའི་སྦྱོར་ཚུལ་གྱི་ཕྱེད་སྔ་མ་གཞན་དབང་དང་ཕྱེད་ཕྱི་མ་རང་དབང་ཡིན་ཚུལ། ཚིག་ཕྲད་ཅིང་ཞིང་ཤིང་གསུམ་གྱི་སྦྱོར་ཚུལ། ཆིག་ཤད་དང་ཉིས་ཤད། བཞི་ཤད། རྐང་པ་ཅན་གྱི་ག་མཐར་ཤད་འཇོག་སྟངས་སོགས་གཞུང་འདིར་ཐོག་མར་བསྟན་ཡོད་པས་དགེ་རྒན་ཆེ་མོ་དུང་དཀར་པ་ཚེ་དབང་རྡོ་རྗེ་ནས་ཀྱང་བོད་ཀྱི་ལོ་རྒྱུས་ཁྲོད་ཀྱི་བརྡ་སྤྲོད་པའི་བསྟན་བཅོས་“སུམ་རྟགས་ཀྱི་རྩ་ཚིག་གི་ལྷན་ཐབས་དང་ཁ་སྐོང་”[14]ལྟ་བུ་ཡིན་ཞེས་བརྗོད་ཡོད་པའང་མཁས་པའི་ལེགས་བཤད་འབའ་ཞིག་གོ ། དེ་བས་བསྟན་བཅོས་འདི་ནི་བོད་ཀྱི་སྐད་ཡིག་གི་བརྡ་སྤྲོད་ལོ་རྒྱུས་ཁྲོད་མེད་པ་ཁ་གསབ་དང་ཡོད་པ་ཇེ་རྒྱས་ཇེ་ལེགས་སུ་བཏང་སྟེ། བོད་ཀྱི་སྐད་ཡིག་བཀོད་སྤྱོད་ཚད་ལྡན་ཅན་དུ་བསྐྱོད་པའི་དན་རྟགས་ཤིག་ཀྱང་ཡིན།

ཕྱོགས་གཞན་ཞིག་བཤད་ན་དག་ཡིག་འདི་ནི་མིང་ཚིག་ཡི་གེ་གསུམ་གྱི་དག་ཆ་འབྱིན་པའི་གནད་རྣམས་བསྡུས་ཡོད་པའི་རྩོམ་སྲོལ་གསར་པ་ཞིག་ཡིན། དེའི་གོང་རོལ་དུ་འདི་ལྟ་བུའི་མིང་ཚིག་ཡི་གེ་གསུམ་གྱི་དོན་རྣམས་གཅིག་བསྡུས་སུ་བཀོད་པའི་དག་ཡིག་རྩོམ་སྲོལ་བྱུང་མེད་པ་དང་། སུམ་རྟགས་རྗེས་ཀྱི་བོད་ཀྱི་མཁས་པས་བརྩམས་པའི་བརྡ་སྤྲོད་པའི་བསྟན་བཅོས་རྒྱས་ཤོས་ཐོག་མའང་འདི་ཉིད་ཡིན། དེ་བས་བསྟན་བཅོས་འདི་ལ་ཆད་པ་ཁ་བསྐངས་དང་མེད་པ་ཁ་བསྐངས་ཀྱི་ལོ་རྒྱུས་རིན་ཐང་ཆེས་ཆེར་ལྡན་པས་མཁས་དབང་གླང་རི་བ་ཐུབ་བསྟན་སྦྱིན་པས་ཀྱང་“འདི་ནི་དག་ཡིག་ཙམ་མ་ཡིན་པར་བརྡ་སྤྲོད་པའི་གཞུང་རང་དུ་ངོས་འཛིན་དགོས་”[15]ཚུལ་གསུངས་ཡོད་པས་ཀྱང་ཤེས་ཐུབ་བོ། །

 

          3.གཏན་འབེབས་གཏན་ཆགས་ཀྱི་རིན་ཐང་།    

 

བོད་ཀྱི་སྐད་ཡིག་འཕེལ་རིམ་གྱི་ལོ་རྒྱུས་ལ་བལྟས་ཚེ་དག་ཡིག་འདི་ནི་མི་གླེང་ཐབས་མེད་ཀྱི་ཡིག་ཆ་གལ་ཆེན་ཞིག་ཡིན། བོད་བཙན་པོའི་རྒྱལ་རབས་སྐབས་ཀྱི་སྐད་ཡིག་བཀས་བཅད་ཀྱི་ནང་དོན་དང་རྣམ་པ་སོགས་ལས་མཐོང་མི་ཐུབ་པའི་དཀའ་བའི་དོགས་གཞི་མང་པོ་ཞིག་གཞུང་འདིར་གསེད་དཀྲོལ་གཏན་འབེབས་ཀྱིས་ཚུལ་དུ་བསྡུས་ཡོད། དེར་མ་ཟད་སྐད་གསར་བཅད་གསུམ་པའི་སྐབས་གཏན་ལ་ཕབ་པའི་ནང་དོན་དང་བཀའ་བསྟན་བསྒྱུར་ཞུས་ཀྱི་ཡིག་སྲོལ་གཅིག་གྱུར་གྱི་གཞི་བཅོལ་ས་རུ་གྱུར་ཡོད་པའང་རྟོགས་ཐུབ། ཁོང་གིས་དུས་རབས་བཅུ་གཅིག་པའི་ཡར་སྔོན་དུ་སྐད་ཡིག་བཀོལ་སྤྱོད་ཀྱི་སྣང་ཚུལ་མང་པོར་དབྱེ་ཞིབ་ཀྱིས་གཏན་འབེབས་མཛད་ཡོད་དེ། གོང་དུ་བརྗོད་ཟིན་པ་ནང་བཞིན་བོད་ཀྱི་དབྱངས་ཡིག་གི་དོད་རྟགས་བཞི་པོར་གི་གུ་དང་། ཞབས་ཀྱུ། འགྲེང་བུ།ན་རོ་ཞེས་པའི་མིང་འདོགས་མཛད་པ་དང་། སྒྲ་གདངས་འཕེལ་འགྱུར་གྱི་དབང་གིས་རྗེས་འཇུག་འ་ཡིག་ཟོར་ཡང་པའི་དོར་ཤུལ་གྱི་རྗེས་འཇུག་འ་དང་ཚིག་ཕྲད་འི་གཉིས་ཀྱི་ཁྱད་པར་ཤེས་བྱེད་དུ་རྐྱང་པ་འཕུལ་ལ་འ་མཐའ་དགོས། །བརྩེགས་པ་བུ་དྲུག་ཅན་ལ་སྤང་། །དེ་ཕྱིར་འ་ནི་མཐའ་རྟེན་ཕྱེད། །འི་དང་འང་སོགས་ཚེག་བར་མིན། །ཞེས་པ་དང་། མིང་མཐའི་པ་བའི་འཇུག་ཚུལ་ལའང་ག་ད་བ་ས་ན་མ་ནི། །ཟག་པ་མེད་པའི་བྱ་བ་ནི། །ཐོབ་པ་ཉེས་པ་ལས་གྲོལ་ནས། །འགྲོ་ལ་ཕན་པའི་བསམ་པར་གནས། །ང་ལར་ལ་འདོགས་ཅན་དང་། །རྐྱང་པའི་རྗེས་སུ་བ་ཕྱེད་ཝར། །འབོད་པ་རྣམས་ལ་བ་སྦྱར་ཞིང་། །གཞན་ལ་པ་ཉིད་སྦྱར་ཏེ་དཔེར། །ཞེས་དང་། སྲོག་རྐྱེན་ཡི་གེའི་ཐད་ལའང་དེ་རྣམས་ཕལ་ཆེར་ཉིས་ཤད་དང་། །ལེའུའི་མཚམས་སོགས་བཞི་ཤད་འཐོབ། །རྐྱང་ཤད་དང་ནི་ཚེག་ཤད་དག །ཐོབ་ཚུལ་སྐབས་དང་སྦྱར་ལ་དཔྱད། །ག་ཡི་རྗེས་སུ་ཆིག་ཤད་དང་། །ཤད་གང་ཕལ་ཆེར་ཕྱི་ཚེག་སྤང་། །ཞེས་པ་ལ་སོགས་པའི་སྔ་རབས་པའི་སྐད་ཡིག་འབྲི་སྲོལ་ཀྱི་རྣམ་པ་མ་ངེས་པ་དག་གཅིག་གྱུར་ཚད་ལྡན་དུ་བཟོས་ཏེ་གཏན་འབེབས་མཛད་པ་མ་ཟད། མིང་བརྡའི་སྒྲིག་གཞིའི་གྲུབ་སྟངས་ལའང་རིགས་སློང་གི་ཚུལ་དུ་ཏིང་ངེ་འཛིན་དང་འགྱུར་རོ་དང་། །གཞོན་ནུས་ཆུང་ངུ་ཉུང་ངུ་སོགས། །ཕྱི་མའི་ཚིག་གི་ཤུགས་དག་གིས། །ཅུང་ཟད་ཕན་པས་ངེས་པར་སྦྱོར་ཞེས་པའི་མིང་གི་གྲུབ་སྟངས་ཀྱི་གནད་གཙོ་བོ་ཞིག་ཀྱང་བསྟན་ཡོད། མདོར་ན་གོང་དུ་བརྗོད་ཟིན་པའི་གནས་རྣམས་གཏན་འབེབས་མཛད་པ་ནས་བཟུང་ཕྱི་རབས་ཀྱི་བརྡ་སྤྲོད་སྨྲ་བ་དག་གིས་ཁོང་གི་ལུགས་དེ་ཉིད་གཏན་ཆགས་སུ་མཛད་དེ་བརྡ་སྤྲོད་དང་དག་ཡིག་གི་གཞུང་མང་དུ་བརྩམས་ཡོད་དོ། །

 

          4.ཁུངས་འཚོལ་རྩད་ཞིབ་ཀྱི་རིན་ཐང་།   

 

དུས་རབས་བཅུ་གཉིས་པའི་རྗེས་སུ་བྱུང་བའི་སུམ་རྟགས་གཉིས་ཀྱི་འགྲེལ་པ་དང་། དག་ཡིག་གི་གཞུང་མང་པོ་བྱུང་ཡོད་པ་དག་གིས་བསྟན་བཅོས་འདི་ཉིད་ལུང་ཁུངས་སུ་བཅོལ་ཏེ་རྒྱས་སྤྲོས་ཅི་རིགས་མཛད་ཡོད། དོགས་གནས་ཅན་གྱི་མཐའ་ཆོད་ཀྱི་སྡོམ་ཚིག་དག་དང་མིང་བརྡའི་བརྡ་དག་གི་དག་ཆའི་དཔེར་བརྗོད་ལ་ཁོང་གིས་བསྡུས་པ་དེ་ཉིད་ཇི་བཞིན་དུ་བཀོད་ཡོད་པའི་རིགས་ཀྱང་ཤིན་ཏུ་མང་། བོད་ཕྱི་རབས་པའི་སྐད་ཡིག་ལ་ཞིབ་འཇུག་བྱེད་མཁན་དག་གིས་རྩད་འདེད་ཁུངས་འཚོལ་གྱི་རིགས་ལམ་སྤྱད་དེ་ཞིབ་འཇུག་གི་ལས་བགྱིས་པ་ཡིན་པས་གནད་དོན་གང་ཞིག་ཡིན་རུང་ཐོག་མར་བྱུང་བའི་བསྟན་བཅོས་སམ་བརྗོད་མཁན་གྱི་མཁས་པ་བརྩད་གཅོད་བྱས་ཏེ་ཁུངས་འཚོལ་གྱིན་ཡོད། དེ་བས་བསྟན་བཅོས་འདི་ཉིད་ནང་གནད་དོན་མང་པོ་ཞིག་ལ་ཐོག་མར་མཐའ་ཆོད་ཀྱི་སྡོམ་ཚིག་མཛད་ཡོད་པས་ཐོག་མ་མང་པོ་ཞིག་གི་ཁུངས་ལུང་འདིར་གཏུགས་ཡོད་པས་ཁུངས་འཚོལ་བརྩད་ཞིབ་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་བསྟན་བཅོས་ཉིད་དུ་མཐོང་ངོ་།།

 

          གསུམ་པ། 《དག་ཡིག་ཉེར་མཁོ་བསྡུས་པ》ལས་མངོན་པའི་དག་ཡིག་ཞིབ་བརྗོད་ཀྱི་རྣམ་པ།    

 

བསྟན་བཅོས་འདིར་བསྡུས་པའི་དག་ཡིག་ཞིབ་བརྗོད་ཀྱི་རྣམ་པ་ནི་བཙན་པོའི་སྐབས་སུ་བྱུང་བའི་མིང་བརྡ་དག་ཕུད་གཅིག་གྱུར་བྱེད་པའི་《སྒྲ་སྦྱོར་བམ་གཉིས》དང་《བྱེ་བྲག་རྟོགས་བྱེད་ཆེན་མོའི》རྣམ་པ་དང་མི་མཚུངས་ལ། ལོ་ཙཱ་བ་སྐ་བ་དཔལ་བརྩེགས་དང་། ཅོག་རོ་ཀླུའི་རྒྱལ་མཚན་གཉིས་ཀྱིས་སྐད་གསར་བཅད་དུ་བཅོས་པའི་《བརྡའ་དག་ལྡེ་མིག》གི་སྒྲིག་སྲོལ་དང་ཡང་མི་མཐུན། བསྟན་བཅོས་འདིའི་སྒྲིག་སྟངས་ཀྱི་རྩོམ་སྲོལ་གྱི་རྣམ་པ་ནི་བསྟན་བཅོས་རྩོམ་པའི་ལུགས་ལྟར་ཀླད་ཀྱི་དོད་དུ་མཆོད་བརྗོད་དང་རྩོམ་པར་དམ་བཅའ་བ། གཞུང་དངོས་ལ་སྤྱིར་བསྟན་པ་དང་རྒྱས་པར་བསྟན་པ། མཇུག་བསྡུ་བ་ལ་བསྐུལ་བ་དང་རྩོམ་མཁན་གྱི་མཚན་བཅས་ཕྱོགས་གསུམ་ཀ་ཚང་བའི་སྒོ་ནས་སྤེལ་ཡོད། ཞིབ་བརྗོད་ཀྱི་རྣམ་པ་དེའང་ཕྱོགས་དུ་མ་ནས་བསྟན་ཡོད་དེ།

 

          གཅིག  ལུས་ཚིགས་བཅད་ལ་གཞོལ་ཏེ་སྡེབ་སྒྲིག་པའི་རྣམ་པ།    

 

བསྟན་བཅོས་འདིའི་སྒྲིག་སྲོལ་ནི་བོད་བཙན་པོའི་སྐབས་ཀྱི་མིང་བརྡའི་དག་ཕུད་ཀྱི་སྐད་གཉིས་ཤན་སྦྱོར་རམ་སྐད་རྐྱང་གི་མིང་བརྡ་ལྷུག་པོའི་སྒོ་ནས་བརྗོད་པ་མ་ཡིན་པར་དོན་ཚན་སོ་སོའི་བཤད་བྱ་མ་གཏོགས་ཡོད་ཚད་ཚིགས་བཅད་ཀྱི་ལུས་ལ་བཅིངས་ཏེ་སྒྲིག་ཡོད། དཔེར་ན། “དེ་ལ་དང་པོ་ནི། ཡི་གེ་སུམ་ཅུ་བུ་ནི་བཞི། །ཡ་བཏགས་བདུན་དང་ར་བཏགས་བཅུ། །དེ་བཞིན་འོག་ཏུ་ལ་བཏགས་དྲུག །ཝ་བཏགས་རྣམ་པ་བཅུ་གཉིས་དང་། །”[16]ཞེས་དང་། “བས་ཕུལ་བཅད་པ་དུམ་བུར་རོ། །ར་རྦ་ས་སྦ་ལ་ཝ་རྣམས། །ཆུ་རྟགས་མི་མངོན་མགུལ་བའི་རྒྱན། །”[17]ཞེས་པ་ལྟ་བུ་སོགས་བསྟན་བཅོས་ཀྱི་རྩོམ་ལུས་ཡོད་ཚད་བདུན་ཚིག་གི་སྒོ་ནས་བརྗོད་ཡོད་པ་རེད།

གཉིས། བསྟན་བྱའི་གཞུང་དོན་གྱི་སྡོམ་སྔོན་དུ་བཀོད་པའི་རྣམ་པ།

བསྟན་བཅོས་གང་དང་གང་ཞིག་ཡིན་རུང་བསྟན་བྱའི་གཞུང་དོན་གྱི་སྤྱི་ཁོག་ངེས་དགོས་པ་ནི་གཞུང་ལ་གོ་བ་ལོན་བདེ་བའི་ཆེད་དུ་ཡིན། དག་ཡིག་འདིར་བསྟན་བྱའི་དོན་གྱི་སྡོམ་ཚིག་སྔོན་དུ་བཀོད་དེ་ད་གཟོད་དེ་དག་རེ་རེ་བཞིན་རྒྱས་པའི་སྒོ་ནས་སོ་སོར་བཀྲལ་ཡོད་པ་ཞིག་རེད། དཔེར་ན། “དེ་ལ་བསྟན་བཅོས་འདིའི་སྡོམ་ཚིག་ནི། སྤྱིར་བསྟན་གྲངས་ངེས་ཚིག་ཕྲད་དང་། །འཕུལ་དང་བརྟེན་པའི་སྤང་བླང་དང་། །དམིགས་བསལ་སོ་སོར་དབྱེ་བ་སྟེ། །རྣམ་པ་ལྔ་ཡིས་བསྡུས་པ་ཡིན། །”[18]ཞེས་བསྟན་བཅོས་ཀྱི་དབུ་ལ་གཞུང་དོན་སྤྱི་ཁོག་གི་རྣམ་གྲངས་བཀོད་ཡོད་པས་གཞུང་དངོས་ཞིབ་པར་མ་བལྟས་ཀྱང་བསྟན་དོན་རགས་རིམ་ཞིག་ཡིད་ལ་ངེས་ཐུབ་པ་རེད། དེ་ནས་ད་གཟོད་རིམ་བཞིན་བཤད་བྱའི་གཞུང་གི་དོན་རྣམས་ས་བཅད་ཀྱི་སྒོ་ནས་སོ་སོར་མ་འདྲེས་པར་ཞིབ་རྒྱས་སུ་བསྟན་ཡོད་པ་ཞིག་ཡིན། གཞུང་དོན་གྱི་སྡོམ་སྔོན་དུ་བཀོད་པའི་རྣམ་པ་འདིར་བལྟས་ན་བོད་ཀྱི་མཁས་པས་བརྩམས་པའི་འཆད་པའི་རྣམ་གཞག་དག་ཏུའང་བསྟན་དོན་ངེས་པའི་ཆེད་དུ་སྤྱི་དོན་འགོད་པའི་ཐབས་ཤིག་ཡོད་པ་དེའང་འདི་ལ་བལྟས་ཏེ་བརྗོད་པ་མིན་ནམ་སྙམ།

 

          གསུམ། བསྟན་དོན་གྲངས་བཅད་དཔེར་བརྗོད་དང་བཅས་ཏེ་བཀོད་པ།   

 

དག་ཡིག་འདི་རུ་ཡི་གེའི་མགོ་འདོགས་དང་ཚིག་ཕྲད་ཀྱི་འཇུག་པ་སོགས་ལ་གྲངས་ངེས་ཀྱིས་མཐའ་སྡོམ་བཀོད་དེ་དེ་དག་ལ་དེར་མཐུན་གྱི་མིང་གི་གུང་བསྒྲིགས་ཏེ་དཔེར་བརྗོད་ཆ་ཚང་བའི་སྒོ་ནས་བསྟན་ཡོད་པ་ཞིག་ཡིན། དཔེར་ན། “ཡ་བཏགས་བདུན་དང་ར་བཏགས་ནི། །བཅུ་ཉིད་བཤད་པ་དེ་དག་དཔེར། །ཀྱེ་མ་གྲོགས་ཁྱོད་ཆང་ལ་དགྱེས། །རྟོག་དཔྱོད་ཕྱོགས་བཅུར་བྱེད་ཅིང་མྱོང་། །བཀྲ་ཤིས་འཁྲིགས་པའི་གྲྭ་ས་འདིར། །དྲ་སྒོས་སྤྲས་པའི་འཕྲེད་སྒོ་ཅན། །ཕོ་བྲང་ནང་ནས་སྨྲ་མཁན་བྱ། །སྐེ་བ་བསྲིང་ནས་ཧྲིག་གེར་བལྟ།།”[19]ཞེས་དང་། “ག་ད་བ་མཐར་ཅེ་ན་དང་། །ས་མཐར་ཤེ་ན་སྦྱར་ཏེ་དཔེར། །སུ་འདུག་ཅེ་ན་བླ་མ་བཞུགས། །ཅི་འཆད་ཅེ་ན་གདམས་པ་སྟེ། །གང་ཟབ་ཅེ་ན་སྤྲོས་བྲལ་ཆོས། །སུས་ཐོས་ཤེ་ན་བདག་གིས་ཐོས། །”[20]ཞེས་པ་ལྟ་བུ་སོགས་གང་དང་གང་ལ་གང་སྦྱོར་བ་དང་གང་འཐོབ་པ་བཅས་གྲངས་ངེས་པའི་་སྒོ་ནས་དཔེར་བརྗོད་མཛད་དེ་ཆ་ཚང་བར་བཀོད་ཡོད།

 

          བཞི། སྒྲ་འདྲ་ཉེ་ཕྱོགས་མཚུངས་སུ་བསྡུས་ཏེ་དོན་སོ་སོར་ཕྱེ་སྟེ་བཀོད་པ།    

 

སྤྱི་ཚོགས་འཕེལ་རྒྱས་ཀྱི་དབང་གིས་སྐད་བརྡའང་རིམ་བཞིན་འཕེལ་འགྱུར་བྱུང་སྟེ་དུས་རབས་བཅུ་གཅིག་གི་ཡས་མས་སུ་སྒྲ་གདངས་ལ་འགྱུར་བ་བྱུང་སྟེ་སྐྱེས་བུ་གང་ཞིག་གིས་ཡི་གེའི་སྒྲ་ངག་ནས་བརྗོད་པའི་ཚེ་འཕུལ་རྟེན་དང་མགོ་འདོགས་སོགས་ཀྱི་སྒྲ་ཟུར་ཉམས་དམས་སུ་ཕྱིན་པས་དེ་དག་གི་དོན་མི་ནོར་བའི་ཆེད་དུ་སྒྲ་འདྲ་བ་དང་ཉེ་བའི་མིང་བརྡ་སྐོར་ཞིག་ལྷན་དུ་བསྡུས་ནས་དེ་དག་གི་དོན་གྱིས་ཟུར་བརྒྱན་ནས་བཀོད་ཡོད།དཔེར་ན། “ར་རྐ་ད་དཀའ་སྐ་རྣམས། །ཆུ་ལམ་མི་ནུས་ལྕེ་ཡི་ཡུལ། །བ་འོག་བཀའ་ནི་རྒྱཁ་་བའི་གསུང་།།”[21]ཞེས་པ་དང་། “འོད་གསལ་བ་ནི་ག་གསལ་ཡིན། །སྐྱོན་བསལ་བ་ནི་བ་བསལ་ཏེ། །ག་གྲན་རན་པ་ལ་སོགས་ཏེ། །ད་དྲན་སྔར་བྱས་སེམས་ལ་ཤར། །བ་བྲན་ཞེས་བྱ་གཡོག་གི་མིང་། །”[22]ཞེས་པ་ལྟ་བུ་སོགས་མིང་བརྡ་སྒྲ་འདྲ་བ་དག་མཉམ་དུ་བསྡུ་རུབ་སྒོས་དེ་དག་གི་དོན་ཅི་ཡིན་གསལ་བརྗོད་བྱས་ཏེ་བཀོད་ཡོད་པ་རེད།

 

          ལྔ། སྐབས་དོན་མི་འཁྲུལ་བར་ཤད་ཀྱིས་རྒྱ་བཏབ་སྟེ་བཀོད་པ།   

 

བོད་ཀྱི་གནའ་རབས་ཀྱི་བསྟན་བཅོས་དག་རྩོམ་པའི་དུས་ན་རྒྱ་རིམ་པ་བདུན་དུ་ཕྱེ་ཏེ་སོ་སོའི་བྱེད་ནུས་ལྟར་བཀོད་ཡོད་པ་ནང་བཞིན། བསྟན་བཅོས་འདིར་ཡང་དོན་ཚན་སོ་སོ་མི་འཁྲུལ་མི་ནོར་བའི་ཆེད་དུ་དོན་ཚན་རྫོགས་མཚམས་སུ་བཞི་ཤད་དང་། དོན་ཆུང་དང་དཔེར་བརྗོད་ཁ་གསལ་ཡོང་བའི་ཆེད་དུ་ཆིག་ཤད་དང་། ཉིས་ཤད་གང་ཐོབ་ཀྱི་བར་དུ་སྦྲུལ་ཤད་ཀྱིས་བཅད་དེ་བཀོད་ཡོད་པས་བསྟན་བྱའི་དོན་རྣམས་མ་འདྲེས་པར་གསལ་ལྷང་ངེར་ངེས་ཐུབ། དཔེར་ན། “ཇི་ལྟར་ཐོབ་ཚུལ་རིམ་བཞིན་བཤད་པ་ནི། ད་བ་ས་ཀྱི་ག་ང་གི།”[23]ཞེས་དང་། “ཀ་དང་ག་དང་ང་བཞིན་ནོ། །ཞེས་པ་ནི་གྲངས་ངེས་རྒྱས་པར་བསྟན་པའོ། །དེ་ནི་ཡི་གེ་སྔ་མའི་ཤུགས་ཀྱིས་རྗེས་འཇུག་ཏུ་ཚིག་འདི་དང་འདི་འཇུག་གོ །”[24]ཞེས་པ་ལྟ་བུ་ལ་སོགས་པའི་དོན་རྣམས་མི་འཁྲུལ་བར་བལྟ་བདེ་བའི་སྒོ་ནས་བཀོད་ཡོད་དོ།།

 

          མཇུག་བསྡུ་བ།    

 

རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་མཆོག་ནི་བོད་ཀྱི་ལོ་རྒྱུས་ཐོག་ནང་བསྟན་དར་སྤེལ་དང་རིག་གནས་འཕེལ་འགྱུར་གྱི་འཛུགས་སྐྲུན་ཁྲོད་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་ལོ་པཎ་ཞིག་ཡིན་པ་མ་ཟད། བོད་དུ་འགྱུར་བའི་བཀའ་བསྟན་ཁྲོད་ཀྱི་གཞུང་བསྒྱུར་བ་མང་ཤོས་དང་མཁས་ཤོས་ཡིན་པ་ནི་དུང་དཀར་ཚིག་མཛོད་དུ་གསུངས་པ་ནང་བཞིན་རེད། ཁོང་གིས་བོད་ཀྱི་རིག་གནས་ལོ་རྒྱུས་ཁྲོད་སྒྲ་ཚད་ཕར་ཕྱིན་སོགས་ཀྱི་བསྟན་བཅོས་ཐོག་མ་དག་མཛད་དེ་བོད་ཀྱི་རིག་གནས་ལམ་ཆེན་ཁྲོད་སྣེ་ཁྲིད་མཁན་གཙོ་བོར་གྱུར་ཡོད། དེ་བས་དཔའ་བོ་གཙུག་ལག་ཕྲེང་བས་ཀྱང་ཁོང་ནི་བཀའ་བསྟན་འགྱུར་ཐམས་ཅད་ཐུགས་ལ་མངའ་ཞེས་པའི་གདེང་འཇོག་ཚད་མཐོ་གནང་བའང་དོན་ལ་གནས་པ་ཞིག་རེད། ཁོང་གིས་མཛད་པའི་《དག་ཡིག་ཉེར་མཁོ་བསྡུས་པ》ནི་བོད་དུ་བྱུང་བའི་དག་ཡིག་ཆེས་སྔ་བའམ་ཐོག་མ་ལྟ་བུ་ཡིན་པ་དང་། སུམ་རྟགས་རྩ་བ་བརྩམས་རྗེས་ཀྱི་བོད་ཀྱི་མཁས་པས་བརྩམས་པའི་བརྡ་སྤྲོད་ཀྱི་གཞུང་ཐོག་མ་དེའང་ཆགས་ཡོད་སྙམ། གང་ལྟར་ཁོང་གི་དག་ཡིག་འདི་ནི་བོད་ཀྱི་ཡི་གེ་མགོ་འདོགས་འཕུལ་རྟེན་དང་། ཚིག་ཕྲད་ཀྱི་ཐོབ་ཐང་ལ་སོགས་བཙན་པོའི་སྐབས་དང་དེའི་རྗེས་སུ་གཅིག་གྱུར་དང་ཚད་ལྡན་དུ་མ་སོན་པའི་སྔ་མའི་ལུགས་རྣམས་ཕྱོགས་བསྡུས་སྒོས་དབྱེ་ཞིབ་དཔྱད་སྡོམ་མཛད་དེ་གཏན་ལ་ཕབ་པའི་ཉིང་ཁུ་ལྟ་བུ་ཡིན་པས་བོད་ཀྱི་བརྡ་སྤྲོད་པའི་སྦྱོར་ལུགས་གཅིག་གྱུར་ཚད་ལྡན་དུ་བཟོས་པའི་དན་རྟགས་ཉིད་དུ་འཁུམས་སོ། །

   མཆན་འགྲེལ།

[1] འབྲས་ལྷ་རམས་པ་ངག་དབང་དཔལ་བཟང་། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་མདོར་བསྡུས། [J] བོད་ལྗོངས་ནང་བསྟན། 2015ལོའི་དུས་དེབ་དང་པོ། ཤ29

[2]བཀའ་གདམས་གསུང་འབུམ་ཕྱོགས་བསྒྲིགས། [G]ཐེངས་དང་པོ། གློག་རྡུལ་སྣ་རིང་། ཤ81

[3]འབྲས་གཙང་བསྟན་འཛིན་ཐབས་མཁས། གངས་ལྗོངས་བརྡ་དག་ཀུན་བཏུས། [M] རྒྱ་གར་དུ་པར་དུ་བཏབ། 2010ལོར། ཤ10

[4]དུང་དཀར་པ་ཚེ་དབང་རྡོ་རྗེ། རྔོག་ལོ་ཙཱ་བ་ཆེན་མོ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་གླེང་པ། [J] མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ།2016ལོའི་དེབ་གསུམ་པ། ཤ45

[5]མཁས་བཙུན་བཟང་པོ། རྒྱ་བོད་མཁས་གྲུབ་རིམ་བྱོན་གྱི་རྣམ་ཐར་ཕྱོགས་བསྒྲིགས། [G] རྒྱ་གར་དུ་པར་དུ་བཏབ། 1973ལོ། ཤ128

[6]གྲོ་ལུང་པ། འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་བཞུགས་སོ།། [M]བདེ་ཡངས་ཤར་གྱི་ཤིང་པར།ཤ11

[7]དགྲ་འདུལ། ལོ་ཙཱ་བ་ཆེན་མོ་རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་སྐོར་ཀྱི་དཔྱད་གླེང་། ཀྲུང་གོའི་བོད་རིག་པ། [J] 2006ལོའི་དུས་དེབ་བཞི་པ། ཤ9

[8]གྲོ་ལུང་པ། འཇིག་རྟེན་མིག་གཅིག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་བཞུགས་སོ།། [M] བདེ་ཡངས་ཤར་གྱི་ཤིང་པར། ཤ11

[9] དགྲ་འདུལ། ལོ་ཙཱ་བ་ཆེན་མོ་རྔོག་བློ་ལྡན་ཤེས་རབ་ཀྱི་རྣམ་ཐར་སྐོར་ཀྱི་དཔྱད་གླེང་། ཀྲུང་གོའི་བོད་རིག་པ། [J] 2006ལོའི་དུས་དེབ་བཞི་པ།

[10] བརྡ་སྤྲོད་སྐོར་གྱི་དཔེ་རྙིང་གཅེས་བསྡུས་དེབ་དང་པོ་བཞུགས་སོ།། [G] ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས། 2009ལོ། ཤ24

[11]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།། [M] ལག་བྲིས་མ། ཤ1

[12]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།། [M] ལག་བྲིས་མ། ཤ3

[13]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།། [M] ལག་བྲིས་མ། ཤ5

[14]དུང་དཀར་པ་ཚེ་དབང་རྡོ་རྗེ། རྔོག་ལོ་ཙཱ་བ་ཆེན་མོ་བློ་ལྡན་ཤེས་རབ་ཀྱིས་མཛད་པའི་དག་ཡིག་ཉེར་མཁོ་བསྡུས་པ་གླེང་བ། མཚོ་སྔོན་མི་རིགས་སློབ་ཆེན་གྱི་རིག་དེབ། [J]2016ལོའི་དེབ་གསུམ་པ། ཤ48

[15]གླང་རི་བ་ཐུབ་བསྟན་སྦྱིན་པ། བོད་སྐད་ཀྱི་བརྡ་སྤྲོད་གསར་བསྒྲིགས་སྨྲ་སྒོའི་ལྡེ་མིག [M] ལྡི་ལིར་པར་དུ་བཏབ། 2010ལོ། ཤ32

[16]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།། [M] ལག་བྲིས་མ། ཤ1

[17]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།།[M] ལག་བྲིས་མ། ཤ11

[18]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།།[M] ལག་བྲིས་མ། ཤ1

[19]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།།[M] ལག་བྲིས་མ། ཤ2

[20]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།།[M] ལག་བྲིས་མ། ཤ7

[21]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།།[M] ལག་བྲིས་མ། ཤ11

[22]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།། [M] ལག་བྲིས་མ། ཤ13

[23]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།།[M] ལག་བྲིས་མ། ཤ13

[24]རྔོག་བློ་ལྡན་ཤེས་རབ། དག་ཡིག་ཉེར་མཁོ་བསྡུས་པ་ཤཱཀྱའི་དགེ་སློང་བློ་ལྡན་ཤེས་རབ་ཀྱིས་མཛད་པ་བཞུགས་སོ།།[M] ལག་བྲིས་མ། ཤ3

 

བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ། ​ཨ་བསེ་རིན་ཆེན་བཀྲ་ཤིས།

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] H214 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1005-5746﹙2019﹚03-107-14

བརྒྱུད་སྐུལ།

མཆན་སྤེལ།