རིགས་རུས་ཆོ་འབྲང་དབྱེ་འབྱེད་ལ་དཔྱད་པ།

རིགས་རུས་ཆོ་འབྲང་དབྱེ་འབྱེད་ལ་དཔྱད་པ།

རིགས་རུས་ཆོ་འབྲང་དབྱེ་འབྱེད་ལ་དཔྱད་པ།

རྩོམ་པ་པོ། ཤངས་པ་ཐུབ་བསྟན་ཡར་འཕེལ།

ནང་དོན་གནད་བསྡུས།

 

འཇིག་རྟེན་འདིར་རིགས་ཞེས་པའི་ཐ་སྙད་བྱུང་བ་ནས་ཆོས་སྲིད་གཉིས་ཀྱི་ནང་དུ་རིགས་ཞེས་པར་ངོ་བོ་གང་འདྲ་འཇོག་གི་ཡོད་མེད་དང་། ལྷག་པར་དུ་སྤྱི་ཚོགས་ཀྱི་ཁྲོད་དུ་མི་རྣམས་ཀྱིས་རིགས་ལ་བཟུང་བའི་འདོད་ཚུལ་གྱིས་བཟང་ཕྱོགས་དང་ངན་ཕྱོགས་ཀྱི་ཚད་ཇི་ཙམ་བཞག་ཡོད་མེད། ད་དུང་བྲམ་ཟེའི་ཆོས་ལུགས་སོགས་ཀྱི་གསུང་རབ་རྣམས་སུ་རང་ཉིད་ཀྱིས་རང་གང་དུ་གཏོགས་པའི་རིགས་སམ་གོ་གནས་ངོས་ལེན་བྱེད་ཐུབ་པ་དེ་ནི་བདེ་སྐྱིད་ཆེས་ཆེ་ཤོས་དེ་ཡིན་གསུངས་ཡོད་པར་ནང་ཆོས་དང་བསྡུར་བ་བཏང་ནས་ནང་པའི་གསུང་རབ་ཁག་གི་ནང་དུ་རིགས་ཀྱི་འདོད་ཚུལ་ནི་དེ་འདྲ་ཡེ་ནས་མ་ཡིན་པའི་འགྲེལ་བརྗོད་དང་།

  ལྷག་པར་བོད་ནང་གི་གྲོང་གསེབ་ཁག་ཏུ་རིགས་རུས་མཐོ་དམན་གྱི་ལྟ་བ་ངན་པ་རྒྱུན་མི་ཆད་པར་གནས་ཏེ་གྲི་བཟོ་མཁན་གྱི་ལག་ཤེས་པ་དང་། རྒྱལ་བའི་སྐུ་བརྙན་བཟོ་མཁན་དང་། ར་ལུག་དང་ནོར་སོགས་གསོད་མཁན་དག་རིགས་དམན་པའམ་རུས་བཙོག་པར་བཞག་སྟེ་ཁོ་ཚོ་དང་ཕོར་པ་གཅིག་གི་ནང་མཉམ་དུ་ཟ་འཐུང་ལོངས་སུ་སྤྱོད་པར་འགོས་ནད་ཡོད་པ་བཞིན་འབྲེལ་འདྲིས་ལ་འཛེམ་ཟོན་བྱེད་ཀྱི་ཡོད་པ་མ་ཟད་འཇིག་རྟེན་མཐུན་འཇུག་གི་བྱ་བ་སོགས་ལ་གཙང་བཙོག་གི་དབྱེ་བ་ཞིབ་ཏུ་བརྟག་སྟེ་རིགས་རུས་ཡག་སྡུག་གི་རྣམ་པ་ཕྱེ་བའི་ལྟ་བ་ངན་པ་དག་ལ་ལུང་རིགས་ཀྱི་སྒོ་ནས་དགག་སྒྲུབ་བྱས་ཡོད།

བརྡ་ཆད་གཙོ་བོ། རིགས། བྲམ་ཟེ། ཆོས་ལུགས།  སྤྱི་ཚོགས།

རྟེན་འབྱུང་མཁའ་ལ་རྟ་བདུན་ཚུལ་གྱིས་ནི། །མ་ཤར་སྲིད་གསུམ་མཚོན་གྱིས་གང་གྱུར་བས། །འཚེ་མེད་ལམ་བཟང་སྟོན་མཁས་ལྷ་ཡི་ལྷ། །སྲས་མཆོག་དོན་ཀུན་གྲུབ་དེ་སྤྱི་བོས་མཆོད། །རིག་གཞུང་ཟབ་གནད་རྒྱ་མཚོའི་ཕ་མཐའི་འཇིངས། །བློ་ཆུང་བྱིས་པའི་རྐྱལ་གྱིས་བགྲོད་མིན་ཡང་། །གནམ་སྟོང་པ་སངས་གཟའ་ཡི་རང་འོད་ལྟར། །ངེས་པའི་དཀར་ཆ་ཅུང་ཟད་འབྱེད་ལ་སྤྲོ། །

 

དོན་ཚན་དང་པོ།  

རིགས་ཀྱི་ངོ་བོའི་སྐོར་མདོ་ཙམ་གླེང་བ།

 

སྤྱིར་འཇིག་རྟེན་འདིའི་སྟེང་དུ་འགྲོ་བ་མིའི་འཚོ་གནས་བྱུང་བ་ནས་དེའི་འཚོ་བའི་ནང་དུ་ཆོས་དང་སྲིད་ཅེས་ཁ་བྲལ་ཐབས་མེད་པའི་གྲུབ་ཆ་གཉིས་བྱུང་བ་ཡིན་ལ། དེའི་རིག་གནས་དག་ལའང་ཆོས་སྲིད་ཀྱི་རིག་གནས་ཞེས་མི་འདྲ་བ་དུ་མ་ཞིག་བྱུང་དང་འབྱུང་བཞིན་པ་ཡིན། དཔེར་ན། ཆོས་ལུགས་པས་སྐྱོན་ཀུན་ཟད་ཀྱི་སྐྱེས་བུ་ཡིན་ཞེས་པ་ཞིག་ལ་ཡིད་ཆེས་དང་དེས་གསུངས་པའི་གཞུང་ལུགས་སོགས་ཚད་མར་འཛིན་ཏེ་ཅི་གསུངས་ཐམས་ཅད་ལ་འབད་པ་གང་ཐུབ་ཀྱིས་མཐར་འཇིག་རྟེན་གྱི་སྐྱེ་རྒ་ན་འཆི་ལས་གྲོལ་བར་ཡིད་ཆེས་བྱེད་པའི་བསམ་པའི་རིག་གཞུང་དག་ལ་ཆོས་ཀྱི་རིག་གནས་དང་།  དེ་ལས་གཞན་པའི་བཟོ་རིག་དང་སྙན་ངག ། ཟློས་གར།  གསོ་བ་རིག་པ་སོགས་གནས་སྐབས་ཉིན་རེའི་དགོས་དོན་སྒྲུབ་པར་བྱེད་པའི་རིག་གཞུང་དག་ལ་འཇིག་རྟེན་རིག་པ་ཟེར་གྱི་ཡོད།  དེ་ཡང་མིའི་འདོད་པ་དང་བསམ་པ།  མོས་པ་མི་འདྲ་བའི་དབང་གིས་རང་གི་འདོད་དོན་ལ་གཉེར་བའི་གྲུབ་འབྲས་མི་འདྲ་བ་བྱུང་བ་ཡིན་ལ་དེའི་བསམ་པའི་རིག་གཞུང་དག་གིས་འཇིག་རྟེན་འདིའི་སྟེང་དུ་རིག་གནས་ཕུན་སུམ་ཚོགས་པ་དུ་མ་ཞིག་བྱུང་བའི་རྒྱུ་རྐྱེན་ཡང་དེ་ལྟར་ལགས།

མིའི་རིགས་ཀྱི་འཚོ་བའི་ནང་དུ་ག་ལེར་རིགས་ཞེས་པའི་ཐ་སྙད་ཅིག་བྱུང་བ་ཡིན་ལ། འདིར་ཡང་དེའི་སྐོར་ལ་རང་བློས་གང་ནུས་ཀྱིས་དཔྱད་ན། རིགས་ཞེས་པའི་ཐ་སྙད་དེ་ངེས་ཚིག་བཤད་དུ་མེད་པའི་འདོད་རྒྱལ་ཡིན་པར་བསམས་ཤིང་། ཐ་སྙད་དེ་ནམ་བྱུང་མིན་ཚིག་ཐག་ཆོད་དཀའ་ཡང་ང་ཚོས་བསམ་གཞིག་དང་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཚེ་སྟོན་པ་ཤཱཀྱ་ཐུབ་པ་མ་བྱུང་བའི་སྔོན་དུ་རིགས་ཞེས་པའི་ཐ་སྙད་དེ་རྒྱ་གར་གྱི་སྐད་དུ་བྱུང་བར་ཤེས་དགོས་པ་ཡིན། རྒྱ་གར་ཞེས་གླེང་མ་ཐག་མི་རྣམས་ཀྱི་ཡིད་ལ་དེང་གི་རྒྱ་གར་སྤྱི་མཐུན་རྒྱལ་ཁབ་འཆར་སྲིད་ཀྱང་།  འདིར་བཤད་བྱའི་རྒྱ་གར་ནི་གནའ་བོའི་རྒྱ་གར་ཡིན། དུས་རབས་མ་ཚུགས་གོང་གི་ལོ་ཆིག་སྟོང་ལྔ་བརྒྱ་ཙམ་ལ་མུཎ་ཌ་མི་རིགས་དང་། དྲ་ཝི་ཌ་མི་རིགས་ནི་རྒྱ་གར་ཡུལ་གྱི་འཚོ་བསྡོད་བྱེད་མཁན་གྱི་མི་རིགས་ཤིག་ཡིན། འཕགས་པའི་མི་རིགས་ཀྱིས་བཙན་འཛུལ་བྱས་པ་ནས་རྒྱ་གར་གྱི་ཆོས་དང་ཤེས་རིག་ལ་མངོན་ལྐོག་གང་རུང་ནས་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། ལྷག་པར་ལྷ་མོ་དང་། ཀླུ་དང་། ལྗོན་ཤིང་ལ་མཆོད་པ་བྱེད་པའི་ལམ་སྲོལ་དང་། ད་ཡོད་རྒྱ་གར་གྱི་ཡུལ་ཆོས་ཧིན་དུའི་ཆོས་ལུགས་དབར་འབྲེལ་བ་ཆེན་པོ་ཡོད་པའི་མཐོང་ཚུལ་ཡོད། དྲ་ཝི་ཌ་མི་རིགས་ནི་མི་འབོར་ཆེ་ལ་ཤེས་རིགས་ཀྱང་ཚད་མཐོན་པོར་སླེབས་ཡོད་རྐྱེན་འཕགས་པའི་མི་རིགས་ཀྱིས་ཁོ་ཚོ་བྲན་དུ་བསྐུལ་དེད་བྱས་པ་དང་། ཁོ་ཚོ་དང་ལྷན་དུ་གཉེན་སྒྲིག་པ་སོགས་བྱས་པའི་རྨང་གཞིའི་འོག་ལ། ཕྱོགས་མཚུངས་སེང་གེ་ཁ་འབབ་ཀྱི་གཙང་པོའི་ལུང་ཤོང་ལ་བཙན་འཛུལ་བྱས་ནས་སེང་གེ་ཁ་འབབ་གྲོང་འཁྱེར་གྱི་ཉེ་འགྲམ་དུ་ཆགས་པའི་ཤེས་རིག་གཙོ་ཆེར་དར་སའི་གྲོང་འཁྱེར་ཆེན་པོ་ཧ་རཔ་པཱ་དང་། མོ་ཧོ་ཇོ་ད་རོ་གཉིས་དབང་དུ་བསྡུས། གནའ་རྫས་རྟོག་ཞིབ་རིག་པའི་ཉམས་ཞིབ་ལ་བརྟེན་ནས་ཤེས་རིག་འདི་ཀོ་ས་གནས་རྒྱ་ཆེན་པོར་དར་བར་གསལ་པོར་ཆགས། དེ་ལྟར་རྒྱ་གར་ནུབ་བྱང་ནས་བཙན་འཛུལ་བྱས་ཏེ་ཡོང་བའི་འཕགས་པའི་མི་རིགས་ཚོས་སེང་གེ་ཁ་འབབ་ཀྱི་ཆུ་མགོའི་ཕྱོགས་ཀྱི་པན་ཇབ་ས་ཁུལ་དུ་གནས་གཞི་བཅས། དུས་རབས་དེའི་ཆོས་ནི་ངེས་བརྗོད་རིག་བྱེད་གཙོ་བོར་བྱེད་པའི་ཆོས་དང་། ནམ་མཁའ་དང་། ཆར་པ་དང་། རླུང་དང་། གློག དེ་མིན་གྱི་རང་བྱུང་གི་ནུས་པ་ལྷར་ངོས་འཛིན་བྱེད།  དེ་རྗེས་འཕགས་པའི་མི་རིགས་ཀྱིས་སླར་ཡང་སྤྱི་ལོའི་གོང་གི་ལོ་ཆིག་སྟོང་ཙམ་ནས་རྒྱ་གར་ཤར་ཕྱོགས་ལ་བཙན་འཛུལ་བྱས། ཡ་མུ་ནཱ་གཙང་པོའི་གཡས་གཡོན་དང་། ཆུ་མོ་གངྒཱའི་བར་དཀྱིལ་རྣམས་མངའ་འོག་ཏུ་བསྡུས། དེ་ལྟར་རྒྱ་གར་གྱི་ཤེས་རིག་སྣ་ཚོགས་པ་རྣམས་ཕལ་ཆེར་ཕྱི་ལོའི་གོང་གི་ལོ་ཆིག་སྟོང་ནས་ལྔ་བརྒྱའི་བར་དེར་བྱུང་ཡོད། ངེས་བརྗོད་ཀྱི་རིག་བྱེད་བརྩམས་རྗེས་སྙན་ངག་རིག་བྱེད་དང་། མཆོད་སྦྱིན་རིག་བྱེད། སྲིད་སྲུང་རིག་བྱེད་བཅས་གསུམ་ནི་ཕྱི་ལོའི་གོང་གི་ལོ་ཆིག་སྟོང་ཙམ་ལ་བརྩམས་ཡོད། དེ་ནས་རིམ་བཞིན་ཤེས་རིག་ཇེ་རྒྱས་སུ་ཕྱིན་ཏེ་ཆོ་གའི་སྐོར་གཙོ་བོར་སྟོན་པའི་བྲམ་ཟེའི་གཞུང་སོགས་ཀྱང་བརྩམས་ཡོད། འཕགས་པའི་མི་རིགས་རྣམས་འཚོ་ཐབས་སྣ་ཚོགས་སུ་གྱེས་ནས་ལྷ་མཆོད་པའི་ཆོ་ག་འདོན་མཁན་ཚོར་བྲམ་ཟེའི་རིགས་དང་། ཆབ་སྲིད་ལས་ཀ་བྱེད་མཁན་ཚོར་རྒྱལ་རིགས། ཞིང་ལས། འབྲོག་ལས། བཟོ་ལས་དང་ཚོང་ལས་བྱེད་མཁན་ཚོར་རྗེའུ་རིགས་དང་། རིགས་གོང་མ་གསུམ་གྱི་བཀའ་གསུང་དྭང་ལེན་བྱེད་མཁན་ཚོར་དམངས་རིགས་ཞེས་འབོད་པའི་རིགས་བཞིའི་རྣམ་གཞག་ཀྱང་སྐབས་དེར་བྱུང་། རིགས་མི་འདྲ་བ་རྣམས་ཕན་ཚུན་གཉེན་སྒྲིག་དང་། ཁ་ལག་མཉམ་དུ་མི་བཟའ་བ་སོགས་ཀྱི་ལམ་ལུགས་ངན་པ་དེ་ནས་དར་བ་ཡིན། ལྷག་པར་བྲམ་ཟེ་རྣམས་ཀྱིས་རིག་གནས་སྒེར་འཛིན་སློབ་གཉེར་བྱས་ཏེ་སྤྱི་ཚོགས་ནང་ལྷ་གསོན་པོ་ཡིན་པའི་གུས་བཀུར་ཐོབ་ནས་གསོལ་མཆོག་ཐོག་ནས་ལྷ་དགྱེས་པར་བྱས། སྦྱིན་པ་བཏང་ནས་བྲམ་ཟེ་དགྱེས་པར་བྱས་ཏེ་ལྷ་གཉིས་ཀྱིས་མི་རྣམས་ལྷ་ཡུལ་ཁྲིད་པའི་དད་མོས་བྱེད་དོ་[0]ཞེས་སོ། །

བྲམ་ཟེའི་ཆོས་ལུགས་པས་ལྷ་ཆེན་ཚངས་པས་མིའི་རིགས་རྒྱུད་སྤེལ་བ་ན་བྲམ་ཟེའི་རིགས་དེ་ནི་ལྷ་ཚངས་པའི་ཞལ་ནས་འཁྲུངས་པས་རིགས་མཐོ་ཤོས་ཡིན་ཞིང་དེའི་རིགས་སུ་སྐྱེས་པའི་མི་རྣམས་ཆོས་པ་དང་དགེ་རྒན་སོགས་ཡིན།

ཁོང་ཚོས་གསུང་རབ་ཀློག་འདོན་བྱེད་པ་མ་ཟད་རིག་བྱེད་ཀྱང་ཤེས་ཀྱི་ཡོད་ལ་དཀོན་མཆོག་ལ་མཆོད་ཅིང་བསྙེན་བཀུར་བར་བྱེད་[1]ཞེས་རིགས་རུས་ཀྱི་མཐོ་དམན་དང་ཡག་སྡུག་གི་རྣམ་པ་མང་པོ་ཞིག་ཕྱེ་ཞིང་རིགས་ཀྱི་དབྱེ་བ་འཇོག་པ་ཡིན། ད་ལྟའི་ཆར་ཡང་རྒྱ་གར་ལ་“འཛམ་གླིང་གི་མིའི་རིགས་རྒྱུད་ཀྱི་དངོས་མང་བཤམས་སྟོན་ཁང་”ཞེས་འབོད་ལ། རྒྱ་གར་ལ་མི་རྒྱུད་དཀར་སེར་དམར་ནག་གི་རིགས་སོ་སོར་ཡོད་པ་མ་ཟད། ཐ་ན་མཁས་པ་འགའ་ཞིག་གིས་རྒྱ་གར་བའི་མི་རྒྱད་གཤའ་མ་ཞིག་མེད་པར་ཡང་བཤད།  སྐད་ཆའི་ཐད་ནས་བརྟག་དཔྱད་བྱས་པ་ལྟར་ན། རྒྱ་གར་དུ་བསྡོམས་པས་སྐད་རིགས179དང་ཡུལ་སྐད་544ཡོད་པར་གཏན་ཁེལ་བྱས་ཡོད། [2]དེས་རྒྱ་གར་ནི་གཞི་རྒྱ་ཆེ་ལ་རྙོག་འཛིང་ལྡན་པའི་རིག་གནས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་གསལ་བཤད་བྱས་ཡོད། སྤྱིའི་ཆ་ནས་རྒྱ་གར་གྱི་ས་ཆ་འགའ་ཞིག་དེང་རབས་ཅན་གྱི་ཡར་རྒྱས་ཆེན་པོ་བྱུང་ཡོད་ནའང་། གྲོང་ཚོ་དང་ལུང་ཁུག་འགའ་ཞིག་ལ་ད་དུང་སྔར་བཞིན་འདོད་མའི་རྣམ་པར་འཚོ་བ་མ་ཟད། ཕོ་མོ་འདྲ་མཉམ་འཛམ་གླིང་གི་རླབས་རྒྱུན་དུ་གྱུར་པའི་དེ་རིང་། རྒྱ་གར་དུ་ད་དུང་ཡུགས་མོ་གསོན་པོར་སྲེག་ནས་ཁྱོ་ག་དང་མཉམ་དུ་དུར་འཇུག་བྱེད་པའི་“ས་ཏཱི” (དག་པ་མོ། བདེན་མ།萨蒂)བྱ་བའི་གོམས་སྲོལ་ཡོད་ཅིང་། ཀུན་ལ་བྱམས་པ་སྒྲགས་པའི་རྒྱ་གར་གྱི་རྩ་ཁྲིམས་སྤེལ་ནས་ལོ་ངོ་བཅུ་ཕྲག་འགའ་ཕྱིན་ཡང་། འཛེམ་བྱར་བརྩི་བའི་རྒྱ་ཆེའི་དམངས་རིགས་ཀྱིས་སྔར་བཞིན་མི་ཆོས་དང་བྲལ་བའི་མནར་གཅོད་མྱོང་དགོས་པ་མ་ཟད། ཐ་ན་དམར་གསོད་བྱས་པའང་ཡོད།[3]ཞེས་སོ། །  དེ་དུས་ནས་རིགས་ཞེས་པའི་ཐ་སྙད་དེ་ཡོད་པ་ཡིན།   དེ་ལ་སཾ་སྐྲྀ་ཏའི་སྐད་དུ་ཝརྞ་(瓦尔那)ཟེར་ལ།  དོན་ལ་ཁ་མདོག་ལ་གོ་བ་ཡིན། དེ་ཡང་ཕྱི་ལོའི་སྔོན་གྱི་ལོ་༡༢༠༠ཡས་མས་སུ་འཕགས་པའི་མི་རིགས་ཀྱིས་དྲ་ཝི་ཌའི་མི་རིགས་ལ་བཙན་འཛུལ་བྱས་ཤིང་། འཕགས་པའི་མི་རིགས་ཀྱིས་གནས་བབས་ལེགས་པོ་བཟུང་སྟེ་དྲ་ཝི་ཌའི་མི་བྲན་དུ་བཀོལ་ནས་དས་རུ་འབོད་ལ། དུས་དེ་ནས་རྒྱ་གར་གྱི་སྤྱི་ཚོགས་སུ་ཆེས་ཐོག་མའི་ཝརྞ་གཉིས་བྱུང་བ་ཡིན། འཕགས་པའི་མི་རིགས་མདོག་དཀར་པོ་ཡིན་པས་རིགས་མཐོན་པོར་རློམ་ཞིང་། བྲན་དུ་བཀོལ་བའི་དྲ་ཝི་ཌའི་མི་རིགས་མདོག་ནག་པོ་ཡིན་པས་རིགས་དམན་པར་སྨད། འདིས་རིགས་རུས་ཀྱི་བྱུང་བ་ནི་མི་རིགས་བར་གྱི་དབང་སྒྱུར་དང་བྲན་བཀོལ་དང་འབྲེལ་བ་མ་ཟད་ཆོས་ལུགས་ཀྱི་དག་པ་དང་མ་དག་པའི་ལྟ་གྲུབ་དང་འབྲེལ་བ་ཡོད་པའང་གསལ་བཤད་བྱས་ཡོད།

མདོར་ན་རིགས་ཞེས་པའི་ཚིག་གི་ངོ་གདོང་གིས་ང་ཚོར་དབྱེ་འབྱེད་ཀྱི་གོ་བ་ཞིག་ངམ་ངམ་དུ་ཡོང་གི་ཡོད།  དཔེར་ན་རིགས་ཞེས་གོ་ཡོང་དུས་མིའི་རིགས་དང་དུད་འགྲོའི་རིགས།  དངོས་པའི་རིགས་དང་རྟག་པའི་རིགས།  གསེར་གྱི་རིགས་དང་དངུལ་གྱི་རིགས་ཞེས་སོགས་དབྱེ་བ་སོ་སོར་ཕྱེ་བའི་གོ་བརྡ་ཞིག་སྤྲད་ཀྱི་ཡོད།  འོན་ཀྱང་དེས་དབྱེ་བ་ཕྱེ་བ་ཙམ་གྱི་ནུས་པ་ཡོད་པ་ལས་མཆོག་དམན་དང་ཡག་སྡུག་གི་ནུས་པ་གང་ཡང་འདོན་ཐུབ་ཀྱི་མེད།

 

དོན་ཚན་གཉིས་པ།  

ཆོས་ལུགས་པས་བཞེད་པའི་རིགས་ཀྱི་འདོད་ཚུལ།

དང་པོ། སྟོན་པ་ཤཱཀྱ་ཐུབ་པས་གསུངས་པའི་རིགས་ཀྱི་འདོད་ཚུལ།

སྟོན་པ་ཤཱཀྱ་ཐུབ་པས་ཆོས་ཀྱི་ཕུང་པོ་ཇི་སྙེད་ཅིག་གསུངས་པ་རྣམས་ཀྱི་ནང་ནས་ཐོག་མར་གསུངས་པའི་ཆོས་ཀྱི་ཕུང་པོ་ནི་བདེན་པ་བཞིའི་ཆོས་འཁོར་ཡིན་པ་ཡོངས་གྲགས་ལྟར། ཐེག་ཆེན་གྱི་སྡེ་སྣོད་ལ་ལྟོས་ན་དེ་ནི་ཐེག་དམན་གྱི་སྡེ་སྣོད་ཡིན་ཞིང་དེའི་ནང་དུ་ཐོག་མར་གླེང་ཡོང་བའི་རིགས་ཞེས་པ་ནི་ཤས་ཆེ་བ་སྤྱོད་པའི་སྒོ་ནས་བཞག་པ་ཡིན་ཞིང་། དེ་ཡང་ལམ་ཉམས་སུ་བླངས་ནས་འབྲས་བུ་ཡང་དག་པ་ཞིག་འགྲུབ་པར་དགོས་ན་ངེས་པར་རིགས་བཞི་ལ་བསླབ་དགོས་པ་ཡིན། དེས་ན་རིགས་བཞི་ནི། འདུལ་བ་ལུང་ལས། ཆོས་གོས་ལ་མ་ཆགས་པ་དང་། བསོད་སྙོམས་ལ་མ་ཆགས་པ། མལ་ཆ་དང་བསྟན་ལ་མ་ཆགས་པ། སྤོང་བ་དང་བསྒོམ་པ་ལ་དགའ་བའོ། [4]ཞེས་གསུངས་པ་དེ་དག་དང་པོ་གསུམ་ནི་ཆོག་ཤེས་པའི་བདག་ཉིད་དང་།  གལ་ཏེ་འཕགས་པའི་རིགས་བཞི་པ་ཇི་ལྟར་མ་ཆགས་པའི་རང་བཞིན་ཡིན་ཏེ། ཆོག་ཤེས་པའི་ངོ་བོ་མ་ཡིན་པའི་ཕྱིར་རོ་ཞེ་ན། བཞི་པ་འང་འདོད་པ་དང་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་མ་ཆགས་པ་ཡིན་ཏེ། སྤོང་བ་ནི་འགོག་པ་དང་། བསྒོམ་པ་ནི་ལམ་ཡིན་ལ། དེ་དག་ལ་དགའ་བ་ནི་མ་ཆགས་པ་དང་མཚུངས་ལྡན་གྱི་དད་པ་ཉིད་ཡིན་ནོ། འོ་ན་འཕགས་པའི་རིགས་བཞིས་ཅི་ཞིག་བསྟན་ཞེ་ན། དེ་ལ་དང་པོ་གསུམ་གྱིས་ཐར་པ་སྒྲུབ་པར་བྱེད་པའི་ཀུན་ཏུ་སྤྱོད་པའི་ཚུལ་བསྟན་ལ། ཐ་མས་ནི་བྱ་བའི་ལས་བསྟན་ཏེ། དེ་ལྟར་ན་མདོ་ལས། རང་གི་ཚུལ་དང་ལས་ཀྱི་མཐའ་ཡོངས་སུ་སྤངས་ཤིང་ཐར་པ་དོན་དུ་གཉེར་བར་ཁས་འཆེས་པའི་སློབ་མ་རྣམས་ལ་ཚུལ་དང་ལས་གཉིས་བཅས་ཏེ། འཕགས་པའི་རིགས་དང་པོ་གསུམ་གྱིས་ནི་ཚུལ་བཅས་སོ། བཞི་པས་ནི་ལས་བཅས་ཏེ། ཁྱེད་ཚུལ་འདིས་ལས་འདི་བྱེད་ན་རིང་པོར་མི་ཐོགས་པར་ཐར་པ་ཐོབ་པར་འགྱུར་རོ་[5]ཞེས་གསུངས་པའི་ཕྱིར་ཚུལ་དང་ལས་གཉིས་འཕགས་པའི་རིགས་བཞིས་བསྟན་ཏེ། ཟས་གོས་ལ་སོགས་པར་འདོད་པ་ཆེ་ཞིང་ཆོག་མི་ཤེས་པའི་རང་གི་ཚུལ་དང་།   ཞིང་ལས་དང་ཉོ་ཚོང་ལ་སོགས་པའི་ལས་ཀྱི་མཐའ་ངན་པ་དེ་དག་སྤངས་ནས་ཡང་དག་པའི་ཚུལ་དང་ལས་འདོད་པ་ཆུང་ཞིང་ཆོག་ཤེས་པ་དང་།  སྤོང་བསྒོམ་ལ་དགའ་ཞིང་བརྩོན་པས་ཐར་པ་འཐོབ་པར་འགྱུར་བའོ་[6]ཞེས་མཛོད་འགྲེལ་མངོན་པའི་རྒྱན་ལས་སོ། །           དགོས་པ་གང་གི་ཕྱིར་རིགས་བཞི་བསྟན་ཅེ་ན།   སྲེད་པ་སྐྱེ་བའི་གཞིའི་གཉེན་པོའི་ཕྱིར་དུ་རིགས་བཞི་བསྟན་ཏེ།  བདག་གིར་འཛིན་པ་ཆོས་གོས་སོགས་ཀྱི་དངོས་པོ་འདོད་པ་དེའི་དུས་རེ་ཞིག་ཞི་བར་བྱ་བའི་ཕྱིར་དུ་རིགས་དང་པོ་གསུམ་བསྟན།  བདག་ཏུ་འཛིན་པའི་དངོས་པོ་འདོད་པ་དེའི་དུས་གཏན་དུ་ཞི་བའི་ཕྱིར་དུ་རིགས་ཕྱི་མ་བསྟན་པའི་ཕྱིར།         དེའི་རྗེས་སུ་སྟོན་པ་ཤཱཀྱ་ཐུབ་པས་རིགས་ཞེས་པའི་ཐ་སྙད་དེ་ཐེག་པ་ཆེན་པོའི་སྡེ་སྣོད་ནང་དུ་གཙོ་བོར་བཀོལ་སྟངས་ལ་སེམས་ཅན་ཀུན་གྱི་སྙིང་ལ་ནི། །ཐུགས་ཀྱི་གསང་བ་སྙིང་པོ་བཞུགས། །དེ་ཉིད་སྙིང་པོ་གསུམ་ལྟན་པ། །བདེ་གཤེགས་སྙིང་པོ་འཇུག་པ་ཉིད། །[7]ཞེས་གསུངས། དེ་ལ་ཕྱིས་འབྱུང་གི་དགོངས་པ་འགྲེལ་མཁན་ཚོས་རྒྱས་འགྱུར་གྱི་རིགས་དང་རང་བཞིན་གནས་རིགས་ཞེས་བཀྲལ་ནས་རིགས་དེ་གཉིས་ནི་སེམས་ཅན་ཀུན་གྱི་རྒྱུད་ལ་གཅིག་མཚུངས་སུ་ཡོད་པ་འདྲ་བ་ལ། ཆོས་ཐམས་ཅད་མངོན་གསུམ་དུ་མཁྱེན་ནུས་ཀྱི་ཤེས་པ་དེ་སེམས་ཅན་ཐམས་ཅད་ལ་འདྲ་མཚུངས་སུ་ཡོད་ཀྱང་གནས་སྐབས་ཉོན་མོངས་དུག་གསུམ་གྱིས་གཡོགས་ནས་དངོས་པོའི་གནས་ལུགས་སམ་ཆོས་ཉིད་དེ་དག་ལ་ལྟ་བའི་བློ་མིག་ཉམས་ནས་ད་ལྟ་ཇི་ལྟར་སྣང་བ་ལྟར་དུ་གྲུབ་བསྡད་པའི་འཁྲུལ་ཤེས་ཀྱི་རིགས་དེ་དག་ནམ་ཡང་དེ་རང་དུ་གནས་རྒྱུ་མ་ཡིན་པར་རང་གིས་འབད་བརྩོན་བྱས་ན་དྲི་མ་མེད་པའི་ཤེས་པ་ཞིག་ལ་འགྱུར་འགྲོ་གི་ཡོད།   དེ་ལ་རྒྱས་འགྱུར་གྱི་རིགས་ཞེས་རྒྱས་ནི་ཤེས་བྱའི་གནས་ལུགས་རྟོགས་པ་ལ་གེགས་བྱེད་ཀྱི་དགྲ་ཉོན་མོངས་སོགས་ལ་ཐོས་བསམ་སྒོམ་པའི་གཉེན་པོ་བསྟེན་ནས་གཉེན་པོ་རྒྱས་པའི་དོན་དང་།  སྒྲིབ་པ་དེ་ལྡན་གྱི་ཤེས་པ་དེ་སྒྲིབ་མེད་ཀྱི་ཤེས་པར་གྱུར་རུང་བས་ན་འགྱུར་ཞེས་མ་འོངས་པའི་ཚིག་གི་སྒྲས་བསྟན་པ་ཡིན།མདོར་ན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཤེས་བྱའི་གནས་ལུགས་དང་དེ་ཉིད་རྟོགས་པའི་རྣམ་མཁྱེན་གྱི་ངོ་བོར་འགྱུར་རུང་གི་ཤེས་པ་རིགས་ཤིག་ཡོད་པ་དེ་ལ་རྒྱས་འགྱུར་གྱི་རིགས་ཞེས་མིང་དུ་བཏགས་པ་གང་ཞིག །དེའི་སྟེང་གི་ཆོས་ཉིད་དམ་རང་བཞིན་དེ་ཡང་ངོ་བོ་ཉིད་སྐུ་ཞེས་དྲི་མ་མེད་པའི་རང་བཞིན་ཞིག་ལ་གནས་པས་ན་རང་བཞིན་གནས་རིགས་ཞེས་མིང་དུ་བཏགས་པ་ཡིན།  དཔེར་ན་ཆུའི་རང་བཞིན་ལ་རྙོག་པ་མ་བཞུགས་པ་དང་།  ནམ་མཁའི་རང་བཞིན་ལ་སྤྲིན་མེད་པ། གསེར་གྱི་རང་བཞིན་ལ་གཡའ་མ་བཞུགས་པ་དེ་བཞིན་དུ་སེམས་ཅན་གྱི་ཤེས་པའི་རང་བཞིན་ལ་དྲི་མ་མ་བཞུགས་པ་ཡིན། གལ་ཏེ་ཆུའི་རང་བཞིན་རྙོག་པ་ཅན་ཡིན་པ་དང་།   ནམ་མཁའི་རང་བཞིན་དང་གསེར་གྱི་རང་བཞིན་ཡང་དེ་བཞིན་ཡིན་ན་ཆུ་ནམ་ཡང་རྙོག་པ་ཅན་ཡིན་དགོས་པ་དང་།  ནམ་མཁའ་འང་ནམ་ཡང་སྤྲིན་གྱིས་བཀབ་པའི་རང་བཞིན་ཡིན་དགོས་པ།  གསེར་ཡང་གཡའ་དང་བཅས་པ་ཡིན་དགོས་པ་ལས་ནམ་རྒྱུན་དེ་ལྟར་མ་ཡིན་པ་མཐོང་ཆོས་སུ་གྲུབ་པས་སོ། །དེ་བཞིན་དུ་སེམས་ཅན་གྱི་ཤེས་པ་ཡང་དྲི་མ་ལས་ནམ་ཡང་གྲོལ་རྒྱུ་མེད་པ་ཡིན་དགོས་ཏེ།  དེའི་རང་བཞིན་དེ་ཡིན་པས་སོ། ། འོན་ཀྱང་དེ་ལས་ཟློག་ཏེ་སེམས་ཅན་གྱི་ཤེས་པས་ལམ་ཉམས་སུ་བླངས་པ་ལ་བརྟེན་ནས་དྲི་མ་མེད་པའི་རྣམ་མཁྱེན་གྱི་ངོ་བོར་གྱུར་གྱི་ཡོད་པ་ཡིན།  ཐེག་པ་ཆེན་པོའི་སྡེ་སྣོད་དུ་རིགས་ཀྱི་ངོ་བོ་ནི་སངས་རྒྱས་ཀྱི་སྐུར་འགྱུར་རུང་གི་ཆོས་ཤིག་ལ་འཇོག་གི་ཡོད་པའང་དེ་ལྟར་ལགས།

 

གཉིས་པ། ལྷ་ཆེན་ཚངས་པས་དགོངས་པའི་རིགས་ཀྱི་འདོད་ཚུལ།

 

ཚངས་པ་ལ་སྐྱབས་སུ་འགྲོ་བའི་ཆོས་ལུགས་པས་རིགས་ཀྱི་འདོད་ཚུལ་ནི་གོང་ལྟར་མི་འདྲ་སྟེ་ཁོ་ཚོས་རིགས་ལ་མཐོ་དམན་ནམ་མཆོག་དམན་གྱི་དབྱེ་བ་ཡོད་པར་འདོད་ཀྱི་ཡོད།  དེ་ཡོད་པ་གང་ལ་ཁུངས་གཏུགས་ཀྱི་ཡོད་ཅེ་ན། འཇིག་རྟེན་བྱེད་པོ་ལྷ་ཚངས་པས་བཀོད་སྒྲིག་བྱས་པ་ཞིག་ཡིན་ཟེར་བ་དང་འཇིག་རྟེན་བྱེད་པོ་ཚངས་པ་ཁོང་རང་ནི་རྒྱུ་ལས་འཁྲུངས་པ་མ་ཡིན་པའི་དོན་བྱེད་ནུས་པའི་རྟག་པ་རང་དབང་བ་ཞིག་ཡིན། དེ་ལ་ཚད་མེད་ཟེར་བ་སོགས་འདོད་དོ། །དེས་ཐོག་མར་འཇིག་རྟེན་གྱི་ཁམས་འདི་མུན་པ་ཡིན་པ་ལ་དེ་ལ་འོད་འབྱུང་བར་གྱུར་ཅིག་ཅེས་ལབ་པས་ཉིན་མོ་བྱུང་བ་ལ་ཉིན་མཚན་གཉིས་སུ་བྱུང་བ་དང་མཚན་མོ་མཁའ་ལ་ཟླ་བ་དང་སྐར་མ་བཟོས་པ་མ་ཟད་ཉིན་མོ་ཉི་འོད་འབྱུང་བ་སོགས་ས་ཆུ་མེ་རླུང་དག་རིམ་བཞིན་བཟོས་པར་བཤད།   དེ་ནས་དེའི་སྟེང་དུ་མི་བཟོས་པས་དེ་དག་གིས་བྱ་བ་ངན་པ་ཀྱང་བྱས་པས་ལྷ་ཚངས་པས་གལ་ཏེ་ངའི་ཁ་ལ་ཉན་ན་ངའི་འཁྲིས་སུ་ངའི་གཡོག་པོར་སྐྱེ་གི་རེད།  དེ་མིན་མནར་མེད་པའི་སྡུག་བསྔལ་ཆེན་པོ་མྱོང་བར་འགྱུར་འགྲོ་གི་རེད་ཅེས་བཤད། ད་དུང་གོང་དང་མི་འདྲ་བའི་སྐོར་ནང་ཁུལ་གྱི་བཤད་སྲོལ་མང་དུ་མཆིས།

ལྷ་ཚངས་པས་མིའི་རིགས་རྒྱུད་སྤེལ་བ་ན་བྲམ་ཟེའི་རིགས་དེ་ནི་ལྷ་ཚངས་པའི་ཞལ་ནས་འཁྲུངས་པས་རིགས་མཐོ་ཤོས་ཡིན་ཞིང་དེའི་རིགས་སུ་སྐྱེས་པའི་མི་རྣམས་ཆོས་པ་དང་དགེ་རྒན་སོགས་ཡིན།   ཁོང་ཚོས་གསུང་རབ་ཀློག་འདོན་བྱེད་པར་མ་ཟད་རིག་བྱེད་ཀྱང་ཤེས་ཀྱི་ཡོད་ལ་དཀོན་མཆོག་ལ་མཆོད་ཅིང་བསྙེན་བཀུར་བར་བྱེད་པ་སོགས་ལས་གནས་ཀྱང་ཁ་ཁག་སྤྲད་ཡོད་པ་རེད།  དེ་རྗེས་རྒྱལ་རིགས་ཡིན་ཞིང་རིགས་དེ་ཨང་གཉིས་པ་རེད།   དེ་ཡང་ཚངས་པའི་ཕྱག་གཉིས་ལས་འཁྲུངས་པར་བཞེད་པས།  ཁོང་ཚོས་སྲིད་དབང་འཛིན་སྐྱོང་དང་དམག་དོན་སོགས་ཀྱི་ཐད་ཕྱག་ལས་གནང་གི་ཡོད།  དེའི་རྗེས་རྗེའུ་རིགས་རེད།  དེ་ཚངས་པའི་བརླ་གཉིས་ལས་འཁྲུངས་པས་ཁོང་ཚོས་བཟོ་རིག་གི་ལས་ཀ་གཉེར་བའམ་ཡང་ན་ཚོང་པ་དང་ཞིང་པ་སོགས་ཀྱི་ལས་ཀ་བྱེད་དགོས་པ་རེད།  དེ་རྗེས་དམངས་རིགས་རེད།  དེ་ཚངས་པའི་རྐང་མགོ་གཉིས་ནས་སྐྱེས་པས་རིགས་བཞིའི་ནང་ནས་ཆེས་དམའ་ཤོས་དེ་ཡིན་པར་བཞེད།  དམངས་རིགས་རྣམས་ཀྱིས་རིགས་མཐོ་བ་ཚོས་སྒྲུབ་མི་འདོད་པའི་ངལ་རྩོལ་གྱི་ལས་ཀ་དག་གཉེར་དགོས་པ་རེད།  དེ་དག་བཞི་རུ་མ་བསྡུས་པའི་རིགས་ཤིག་ཡོད་པ་ནི་གདོལ་པའི་རིགས་ཡིན་ཞིང་།  རིགས་དེ་ནི་ཆེས་ཐ་ཆད་པར་བརྩི་བ་ཡིན།  ཐ་ན་ཁོང་ཚོའི་སྡོད་ཁང་ཡང་གྲོང་གསེབ་ཀྱི་ཕྱི་རོལ་ཏུ་སྐྲུན་དགོས་པ་ལས་ཚད་ཀྱིས་བཅད་པའི་གྲོང་གསེབ་ཀྱི་ནང་དུ་སྐྲུན་མི་ཆོག་པ་མ་ཟད་ཁོང་ཚོས་ལས་ཀ་ཐམས་ཅད་ཀྱི་ནང་ནས་ཆེས་སྡུག་ཤོས་དེ་བྱེད་དགོས།  དེ་འདྲའི་ལས་ཀ་ཡང་གད་སྙིགས་བསྒྲུག་རྒྱུ་འམ། ཡང་ན་ཞིང་ཁར་ལུད་འདྲེན་པའམ་ལམ་ཁ་སྔོག་པ།  གཞན་ཡང་ཕག་པ་གསོ་བ་དང་མ་ཧེ་འཚོ་སྐྱོང་བྱེད་རྒྱུ་སོགས་ཡིན།  དེ་དག་གི་གསུང་རབ་རྣམས་སུ་འང་རང་ཉིད་ཀྱིས་རང་གང་དུ་གཏོགས་པའི་རིགས་སམ་གོ་གནས་ངོས་ལེན་བྱེད་ཐུབ་པ་དེ་ནི་བདེ་སྐྱིད་ཆེས་ཆེ་ཤོས་དེ་ཡིན་[8]ཞེས་གསུངས་ཡོད།  རིགས་བཞི་ག་རིམ་བཞིན་ཚངས་པའི་ཞལ་ལས་བྱུང་ཟེར་བ་སོགས་ལ་ད་དུང་ཤེས་བྱེད་འདི་ཡོད་དེ། བྲམ་ཟེ་རྣམས་ཀྱི་ལུགས་ལ་སྐྱེ་བོའི་ལུས་ཀྱི་རྐེད་པའམ་ལྟེ་བའི་མཚམས་ནས་བཅད་པའི་ཡས་ཕྱོགས་རྣམས་གཙང་བ་དང་། མས་ཕྱོགས་རྣམས་བཙོག་པའམ་དམེ་བར་བརྩི་བ་ལྟར་ཁ་ནི་ཟས་ཀྱི་འཇུག་སྒོ་དང་བསྟོད་ཚིག་དང་། བསྟོད་དབྱངས་འབུད་སྒོ་ཡིན་པས་ཆེས་གཙང་བར་བརྩི་ཞིང་། བྲམ་ཟེ་ཁ་ལས་བྱུང་བ་དེ་ཡིན། རྐང་པ་ནི་ལུས་ཀྱི་དམའ་ཤོས་དང་ཆེས་བཙོག་པའི་གནས་སུ་བརྩི་བས། དམངས་རིགས་རྐང་པ་ནས་བྱུང་བ་དེ་ཡིན་ལ་དམངས་རིགས་ཤིན་ཏུ་བཙོག་པར་བརྩི་བའང་དེ་ཡིན། རིགས་དམན་པ་དང་ཁྲོན་པ་གཅིག་གི་ཆུ་མི་འཐུང་བ་དང་། རིགས་དམན་པའི་ལུས་ལ་རེག་པའི་བསེར་བུ་མི་ཕོག་པར་བྱ་བ་སོགས་ཀྱི་ཁུངས་དེ་ག་ལ་ཐུག་འདུག རང་རེའི་གྲིབ་ཕོག་པར་བྱ་བ་དང་། མནོལ་བ་བྱ་བ། འགོམ་ཡུག་ཟེར་བ་སོགས་ཀྱང་མཐར་གཏུགས་ན་དེ་ལས་བྱུང་བར་ངེས། [9]ཞེས་སོ། །

མདོར་ན། བྲམ་ཟེའི་ཆོས་ལུགས་སུ་གཏན་ལ་ཕབ་པའི་རིགས་རུས་ཀྱི་སྒྲིག་སྲོལ་སྣ་ཚོགས་ནི་དོན་ལ་ཁོ་ཚོའི་ཕུགས་མདུན་གྱི་རི་མོ་ཙམ་ལས་དངོས་ཡོད་འཚོ་བ་དང་བར་ཐག་ངེས་ཅན་ཡོད་ཅིང་། བར་ཐག་དེ་མེད་པར་བྱ་བ་ལ་བྲམ་ཟེའི་ཆོས་ལུགས་པས་ཡུལ་དུས་དང་མཐུན་པའི་ཐབས་སྣ་ཚོགས་འཐེན་གྱི་ཡོད་པ་རེད། དཔེར་ན་དམངས་རིགས་སུ་སྐྱེས་པའི་རྒྱལ་པོ་ཞིག་གིས་མཆོད་སྦྱིན་གྱི་ཆོ་ག་ངེས་ཅན་ཞིག་བརྒྱུད་ན་རང་གི་རིགས་ཀྱི་ཐོབ་ཐང་བསྒྱུར་ཐུབ། དེར་གསེར་ལས་བྱས་པའི་བུ་སྣོད་གཅིག་དགོས་ལ། དེ་ནས་བྲམ་ཟེ་གདན་དྲངས་ཏེ་མཆོད་སྦྱིན་ལ་དབུ་འཛིན་མཛད་ཅིང་། མཆོད་སྦྱིན་ཁྲོད་རྒྱལ་པོ་གསེར་གྱི་བུ་སྣོད་ལས་ཕྱིར་ཐོན་པ་ན་སླར་ཡང་སྐྱེ་བ་ཐོབ་སྟེ་རྒྱལ་རིགས་སུ་འགྱུར་ལ། རྒྱལ་པོས་བྲམ་ཟེ་ལ་བཀའ་དྲིན་ཞུ་ཆེད་རང་ཉིད་སླར་ཡང་སྐྱེ་བ་ཐོབ་པར་བྱས་པའི་གསེར་གྱི་བུ་སྣོད་དང་བཅས་པའི་རྒྱུ་ནོར་འབོར་ཆེན་སྦྱིན་དགོས། [10]ཞེས་དང་།  དེ་སྐད་དུ་ཡང་། <གཏམ་རྒྱུད་གསེར་ཐང་>ལས་བལ་ཡུལ་རྒྱལ་པོའི་བླ་མ་མུ་སྟེགས་ཀྱི་པཎ་ཌི་ཏ་ཆེན་པོ་པོཧེམ་རཱ་ཛ་གསེར་རྒྱལ་ལ་མཇལ། འདི་ཕྱི་ནང་གི་གཞུང་རྒྱ་མཚོ་ལྟ་བུ་ལ་སྦྱངས་པའི་མཁས་པ་རྒྱ་བལ་གཉིས་ཀར་གྲགས་ཆེ་བར་ཡིན་ཟེར། བལ་ཡུལ་དུ་མུ་སྟེགས་ཀྱི་སྲོག་བཟུང་ནས་སངས་རྒྱས་པ་ཅུང་ཟད་ཅིག་ཡོད་པ་ཟིལ་གྱིས་གནོན་པའི་གཙོ་བོ་ཡང་ཁོང་རེད། རིག་བྱེད་ཀྱི་ཆོ་ག་ཆེན་པོ་དག་ཀྱང་ལག་ལེན་དུ་བྱེད། ལན་གཅིག་རྒྱལ་པོ་ལ་ཚེ་གེགས་འདུག་པས་དེ་སེལ་བའི་ཐབས་སུ་ཤི་ནས་སླར་སྐྱེས་པའི་ཆོ་ག་བྱ་དགོས་ཟེར་ནས། གསེར་ལས་བྱས་པའི་བུད་མེད་ཀྱི་གཟུགས་ཞིག་གི་ཁོག་པར་རྒྱལ་པོ་བཅུག་ནས་མངའ་སྒོར་ནས་འཐོན་དུ་བཅུག་ཟེར།  གསེར་དེ་ཉིད་ཁོ་རང་གི་ཡོན་དུ་འཁྱེར། [11]ཞེས་སོ། །

 

དོན་ཚན་གསུམ་པ།

ལུང་རིགས་ཀྱི་སྒོ་ནས་རིགས་རུས་ལ་མཐོ་དམན་མེད་པར་སྒྲུབ་པ།

 

དང་པོ། རང་ལུགས་ནི་ཆོས་རྒྱུད་གཞན་ལས་ཁྱད་པར་དུ་འཕགས་པའི་འཚེ་མེད་རྟེན་འབྲེལ་སྟོན་པ་པོ་དང་འདྲ་མཉམ་གྱི་སྒོ་དབྱེའི་སློབ་དཔོན་ཆེན་པོ་རྒྱལ་སྲས་དོན་ཀུན་གྲུབ་པ་དེ་ཉིད་ཀྱི་སྲོལ་ལེགས་པར་བརྒྱུད་པའི་ནང་བསྟན་གཞུང་ལུགས་འདིའི་ནང་མིའི་རིགས་སམ་དུད་འགྲོའི་རིགས། ཡི་དྭགས་ཀྱི་རིགས་སམ་ལྷའི་རིགས་ཚང་མར་རང་གིས་ལས་ཡག་སྡུག་ག་རེ་བྱས་པའི་ལུས་རྟེན་དང་གནས་ཡག་སྡུག་སོགས་གླེང་ཡང་། མཆོག་འཛིན་གྱི་ལྟ་བས་བསླད་པའི་རིགས་སྒྲ་ཙམ་ཡང་མེད་པར་མ་ཟད་ད་དུང་ཁོང་གིས་ཉིན་གཅིག་མཆོད་སྦྱིན་ལ་བརྩོན་པའི་བྲམ་ཟེ་བྷཔྥ་ར་དྷཱ་ཛ་ལ་བཀའ་བསྩལ་པ། མིའི་ནང་ནས་མཆོག་ཏུ་གྱུར་པ་ནི་དགེ་བའི་ལས་བྱེད་མཁན་དེ་ཡིན། རང་གི་བྱ་སྤྱོད་ངན་ཞིང་མི་དགེ་བའི་ལས་བྱས་ཀྱང་།  རིགས་མཐོན་པོར་སྐྱེས་པ་ཙམ་ལ་མཆོག་ཏུ་འཛིན་པ་དེ་ནི་རྫུན་པའི་ལས་ཡིན་[12]ཞེས་གསལ་སྟོན་མཛད་ཡོད།   ཁྱེའུ་བཀྲ་ཤིས་ལ་སྟོན་པ་ཤཱཀྱ་ཐུབ་པ་ཐོག་མར་མཇལ་དུས་ཁོས་སྟོན་པ་ཤཱཀྱ་ཐུབ་པའི་ཕྱག་གཡོན་པར་རེག་ནས་གལ་ཏེ་ངས་འདི་ལྟར་ཁྱེད་ལ་རེག་ན་ཁྱེད་ལ་གྲིབ་ཕོག་གི་མ་རེད་དམ་ཞེས་སྐད་ཅ་དྲིས། ཁོང་གིས་མགོ་བོ་འཕྲེད་ལ་གཡུགས་བཞིན་འཛུམ་དང་བཅས། གཅེས་ཕྲུག །གྲིབ་ག་ལ་ཕོག །ང་ལ་གྲིབ་གཏན་ནས་མི་ཕོག །ཁྱེད་ཀྱང་མི་རེད་ལ་ང་ཡང་མི་རེད། གཞན་གྱིས་ཅི་བཤད་ལ་ཉན་མི་དགོས་[13]ཞེས་གསུངས། ཁྱེའུ་བཀྲ་ཤིས་ཀྱིས་དེ་ལྟར་དྲི་དགོས་དོན་ནི་རྒྱ་གར་དུ་རིགས་རུས་ཆེན་པོ་བཞི་ཟེར་བའི་ནང་གི་བཀྲ་ཤིས་ནི་དེའི་ཁོངས་སུ་ཡང་མེད་པའི་རིགས་ངན་པ་ཐ་ཆད་དུ་བརྩི་བའི་གདོལ་པའི་རིགས་ཞེས་པ་ཐ་ན་སྦྱིན་བདག་གི་མ་ཧེ་ལ་རེག་ནའང་གྲིབ་ཕོག་པར་བརྩི་བ་མ་ཟད། ལམ་འགྲམ་དུ་རིགས་རུས་མཐོ་བ་ཐུག་ཚེ་ཁོ་ཚོར་གྲིབ་ཕོག་སོང་ཟེར་ནས་རྡུང་རྡེག་ཀྱང་དྲག་པོ་བཟེད་དགོས་ཀྱི་ཡོད་པའི་རིགས་ཤིག་ཡིན་པས་རེད། མདོར་ན་སྟོན་པ་ཤཱཀྱ་ཐུབ་པས་གསུངས་པ་བཞིན་མི་ཆ་ཡིན་པའི་རྒྱུ་མཚན་གྱིས་གཙང་བཙོག་གི་དབྱེ་བ་མེད་ཅེས་པའི་ལེགས་བཤད་ནི་བློ་ལྡན་རྣམས་ཀྱི་རྣ་བར་བུང་བ་ལྡིང་བ་བཞིན་གསལ་ལ་སྙན་པ་ཞིག་མ་ཡིན་ནམ། གཞན་ཡང་རྒྱལ་སྲས་དོན་གྲུབ་ཡུལ་སྟེང་རྒྱས་དུ་བཞུགས་སྟེ་ཐོག་མར་བཀྲ་ཤིས་ངོ་ཤེས་ནས་རྒྱུན་རིང་པོར་མ་སོང་བར་ཁོ་དང་ཡུལ་དེའི་མགོ་དཔོན་གྱི་བུ་མོ་ལེགས་སྐྱེས་མ། རྒྱལ་སྲས་དོན་གྲུབ་བཅས་ཁོང་ཚོ་ཕོར་པ་གཅིག་གི་ནང་དུ་ཆབ་མཉམ་འཐུངས་བྱས་པས་ལེགས་སྐྱེས་མའི་སེམས་ལ་རང་གིས་རིགས་ངན་གྱི་བུ་ཞིག་དང་མཉམ་དུ་ཕོར་པ་གཅིག་གི་ནང་དུ་ཆབ་བཏུངས་ཏེ་ཁ་བསྲེས་པའི་རྣམ་རྟོག་གང་ཡང་མ་བྱུང་བས། རྒྱལ་སྲས་དོན་གྲུབ་ཀྱིས་གསུངས་པར། ཡ། གཅེས་ཕྲུག་གཉིས། ཁྱེད་གཉིས་ཀྱིས་ཡག་པོ་ཤེས་འདུག །མི་རྣམས་ནི་སྐྱེས་དུས་ནས་རིགས་རུས་ཀྱི་དབྱེ་བ་མེད་པར་ཐམས་ཅད་ཀྱི་མིག་ཆུ་ཚ་ཁུ་ཡིན་ལ། ཟུངས་ཁྲག་ཀྱང་དམར་པོ་ཡིན་པ་གཅིག་མཚུངས་ཡིན། དེ་ལྟར་མིའི་ཁྲོད་དུ་རིགས་རུས་ཀྱི་དབྱེ་བ་ཕྱེས་ཏེ་མཐོ་དམན་གྱི་གོ་རིམ་སྤྲོད་པ་ནི། ཆེས་ནོར་འཁྲུལ་རང་བཞིན་ཞིག་ཡིན་པ་ངའི་སྒོམ་སྒྲུབ་ཀྱི་ཉམས་ལེན་ཁྲོད་ཧ་ཅང་གསལ་པོར་གྱུར་སོང་། [14]ཞེས་གསུངས། དེ་ནས་ལེགས་སྐྱེས་མས་བསམ་བློའི་འཁྱེར་སོ་ཡོད་པ་ལྟ་བུའི་སྒོ་ནས་ཞུས་པ། ངེད་གཉིས་ནི་ཁྱེད་ཀྱི་སློབ་མ་ཡིན་པས་ཁྱེད་ཀྱིས་གང་གསུངས་པར་ཡིད་ཆེས་བརྟན་པོ་ཡོད། འོན་ཀྱང་འཇིག་རྟེན་འདིར་ཁྱེད་དང་འདྲ་བ་གཅིག་ཀྱང་མཐོང་རྒྱུ་མེད། རྒྱུ་མཚན་ནི། མི་རྣམས་ཀྱིས་དམངས་རིགས་དང་ལག་པ་ཙམ་ཡང་འཆང་མི་རུང་བའི་རིགས་ངན་ཏེ་གདོལ་པའི་རིགས་ནི་འཇིག་རྟེན་བཀོད་པ་པོའི་རྐང་པ་ལས་བྱུང་བར་ཡིད་ཆེས་བྱེད་བཞིན་པ་མ་ཟད། གསུང་རབ་ནས་ཀྱང་དེ་ལྟར་གསུངས་ཡོད་སྟབས་འདི་ལས་གཞན་པའི་ལྟ་ཚུལ་ལ་བསམ་བློ་གཏོང་ནུས་མཁན་གཅིག་ཀྱང་མི་འདུག །ཅེས་ཞུས་པར། གཞོན་ནུ་དོན་གྲུབ་ཀྱིས། རེད། ཏག་ཏག་རེད།  དེ་ཚོ་ཚང་མ་ངས་ཤེས་ཀྱི་ཡོད། འོན་ཀྱང་མི་རྣམས་ཡིད་ཆེས་ནའང་འདྲ་མ་ཆེས་ནའང་འདྲ། བདེན་པ་ནམ་ཡང་བདེན་པ་ཡིན་པས། ཐ་ན་སྐྱེ་བོ་ས་ཡ་གཅིག་ཙམ་གྱིས་རྫུན་པ་ཞིག་ལ་ཡིད་ཆེས་བྱེད་བཞིན་ཡོད་ནའང་རྫུན་མ་ནི་ད་དུང་རྫུན་མ་རང་དུ་གནས། ཁྱེད་གཉིས་ལ་དོན་དམ་གྱི་མི་ཚེ་སྐྱེལ་བའི་སྙིང་སྟོབས་དགོས་ཞེས་བཀའ་གནང་བ་རེད། དམ་ཆོས་འདུལ་བའི་ནང་དུ་རབ་ཏུ་བྱུང་བའི་སྐབས་སུ་རིགས་དམན་པ་མ་ཡིན་ནམ། མགར་བ་མ་ཡིན་ནམ། གདོལ་པ་མ་ཡིན་ནམ་ཞེས་བར་ཆད་དྲི་བའི་སྲོལ་ཡོད་པ་དེ་དག་ཅི་ཡིན་བསམ་པར་ཐེ་ཚོམ་ཟ་སྲིད། དེ་དག་ནི་རབ་ཏུ་མ་བྱུང་གོང་གི་ཐོག་མའི་ཆ་རྐྱེན་ཙམ་ཡིན་ལ་དགོས་པའང་ངེས་ཅན་ཞིག་ཡོད་པ་ཡིན།  དེ་ལ་ཆོས་ལུགས་ཀྱི་ནང་དུ་མཛེས་པའི་བར་ཆད་འདྲི་བ་ཟེར་གྱི་ཡོད། མཛེས་པའི་བར་ཆད་ཟེར་བ་ནི། དེང་གི་ཆར་ཆོས་ལུགས་ཞིབ་འཇུག་པའི་ནང་སྐད་ཆ་འདི་འདྲ་ཞིག་ཡོད་པ་ནི། སྔར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་དེས་དགུང་ལོ་ཉེར་དགུའི་བར་དུ་རྒྱལ་སྲིད་བཟུང་ནས་བྲག་འཛིན་མ་བཙུན་མོར་ཁབ་ཏུ་བླངས་མེད་པ་དང་། ཁོང་ལ་སྲས་ཀྱང་མེད་པ་ཡིན་ན། ཁོང་ཕོ་བྲང་ནས་རྟ་མཆོག་མངོན་ཤེས་ཅན་ལ་ཆིབས་ཏེ་དབེན་པའི་ནགས་ཁྲོད་ཀྱི་བྱང་ཆུབ་ལྗོན་ཤིང་གི་འོག་ཏུ་སངས་རྒྱས་ཀྱི་གོ་འཕངས་ཐོབ་ཡོད་པ་ཡིན་ནའང་དེང་གི་སྤྱི་ཚོགས་ཁྲོད་དེའི་རྗེས་འཇུག་པ་རྣམས་ལ་ངན་སྨྲས་ཞིག་གཏན་གཏན་འབྱུང་ཉེ་བ་ཡིན་ཞེས་བཤད་ཀྱི་ཡོད།  དེ་ལ་རྒྱུ་མཚན་མེད་པའང་མ་ཡིན་ཏེ། ཁོང་ཚོས་སེམས་ཁྲལ་བྱེད་བཞིན་པ་ནི་སྟོན་པ་ཁོང་གིས་བཙུན་མོ་བླངས་པ་དང་རྒྱལ་སྲིད་སོགས་བསྐྱངས་པའི་འཇིག་རྟེན་གྱི་བྱ་བ་དེ་དག་གནང་མེད་པར་ནགས་ཁྲོད་དུ་ཆོས་ཉམས་སུ་ལེན་པར་ཕེབས་ཡོད་ན། ཁོང་གི་རྗེས་འཇུག་རབ་བྱུང་བ་ཡང་ཁྱིམ་སྐྱོང་མ་ཐུབ་པ་དང་།  བུ་ཕྲུག་སྐྱེ་འཕེལ་གྱི་ནུས་པ་མེད་པ་ཤ་སྟག་ཡིན་ཙང་རི་མགོར་བྲོས་ཕྱིན་པའི་ཁྱུ་ཚོགས་ཤིག་རེད་ཟེར་བའི་ངན་སྨྲས་ཡོང་ཉེན་ཡོད་པས་ཡིན།  དོན་བསྡུས་ན་དབང་པོ་མ་ཚང་བའམ་སྐྱོན་ཅན་རེད་ཟེར་དོགས་པས་ཡིན།   དེ་ཡིན་དུས་རབ་བྱུང་མ་སྒྲུབ་གོང་དུ་མ་ནིང་དང་།  མཚན་གཉིས་པ་སོགས་ཡིན་མིན་ཞིབ་པར་བརྟག་ཚུལ་བཀོད་ཡོད་པའང་དགོས་པ་དེ་འདྲ་ལ་གཟིགས་པ་ཡིན།དེ་བཞིན་དུ་གདོལ་པ་མ་ཡིན་ནམ།  མགར་བ་མ་ཡིན་ནམ་ཞེས་སོགས་ཀྱང་དེའི་དུས་ཀྱི་ཡུལ་དུས་རང་བཞིན་དང་བསྟུན་པ་ཙམ་ཡིན་པ་ནི་སྔར་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པས་ཞིང་པ་དང་ཉ་པ་དེ་རིགས་རབ་བྱུང་སྒྲུབ་སྟེ་སྟོན་པའི་རྗེས་འཇུག་པར་བཟུང་བ་ན་ཕྱི་རོལ་མུ་སྟེགས་པ་དང་བྲམ་ཟེ་དག་གིས་ངན་སྨྲས་བྱས་ཏེ་གོོ་ཏ་མའི་རྒྱུད་འཛིན་པ་ནི་རིགས་དམན་པ་ཤ་སྟག་རེད་ཅེས་ལབ་གླེང་བྱུང་བར་བརྟེན་སྟོན་པས་ཁོ་ཚོའི་ངན་སྨྲས་དག་ཞི་བའི་ཆེད་དུ་རེ་ཞིག་དེའི་རིགས་རབ་ཏུ་བྱུང་བར་མི་བྱ་ཞེས་ཐབས་མཁས་མཛད་པ་ཙམ་ལས་དོན་དུ་ནི་གདོལ་པ་དང་དམངས་རིགས་སོགས་རབ་ཏུ་མ་བྱུང་བ་མ་ཡིན་ནོ། །   དེ་ལྟར་ཐབས་མཁས་མཛད་དགོས་དོན་ཡང་སྐབས་དེའི་རྒྱ་གར་གྱི་སྤྱི་ཚོགས་ནི་རིགས་རུས་མཐོ་དམན་གྱི་འདུ་ཤེས་སམ་མཆོག་དམན་ལ་ཤིན་ཏུ་བརྩི་བའི་སྤྱི་ཚོགས་ཤིག་ཡིན་པས་རེད། མཁའ་དབུགས་དོག་པོ་དེ་འདྲ་ཞིག་གི་ནང་དུ་རིགས་རུས་ལ་མཆོག་དམན་མེད་པ་དང་ཡག་སྡུག་མེད་པའི་ལྟ་བ་སྟོན་མཁན་ལ་དེ་ལྟ་བུའི་སྡང་ཟུག་བྱེད་མཁན་ཡོད་པ་ནི་གོར་མ་ཆགས། དེས་རྐྱེན་པས་རབ་བྱུང་གི་སྡོམ་པ་འབོག་པའི་གོང་དུ་བར་ཆད་དེ་དག་འདྲི་སྲོལ་ཙམ་ཡོད་པ་ལས་དེང་གི་དུས་སུ་དེ་དག་དངོས་སུ་ལག་ལེན་བསྟར་གྱི་མེད་ལ་ལག་ལེན་བསྟར་བ་རེ་གཉིས་ཡོད་ན་དེའང་ཐུབ་པ་སངས་རྒྱས་ཀྱི་དགོངས་པ་མ་ལོན་པ་རང་ཡིན།            ཡང་འགའ་ཞིག་གིས་བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའང་འཇིག་རྟེན་འདིར་སྐྱེ་བ་བཞེས་སྐབས་རིགས་ཕུན་སུམ་ཚོགས་པ་ལྔ་ལ་གཟིགས་པ་ཡིན་པས་རིགས་རུས་མཆོག་དམན་གྱི་ལྟ་བ་འཛིན་འདུག་བསམ་ཚེ་དེ་ལ་ཕྲན་གྱིས་རྨོངས་ཚོད་ཙམ་ཞུས་ན། དེ་ཡང་དགོས་པ་སྣ་ཚོགས་པ་ཞིག་ལ་གཟིགས་པ་ཡིན་གྱིས་སྟོན་པ་བཀའ་དྲིན་ཅན་ལ་ནི་དགྲ་གཉེན་དང་མཆོག་དམན་གྱི་ལྟ་བ་དེ་རིགས་ཅི་ལ་ཡོད། མཁའ་དབུགས་ཐམས་ཅད་རིགས་རུས་མཐོ་དམན་དང་མཆོག་འཛིན་གྱི་ལྟ་བ་ངན་པས་ཁེངས་པའི་སྤྱི་ཚོགས་དེ་འདྲ་ཞིག་གི་འོག་ཏུ་རྨད་བྱུང་གི་འདྲ་མཉམ་ལྟ་བ་དང་། མཆོག་དམན་མེད་པའི་རིགས་ཀྱི་ལྟ་བ། འཚེ་བ་མེད་པའི་ཞི་བདེའི་ལྟ་བ། རྟེན་ཅིང་འབྲེལ་འབྱུང་གི་རྒྱུ་འབྲས་ལྟ་བ་སོགས་སྟོན་པ་ལ་གདོལ་པ་ཞིག་གི་སྐྱེ་བ་བླངས་པ་ཡིན་ན་རྨད་བྱུང་གི་མཛད་བཟང་དེ་དག་དེ་ལྟ་བུའི་འཕྲིན་ལས་མྱུར་པོ་ཞིག་ཡོང་དཀའ་བར་དགོངས་ནས་ཤཱཀྱའི་རྒྱུད་དང་རྒྱལ་པོའི་རིགས་སུ་སྐྱེ་བ་བླངས་པར་ཡིན་ངེས།          དོན་དུ་ནི་རིགས་རུས་མཐོ་དམན་དང་མཆོག་འཛིན་གྱི་ལྟ་བ་མེད་པ་ནི་ཁོང་རང་གིས་ངའི་ཆོས་རྒྱུད་འདི་འཛིན་མཁན་ལ་རིགས་མི་གཙོ། རུས་མི་གཙོ། སྒྲུབ་པ་གཙོ་ཞེས་གསུངས་པ་མ་ཟད་རྩ་ཚོང་བཀྲ་ཤིས་སོགས་གདོལ་པའི་རིགས་དང་དམངས་རིགས། རྒྱལ་རིགས། བྲམ་ཟེའི་རིགས་སོགས་མང་པོ་ཞིག་ལ་བདེན་བཞི་ལ་སོགས་པའི་དམ་པའི་ཆོས་སྟོན་ནས་དགྲ་བཅོམ་པའི་གོ་འཕངས་མངོན་དུ་བྱས་པ་གྲངས་ལས་འདས་སོ།  །          གཞན་ཡང་བྱམས་པའི་རྣམ་པར་ཐར་པའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་ཞེས་སོགས་ནས་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཟིལ་གྱིས་གནོན་ཏོ། [15]ཞེས་སོགས་ཀྱི་སྐབས་རིགས་ཀྱི་སྒོ་ནས་ས་འོག་མ་དང་ཐེག་པ་འོག་མ་ཟིལ་གྱིས་གནོན་ཚུལ་གླེང་བ་ཡིན།  ཉན་རང་ནི་རང་ཉིད་གཅིག་པུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་ཐར་བར་འདོད་ལ་དེའི་ཆེད་དུ་ལམ་སྒོམ་ནས་འབད་བརྩོན་བྱེད་མཁན་ཞིག་ཡིན། དེ་གཉིས་ཀྱིས་རང་དོན་ཁོ་ན་བསམས་པ་ལས་གཞན་ཕན་གྱི་བསམ་བློ་རྒྱ་ཆེན་པོ་བཏང་མ་ཐུབ་པ་ཡིན་དུས། ང་ཚོས་བཤད་པའི་བློ་རྒྱ་ཆུང་ཆུང་ཟེར་བ་དེ་དང་། དམིགས་ཡུལ་ཆུང་ཆུང་ཟེར་བ་དེ་ཡིན། དེར་རྟེན་ཐེག་པ་དམན་པ་ཞེས་མིང་བཏགས་པ་ཡིན་ལ། བཏགས་དོན་ཀྱང་ཐེག་ཞེས་པ་འཁུར་བུ་འཁྱེར་བའི་དོན་ཡིན་ལ་ཐེག་དམན་ནི་འཁུར་བུའི་ནང་ནས་ཆེན་པོ་མ་འཁྱེར་མཁན་ཡིན་པས་སོ། ། དེ་འདྲ་བའི་རང་དོན་ཁོ་ན་ལས་མི་བསམ་མཁན་ནི་འཇིག་རྟེན་གྱི་འགྲོ་ལུགས་ལྟར་ནའང་རང་ཤེད་ཚ་པོ་ཞེས་པ་དེ་ཡིན་ལ་དེ་འདྲའི་བློ་དེ་རང་དོན་ཡལ་བར་དོར་ནས་གཞན་དོན་གཙིགས་ཆེར་འཛིན་མཁན་གྱི་ལྷག་བསམ་དག་པའི་སེམས་སྐྱེད་དམ་བློ་ཡིས་ཟིལ་གྱི་གནོན་པ་ཡིན།  གང་ལྟར་གཞུང་ལུགས་ནས་བཤད་པའི་ཟིལ་གྱི་གནོན་ཚུལ་ནི་གཅེས་འཛིན་གྱི་དོན་དང་རིན་ཐང་གི་དོན་ཡིན་ལ།  དེ་ལྟར་ཟིལ་གྱིས་གནོན་ཚུལ་ནི་གོ་བདེར་བརྗོད་ན་ལས་རྒྱུ་འབྲས་དང་དད་པའི་སྒོ་ནས་ངེས་ཤེས་རྙེད་དགོས་ལ་རང་རེ་བོད་སྤྱི་བོ་གནམ་བསྟན་པའི་མི་རྣམས་ཀྱི་ཤོད་རྒྱུན་དུ་དབང་ཐང་ཆེན་པོ་ཞེས་པ་དེ་རེད། མི་འགའ་ཞིག་ནི་ཚེ་འདིར་དབང་ཆ་ཆེ་ཞིང་གང་བཤད་པ་ཐམས་ཅད་ལ་སྐྱེ་བོ་གཞན་གྱིས་བཀུར་ཞིང་མ་གྲོས་གཅིག་མཐུན་འོག་གུས་བརྩི་དང་གཟི་བརྗིད་ཆེ་བར་མ་ཟད་ཕ་རོལ་པོ་ཉམས་ཆུང་ངུར་གཏོང་བའི་ནུས་པ་ཞིག་ཡོད་པ་དེ་ཡིན།

དེ་བཞིན་དུ་རྒྱལ་བ་ཙོང་ཁ་པ་ཆེན་པོས། རིགས་གཟུགས་འབྱོར་དང་དབང་ཕྱུག་ཤེས་རབ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག[16]ཟེར་ནས་སྨོན་ལམ་བརྒྱབ་ཡོང་དུས། རིགས་མཐོན་པོར་སྐྱེ་བའམ་རིགས་ཕུན་གསུམ་ཚོགས་པར་སྐྱེ་བ་ལེན་པའི་རྒྱུ་སྒྲུབ་དགོས་ཞེས་ལམ་རིམ་དག་ལས་གསུངས་པ་ནི། མངོན་མཐོའི་རྟེན་ཁྱད་པར་བ་རྣམ་སྨིན་གྱི་ཡོན་ཏན་བརྒྱད་ལྡན་ཞིག་ཐོབ་ན་ལམ་བསྒོམ་པའི་ས་ཆོད་གཞན་དང་མི་འདྲ་བ་ཞིག་ཡོང་ཐུབ་པའི་རྒྱུ་མཚན་གྱིས་ཡིན། རྣམ་སྨིན་གྱི་ཡོན་ཏན་བརྒྱད་ནི་ཚེ་རིང་བ། གཟུགས་བཟང་བ། རིགས་མཐོ་བ། དབང་ཕྱུག་ཆེ་བ། ཚིག་བཙུན་པ། དབང་ཆེ་བར་གྲགས་པ། སྐྱེས་པ་ཉིད་ཡིན་པ། ལུས་སེམས་སྟོབས་དང་ལྡན་པ་རྣམས་སོ། ། དེའི་ནང་གི་རིགས་མཐོ་བ་ཟེར་བ་ནི་བྲམ་ཟེ་ཚོས་བཤད་པའི་རིགས་དང་། ད་ལྟ་དམངས་ཁྲོད་དུ་ཡོད་པའི་རིགས་མཆོག་དམན་གྱི་དབྱེ་བ་དེ་འདྲ་གཏན་ནས་མ་རེད། ཆོས་འཆད་མཁན་ཚོས་ཀྱང་དེ་དག་ལ་འགྲེལ་བཤད་ཡག་པོ་ཞིག་མ་གནང་བ་ཡིན་ན་ད་ལྟའི་སྤྱི་ཚོགས་ཁྲོད་ཀྱི་རིགས་རུས་ལ་མཆོག་དམན་འདོད་པའི་ཕྱོགས་ལྷུང་གི་ལྟ་བ་ངན་པ་དེ་ཚོར་མེ་ཚ་བའི་སྒང་ལ་ཤིང་གི་སྣོན་པ་བཏབ་པ་ཡིན། སྐབས་སྐབས་ལ་འདི་ལྟར་བསམ་ཡོང་སྟེ་བོད་ནང་གི་རིགས་རུས་ལ་མཆོག་དམན་དུ་འདོད་པའི་ལྟ་ཚུལ་དེ་ཁྲི་ཐོག་ནས་ཆོས་གསུང་མཁན་རྣམ་པ་ཚོས་བྱས་པ་མིན་ནམ་སྙམ་པ་བྱུང་། གང་ཡིན་ཟེར་ན་འགར་བས་ལུག་བསོད་བྱེད་ཀྱི་གྲི་སོགས་བཟོས་པ་དང་། བཤན་པས་དེ་བེད་སྤྱད་ནས་ར་ལུག་སོགས་བསད་དེ་སྡིག་པ་ཚབས་ཆེན་བྱུང་བའི་ལས་བསག་པས་ཁོང་ཚོ་ནི་ཚེ་ད་རེས་ཆོས་བྱེད་པར་མི་ཁོམ་ལ་ཕྱི་མ་དམྱལ་བར་འགྲོ་ངེས་ཡིན་པས་རང་བཞིན་གྱི་རིགས་དམན་པ་ཡིན། ཁོང་ཚོའི་ལས་ཀ་བྱེད་སྟངས་ཆེས་བཙོག་པ་རེད། མི་དེ་ཚོའི་རིགས་ལ་འབྲེལ་འདྲིས་བྱེད་མི་ཉན་སོགས་བཤད་པས་སྤྱི་ཚོགས་ཀྱི་སྟེང་དུ་ཁོང་ཚོ་ལོགས་སུ་བཀར་ནས་རིགས་རུས་ལ་གཙང་བཙོག་དབྱེ་བའི་ཕྱི་རོལ་པའི་འདོད་ཚུལ་དེ་བྱུང་བ་མིན་ནམ་བསམ་པ་འཁོར་ནས་ངེས་པར་དེ་ཚོའི་རིགས་ལ་བསམ་བློ་ནན་ཏན་བཏང་དགོས་པར་དྲན། ངེས་པ་དོན་གྱི་ཡོངས་ཀྱི་དགེ་བའི་བཤེན་གཉེན་ཆེན་པོ་རྒན་ལམ་རིམ་པས། རིགས་མཐོ་བའི་རྒྱུ་ནི། སེར་སྐྱ་གང་ཡིན་ཡང་ཡོན་ཏན་དང་། རིགས། ཚུལ་ཁྲིམས། ཤེས་རབ། འཁོར། གོ་ས་སོགས་ཀྱི་ཁེངས་སེམས་མི་བྱེད་པར། ང་རྒྱལ་དང་།  ཆེ་བའི་ང་རྒྱལ་ཐམས་ཅད་སྤངས་ཏེ་དམན་ས་གཟུང་དགོས་པ་[17]ཞེས་སོགས་མང་དུ་གསུངས་གནང་འདུག་པའི་དོན་མདོར་བསྡུས་པ་ཡ་རབ་དམ་པའི་མི་ཆོས་ལས་མ་འདས་པར་དམ་པའི་སློ་གསོ་མྱངས་ཏེ་ཚུལ་མཐུན་གྱི་ལས་བྱས་ན་དེ་ནི་རིགས་མཐོ་བ་ཡིན། དེ་ལ་འགར་བ་དང་གཤན་པའི་རྒྱུད་ཀྱི་རིགས་དང་རུས་ཀྱི་དབྱེ་བ་མེད་གསུངས་པ་ཡིན། སྦྱོར་བའི་སྔོན་དུ་སྙིང་རྗེ་དང་། །མོས་པ་དང་ནི་བཟོད་པ་དང་། །དགེ་བ་ཡང་དག་སྤྱོད་པ་རྣམས། །རིགས་ཀྱི་རྟགས་སུ་ངེས་པར་བཤད། །[18]ཅེས་པ་ལྟར་རོ། །

 

གཉིས་པ། རིགས་རུས་ལ་མཆོག་དམན་གྱི་དབྱེ་བ་ཕྱེ་བའི་སྲོལ་ནི་བྲམ་ཟེའི་ཆོས་ལུགས་ནང་ཤིན་ཏུ་དར་བ་དང་། དེའི་རྒྱུད་འཛིན་པ་རྣམས་ཀྱིས་གཙིགས་ཆེན་བྱེད་མཁན་ཞིག་ཡིན། སྔར་སྟོན་པ་ཤཱཀྱ་ཐུབ་པ་བཞུགས་མྱོང་བའི་ཡུལ་དབུས་དང་ཉེ་འཁོར་དག་ལ་རིགས་ཀྱི་མཆོག་དམན་དབྱེ་བ་ཧ་ཅང་གི་ཚབས་ཆེན་པོར་སླེབས་ཡོད་ལ་དེང་གི་དུས་སུའང་མཐོང་ཆོས་སུ་གྱུར་ཡོད། ཁོ་ཚོའི་མཆོག་འཛིན་གྱི་ལྟ་བ་དེའང་དེའི་ཆོས་རྒྱུད་དེ་ལས་བྱུང་བ་ཡིན་ལ་ཆོས་རྒྱུད་དེ་འཛིན་པའི་ཆོས་པ་འགའ་ཞིག་ལ་མངོན་ཤེས་ཕྲན་བུ་རེ་མངའ་བས་ཡུལ་དེའི་རྒྱལ་པོས་ཀྱང་མངོན་ཤེས་ལ་ངོ་མཚར་དུ་འཛིན་ཏེ་ཆོས་རྒྱུད་དེར་རྒྱབ་བསྐྱོར་བྱས་པ་མ་ཟད་རང་ཉིད་རིགས་དེ་དག་ལས་དམའ་བར་འདོད་པའི་གཞུང་ལུགས་དག་ཁས་ལེན་བྱས་པས་དེའི་འོག་གི་བློན་འབངས་རྣམས་རིམ་བཞིན་རིགས་རུས་མཆོག་དམན་གྱི་ལྟ་བ་མི་འདོད་ཀ་མེད་བྱུང་བ་རེད། དེ་ལྟར་འདོད་པའི་ཆོས་ལུགས་ནི་ནང་ཆོས་ལས་གཞན་པའི་ཧིན་དུའི་ཆོས་ལུགས་ཀྱང་ཡིན་ལ། ཡེ་ཤུའི་ཆོས་ལུགས་སོགས་གཞན་པས་ཀྱང་འགྲོ་བ་མི་ལས་གཞན་པའི་སེམས་ཅན་དག་བྱེད་པོ་ལྷ་ཡིས་མི་ལ་གནང་བའི་ཁ་ཟས་ཡིན་ཞེས་ཁོ་ཚོའི་ཚེ་སྲོག་གི་རིན་ཐང་ལ་བརྩིས་མེད་ཀྱིས་མཆོད་རྫས་བྱེད་ཀྱི་ཡོད་པ་རེད། དེ་དང་དེ་འདྲ་བའི་རིགས་ཀྱི་འདོད་ཚུལ་ནི་དོན་དུ་ཡུལ་དངོས་པོའི་གནས་ལུགས་ནས་ཚུར་གྲུབ་པ་ཞིག་དང་ཡང་ན་ཕར་བཏགས་པ་གང་ཡིན་སྙམ་ཚེ་བརྟེན་འབྱུང་གི་གནས་ལུགས་ལ་གོ་བ་ཕྲན་བུ་མངལ་བའི་བློ་གྲོས་དང་ལྡན་པ་རྣམས་ཀྱིས་དོགས་ཟོན་ཅི་ཡང་མེད་པར་རིག་པའི་སྒོ་ནས་ཚར་གཅོད་ཐུབ་པ་ཞིག་ཡིན།      དེ་ལྟར་བཏང་སྙོམས་མིན་པའི་རིགས་ཀྱི་འདོད་ཚུལ་ལ་དཀའ་རྙོག་མང་པོ་ཞིག་འཕྲད་དང་འཕྲད་མུས་ཡིན་ལ།  ལྷག་པར་བོད་ནང་དུ་རིགས་ཀྱི་མཆོག་དམན་དབྱེ་བའི་སྲོལ་ངན་ཡང་གནའ་བོའི་རྒྱ་གར་གྱི་ཤན་ཐེབས་པ་ཡིན་ཤས་ཆེ་སྙམ།  མཁས་པའི་དབང་པོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས། ལུས་ཀྱི་ནང་ནི་ཀུན་ཀྱང་བཙོག་པ་ཉིད། །ཕྱི་རོལ་གཡོགས་པའི་པགས་པ་ཀུན་ལ་ཡོད། །མི་ལ་གཙང་བཙོག་མང་དུ་ཕྱེས་པ་དེ། །ཕུགས་སུ་གཏུགས་ན་མུ་སྟེགས་ཆོས་ལུགས་ཡིན། །[19]ཞེས་གསུངས། རྒྱུ་མཚན་ནི་བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་ཕལ་ཆེ་བ་རྒྱ་གར་ནས་བརྒྱུད་པ་ཡིན་ཞིང་བོད་བསིལ་པོའི་སྐབས་སུ་ལོ་ཙཱ་བའི་མིང་ཅན་འགས་རྒྱ་གར་ལ་ཐེངས་རེ་གཉིས་ཕྱིན་རྗེས་ཚེ་ད་ག་རང་དུ་ཚངས་རྒྱ་བྱེད་ཀྱི་གདམས་པ་ཡོད་པར་རྫུས་ཏེ་ཆོས་ལོག་སྤེལ།  དེ་དག་གིས་རྒྱ་གར་གྱི་རིགས་ཀྱི་འདོད་ཚུལ་དག་བོད་དུ་ཚུར་འཁྱེར་ཡོང་སྟེ་རང་ཉིད་ལ་མི་དམངས་ཚོས་ཆེ་མཐོང་བྱེད་དགོས་པའི་འདོད་ཚུལ་ལས་བྱུང་བའང་མིན་ནམ་སྙམ། གཞན་ཡང་ལོ་རྒྱུས་ལ་ཕྱིར་དྲན་བྱས་ན་རིགས་མཐོ་བར་རློམས་པའི་དཔོན་རིགས་ཚོས་རང་གི་ཕ་ཚ་བུ་རྒྱུད་ཀྱི་དབང་ཆ་དག་མུ་མཐུད་དུ་སྲ་བརྟན་ཡོང་ཆེད་ཐོག་མའི་ཕ་མེས་གང་ཡང་རུང་བའི་མིང་གི་ཟུར་ནས་སྨོས་ཏེ་རིགས་དེ་དང་རུས་འདི་ཞེས་དབྱེ་བ་ཕྱེ་བ་མ་ཟད་དཔོན་རིགས་ཀྱི་རྒྱུད་པ་དམངས་ལས་མཆོག་ཡིན་སྙམ་པའི་ལྟ་བ་འཛིན་པས་དེ་ལྟར་རིམ་གྱིས་སྤྱི་ཚོགས་ཁྲོད་དུ་ནད་ངན་དེའི་ཁ་དབུགས་དོག་ཏུ་ཕྱིན་ཡོད།  ཐ་ན་ཡོད་ཚད་ཤེས་རིག་གི་འགྲན་རྩོད་ཆེན་མོའི་དུས་རབས་འདིའི་ནང་དུ་འང་ད་དུང་ལྟ་བ་མཆོག་འཛིན་གྱི་སྲོལ་ངན་གནས་ཏེ་གྲི་སོགས་བཟོ་མཁན་གྱི་ལག་ཤེས་པ་དང་། བཤན་པ་སོགས་རིགས་དམན་པར་བཞག་སྟེ་ཁོ་ཚོ་དང་ཕོར་པ་གཅིག་གི་ནང་དུ་ཟས་སོགས་ལོངས་སུ་སྤྱོད་པར་འགོས་ནད་ཡོད་པ་བཞིན་འཛེམ་ཟོན་བྱེད་ཀྱི་ཡོད་པ་རེད།  རྣམ་རྟོག་གི་བཞག་པས་བཅིངས་པའི་མི་དེ་དག་གིས་ཕྱོགས་གཅིག་ནས་ཁོ་ཚོ་རིགས་དམན་པར་བརྩི་ཞིང་ཕྱོགས་གཞན་ཞིག་ནས་འཚོ་བའི་ནང་ཁོ་ཚོས་བཟོས་པའི་གྲི་སོགས་རང་ལ་ཧ་ཅང་མཁོ་ཞིང་ཕན་ཐོགས་པོ་ཡོད་པར་ངོས་ལེན་བྱེད་པ་མ་ཟད་གསོད་མཁན་ལས་ཟ་མཁན་དབང་ཆེ་བའི་ལྟ་བ་ངན་པ་ཞིག་འཁྱེར་ཏེ་ཁོ་ཚོར་མཐོང་ཆུང་བྱེད་ཀྱི་ཡོད་པ་རེད། ཞིབ་ཏུ་བསམས་ཚེ་མི་ཞེས་པ་ནི་གཡོ་སྒྱུའི་པགས་པས་བཏུམས་པའི་ངན་རུལ་གྱི་ཕུང་པོ་རང་ཡིན་ཞིང་། དེས་རང་ཉིད་རྟག་ཏུ་མཆོག་ཏུ་གྱུར་པ་དང་གཙང་བ་ཡིན་པར་ངོས་འཛིན་བྱེད་བཞིན་པ་ལས་དོན་ངོ་མར་ཁྲག་དམར་པོ་ཡིན་མཉམ་དང་། རུས་དཀར་པོ་ཡིན་མཉམ། བདེ་སྡུག་ཆགས་སྡང་ཡོད་མཉམ་སོགས་མཐོང་ཆོས་སུ་གྱུར་པ་ཁོ་ཚོས་ཅི་ལ་མི་ཤེས། དེས་ན་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། མི་གཙང་རང་བཞིན་གཞན་གྱི་ལུས། །མི་རྟོགས་ངོ་མཚར་མི་ཆེ་ཡི། །རང་ཉིད་མི་གཙང་ཉིད་ཡིན་པར། །རྟོགས་པར་མི་འགྱུར་ངོ་མཚར་ཆེ། །[20]ཞེས་གསུང་སྐད་ཤོར་བ་ཡང་ཅིས་མི་བདེན། མི་དེ་དག་ལ་རང་ཉིད་ཁོ་ཚོ་ལས་རིགས་མཐོ་བ་དང་ཁོ་ཚོ་རིགས་དམན་པ་ཡིན་པའི་རྒྱུ་མཚན་སྒྲུབ་དང་ཟེར་ན་གང་ཡང་སྒྲུབ་རྒྱུ་མེད་པ་རེད། མགོ་བདེ་དྲན་འཁྲུལ་རེ་འགས་ཁོ་ཚོས་གྲི་བཟོ་བའི་ཕྱིར། ར་ལུག་གསོད་པའི་ཕྱིར་ཟེར་དོག་ཁ་མོད་ཀྱང་།  ཁོ་རང་ལ་ཁྱེད་ཀྱང་བཙོག་པའི་རིགས་ཐ་ཆད་ཡིར་པར་ཐལ། གྲི་བེད་སྤྱོད་བྱེད་པའི་ཕྱིར། ཤ་ཟ་བའི་ཕྱིར་ཟེར་ན་ཁྱེད་ལ་ལན་འདེབས་རྒྱུ་ཅི་ཡོད། ཡང་འགའ་ཞིག་གིས་སྲོག་བཅོད་མཁན་དང་ཤ་ཟ་མཁན་གཉིས་ཁ་ཁག་ཡིན་ཟེར་ན་ལས་རྒྱུ་འབྲས་དང་དགེ་སྡིག་གི་མདུན་དུ་གཉིས་ཀ་མཉམ་པ་ཡིན་ཏེ་མཛོད་ལས། དམག་ལ་སོགས་པར་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན་[21]ཞེས་པར་རྒྱལ་དབང་དགེ་འདུན་གྲུབ་ཀྱིས་དམག་ལ་སོགས་པ་བྱས་ནས་གཅིག་གིས་ཕ་རོལ་པོ་བསད་ན། གཅིག་པུ་དེ་ཁོ་ན་ལ་ལས་ལམ་འབྱུང་ངམ་ཞེ་ན། མ་ཡིན་ཏེ། དམག་ལ་སོགས་པར་གསོད་པའི་དོན་གཅིག་ལ་བཞུགས་པའི་ཕྱིར་ཐམས་ཅད་གསོད་པར་བྱེད་པ་པོ་བཞིན་དུ་ལས་ལམ་དང་ལྡན་པ་ཡིན་པའི་ཕྱིར་[22]ཞེས་གསུངས། དེ་ལྟར་མགར་བ་ཞེས་པའི་ཐ་སྙད་བཏགས་ཡུལ་དེ་བཙོག་པ་དང་རིགས་དམན་པ་ཡིན་པའི་སྒྲུབ་བྱེད་ཡང་དག་པ་ཞིག་ད་བར་སུ་ལའང་མེད་ལ་ཕྱིས་ཀྱང་སྒྲུབ་མི་ཐུབ་བོ། །

མདོར་ན་རྒྱལ་སྲས་ཐོགས་མེད་བཟང་པོས་ཇི་ལྟར་སྣང་བ་དེ་དག་རང་གི་སེམས་གསུངས་པ་བཞིན་དངོས་པོའི་ཡག་སྡུག་དང་། མཛེས་སྡུག གཙང་བཙོག་སོགས་ཀྱང་རྣམ་རྟོག་གིས་ཕར་སྒྲོ་བཏགས་པ་ཞིག་ཡིན་པ་ལས་ཡུལ་དངོས་པོ་ཁོ་རང་གི་ངོས་ནས་དེ་ལྟར་དུ་གྲུབ་བསྡད་པ་ཞིག་གཏན་ནས་མེད། དཔེར་ན། རང་གི་དགྲ་བོར་གྱུར་པའི་མི་དེ་དགྲ་ཡི་ངོ་བོར་གྲུབ་ཡོད་ན་དེའི་ཕ་མ་ཡི་ངོ་བོར་ཡང་དགྲ་བོ་ཡིན་དགོས་པ་ལས་སྙིང་ཉེ་ཞིག་མ་ཡིན་དགོས།  འོན་ཀྱང་འཇིག་རྟེན་འདིའི་ཐོག་ལ་སྲོག་ཆགས་དུད་འགྲོ་ཕན་ཆད་ཀྱིས་རང་གི་བུ་ཕྲུག་གཅེས་ཤིང་སྙིང་ནས་བརྩེ་བའི་ནོར་བུར་བརྩི་བ་ལས་དགྲ་བོར་འཛིན་མཁན་མེད་པ་ཡིན། ད་དུང་སྒོར་མོ་ལ་ཆ་མཚོན་ན། ལྔ་དང་། བཅུ། ཉི་ཤུ། ལྔ་བཅུ། བརྒྱ་སོགས་ཤོག་བུ་ཁོ་རང་གི་ངོས་ནས་ལྔ་དང་བཅུ་སོགས་སུ་གྲུབ་པ་མ་ཡིན་པར། མིའི་བློས་ཤོག་བུའི་སྟེང་དུ་ཨང་ཀི་བཀོད་ནས་ལྔ་དང་བཅུ་སོགས་སུ་འཛིན་པ་ལས་ཤོག་བུ་ཁོ་རང་ནི་ང་ཚོའི་ཡི་གེ་འབྲི་སའི་འབྲི་ཤོག་དང་ཁྱད་པར་མེད་པ་རེད། དེས་ན་རུས་གཙང་བཙོག་དང་མཆོག་དམན་གྱི་དབྱེ་བ་ཡང་མིའི་རྣམ་རྟོག་གིས་ཕར་སྒྲོ་བཏགས་པ་ལས་ཡུལ་རང་ངོས་ནས་གཙང་བཙོག་དང་མཆོག་དམན་དུ་གྲུབ་བསྡད་པ་ཞིག་ནམ་ཡང་མ་ཡིན།         བོད་ནང་ལ་ལྕགས་རིགས་ཀྱི་མཁོ་ཆས་བཟོ་མཁན་ལག་ཤེས་པར་མཐོང་ཆུང་དང་མགར་བ་ཞེས་རིགས་བཙོག་པར་རྩིས་པས་དེང་གི་ཆར་བོད་རང་གི་ཐུན་མོང་མ་ཡིན་པའི་བོད་བཟོའི་སྒོ་ལྕགས་བཟོ་ཤེས་མཁན་ཞིག་ཀྱང་ཕལ་ཆེར་མེད་པར་གྱུར་ཡོད།  ང་ཚོའི་ཕ་ཡུལ་ལ་ཆ་མཚོན་ན་མི་རབས་གཅིག་ཙམ་གོང་གི་ལག་ཤེས་པ་དེ་ཚོས་བཟོ་བཀོད་སྙིང་རྗེ་ལ་སྤུས་ཀ་ཡག་པའི་སྒོ་ལྕགས་དང་སོར་གདུབ་སོགས་ཧ་ཅང་མང་པོ་བཟོ་ཤེས་ཀྱི་རེད། ཡིན་ན་ཡང་དེང་གི་ཆར་དེ་དག་གི་བུ་ཕྲུག་ཚོས་བརྒྱུད་འཛིན་མ་ཐུབ་པར་བཟོ་ཤེས་ཀྱི་མེད། མི་རིགས་ཤིག་གི་ཐུན་མོང་མ་ཡིན་པའི་བཟོ་རིགས་དེ་ལྟར་ང་ཚོའི་སྤྱི་ཚོགས་ཁྲོད་ནས་ཡལ་འགྲོ་བཞིན་པའི་རྒྱུ་རྐྱེན་ནི་ང་ཚོའི་ལག་ཤེས་པ་དག་གསར་དར་ལ་དགའ་དྲག་སྟེ་སྙིང་པ་བོར་བ་དེ་འདྲ་མ་རེད།  ཁོ་བོ་ལྟར་ན་བོད་ཀྱི་སྤྱི་ཚོགས་ནང་གི་རྒྱུ་མཚན་གང་ཡང་མེད་པའི་རིགས་རུས་ལ་མཆོག་དམན་འདོད་པའི་ལྟ་བ་ངན་པ་དེ་དག་གིས་རང་ཉིད་ལག་ལྡུམ་ཡིན་པར་བཟོས་སོང་སྙམ། ལག་ཤེས་པར་མཐོང་ཆུང་དང་སྙད་དམོད་བྱེད་པ་ནི་དོན་ངོ་མར་རང་གི་ཁ་ལ་རང་གིས་སྒོ་ལྕགས་བརྒྱག་པ་དང་ཁྱད་པར་ཅི་ཡོད་བསམ་པ་ཡང་ཡང་དྲན་གྱིན་འདུག  ཀུན་གཟིགས་སྐྱབས་མགོན་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་ཀྱང་མགར་བ་ཞེས་ཐ་སྙད་དུ་བཏགས་ཡུལ་ལག་ཤེས་པ་རྡོ་རྗེ་ལ་གསུངས་པར། ང་ལ་ཕྱག་འཚལ་དགོས་པ་མ་རེད། ང་ཚོ་ཚང་མ་འདྲ་མཉམ་རེད་གསུངས་པའི་གསུང་གསེར་ནག་གི་རིན་ཐང་ནི་གཞལ་བར་དཀའ་ལ་ཅི་འདྲའི་རླབས་ཆེ་བ་ཞིག་མ་ཡིན་ནམ། སྤྱིར་བོད་ནང་གི་ཕྱག་འཚོལ་སྟངས་ནི་རིགས་མཐོ་དམན་གྱི་དབྱེ་བ་འཇོག་པ་མ་ཡིན་པར་གུས་ལུགས་བྱེད་ཚུལ་གྱི་རྣམ་པ་ཞིག་རེད། འོན་ཀྱང་དུས་ཚོད་དེའི་དུས་ཆེད་མངགས་ལག་ཤེས་པ་རྡོ་རྗེ་ལ་བཀའ་མོལ་དེ་འདྲ་གསུང་དགོས་པའི་རྒྱབ་ལྗོངས་ཀྱི་རིན་ཐང་ཡང་མི་ཚང་མ་སྐྱེས་པ་ནས་མིག་ཆུ་ཚ་ཁུ་ཡིན་སྙམ་དང་རུས་དཀར་པོ་ཡིན་པ་གཅིག་མཚུངས་ལས་ཐོག་མ་ནས་གཙང་བཙོག་ཏུ་གྲུབ་བསྡད་པ་ཞིག་མེད་པའི་སློབ་གསོ་སྤྲད་ཡོད། ཁོང་གིས་ད་དུང་ཁྱེད་རྣམ་པས་རང་གི་ལག་ཤེས་དག་རྒྱུད་འཛིན་ཡག་པོ་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་ལག་ཤེས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་ཡོང་བ་དགོས་ཞེས་སྤྱན་རྒྱང་རིང་བའི་ཐུགས་འདུན་དག་དཔྱོད་ལྡན་སུ་ཞིག་གི་རྣ་བར་ལྷུང་ཡང་དུང་བའི་བྱིན་རླབས་སེམས་ལ་བཞུགས་ཏེ་ལུས་ཀྱི་བ་སྤུ་མི་འགུལ་བ་དང་མགྲིན་པ་མི་བརྣངས་པ་ཅི་ལ་སྲིད།          གཞན་ཡང་ང་ཚོའི་སྤྱི་ཚོགས་འདིའི་ནང་གི་བྱིས་པ་ཁས་ལབ་ཤེས་པ་ཡན་ཆོད་ཀྱིས་ཨ་མའི་བུ་ལ་ཡོན་ཏན་ཡོད་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་ཤེས་ཀྱང་ཚིག་དུམ་དེའི་ངོས་གཞན་ཞིག་གི་རིན་ཐང་ད་དུང་རྟོགས་མེད་པར་སེམས། ཚིག་དུམ་དེའི་ནང་མི་གང་འདྲ་ཞིག་ཡིན་རུང་ཀུན་གྱིས་བཀུར་བར་འོས་པའི་ཡོན་ཏན་ཞིག་ཡོད་ན་རི་བོ་དགའ་ལྡན་པའི་གསེར་གྱི་ཁྲི་འཕངས་མཐོན་པོར་བཞུགས་ཆོག་ལ།  དེ་ལ་མི་དཀར་དང་མི་ནག་གི་དབྱེ་བ་མེད་ལ།  མགར་བ་དང་དཔོན་པོའི་དབྱེ་བ་མེད།  གཡོག་པོ་དང་སྦྱིན་བདག་བར་གྱི་དབྱེ་བའང་མེད་པ་རེད།  ཚིག་དུམ་དེས་ཡོད་ཚད་འདྲ་མཉམ་ཡིན་པར་སྟོན་པ་མ་ཟད།  དབུལ་པོའི་བུ་ཡིན་ཡང་རང་གིས་བརྩོན་འགྲུས་ཀྱི་ཆུ་བོ་ལ་བརྟེན་ནས་ངང་པས་ཆུ་ལས་འོ་མ་དང་དུ་ལེན་པ་བཞིན་ཤེས་བྱ་ཡོན་ཏན་ལ་བརྩོན་ཏེ་གསེར་གྱི་བཞུགས་ཁྲི་དེའི་སྒང་དུ་བཞུགས་ཆོག་པའི་ལེགས་བཤད་རྨད་དུ་བྱུང་བ་ཞིག་མ་ཡིན་ནམ།  མདོར་ན་སྐབས་སྐབས་སུ་ངས་འདི་ལྟར་དྲན་འོང་སྟེ་གནས་ལུགས་དང་རྒྱུ་མཚན་ནི་ནམ་ཡང་ཤེས་ཡོན་པའི་སྡེ་ཁག་དང་སློབ་གསོ་བའི་མཁའ་དབུགས་གསོས་པ་ཞིག་ཡིན་པ་ལས།  སྤྱི་ཚོགས་ཁྱོན་ཡོངས་ལ་ཁྱབ་པའི་མཁའ་དབུགས་ཤིག་ད་དུང་མ་རེད་བསམ་བཞིན་ཡོད། མདོར་ན་དཔེ་དེབ་ཀྱི་ནང་དུ་ལུས་པའི་གནས་ལུགས་དག་ང་ཚོའི་ཁ་དང་བསམ་ཤེས་ཀྱི་ནུས་པ་མ་འདང་བའི་དབང་གིས་ཡིན་ནམ། ཡང་ན་དཔེ་ཀློག་གི་ཁོར་ཡུག་ཞན་པའི་དབང་གིས་ཡིན། ཡང་ན་གཏན་ཚིགས་དང་རྒྱུ་མཚན་གྱི་ནུས་པ་མཐོང་ཡང་སྔོན་གོམས་རྨོངས་དད་ཀྱི་བག་ཆགས་མཐུག་དྲག་པས་རེད། གང་ལྟར་ངའི་སེམས་ནང་དོགས་དྲི་མང་དག་ཞིག་ཡོད།  འདི་ནི་ཞར་བྱུང་ཙམ་མོ། །

ལྟ་ངན་དེ་དག་གཙོ་བོ་བོད་ཀྱི་ས་ཆ་ལུང་ཁུག་ཁག་ཏུ་དུ་བ་འཁྱིལ་བ་བཞིན་འཁྱིལ་འདུག་པས་ནམ་ཞིག་ལྟ་ངན་གྱི་དུ་བ་ངན་པ་ཡལ་ཏེ་མི་ལ་མི་ཡི་འདུ་ཤེས་ཚད་མར་འཛིན་པ་དང་། ལྟ་བ་མཉམ་གནས་དང་། རིགས་མཐུན་འདྲ་མཉམ་ཡིན་པའི་དྲོ་སྐྱིད་ཀྱི་ཉི་མ་མཁའ་ལ་འཆར་ཚེ་ཅི་འདྲའི་མཛེས་པའི་ཞིང་ཁམས་ཤིག་མ་རེད་དམ།           མཇུག་ཏུ་ཡོད་ཚད་རྟེན་འབྲེལ་གྱིས་གྲུབ་ཅིང་། འདྲ་མཉམ་ཞེས་ཁ་ནས་མ་ཎི་བཞིན་འདོན་པའི་བོད་ཀྱི་སྤྱི་ཚོགས་ནང་དུ་ཡང་རིགས་དང་རུས་ཀྱི་དབྱེ་བ་ཕྱེ་ཆོག་མོད་ཀྱང་།  རིགས་ལ་མཆོག་དམན་གྱི་དབྱེ་བ་འདོད་པ་དང་རུས་ལ་མཆོག་དམན་གྱི་ལྟ་བ་འཛིན་མཁན་ནི་ནམ་ཡང་མཐོང་ཆོས་དང་དྲན་ངོགས་སུ་མེད་པར་ཞི་མཐུན་དང་། འདྲ་མཉམ་ངང་ཁེ་ཕན་ཐམས་ཅད་ལོངས་སུ་སྤྱོད་ཐུབ་པའི་སྤྱི་ཚོགས་ཤིག་ཏུ་གྱུར་ཐུབ་པའི་སྨོན་ལམ་འདེབས་པ་ལགས།

རྒྱུ་དང་རྐྱེན་གྱིས་འདུས་པ་ལས་བྱུང་བའི། །ཀུན་རྫོབ་གཤིས་ཀྱི་ངོ་བོ་གང་ཡིན་པ། །

དེ་ཀུན་རྣམ་རྟོག་གཡོ་བ་ལས་གྲུབ་ཅིང་། །ཚུ་རོལ་ཡུལ་གྱི་ངོ་བོར་རྡུལ་ཙམ་མེད། །

 

དེས་ན་ཆགས་སྡང་རླུང་བུ་ལྡང་བ་ལས། །གཙང་དང་བཙོག་གི་ཕྱོགས་ལྷུང་ལྟ་ངན་དང་། །

མཆོག་དམན་རིགས་ཀྱི་རྣམ་རྟོག་གང་ཡིན་པ། །རྟེན་འབྲེལ་རི་རྒྱལ་ལྷུན་པོས་འཇོམས་གྱུར་ཅིག །

 

དཔྱད་གཞིའི་ཡིག་ཆ།

 

1ཁང་དཀར་ཚུལ་ཁྲིམས་སྐལ་བཟང་། རྒྱ་གར་གྱི་ནང་པའི་ལྟ་གྲུབ་ཆོས་འབྱུང་། སྟོད་ཆ། M སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2013.12 ཤ 19-20

2རྒྱལ་སྲས་དོན་གྲུབ། རྩོམ་པ་པོ། ཇོ་ནཱ་ཐན་ལེན་ཌོ། སྒྱུར་བ་པོ། པད་མ་ཚེ་དབང་ཤཱསྟྲི།  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།  དཔེ་གྲངས། ༥༤༩ བསྟོད་ཆ། ཤ 37

3བྷོད་རྡོར་འཆང་། རྒྱ་གར་གྱི་གནའ་རབས་ནང་ཆོས་དཔྱད་ཞིབ། དཔེ་ཚོགས། དུས་གནད་དཔེ་འཕྲེང་། རབས་ལྔ་པ། ཀྲུང་གོ་མི་དམངས་རིག་གནས་སྒྲོག་སྤེལ་དཔེ་སྐྲུན་ཁང་།  ཤ 12

4བྷོད་རྡོར་འཆང་། རྒྱ་གར་གྱི་གནའ་རབས་ནང་ཆོས་དཔྱད་ཞིབ། དཔེ་ཚོགས། དུས་གནད་དཔེ་འཕྲེང་། རབས་ལྔ་པ། ཀྲུང་གོ་མི་དམངས་རིག་གནས་སྒྲོག་སྤེལ་དཔེ་སྐྲུན་ཁང་།  ཤ 12-13

5འདུལ་བ་ལུང་། འབུམ་ཅ་པ།  འཇང་བཀའ་འགྱུར། ཤ 250

 མདོ།  སྡེ་དགེ་བསྟན་འགྱུར། ཤ 8

6དམ་པའི་ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ་འགྲེལ་པ་མངོན་པའི་རྒྱན་ཞེས་བྱ་བ་བཞུགས་སོ། མཆིམས་འཇམ་པའི་དབྱངས། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། པོད་རྟགས། ༩༧ ཤ  493

7འཇང་བཀའ་འགྱུར། ཤ 88

8གནས་བརྟན་ཐིག་ནཏ་ཧཱན། བསྒྱུར་བ་པོ། ངེས་དོན་རྒྱ་མཚོ། སྤྲིན་དཀར་ལམ་རྙིང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།  སྟོད་ཆ། པོད་རྟགས། ༥༤༩  ཤ 38

9རྒྱ་ཡི་བཀྲ་བྷོ། རྒྱ་གར་གྱི་རིག་གནས་བོད་ཀྱི་རྩོམ་རིག་དང་ཇི་ལྟར་འབྲེལ་བའི་ཚུལ་ལ་དཔྱད་པ། M ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2015.8 ཤ 75-77

10བྷོད་རྡོར་འཆང་། རྒྱ་གར་གྱི་གནའ་རབས་ནང་ཆོས་དཔྱད་ཞིབ། དཔེ་ཚོགས། དུས་གནད་དཔེ་འཕྲེང་། རབས་ལྔ་པ། ཀྲུང་གོ་མི་དམངས་རིག་གནས་སྒྲོག་སྤེལ་དཔེ་སྐྲུན་ཁང་།  ཤ 44-45

11མཁས་དབང་དགེ་འདུན་ཆོེས་འཕེལ་གྱི་གསུང་འབུམ་སྟོད་ཆ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2009.5 ཤ 29-30

12རྒྱལ་སྲས་དོན་གྲུབ། རྩོམ་པ་པོ། ཇོ་ནཱ་ཐན་ལེན་ཌོ། སྒྱུར་བ་པོ། པད་མ་ཚེ་དབང་ཤཱསྟྲི།  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།  ཤ 130

13རྒྱལ་སྲས་དོན་གྲུབ། རྩོམ་པ་པོ། ཇོ་ནཱ་ཐན་ལེན་ཌོ། སྒྱུར་བ་པོ། པད་མ་ཚེ་དབང་ཤཱསྟྲི།  སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།  སྟོད་ཆ། ཤ 3814 གནས་བརྟན་ཐིག་ནཏ་ཧཱན། བསྒྱུར་བ་པོ། ངེས་དོན་རྒྱ་མཚོ། སྤྲིན་དཀར་ལམ་རྙིང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས།  སྟོད་ཆ། པོད་རྟགས། ༥༤༩  ཤ 51

15བྱམས་པའི་རྣམ་པར་ཐར་པའི་མདོ། སྡེ་དགེ་བསྟན་འགྱུར། ཤ 226

16རྗེ་ཙོང་ཁ་པ། ཐོག་མཐའ་མ། གསུང་འབུམ་ཁ་པ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་ནས་བསྒྲིགས། ཤ 601

17སྐྱབས་རྗེ་བདེ་ཆེན་སྙིང་པོ། གངས་ཅན་ཁྱད་ནོར་དཔེ་ཚོགས་པོད་ཕྲེང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  པོད་རྟགས།  ༣༢ ཤ 478

18རྗེ་བཙུན་བྱམས་པ་མགོན་པོ། ཐེག་པ་ཆེན་པོའི་མདོ་སྡེ་རྒྱན་གྱི་ཚིག་ལེའུར་བྱས་པ། སྡེ་དགེ་བསྟན་འགྱུར། ཤ  27

19རྒྱལ་སྲས་ཞི་བ་ལྷ། སྤྱོད་འཇུག་ཆེན་མོ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་རྟགས། ༢༡༢ ཤ 73

20སློབ་དཔོན་དབྱིག་གཉེན། མངོན་པ་མཛོད་རྩ་འགྲེལ།  སི་ཁྲོན་དཔེ་སྐྲུན་ཚོགས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༠ལོའི་པར་ཐེངས་གསུམ་པ། ཤ 25

21རྒྱལ་དབང་དགེ་འདུན་གྲུབ། དམ་པའི་ཆོས་མངོན་པ་མཛོད་ཀྱི་རྣམ་པར་བཤད་པ་ཐར་ལམ་གསལ་བྱེད་ཅེས་བྱ་བ་བཞུགས་སོ། སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་། པོད་རྟགས། ༡༡༣  ཤ 311

22དགེ་འདུན་ཆོས་འཕེལ། སྤྱི་ལོ་ཉིས་སྟོང་གསུམ་ལོའི་ནུབ་བྱང་མི་རིགས་སློབ་ཆེན་བོད་ཀྱི་རྩོམ་རིག་དངོས་གཞིའི་འཛིན་གྲྭས་བསྒྲིགས། གསུང་འབུམ་པོད་ལྔ་པ། ཤ 15

 

ཡོང་ཁུངས། ལུག་ཚང་དཔལ་ཡོན།

བརྒྱུད་སྐུལ།

མཆན་སྤེལ།