ལྡེའུ་ཆོས་འབྱུང་རྒྱས་པའི་རྩོམ་པ་པོ་དང་བརྩམས་པའི་དུས།

ལྡེའུ་ཆོས་འབྱུང་རྒྱས་པའི་རྩོམ་པ་པོ་དང་བརྩམས་པའི་དུས།

ལྡེའུ་ཆོས་འབྱུང་རྒྱས་པའི་རྩོམ་པ་པོ་དང་བརྩམས་པའི་དུས།

ར་སེ་དཀོན་མཆོག་རྒྱ་མཚོ།

བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་འགྲེམ་མཛད་པའི་གངས་ཅན་རིག་མཛོད་དེབ་གསུམ་པ། མཁས་པ་ལྡེའུས་མཛད་པའི་རྒྱ་བོད་ཀྱི་ཆོས་འབྱུང་རྒྱས་པ་ཞེས་པ་འདི་ནི་ལོ་རྒྱུས་ཡིག་ཚངས་གལ་པོ་ཆེ་ཡིན་པར་ཡོངས་སུ་གྲགས་ཤིང་གྲུབ་པ་གང་ཞིག  རྩོམ་པ་པོའི་ལོ་རྒྱུས་ཁ་གསལ་མ་བཞུགས་པས་ན།

པར་སྐྲུན་གསལ་བཤད་ན་ཡང་། མཁས་པ་ཇོ་འབུམ་དང་ཇོ་ནམ་ཞེས་པ་ལས་འཕྲོས་པའི་རགས་རིམ་ཙམ་བཀོད་འདུག་ཅིང་། ཡིག་ལམ་གཞན་དུ་ཡང་རྩོམ་པ་པོའི་སྐོར་ཁ་གསལ་གསུངས་པ་ནི་མཇལ་དཀའ་བའི་གནས་སུ་གྱུར་ཡོད་ན། ག་དུས་བརྩམས་པའང་དེ་བས་ཁ་གསལ་གསུངས་པ་ནི་ཤིན་ཏུ་དཀོན་པར་མཐོང་ངོ་། །

དེ་ཡང་གངས་ཅན་རིག་མཛོད་དེབ་༧༢པ། དཔལ་དུས་ཀྱི་འཁོར་ལོའི་བརྒྱུད་པ་རིན་ཆེན་རྟོགས་བརྗོད་དཔག་བསམ་སྙེ་མ་ཞེས་བྱ་བ། ཆག་ལོ་རིན་ཆེན་ཆོས་རྒྱལ་གྱིས་མཛད་པ་དེའི་དེབ་ཀྱི་ཤོག་ངོས་༨༦པར། དབུས་སུ་ཁམས་པ་ལྡེའུ་པ་ལ་སྤྱོད་ཕྱོགས་གསན་ཞིང་བཞུགས་པའི་དུས་སུ། པན་ཆེན་ཟླ་མགོན་སྐར་ཆུར་བཞུགས་ཟེར་བ་གསན་ནས། ཞེས་གསལ་པོར་འཁོད་འདུག མཁས་པ་ལྡེའུ་དང་ཁམས་པ་ལྡེའུ་གཉིས་གང་ཟག་གཅིག་གམ་སྙམ་ཏེ། མཁས་པ་དང་ཁམས་པ་སྒྲ་ཉེ་བ་དང་འབྲི་བཤུ་བས་ཁམས་པ་ལྡེའུ་ཞེས་པ་མཁས་པ་ལྡེའུ་ཞེས་ཕན་ཚུན་བཅོས་ཏེ་འབྲི་མི་སྲིད་པ་འང་མ་ཡིན་ཏེ། ཕོ་བྲང་ལྷན་དཀར་ལ་ལྡན་དཀར་ཞེས་བྲིས་ཡོད་པའི་ཕྱིར་རོ། །ཁོང་ནི་ཡུ་མོ་མི་བསྐྱོད་རྡོ་རྗེའི་བླ་མ་དང་པན་ཆེན་ཟླ་བ་མགོན་པོ་དང་དུས་མཚུངས་པར་གསལ་བའི་ཕྱིར་དང་། འདི་ནི་འགོས་ལོའི་དེབ་སྔོན་དུ་ཞི་བྱེད་པའི་སྐབས་ཏེ། དམ་པའི་སློབ་མ་སོ་ཆུང་བའི་རྣམ་ཐར་དང་འབྲེལ་བར། དེབ་ངོས་༡༠༣༣ལས། ཡང་སོས་ཤ་མི། དེས་དགེ་བཤེས་ལྡེའུ། དེས་རྒྱལ་བ་དཀོན་སྐྱབས། དེས་རོག་ལའོ། །ཞེས་གསལ་བས་ན། མཁས་པ་ལྡེའུ་དང་དགེ་བཤེས་ལྡེའུ་གང་ཟག་གཅིག་ཡིན་པར་ཆ་འཇོག་པར་འོས་ཏེ། དུས་ཚོད་འགྲིགས་པར་སྣང་བས་སོ། །ལྡེའུ་ཞེས་པའི་རུས་མིང་འདི་ཡང་བཙན་པོའི་དུས་ཀྱི་རུས་མིང་གྲགས་ཅན་ཏེ། ལྷོ་བྲག་ཏུ་རྟེན་གཞི་བྱས་པའི་ལྡེའུ་ཡི་རིགས་ལས་བྱུང་བར་མངོན་ལ། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱིས་བློན་པོ་ལྡེ་སྨན་ལྡེ་ཅུང་གི་བྱས་རྗེས་བཀོད་པའི་བཀའ་ཡིག་གནང་ཞིང་། དེ་ཉིད་ལྷོ་བྲག་ཏུ་བྲག་ལ་བརྐོས་ཡོད་པ་ལ། ད་ཆ་དོ་ལོ་ཁྲ་ཆུང་ལུང་པའི་ནང་གི་བྲག་ངོས་ལ་ཡོད་པ་དེ་ཉིད་ཆ་ཚང་བར་བཞུགས་ཡོད་ཅིང་། ལོ་མང་གོང་དུ་ཁོ་བོ་དངོས་སུ་དེར་ཕྱིན་ཏེ་འདྲེན་བྱེད་ཀྱི་དགའ་སྟོན་དུ་གྱུར་མྱོང་ལ། དེར་ལྡེའུ་ཅུང་ཞེས་ལན་འགའ་ཡར་གསལ་པོར་བཀོད་འདུག་པས། རྩོམ་པ་པོ་འདི་དང་ལྡེའུ་ཇོ་སྲས་ནི་བློན་པོ་འདི་ཉིད་ཀྱི་གདུང་རིགས་ལས་བྱུང་བ་ཅིག་ཡིན་ངེས་པར་དོ་སྣང་མཛད་དགོས་པའང་སེམས་སོ། །བརྩམས་པའི་དུས་ནི་ལོ་རྒྱུས་སྨྲ་བ་དག་གིས་ཚོད་དཔག་མཛད་པ་མང་ན་ཡང་། ལྡེའུ་ཆོས་འབྱུང་རྒྱས་པའི་མཇུག་བྱང་ལ་གཟིགས་ན་དུས་ཚིགས་སྐོར་ཁ་གསལ་བཀོད་འདུག་པས། དེ་དག་ལ་གཞིགས་ན་ཤེས་ཐུབ་པར་སྣང་སྟེ། ཤོག་ངོས་༣༨༦ལས། དེ་ལ་འཆིམས་ཀྱིས་བརྩིས་པས་ལོ་ལྔ་སྟོང་གནས་པ་ལ། སྔར་སུམ་སྟོང་ཉིས་བརྒྱ་དང་གྱ་གཉིས་སོ། །སྟོང་དང་བདུན་བརྒྱ་བཅོ་བརྒྱད་ལུས་ཟེར་རོ། །ཞེས་འཁོད་འདུག་པས། དེ་ལྟར་ན་རབ་བྱུང་གཉིས་པའི་ཆུ་ཕག་༼སྤྱི་ལོ་༡༡༤༣༽ལོར་བབས་པ་ཡིན་ལ། འདི་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ་འཁྲུངས་པའི་ལོ་དེ་ཡིན་ཞིང་། ཡིག་ཚངས་འདི་ཉིད་བརྩམས་གྲུབ་པའི་དུས་ཚིགས་ཡིན་པར་མངོན་ཏེ། གོང་གསལ་མཁས་པ་ལྡེའུའམ་དགེ་བཤེས་ལྡེའུ་དང་དུས་འགྲིགས་ཐུབ་པའི་ཕྱིར་རོ། །འདིར་ཤེས་དགོས་པའི་གནད་གཅིག་ནི།ཡིག་ཚངས་འདིར་ཁ་ཆེ་པན་ཆེན་གྱིས་རབ་བྱུང་བཞི་པའི་མེ་ཡོས་༼སྤྱི་ལོ་༡༢༠༧༽ལོར་སོལ་ནག་ཐང་པོ་ཆེར་བརྩིས་པའི་བསྟན་རྩིས་སྐོར་དང་། འཆིམས་ནམ་མཁའ་གྲགས་ཀྱིས་རབ་བྱུང་བཞི་པའི་མེ་སྦྲུལ་༼སྤྱི་ལོ་༡༢༥༧༽ལོར་བརྩིས་པའི་བསྟན་རྩིས་སྐོར་འཁོད་ཡོད། དེ་ལྟར་ན་ཡིག་ཚངས་འདི་ཉིད་མི་ཡུལ་དུ་བྱོན་པའི་དུས་ནི་འཆིམས་ནམ་མཁའ་གྲགས་ལས་ཀྱང་འཕྱི་བར་མངོན་ཡོད་མོད། དོན་ལ་བསྟན་རྩིས་ཀྱི་སྐོར་འདི་ཉིད་ནི་ཕྱིས་སུ་ཡར་བསྣན་པའི་དོགས་པ་གནས་ཡོད་དེ། ཡིག་ཚངས་གང་ཡིན་ན་ཡང་དེ་ཉིད་བརྩམས་པའི་དུས་བར་གྱི་མི་སྣའི་སྐོར་ཅི་རིགས་པ་འཁོད་ཀྱི་ཡོད་པ་གང་ཞིག ཡིག་ཚངས་འདིར་རྔོག་ལོ་བློ་ལྡན་ཤེས་རབ་བླ་སློབ་ཀྱི་སྐབས་ཙམ་ལས། དེ་ཕྱིན་གྱི་བྱུང་བ་གང་ཡང་མི་གསལ་བས་ཀྱང་བྱོན་དུས་ཀྱི་གནས་ལུགས་དངོས་རིག་ཐུབ་པར་སྣང་ངོ་། །དེ་བཞིན་དུ་ཡིག་ཚངས་འདིའི་དེབ་ངོས་༣༨༧ལས། ཤཱཀྱ་ཐུབ་པ་འདས་ནས་ལོ་དུ་ལོན་པ་ནི་རྒྱ་གར་རྒྱལ་པོ་དང་། བལ་པོའི་འོད་ཟེར་གོ་ཆ་དང་བོད་ཀྱི་ཁྲི་སྲོང་ལྡེ་བཙན་གསུམ་གྱིས་བརྩིས་པས། ལོ་སུམ་སྟོང་བརྒྱ་༼དང་༽ཉི་ཤུ་རྩ་ལྔ་སོང་། ད་ཉིས་སྟོང་ཉེ་ཙམ་ཞིག་གནས་སོང་། བོད་དུ་དམ་པའི་ཆོས་དར་ནས་ཉིས་བརྒྱ་དང་དགུ་ལོན།ཞེས་བཀོད་འདུག་པས། འདི་དག་ལས་ཀྱང་ཡིག་ཚངས་འདི་ཉིད་ཀྱི་རྩ་ཚིག་གམ་ཇོ་འབུམ་དང་ཇོ་ནམ་སོགས་ཀྱི་དུས་དང་འབྲེལ་བ་ཡོད་སྲིད་པ་དང་། བོད་དུ་དམ་པའི་ཆོས་དར་ནས་ཉིས་བརྒྱ་དང་དགུ་ལོན།།ཞེས་གསལ་བ་འང་ཕྱི་དར་གྱིས་དུས་ཚོད་ལས་བརྩམས་པ་ཅིག་ཡིན་སྲིད་པའི་ཕྱིར་དང་། ཡིག་ཚངས་ནང་དུ་འཁོད་པའི་ལོ་ཚིགས་མི་འདྲ་བ་འདི་དག་ལས་རྩོམ་པ་པོ་དང་བརྩམས་པའི་དུས་ཚིགས་གང་ཡིན་པའི་ཚུལ་ལ་བསྐྱར་ཞིབ་མཛད་ཐུབ་པ་ཡིན་ན། ཡིག་ཚངས་ཀྱི་བྱུང་ཚུལ་སྔར་བས་ཁ་གསལ་འབྱུང་བར་ཕན་སྲིད་སྙམ་ཏེ། རང་ཉིད་ཀྱི་དཔེ་ཀློག་སྐབས་ཀྱི་གནད་དོན་གང་རིག་པ་ལ་ཟིན་བྲིས་སུ་བཀོད་པ་ལགས་སོ། །དེང་སྐབས་བོད་ཀྱི་ལོ་རྒྱུས་རིག་པ་དང་ཡིག་ཚངས་རིག་པ་ལ་མཁས་པ་ཆར་ཤུལ་གྱི་སྨྱུག་རྩ་བཞིན་ནམ། དབྱར་ཁའི་སྤང་ལ་ཤ་མོང་བརྡོལ་བ་བཞིན་དུ་གང་སར་གཏམས་པར་གྱུར་པའི་སྐབས་སུ་སོན་ཡོད་པས་ན། འདིར་སངས་རྒྱས་ལ་ཀ་ཁའི་ཡར་ཞུ་དང་ཐུགས་རྗེ་ཆེན་པོར་མ་ཎི་སློབ་པ་ལྟ་བུར་གྱུར་སྲིད་པ་བདེན་མོད། རང་ཉིད་ཀྱི་དཔེ་ཀློག་སྐབས་སུ་དོགས་གནད་ཤར་བ་ལ་ཅུང་ཟད་བསམ་གཞིགས་བྱས་པ་ལས་བྱུང་བའི་སེམས་ཚོར་དག་ཡི་གེར་བཀོད་པ་སྟེ། བོད་ཀྱི་ཡིག་ཚངས་གལ་པོ་ཆེའི་བྱུང་ཚུལ་ཁ་གསལ་ཁུངས་དག་ལ་མི་སྨན་ན་ཡང་། གནོད་པ་ནི་འགྱུར་མི་སྲིད་པའི་གནས་ལུགས་ལ་ངེས་པས་བརྟན་པོ་ཡོད་པའོ། །༢༠༢༢/༡༢/༢༨

བརྒྱུད་སྐུལ།

མཆན་སྤེལ།