བོད་ཀྱི་སྔར་སྲོལ་ཁྲིམས་ཡིག་ཞིབ་འཇུག

བོད་ཀྱི་སྔར་སྲོལ་ཁྲིམས་ཡིག་ཞིབ་འཇུག

སྔར་སྲོལ་ཁྲིམས་ཡིག་ཞིབ་འཇུག་གི་དེབ་འདི་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བོད་ཀྱི་སྔར་སྲོལ་ཁྲིམས་ཡིག་ཞིབ་འཇུག་གི་རྣམ་གྲངས་ཤིག་ཡིན་པ་དང་། ཞིབ་འཇུག་པ་སྟོབས་ལགས་ཀྱིས་བརྩམས་གནང་བ་ཞིག་ཡིན། ཞིབ་འཇུག་གི་དགོས་དམིགས་ནང་བཀོད་དོན། དེ་ཡང་བོད་རྒྱལ་ཁབ་ནི་སྤུར་རྒྱལ་བཙན་པོའི་དུས་ནས་གཞུང་ས་དགའ་ལྡན་ཕོ་བྲང་པའི་བར་ཁྲིམས་སྐྱོང་རྒྱལ་ཁབ་ཅིག་ཡིན་མོད། ད་ཕན་བོད་ཕྱི་ནང་གཉིས་སུ་བོད་ཀྱི་སྔར་སྲོལ་ཁྲིམས་ཡིག་གི་བྱུང་འཕེལ་དང་། ནང་དོན། ཁྱད་ཆོས། སྔ་ཕྱིའི་འབྲེལ་བ་བཅས་ཀྱི་སྐོར་ལ་ཆ་ཚང་ཞིང་གོ་རིམ་ལྡན་པའི་ཞིབ་འཇུག་དཔྱད་འབྲས་ཧ་ཅང་དཀོན་པའི་གནས་སུ་ལུས་ཡོད།

གལ་སྲིད་བོད་ཀྱི་སྔར་སྲོལ་ཁྲིམས་ཡིག་སྐོར་ལ་ཆ་ཚང་ཞིང་གོ་རིམ་ལྡན་པའི་ཞིབ་འཇུག་ཞུ་ཐུབ་ཚེ། གཅིག་ནས་ད་ལྟའི་བོད་ཀྱི་ཁྲིམས་འབྲེལ་ལས་དོན་ཐོག་གནའ་བཟང་དེང་སྤྱོད་ཐུབ་པ་དང་། གཉིས་སུ་བོད་ཀྱི་འདས་པའི་ལོ་རྒྱུས་ཀྱི་དངོས་དོན་མང་པོ་ཞིག་གསལ་ཤེས་ཐུབ་པའི་དགེ་མཚན་ལྡན་པར་སོང་། ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༥ ནང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས། སྐྱེས་སྦྱངས་ཀྱི་ཤེས་བྱ་དམན་པའི་བོང་བུ་སྟག་རྫུས་བདག་ལ་ཞིབ་འཇུག་གི་ལས་གཞི་འདི་ལེན་པའི་སྐུལ་མ་གནང་བྱུང་།

ནམ་རྒྱུན་ལོ་རྒྱུས་སློབ་ཁྲིད་བྱེད་སྐབས་བོད་ཀྱི་རྒྱལ་ཐོག་སོ་སོའི་ཞལ་ལྕེ་ཁག་དང་། ལྷག་པར་གཞུང་ས་དགའ་ལྡན་ཕོ་བྲང་པའི་སྐུ་དུས་སུ། བཀའ་ཤག་དང་རྫོང་གཞིས་ཁག་ནས་མི་སེར་ཀྱི་བདེ་སྡུག་གཏུག་བཤེར་ལ་ཆེད་སྩལ་དཔྱད་མཚམས་ཁྲ་མ་དང་། འགོ་མཆན། བཀའ་རྒྱ་གང་འཚམས་ཤིག་མཇལ་མྱོང་བ་དག་ལ་དོ་དབྱིངས་ཆེན་པོས་སློབ་སྦྱོང་ཞུས་པའི་མྱོང་འབྲས་ཕྲན་བུ་ཙམ་ལས། བོད་ཀྱི་སྔར་སྲོལ་ཁྲིམས་ཡིག་ལ་ཞིབ་འཇུག་བྱས་པའི་དཔྱད་ཡིག་དཀོན་ཁར། ཐ་ན་ཁྲིམས་ཡིག་ཚིག་མཛོད་(གཞི་རྐང་གཞུང་ས་དགའ་ལྡན་ཕོ་བྲང་པའི་སྐུ་དུས་སུ་ཁྲིམས་འགྲེལ་ཞེས་པའི་དེབ་ཅིག་ཡོད་པ། ལོ་རབས་བརྒྱད་ཅུ་པའི་ནང་གཞིས་བཞུགས་མཁས་དབང་ཤར་ཡུལ་ཕུན་ཚོགས་ཚེ་རིང་ལགས་སུ་མཇལ་མྱོང་འདུག)ཙམ་གྱི་ལྟ་དེབ་མེད་རྐྱེན། ལས་གཞི་དེ་ཧ་ཅང་དཀའ་ཁག་ཆེ་བ་ཞིག་ཡིན་མོད། རང་ཉིད་བོད་ཀྱི་སྤྱི་ཚོགས་ལོ་རྒྱུས་ལ་དགའ་ཞེན་ཆེན་པོ་ཡོད་པའི་རང་འདོད་ཁོ་ནའི་དབང་དུ་གྱུར་ཏེ། གང་ནུས་ཅི་ལྕོགས་སྤྱི་བརྟོལ་བསྐྱེད་ནས་ཞུ་རྒྱུའི་ཁས་ལེན་ཞུ་བར་ཤོར་སོང་།

གཉིས་པ། ནང་དོན་གནད་བསྡུས། བོད་ཀྱི་ལོ་རྒྱུས་ཐོག་ཡོངས་གྲགས་བཤད་རྒྱུན་དུ་སྤུར་རྒྱལ་བཙན་པོའི་སྐུ་དུས་སུ་ཞལ་ལྕེ་རྣམ་ལྔ་དང་། སྡེ་སྲིད་ཕག་མོ་གྲུ་པའི་དུས་《ཞལ་ལྕེ་བཅོ་ལྔ།》 སྡེ་སྲིད་གཙང་པའི་དུས་《ཞལ་ལྕེ་བཅུ་དྲུག དགའ་ལྡན་ཕོ་བྲང་པའི་དུས་《ཞལ་ལྕེ་བཅུ་གསུམ་》ཞེས་པ་སོགས་བྱུང་མྱོང་བ་མ་ཟད། གོང་གསལ་ཞལ་ལྕེ་ཁག་གི་དོན་ཚན་སོ་སོའི་ནང་དོན་ཇི་ཡིན་ད་ལྟའང་ཆད་ལུས་མེད་པ་མཐོང་ཆོས་སུ་གྱུར་ཡོད་སྟབས། འདི་ནས་བོད་ཀྱི་དུས་རབས་རིམ་བྱུང་གི་ཞལ་ལྕེ་ཁག་གཞིར་བཟུང་བོད་ཀྱི་སྔར་སྲོལ་ཁྲིམས་སའི་ཤེས་བྱ་སྤྱི་དང་། བྱེ་བྲག་རྒྱལ་ཐོག་རིམ་པའི་སྲིད་འབྱོར་གནས་བབ་ངོ་སྤྲོད་རགས་རིམ་དང་སྦྲགས་ཞལ་ལྕེ་ཁག་གི་བྱུང་རིམ་དང་། ནང་དོན། ཁྱད་ཆོས། གོང་འོག་འབྲེལ་བ། ད་དུང་སྔར་སྲོལ་ཁྲིམས་ལུགས་ཐ་སྙད་དང་། ཁྲིམས་ཡིག་ཐོག་སྤྱོད་པའི་ཚིག་བསྡུས། གཏམ་དཔེ་འགའ་དཔེ་མཚོན་གྱི་ཚུལ་དུ་ཟུར་འདོན་འབྲུ་འགྲེལ་ཐུང་ཙམ་རེ་ཞུས་ཡོད།

གསུམ་པ། ཞིབ་འཇུག་ཡིག་ཆའི་གནས་ཚུལ།

བོད་ཕྱི་ནང་གཉིས་ནས་སྔ་ཕྱིར་བོད་ཀྱི་སྔར་སྲོལ་ཞལ་ལྕེ་ཕྱོགས་བཏུས་བྱས་པའི་ཁྲོད། ཕྱི་ལོ་ ༡༩༨༣ ལོར་བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་གནང་བ་བའི་《Tibetan Legal Materials(བོད་ཀྱི་ཁྲིམས་ལུགས་ཡིག་ཆ་)》ཞེས་པ་དང་། ཕྱི་ལོ་ ༡༩༧༨ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་གནང་བའི་《ཞལ་ལྕེ་ཕྱོགས་བསྡུས།》ཕྱི་ལོ་ ༡༩༨༩ ལོར་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་སྐྲུན་གནང་བའི་《བོད་ཀྱི་སྔ་རབས་ཁྲིམས་སྲོལ་ཡིག་ཆ་བདམས་བསྒྲིགས།》

དེ་བཞིན་ཕྱི་ལོ་ ༢༠༡༡ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་གིས་དཔར་སྐྲུན་གནང་བའི་《གཙང་སྟོད་རྒྱལ་པོའི་རྣམ་ཐར་དང་དེའི་ཕོ་བྲང་དང་མངའ་ཁུལ་གྱི་ཆེ་བ། བཀའ་ཁྲིམས་ཀྱི་ལུགས་དང་བཀའ་ཆེམས། སྤང་བླང་དོན་གོ་བའི་ཞལ་ལྕེ་བཅས་ཚངས་པའི་དྲང་ཐིག》ཕྱི་ལོ་ ༢༠༡༦ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་གནང་བའི་《བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག་ལས་ཞལ་ལྕེ་ཕྱོགས་བསྒྲིགས་》དང་《བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག་ལས་བཙན་པོའི་རྒྱལ་རབས་སྐབས་ཀྱི་ཁྲིམས་སྲོལ་ཡིག་ཚགས་》སོགས་བཞུགས་ཡོད་པ་དག་ཞིབ་འཇུག་དེབ་ཆུང་དེའི་དཔྱད་གཞིའི་ཡིག་ཆ་དང་པོར་བཀོལ་ཡོད།

གོང་གསལ་ཡིག་ཆ་ཁག་གི་ནང་བོད་ཀྱི་སྲིད་དབང་རིམ་བྱོན་སྐབས་བྱུང་བའི་ཞལ་ལྕེ་ཁག་གསལ་བ་གཞིར་བཅས། 《Tibetan Legal Materials(བོད་ཀྱི་ཁྲིམས་ལུགས་ཡིག་ཆ་)》ཞེས་པའི་ལག་བྲིས་གློག་པར་མའི་ནང་ཁྲིམས་ཡིག་《ཞལ་ལྕེ་བཅུ་གཉིས་》དང་། ལྕགས་ལུག་ལོར་བྲིས་པ་འཁོད་པའི་ཁྲིམས་ཡིག ཕྱི་ལོ་ ༢༠༡༦ ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་བའི་《བོད་ཀྱི་ཁྲིམས་སྲོལ་སྐོར་གྱི་ལོ་རྒྱུས་ཡིག་ཚགས་ཕྱོགས་སྒྲིག་ཞལ་ལྕེ་ཕྱོགས་བསྒྲིགས་》ནང་གསལ་ 《དེབ་ཐེར་རྫོགས་ལྡན་གསར་པའི་ཉི་གཞོན་བླ་དོར་གསལ་བྱེད།》ཅེས་འཁོད་པ་གསུམ་ལ་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་འདུག

ལྕགས་ལུག་ལོར་བྲིས་པ་འཁོད་པའི་ཁྲིམས་ཡིག་དེ། ཕྱི་ལོ་ ༢༠༡༡ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་དཔར་བའི་《གཙང་སྟོད་རྒྱལ་པོའི་རྣམ་ཐར་དང་རྒྱལ་རབས་》ཞེས་པའི་ནང་《བོད་ཀྱི་སྔ་རབས་ཁྲིམས་སྲོལ་དར་ཚུལ་མདོར་བསྡུས་དང་ཁྲིམས་ཡིག་ཞལ་ལྕེ་བཅུ་དྲུག་གི་ཁ་སྣོན་འདྲ་བ་ཁྲིམས་ཡིག་ཞལ་ལྕེ་བཅུ་གསུམ།》ཞེས་བཀོད་འདུག་པ་དང་ནང་དོན་གཅིག་མཚུངས་འདུག་པས་ན། དཔེ་ཁུངས་སྔ་བ་བོད་ཀྱི་དཔེ་མཛོད་ཁང་གི་ལག་བྲིས་གློག་པར་མ་དེ་ཡིན་ངེས་ཤིང་། གཙང་པའི་རྒྱལ་རབས་ནང་གསལ་གྱི་མཚན་བྱང་དེ་ཕྱིས་རྩོམ་སྒྲིག་པས་བཏགས་པ་ཞིག་མིན་ནམ་སྙམ། 《དེབ་ཐེར་རྫོགས་ལྡན་གསར་པའི་ཉི་གཞོན་བླང་དོར་གསལ་བྱེད།》 ཅེས་པ་དེའི་མ་ཕྱི་ད་ལྟ་བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དུ་ཉར་ཚགས་བྱས་ཡོད་འདུག

གོང་གསལ་ཞལ་ལྕེ་ཁག་གཞིར་བཟུང་བོད་ཀྱི་ཁྲིམས་སྲོལ་ཡིག་ཆར་དཔྱད་པ་གནང་མཁན་ཇི་བྱུང་སྐོར་ཞུས་ན། བཙན་པོའི་སྐབས་ཀྱི་ཁྲིམས་ལུགས་ལ་ཞིབ་འཇུག་དཔྱད་རྩོམ་ཐོ་རེ་བ་ཞིག་ཡོད་པ་གཞིར་བཅས། ཕྱི་ལོ་ ༢༠༡༥ བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་དེབ་འདོན་ཐེངས་ ༣ ཐོག་ཚེ་རིང་ཕན་ཐོགས་ཀྱིས་《ཏའི་སི་ཏུ་བྱང་ཆུབ་རྒྱལ་མཚན་དུས་སུ་གཏན་ལ་ཕབ་པའི་ཁྲིམས་ཡིག་ཞལ་ལྕེ་བཅོ་ལྔའི་ནང་དོན་དང་ཁྱད་ཆོས་ལ་ཐོག་མར་དཔྱད་པ་》ཞེས་དང་།

ཕྱི་ལོ་ ༢༠༡༧ ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར་བའི་ནོར་བུ་བསམ་འཕེལ་གྱི་《སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ།》ཞེས་པའི་ནང་། ཁྲིམས་སྲོལ་ལམ་ལུགས་གཏན་འབེབས་བྱས་པའི་སྐོར། ཞེས་པ། ཕྱི་ལོ་ ༢༠༡༩ ལོའི་ཀྲུང་གོའི་བོད་རིག་པའི་དུས་དེབ་ཐོག་ཚེ་རིང་དོན་གྲུབ་ཀྱིས་《མདོ་སྨད་འབྲོག་ཁུལ་གྱི་གཟུ་དང་འབྲེལ་བའི་རིག་གནས་སྐོར་ཆེ་ལོང་ཙམ་དཔྱད་པ།》 ཕྱི་ལོ་ ༢༠༡༩ ལོའི་ཀྲུང་གོའི་བོད་རིག་པ་དུས་དེབ་ཐོག་པདྨ་ཚེ་བརྟན་གྱིས་《ཏུན་ཧོང་ཡིག་རྙིང་ཁྲོད་ཀྱི་ཤགས་ཀྱི་རིག་ནས་ལ་དཔྱད་པ་》ཞེས་པ་སོགས་རེད་འདུག

གོང་གསལ་དཔྱད་རྩོམ་དག་ལ་དགེ་སྐྱོན་དང་ཆ་ཚང་མིན་ཅི་རིགས་ཤིག་ཡོད་མོད་ཀྱང་། ད་ཐེངས་《བོད་ཀྱི་སྔར་སྲོལ་ཁྲིམས་སྲོལ་ཡིག་ཆ་ཞིབ་འཇུག་》 བྱེད་པའི་བརྒྱུད་རིམ་ཁྲོད། དཔྱད་གཞིའི་ཁུངས་དང་མིག་རྒྱང་བསྐྱེད་པའི་བསམ་བློའི་བློ་སྐྱེད་མི་དམན་པ་སྦྱིན་བྱུང་བས། གོང་བརྗོད་དེབ་ཐེར་ཕྱོགས་སྒྲིག་ཁག་དང་དཔྱད་རྩོམ་འབྲི་པ་པོ་གཙོས། ཞིབ་འཇུག་ལས་གཞི་དེའི་ནང་དཔྱད་གཞིར་བཀོལ་སྤྱོད་ཞུས་པའི་དེབ་ཐེར་འབྲི་རྩོམ་གནང་མཁན་དང་ཞིབ་འཇུག་པ་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ། གཤམ་དུ་གསལ་བཤད་ཞུ་རྒྱུར། དཔྱད་གཞིའི་ཡིག་ཆ་ཁག་ལས་དག་ནོར་བློ་དོགས་ཆོད་ངེས་རྣམས་མ་དག་རྒྱུན་འབྱམས་མི་ཡོང་བ་དང་། དཔེ་ངོས་ཀྱི་རྣམ་པ་མི་བརླག་སླད་ཤད་གུག་ནང་མ་བཅུག་པར་ཐད་ཀར་བཟོ་བཅོས་བྱས་ཡོད་པ་ཕུད། དེ་མིན་འགོས་དང་མགོས། ཞལ་ལྕེ་དང་ཞལ་ཆེ། བསྙོན་དང་སྙོན། ཤགས་དང་གཤགས་སོགས་གཞུང་སོ་སོའི་འབྲི་རྒྱུན་རང་སོར་བཞག་པ་ལས་རང་འཚམ་ལག་རིང་སྐྱོང་མ་ནུས་ན། སྐབས་མཚམས་ལ་ལར་དག་སྡེབ་མི་འདྲ་བ་བྱུང་ཡོད་པ་དག་ལ་དགོངས་སེལ་ཞུ། ཞེས་གསལ།

བརྒྱུད་སྐུལ།

མཆན་སྤེལ།