༸རྒྱལ་བ་དགེ་འདུན་གྲུབ་པ་དང་། དགེ་འདུན་རྒྱ་མཚོའི་རྣམ་ཐར།
མཛད་པ་པོ། དུང་དཀར་བློ་བཟང་འཕྲིན་ལས་མཆོག ༸རྒྱལ་བ་སྐུ་ཕྲེང་དང་པོ། དགེ་འདུན་གྲུབ་པའི་རྣམ་ཐར། (ཏཱ་ལའི་བླ་མ་སྐུ་ཕྲེང་དང་པོ)རྗེ་ཙོང་ཁ་པ་ཆེན་པོའི་དངོས་སློབ་རྒྱལ་དབང་ཐམས་ཅད་མཁྱེན་པ་དགེ་འདུན་གྲུབ་པ་མཆོག་ནི། གཙང་རུ་ལག་གི་སའི་ཆ་དཔལ་ལྡན་ས་སྐྱའི་ཉེ་འདབས་སྲད་ཀྱི་ལུང་ལག ཞག་དང་བན་སྙིང་གཉིས་ཀྱི་མཚམས་སུ་གུར་མོ་རུ་བ་ཞེས་པའི་འབྲོག་སྡེ་ཞིག་ཏུ་ཡབ་མགོན་པོ་རྡོ་རྗེ་དང་ཡུམ་ཇོ་མོ་ནམ་མཁའ་སྐྱིད་གཉིས་ཀྱི་སྲས་སུ་རང་བྱུང་བདུན་པའི་ལྕགས་ལུག(༡༣༩༡)ལོར་སྐུ་བལྟམས། མཚན་པདྨ་རྡོ་རྗེར་གསོལ། དགུང་ལོ་ལྔ་བཞེས་སྐབས་གྲོང་པ་གཞན་གྱི་ར་རྫི་མཛད་སྐབས་རྡོ་ལ་མ་ཎི་མང་པོ་བྲིས་གནང་བ་མཇལ་རྒྱུ་ཡོད་པར་གྲགས། དགུང་ལོ་བདུན་ལ་ཕེབས་པའི་ཚེ་ཡབ་འདས། ལོ་དེར་སྣར་ཐར་དུ་ཕེབས། ཟས་གོས་ཤིན་ཏུ་བཀྲེན་ན་ཡང་སྐུ་ཡོན་སྦྱོང་བ་ལ་ལྷག་པར་སྤྲོ། དེ་ནས་དཔལ་སྣར་ཐང་གི་མཁན་རབས་བཅུ་བཞི་པའི་སྤྲུལ་སྐུ་རྗེ་གྲུབ་པ་ཤེས་རབ་ལས་དགེ་བསྙེན་གྱི་སྡོམ་པ་བཞེས། མཚན་པདྨ་རྡོ་རྗེ་རང་སོར་བཞག བརྒྱ་སྟོན་ཙནྡྲ་དང་ཤཱཀྱ་དཔལ་ལས་བོད་ཡིག་དང༌། ལཉྫ་ཝར་ཧོར་ཡིག་སོགས་གསན་སྦྱོང་མཛད་པས་མཁས་པར་མཁྱེན། དགུང་ལོ་བཅོ་ལྔ་པ་ཤིང་བྱ(༡༤༠༥)ལོར་དཔལ་སྣར་ཐང་གི་མཁན་ཆེན་གྲུབ་པ་ཤེས་རབ་དང་ཆེན་པོ་བློ་ལྡན་གཉིས་ཀྱི་དྲུང་ལས་རབ་ཏུ་བྱུང་ཞིང་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་དགེ་འདུན་གྲུབ་པ་དཔལ་ཞེས་གསོལ།




