སྙན་ངག་པ་སྐྱེད་སྲིང་མཛད་པ་པོ་དགེ་ཆེ་བློ་བཟང་དཔལ་ལྡན་མཆོག་ལ་རྗེས་དྲན་ཞུ།

སྙན་ངག་པ་སྐྱེད་སྲིང་མཛད་པ་པོ་དགེ་ཆེ་བློ་བཟང་དཔལ་ལྡན་མཆོག་ལ་རྗེས་དྲན་ཞུ།

སྙན་ངག་པ་སྐྱེད་སྲིང་མཛད་པ་པོ་དགེ་ཆེ་བློ་བཟང་དཔལ་ལྡན་མཆོག་ནི། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་ནང་གི་རིན་སྤུངས་རྫོང་གི་རོང་བྱི་འོང་ཞེས་པའི་སའི་ཆར་ཕྱི་ལོ་ ༡༩༣༠ ལོར་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་དུས་ནས་གདན་ས་ཆེན་པོ་སེར་སྨད་ཐོས་བསམ་ནོར་བུའི་གླིང་གི་སེར་སྨད་གཙང་པ་ཁང་ཚན་དུ་ཆོས་ཞུགས་མཛད་དེ་གཞུང་ཆེན་ཁག་ལ་གསན་བསམ་གནང་བར་མ་ཟད། དགེ་རྒན་ཟུར་བསྟེན་གྱིས་ཡི་གེ་དབུ་ཆེན་དང་དབུ་མེད་འཁྱུག་སོགས་ལེགས་པར་སྦྱངས་ནས་མཁས་པར་གྱུར།

དེ་ནས་ ༡༩༥༩ ལོར་རྒྱ་གར་འཕགས་ཡུལ་ལ་བཙན་བྱོལ་དུ་ཕེབས་སྐབས་དགེ་རྒན་འོས་སྦྱོང་དུ་ཕེབས་གནང་མཛད་ནས་དམིགས་བསལ་སྙན་ངག་དང་། སུམ་རྟགས། རྒྱལ་རབས། ཆོས་འབྱུང་སོགས་ལ་གསན་བཞེས་ལེགས་པར་གནང་། དེ་ནས་མ་སུ་རིའི་ཆོས་དགེ་དང་བོད་དགེ་རྒྱུན་རིང་གནང་ནས་སློབ་ཕྲུག་དུ་མ་གསོ་སྐྱོང་མཛད།

མ་སུ་རིའི་སློབ་གྲྭའི་དགེ་རྒན་གྱི་ལས་ཡུན་ཆ་ཚང་ཚར་ནས་ཕྱི་ལོ་ ༡༩༩༠ ནང་དུ་ལྷོ་ཕྱོགས་ཀྱི་གདན་ས་སེ་ར་ཐེག་ཆེན་གླིང་དུ་ཕྱིར་ཕེབས་མཛད་ནས་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྙན་ངག་སུམ་རྟགས་དང་། རྒྱལ་རབས་ཆོས་འབྱུང་སོགས་སློབ་ཁྲིད་གནང་ནས་བླ་སྤྲུལ་དགེ་བཤེས་དང་། གྲྭ་རྐྱང་སོགས་ཧ་ཅང་མང་པོར་སློབ་ཁྲིད་རྒྱུན་རིང་མཛད་ནས་ད་ལྟའི་ཆར་གྲུབ་འབྲས་གཟེངས་སུ་ཐོན་པ་བྱུང་ཡོད། ཉེ་བའི་ཆར་ ༢༠༢༠ ཕྱི་ཟླ་ ༤ ཚེས་ ༢༣ ཉིན་རྒན་དམ་པ་གང་ཉིད་དགུང་ལོ་དགུ་བཅུའི་སྟེང་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་པས་རྒན་དམ་པའི་མཛད་པའི་རྣམ་ཐར་གྱི་ཆ་ཤས་ཙམ་ཞིག་བཀའ་དྲིན་རྗེས་དྲན་དུ་བྲིས་པ་དགེའོ།།

ཕྱི་ལོ་ ༢༠༢༠ ཟླ་བ་ ༤ ཚེས་ ༢༣ རྗེས་དྲན།

རྒན་བློ་བཟང་དཔལ་ལྡན་གང་ཉིད་སྐུ་གཤེགས་པར་མྱ་ངན་གུས་བཏུད་ཞུ།

 

མཆོག་གསུམ་སྐྱབས་གནས་ཀྱི་ལྷ་ཚོགས།།

ཐུགས་དགོངས་དར་ཅིག་རང་གསོན་དང་།།

དྲན་དུང་སྨྲེ་ངག་གི་དབྱངས་རྟ། །

སྙན་གྱི་དབང་པོ་རུ་སིམ་རོགས།།

 

ས་མཐའ་རྒྱང་རིང་གི་ཡུལ་དུ།།

སྤྲང་ཁྱམས་མི་ཡུལ་དེ་འགྲིམས་དུས།།

རྣ་དབང་གཏིང་ཁུངས་ནས་གཙེས་པའི།།

གཏམ་ངན་ཡིད་དབང་དེ་བཀུམ་སོང་།།

 

བཀའ་དྲིན་རི་བོ་ལྟར་ཆེ་ཡང་།།

དྲིན་བཟོ་ཡིད་ངོ་རུ་ཡལ་བས།།

ད་གཟོད་རྣམ་རྟོག་གི་མཁའ་ལ།།

འགྱོད་པའི་ཚ་རླབས་ཤིག་འཕྱུར་སོང་།།

 

སྙན་ངག་རིག་གནས་ཀྱི་སྦྲང་ཆར།།

ཆད་མེད་དུས་ཐོག་ཏུ་འཇོ་བས།།

བུ་སློབ་པད་ཚལ་གྱི་འདབ་མ།།

གོ་ལའི་ཁྱོན་ཡངས་སུ་བཞད་སོང་།།

 

ལྔ་རིགས་པད་མོ་ཡི་སྐྱེད་ཚལ།།

བསྐྱངས་པའི་མཛད་པ་ལ་བསམས་ན།།

སློབ་དཔོན་ཐུ་མི་ཡི་མཛའ་བོར།།

ད་གཟོད་སྙེགས་པ་དེ་ཤེས་སོང་།།

 

སྤྱོད་འཇུག་ཐུགས་ཐོག་ནས་ཤར་བའི།།

ཉམས་བཞེས་སྐུ་ཚེ་དང་འགྲོགས་ནས།།

ཚིག་དོན་ལྷག་མེད་དུ་སྒྲུག་པའི།།

སྐྱེས་བུའི་མཛད་པ་དེ་མཚར་སོང་།།

 

གཞན་དོན་བྱ་བ་ལ་ཞུགས་ནས།།

མཛད་འཕྲིན་གཞན་དོན་དུ་སྨིན་སོང་།།

དགུ་བཅུའི་སྐུ་ཚེ་ཡི་ལོ་ཟླ།།

ཡབ་རྗེའི་དགོངས་པ་ལ་འཁོད་སོང་།།

 

འོན་ཏང་གདུལ་བྱ་ཡི་ཁམས་ལ།།

མི་རྟག་སྣང་ཚུལ་ཞིག་མཛད་ནས།།

སྙོམས་ལས་ལྷ་ཆོས་སུ་བསྐུལ་ཕྱིར།།

གཟུགས་སྐུའི་སྣང་བ་དེ་བསྡུས་སོང་།།

 

ད་ནི་ཁྱེད་སྐུ་ཡི་ཉི་ཟླ།།

ཆུ་ལྷའི་ཕང་ངོགས་སུ་བཞུད་ན།།

ལྔ་རིགས་པད་མོ་ཡི་སྐྱེད་ཚལ།།

རེ་ལྟོས་སུ་ཞིག་ལ་བཅོལ་ལམ།།

 

གྲངས་མེད་བུ་སློབ་ཀྱི་ཡིད་དབང་།།

བླ་མའི་མཛད་པ་ལ་ཐིམས་ན།།

སླར་ཡང་བཤེས་གཉེན་དུ་སྤྲུལ་ནས།།

སྐྱེས་ཀུན་བུ་སློབ་ཏུ་སྐྱོངས་རོགས།།

 

གདུང་བ་སྨྲེ་ངག་དང་འགྲོགས་ནས།།

རྗེས་དྲན་གང་ཉིད་ལ་ཕྱོགས་ན།།

རྟེན་འབྲེལ་སྨོན་ལམ་གྱི་མཐུ་ལས།།

བདེན་ཚིག་འགྲུབ་པར་ནི་སྨོན་ནོ།།

 

དྲ་མིང་ཁེར་རྐྱང་དུ་འབོད་པས། 2020/4/25

 

 

བརྒྱུད་སྐུལ།

མཆན་སྤེལ།