བོད་ཀྱི་ཚད་མ་རིག་པའི་གཞུང་ལུགས། རྩོམ་པ་པོ། དུང་དཀར་རིན་པོ་ཆེ།
དུས་རབས་ལྔ་པའི་དུས་དཀྱིལ་ཙམ་སྟེ། སྤུར་རྒྱལ་བོད་ཀྱི་རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་དུས་སུ་རྒྱ་གར་ཡུལ་དབུས་སུ་ནང་པ་སངས་རྒྱས་ཀྱི་བསྟན་པ་དང་། དེའི་གཞུང་ལུགས་སོགས་དར་རྒྱས་ཤིན་ཏུ་ཆེ་ཞིང་། ཁྱད་པར་དུ་ཕྱི་ནང་ཐུན་མོང་གི་རིག་གནས་སམ་ཤེས་བྱའི་གཞུང་ལུགས་སོགས་དར་རྒྱས་ཤིན་ཏུ་ཆེ་བ་བྱུང་ལ། རིག་པའི་གནས་ལ་མངའ་བརྙེས་པའི་མ་ཧ་པཎྜི་ཏ་དང། མཁས་པའི་གོ་འཕང་མཐོན་པོར་གཤེགས་པའི་དགེ་བའི་བཤེས་གཉེན་ཆེན་པོ་མང་དུ་བྱོན་པའི་ནང་ནས་མགོན་པོ་ཀླུ་སྒྲུབ་དང་། ཨ་རྱ་དེ་ཝ། འཕགས་པ་ཐོགས་མེད། སློབ་དཔོན་དབྱིག་གཉེན། ཡོན་ཏན་འོད། ཤྭཀྱ་འོད་བཅས་ལ་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས་ཞེས་གྲགས་ཤིང་(རྒྱན་དྲུག་ནི། ཀླུ་སྒྲུབ་དང་། ཐོགས་མེད། ཕྱོགས་གླང་། ཆོས་གྲགས། དབྱིག་གཉེན། ཨརྱ་དེ་ཝ་བཅས་དྲུག་དང་མཆོག་གཉིས་གི་ཡོན་ཏན་འོད་དང་། ཤྭཀྱ་འོད་དོ།།) སློབ་དཔོན་ཆེན་པོ་འཕགས་པ་ཐོགས་མེད་ཀྱི་སྐུ་མཆེད་སློབ་དཔོན་དབྱིག་གཉེན་ལ་སློབ་མ་ཁྲི་ཕྲག་ཁ་ཤས་ཡོད་པའི་ནང་ནས་འདུལ་བ་རང་ལས་མཁས་པ་ཡོན་ཏན་འོད། ཕར་ཕྱིན་རང་ལས་མཁས་པ་འཕགས་པ་གྲོལ་སྡེ། མངོན་པ་རང་ལས་མཁས་པ་བློ་གྲོས་བརྟན་པ། ཚད་མ་རང་ལས་མཁས་པ་ཕྱོགས་ཀྱི་གླང་པོ་ཞེས་སློབ་དཔོན་རང་ལས་མཁས་པར་གྱུར་པའི་སློབ་མ་མཁས་དབང་ཆེན་པོ་བཞི་བྱོན་པ་དེ་ཡི་ནང་ནས་ཚད་མའི་གཞུང་ལ་མཁས་པའི་སློབ་དཔོན་ཕྱོགས་གླང་གིས་སློབ་དཔོན་དབྱིག་གཉེན་གྱི་དྲུང་དུ་བྱོན་ནས་ཐེག་པ་ཆེ་ཆུང་གི་ཆོས་མང་པོ་གསན།




