ལོ་པཎ་རྣམ་ཐར་ཕྱོགས་བསྒྲིགས་ལེགས་གྲུབ་བྱུང་བའི་གསལ་བསྒྲགས།
རྩོམ་པ་པོ། དྷཱིཿལྷ་ལྡན། བོད་ཀྱི་སྔོན་བྱོན་ལོ་ཙཱ་བ་དེ་དག་གིས་རང་རེ་བོད་ཀྱི་ཡུལ་འདིར་རིག་གནས་ཀྱི་ཚེ་སྲོག་ཕྲ་མོ་ཞིག་གི་དབུགས་རྒྱུན་མཐུད་ཕྱིར་དང་། ཆོས་དང་རིག་གནས་ཀྱི་རྫོང་མཐུག་པོ་ཞིག་གི་རྨང་འཛུགས་སླད། མཐའ་མེད་པའི་ཏི་ར་ཧི་ཏའི་ཡུལ་གྱི་རི་ལུང་མང་པོར་གྲོགས་མེད་ཁེར་རྐྱང་དུ་ཕྱིན། ཧི་མ་ལ་ཡའི་རི་ཚོགས་ཀྱི་ཕྲེང་བ་མང་པོ་ཞབས་ཐང་དུ་བརྒལ། ཤི་སྐྱིད་ཇག་ཚོགས་སོགས་ཨར་ཇག་གི་འཚེ་བ་མང་པོ་གདོང་དུ་བསུས། སྟག་གཟིག་སྦྲུལ་དང་མ་ཧེ་སོགས་གཅན་གཟན་དང་དུག་སྦྲུལ་གྱི་འཇིགས་པ་མང་པོ་ཐོད་དུ་བླངས། ཚ་བ་དང་གངས་རླུང་སོགས་རང་བྱུང་གི་གནོད་འཚེ་མང་པོ་ཕྲག་ཏུ་ཁུར་ཏེ། ཨེ་ཤ་ཡའི་གླིང་གི་རིག་གནས་ཀྱི་ཕ་ཁྱིམ་ལྟ་བུའི་རྒྱ་གར་འཕགས་པའི་ཡུལ་ཏུ་ཕེབས་ཏེ། ཆོས་དང་རིག་གནས་ཀྱི་གླེགས་བམ་རི་བོའི་གཏོས་དང་མཉམ་པ་ཞིག་བོད་ཀྱི་སྐད་དུ་བསྒྱུར་ཅིང་གདན་དྲངས་བར་བྱས།




