བོད་ཀྱི་རྩིག་བཟོ་རིག་པ་ལས་བོད་ཁང་གི་དམིགས་བསལ་ཁྱད་ཆོས་འགའ་ཞིག་གི་སྐོར།

བོད་ཀྱི་རྩིག་བཟོ་རིག་པ་ལས་བོད་ཁང་གི་དམིགས་བསལ་ཁྱད་ཆོས་འགའ་ཞིག་གི་སྐོར།
 རྩོམ་པ་པོ། བྱ་རིགས་པ་བློ་བཟང་རྣམ་རྒྱལ།

          བོད་ཁང་གི་སྒོ་དང་སྒེའུ་ཁུང་གི་གཡས་གཡོན་དུ་ནག་རྩི་གཏོང་བ་དེ་ལ་འགའ་ཤས་ཀྱིས་བདུད་ཀྱི་སྨ་ར་མཚོན་བྱེད་རེད་ཟེར་བ་དང་།  ལ་ལས་དམ་ཅན་ཆོས་རྒྱལ་གྱི་རྭ་ཅོ་རེད་ཟེར་བ་སོགས་ཤོད་ཚུལ་མི་འདྲ་བ་མང་པོ་ཡོད་པ་ནི་ཁུངས་མེད་ཀྱི་གཏམ་དང་བྱིས་སྒྲུང་ལྟ་བུ་ཞིག་རེད།  དོན་དངོས་ནི་བོད་ལྗོངས་ས་བབས་མཐོ་བས་གནམ་གཤིས་གྲང་ངར་ཆེ་རུང་ཉི་འོད་ཕོག་ཚད་ཆེ་བའི་ཐོག་དགུན་དུས་ཉི་མ་ལྷོ་ཕྱོགས་སུ་བགྲོད་སྟབས་ལྷོ་ཕྱོགས་ནས་ཉི་འོད་ཕོག་ཤུགས་ཆེ་བས་ཁང་པ་ཕལ་ཆེར་ཁ་ལྷོ་བལྟ་བཟོ་སྲོལ་ཡོད།  
ཚོས་གཞི་ནག་པོས་ཉི་འོད་འཐེན་པ་དང་།དཀར་པོས་ཉི་འོད་བཀག་པ་དེང་དུས་ཀུན་གྱིས་ཁས་ལེན་གྱི་ཡོད།   བོད་ཁང་ཕལ་ཆེར་གྱི་ཕྱི་རྩིག་དཀར་པོ་བཟོ་སྲོལ་ལ་བརྟེན་དགུན་དུས་ཁང་པའི་ནང་ཉི་འོད་ཕོག་ནས་དྲོད་ཚད་འཐེན་ཤུགས་ཆེ་ཕྱིར་སྒེའུ་ཁུང་གི་མཐར་ནག་རྩི་གཏོང་བ་མ་ཟད།  ལྷོ་བལྟ་མིན་པའི་སྒོ་དང་སྒེའུ་ཁུང་ཡང་ནག་རྩི་བཏང་དོན་གྱིས་ཚང་མ་གཞི་མཚུངས་ཀྱི་མཛེས་ཆ་ཡིན་པར་ཤེས།  ནག་པོས་ཉི་འོད་འཐེན་པ་དང་།  དཀར་པོས་ཉི་འོད་བཀག་པ་དེ་རང་རེའི་མེས་པོ་ཚོས་སྔར་ནས་ཤེས་ཀྱིན་ཡོད་པ་མཚོན།  ཁང་པ་ས་ཕག་གིས་བརྩིགས་པ་ཡིན་ན་ཕྱི་ངོས་སུ་ཞལ་བ་ངེས་པར་གཏོང་གི་ཡོད།  གང་ལ་ཞེ་ན་ཞལ་བའི་ངོས་སུ་མཛུབ་རིས་གཞུ་དབྱིབས་ཅན་རྩེག་མར་བྲིས་པའི་ཁར་མཛུབ་རིས་ཉིས་ཤུར་རེ་ཐད་ཀར་གཞུང་དུ་འཐེན་པ་ན།   ཆར་ཆུ་རྩིག་ལྡེབས་སུ་ཕོག་སྐབས་ཞལ་བའི་མཛུབ་རིས་བརྒྱུད་ཆུ་རྣམས་ས་ཐོག་ཏུ་སོང་སྟབས་རྩིག་པར་སྲུང་སྐྱོབ་ཐུབ་ཀྱི་ཡོད། 
སྤེན་པད། 
          སྤེན་བད་ནི་མཛེས་ཆ་ཙམ་མ་ཟད། ཁང་སྟེང་དུ་རླུང་བུའི་ཤུགས་ལེན་པའི་ཁྱད་ཆོས་དང་སྒྱོག་མདེལ་ལེན་པ། འབར་གས་མི་བྱེད་པ་སོགས་ཀྱི་དགེ་མཚན་ལྡན་ཡོད། 
ཀ་བ་བརྗེ་སྟངས།  འགྱོགས་རྒྱག་སྟངས། 
          བོད་ཁང་གི་ཁང་པའི་ཀ་བ་ཐང་པོ་མེད་པའི་རིགས་ལ་འདེགས་རོགས་ཀྱི་ཀ་བ་གསར་པ་བརྗེ་སྟངས་ནི་ཀ་བ་སྐྱོན་ཅན་དེའི་གཞུ་ཆུང་ལ་ཤིང་སྦོམ་ཕྲ་ཀ་བ་ལས་ཕྲ་ཙམ་གཉིས་བཙུགས་པའི་འོག་ཏུ་ཤིང་རིང་ཐུང་སྦོམ་ཕྲ་སྙོམས་པ་རེ་རེའི་རྩེ་མོ་ཀ་སྐྱོར་དེའི་འོག་ཏུ་བཅུག་ནས་རྩ་བ་གྱེན་དུ་སྐྱེར་བའི་སྟེང་ལ་བྱེ་མ་དོ་པོའམ་མི་གྲངས་མང་ཉུང་ཆ་སྙོམས་ཀྱིས་མནན་ཤིང་བཟོ་བ་དེའི་བཀོད་འདོམས་བཞིན་དལ་བུས་མནན་ཏེ་གདུང་མ་བཏེགས་རྗེས་ཀ་བ་རྙིང་པ་སྐྱོན་ཅན་དེ་ཚུར་བླངས།   དེ་ནས་ཀ་བ་གསར་པ་བཙུགས་ཏེ་འགྱོག་ཤིང་རིམ་བཞིན་གནོན་ཤུགས་ཇེ་ཡང་དུ་བཏང་ནས་ཀ་བ་ཚུགས་མཚམས་ཀ་སྐྱོར་དེ་ལེན་གྱི་ཡོད།   ཀ་བ་བརྗེ་བ་དེ་ཁང་ཐོག་གཅིག་ཙམ་མ་ཟད།   ཐོག་བརྩེགས་ཁ་ཤས་ཡོད་པའི་འོག་ཁང་གི་ཀ་བ་ཡང་བརྗེ་སྲོལ་ཡོད། 
ས་ཕག 
          ས་ཕག་ཅེས་པ་སྤྱིར་བཏང་ས་ཁོ་ནའི་ཕག་ཁྱབ་ཆེ་རུང་།  ད་དུང་རྫ་ཕག་དང་།  ལྕི་བའི་ཕག་ཀྱང་ཡོད།  ཕོ་བྲང་པོ་ཏཱ་ལའི་སྟེང་ཁང་འགའ་ཤས་ཀྱི་བར་བཅད་དང་།  ཚོམས་ཆེན་ཤར་གྱི་སེང་གཡབ་ཀྱི་རྩིག་པ་ཡང་ལྕི་ཕག་ལས་བཟོས་པ་མཐོང་རྒྱུ་ཡོད།  ལྕི་ཕག་གིས་ཁང་པའི་བར་བཅད་བྱས་ན་ཤོད་ཁང་གི་ཤིང་ཆར་ཡང་བཟོད་སྐྱོར་ཆེན་པོ་ཡོང་གི་ཡོད། 

གྱང་གི་སྐོར། 
          གྱང་ནི་དུས་སྐབས་གཅིག་ལ་དར་ཁྱབ་ཆེ་བའི་རྩིག་བཟོའི་གྲས་ཤིག་ཡིན།  ཁམས་ཁུལ་སོགས་ལ་དར་སོ་ཆེ་ཙམ་ཡོད་ཐོག༡༩༥༩ལོའི་གོང་དུ་ལྷ་ས་སོགས་ས་ཆ་མང་པོར་ལྕགས་རི་ཕལ་ཆེར་གྱང་བརྡུང་གི་ཡོད།  གྱང་བརྡུང་སྟངས་ནི་འོག་ཏུ་ཆུ་ལེན་རྡོ་རྩིག་བསྟར་པ་གཉིས་གསུམ་ཙམ་བརྩིགས་པའི་སྟེང་དུ་གྱང་པར་ཞེས་ཆེད་བཟོས་པང་ལེབ་ཞེང་ཆེན་གཉིས་བསླངས་པའི་མགོ་མཇུག་གཉིས་སུ་རྒྱུག་རིལ་གཉིས་རེ་ཕྲེད་ཐག་གིས་བསྡམས་ནས་གྱང་སྒྲོམ་བཟོས་པའི་ནང་ས་གཞའ་ཚན་ཕྲན་བུ་ཡོད་པ་ཞིག་བསླུགས་ཏེ་རྒྱུག་རིལ་སྣེ་གཅིག་ཟླུམ་བུ་དང།  སྣེ་གཅིག་རྩེ་མོ་ཟུར་ལེབ་ཡིན་པ་ཞིག་གིས་རྡུང་གི་ཡོད།  གྱང་གི་ཁྱད་ཆོས་གཙོ་བོ་ནི་སྒྱོག་མདེལ་ཕོག་ཀྱང་རྩིག་པ་མི་ལོག་པ་སོགས་ཀྱི་ཁྱད་ཆོས་ཡོད།  གྱང་རྡུང་པའི་ཁང་པའམ་ལྕགས་རི་ཐོག་བརྩེགས་ངེས་མེད་ཡོད་པ་དཔེར་ན་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་ཞོལ་གྱི་ལྕགས་རི་དང་།  ས་སྐྱའི་ལྷ་ཁང་ཆེན་མོ་ལྟ་བུ་ཡིན། 
ཤིང་རྩེག་རྩེག་བཅུ་གསུམ།   
          ཤིང་རྩེག་བཅུ་གསུམ་ཞེས་པ་ནི་དགོན་པ་ཆེ་ཁག་གི་འདུ་ཁང་དང་།  ཕོ་བྲང་གི་ཚོམས་ཆེན་གྱི་ཀ་རིང་།  སྒོ་མཆོར་སོགས་ཀྱི་མཛེས་རྒྱན་ལྟ་བུ་ཡིན།  དེ་ཡང་ཀ་བ་ནས་ལྕམ་གྱི་བར་དུ་རྩེག་མ་བཅུ་གསུམ་ཡོད་དེ། ༡.ཀ་བ། ༢.གཞུ་ཆུང་། སྦེ་ལོག ༣.གཞུང་རིང་། ༤.པད་མ། ༥.ཆོས་རྩེག ༦.གདུང་མ། ༧.བབས་གདན།  ༨.བབས་ཐུང་། ༩.བབས་རིང་། ༡༠.དྲེ་གདན། ༡༡.དྲེ་ཐུང་། ༡༢.དྲེ་རིང་། ༡༣.ལྕམ་བཅས་ལ་ཟེར་སྐད། 
ཟུར་འཕྱོང་། 
          ཕོ་བྲང་སོགས་སུ་ཡང་སྟེང་གི་རྩིག་ཟུར་ངོས་སུ་ཟུར་འཕྱོང་ཞེས་སྒེའུ་ཁུང་ཕྲ་གླིང་ཅན་ཕྱོགས་གཉིས་དཀར་གསལ་ཡོད་པ་དེ་སྒེར་པ་ཁག་དང་།  མི་སར་དཀྱུས་མའི་ཁང་པར་བཟོ་མི་ཆོག་སྐད། 
ཟམ་རྩིག 
          ཡུལ་གྲུ་མང་པོར་སྔར་གྱི་ཟམ་པ་མང་པོ་མཐོང་རྒྱུ་ཡོད་པ་དེ་ཚོའི་ཟམ་སྣེའི་རྩིག་པ་འགའ་ཞིག་ཆུ་རྡོ་རིལ་རིལ་སྐམ་རྩིག  འདམ་པ་མེད་པ་བརྒྱབ་ནས་བཟོས་པ་དང་། དེའི་སྟེང་རྒྱུག་པ་རིམ་བཞིན་ཇེ་རིང་དུ་སྒྲིག་པའི་སྟེང་ཟམ་གདུང་བཀལ་ནས་བཟོས་པ་ཡོད། 
རྒྱན་རིས། 
          དགོན་པ་དང་ལྷ་ཁང་སོགས་ཀྱི་རྩིག་ལྡེབས་སུ་ལྷ་སྐུ་དང་རྒྱལ་རབས་རྣམ་ཐར་སོགས་རི་མོ་འབྲི་སྲོལ་ཡོད་པ་མ་ཟད།  ཁྱིམ་པའི་སྒེར་ཁང་ལ་ཡང་སྒོའི་ནང་དུ་སོག་པོ་སྟག་ཁྲིད་དང་།  ཨ་ཙར་གླང་ཁྲིད་ལ་ཁོལ་པོ་ཀུན་ལི་སོགས་འབྲི་སྲོལ་ཡོད།  སོག་པོ་སྟག་ཁྲིད་ཀྱི་རྒྱུ་མཚན་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་སློབ་དཔོན་པད་མ་འབྱུང་གནས་ཀྱི་བོད་ཀྱི་རྗེ་འབངས་ཉེར་ལྔ་གྲུབ་པ་ཐོབ་པར་མཛད་ནས་རྗེ་འབངས་ཉེར་ལྔ་སོ་སོས་གྲུབ་རྟགས་རེ་བསྟན་སྐབས་སོག་པོ་ལྷ་དཔལ་གྱིས་གཅན་གཟན་འཛིན་པར་མཛད་ཅིང་།  ཕྱིས་སུ་དེ་དོན་སོག་པོ་སྟག་ཁྲིད་སྒོ་འགྲམ་དུ་བྲིས་ན་གནོད་པ་ཟློག་པ་ཡིན་ཟེར་བ་དང་།  ལ་ལས་སོག་པོ་ལྕགས་ཐག་སྟག་བཅས་པ་རིགས་གསུམ་མགོན་པོའི་མཚོན་དོན་ཡིན་ཡང་ཟེར།  འོན་ཀྱང་ཀརྨ་བཀའ་རྒྱུད་ཀྱི་དགོན་པ་རྣམས་སུ་འགྲེལ་བ་གཞན་ཞིག་ཡོད་སྟབས་སོག་པོ་སྟག་ཁྲིད་འབྲི་སྲོལ་མེད་སྐད།  རི་མོ་འབྲི་སྟངས་ནི་སྟག་གི་སྐེར་ལྕགས་ཐག་བསྐོན་ཏེ་སོག་པོས་ཕྱིན་འདོན་ལྟ་བུ་ཞིག་དང་།  ཨ་ཙར་གླང་ཁྲིད་ནི་ནོར་ལྷ་ཡིན་པས་ཨ་ཙར་གྱིས་གླང་ཆེན་ལ་ནོར་བུ་བཀལ་ཏེ་ནང་དུ་ཁྲིད་ཡོང་མཁན་གྱི་རྣམ་པ་ཞིག་འབྲི་དགོས།  གཞན་ཡང་བཀྲ་ཤིས་རྟགས་བརྒྱད་དང་།  རྫས་བརྒྱད། འདོད་ཡོན་སྣ་ལྔ།  རྒྱལ་སྲིད་སྣ་བདུན།  མཐུན་པ་སྤུན་བཞི།  ཚེ་རིང་དྲུག་འཁོར་སོགས་ཀྱི་རི་མོ་ལ་ཡང་འབྲེལ་བཤད་རེ་ཡོད་ཀྱང་འདིར་མ་བྲིས།

ཡོལ་བ་དང་།  གཤམ་བུ་སོགས། 
          བོད་ཁང་གི་སྒོ་དང་།  སྒེའུ་ཁུང་གི་ཐོད་དུ་གཤམ་བུ་གཏོང་གི་ཡོད།  གཤམ་བུ་ཕལ་ཆེར་དར་དཀར་པོར་གོང་བ་དམར་སེར་སྔོ་གསུམ་སྒར་སྲོལ་ཡོད།  དགོན་པ་དང་ཕོ་བྲང་གི་རབ་གསལ་ལམ་གཟིམ་ཆུང་གི་སྒེའུ་ཁུང་སྟེང་གི་གཤམ་བུའི་འོག་ཏུ་གནམ་ཡོལ་ཞེས་རས་སམ་དར་གོས་ཀྱི་གཞི་དམར་པོར་མཐའ་ལྕགས་དང་།  ཚེམ་དྲུབ་སྟེང་སྔོན་པོ་བཏང་བ་ཞིག་དང་རབ་གསལ་མདུན་གྱི་སྟག་ཁྲའི་ངོས་སུ་གོང་མཚུངས་ཀྱི་ཡོལ་བ་ས་ཡོལ་ཞེས་པ།  རབ་གསལ་དང་།  སྒོ་མཆོར་མདུན་སྦྲ་ཡོལ་ནག་པོར་རས་དཀར་པོའི་མཐའ་ལྕགས་དང་།  པ་ཏྲ་སོགས་སྦ་ལེ་བརྒྱབ་པ་ཞིག་གཏོང་གི་ཡོད།  སྒེར་པའི་ཁང་པར་གནམ་ཡོལ་ལས་ས་ཡོལ་གཏོང་གི་མེད།  གཞན་ཡང་ཁང་པའི་མཛེས་ཆར་ཐུག་དང་།  རྒྱལ་མཚན།  དར་ལྕོག  བཀྲ་ཤིས་ཁྲ་རིང་།  དར་ལྡི་སོགས་འཛུགས་སྲོལ་ཡོད་པ་རྣམས་མིང་སྨོས་ཙམ་ལས་རྩིག་བཟོ་དང་འབྲེལ་བ་ཆེར་མེད་སྟབས་འདིར་ཞིབ་ཆ་མ་བཀོད་བཅས་སོ།།
ཡོང་ཁུངས། སྤང་རྒྱན་མེ་ཏོག་དུས་དེབ།

བརྒྱུད་སྐུལ།

མཆན་སྤེལ།