སེ་ར་ཕུར་མཇལ་གྱི་ལོ་རྒྱུས་དང་བྱུང་བའི་སྐོར།

སེ་ར་ཕུར་མཇལ་གྱི་ལོ་རྒྱུས་དང་བྱུང་བའི་སྐོར།

༄༅། དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་འདི་ཉིད་ནི་སྐྱེ་འགྲོ་ཡོངས་ལ་ལྷ་སྲིན་སྡེ་བརྒྱད་དང་། ས་བདག་ཀླུ་གཉེན་སོགས་ཀྱི་གནོད་པ་ལྷག་མེད་དུ་འཇོམས་ཤིང་སྐལ་ལྡན་ལས་འཕྲོ་ཅན་ལ་དངོས་གྲུབ་ཆར་ལྟར་འབེབས་པའི་ཡི་དམ་ཁྱད་པར་ཅན་འདི་ཉིད་ནི། སྔོན་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་འདིའི་ཆོས་སྐོར་མཁའ་འགྲོ་མ་རྣམས་ལ་བཀའ་བརྩལ་བས་མཁའ་འགྲོ་མ་རྣམས་ཀྱིས་ཟབ་ཆོས་འདི་ངེས་རྣམས་ཁོང་དུ་ཆུད་པར་དཀའ་བའི་གསུང་བསྒྲོས་མཛད་སྐབས་མཁའ་འགྲོ་མ་བདེ་བྱེད་དབང་མོ་ནས་ཟབ་ཆོས་འདི་རྒྱ་གར་བསིལ་བ་ཚལ་གྱི་མཆོད་རྟེན་བདེ་གཤེགས་བརྩིགས་པའི་དྲུང་དུ་གཏེར་དུ་སྦོས་ཤིག་མ་འོངས་པའི་དུས་རིང་མོ་ཞིག་ན་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཞེས་གྲགས་པ་བྱོན་ཏེ་དེས་གཏེར་ནས་བཏོན་པར་འགྱུར་རོ་ཞེས་གསུངས་པས་མཁའ་འགྲོ་མ་ཐམས་ཅད་དེར་ཞལ་ཆམ་ནས་ཟབ་ཆོོས་འདི་གཏེར་དུ་སྦས་པ་དང་།

 

 

དེ་ནས་ཡུན་རིང་མོ་ཞིག་གི་དུས་ན་སློབ་དཔོན་པདྨ་འབྱུང་གནས་ཀྱིས་རྒྱ་གར་བསིལ་བ་ཚལ་གྱི་མཆོད་རྟེན་གྱི་དྲུང་ནས་ཕུར་པ་འདི་ཉིད་གཏེར་དུ་བཞེས་ནས་སློབ་དཔོན་ཆེན་པོས་ཕུར་པ་འདི་ཉིད་ཡི་དམ་གྱི་གཙོ་བོར་ཅིང་དུས་ཕྱིས་ཡེར་པ་སེ་བ་གདོང་དུ་གཏེར་དུ་སྦས།

འདིའི་རྗེས་སུ་གྲུབ་ཐོབ་འདའ་ཆར་ཆེན་པོས་ཡེར་པ་སེ་བ་གདོང་ནས་གཏེར་དུ་བཞེས་སྟེ་གྲུབ་ཐོབ་ཆེན་པོས་ཀྱང་ལྷག་པའི་ལྷ་སྐལ་དུ་མཛད་ནས་གྲུབ་པའི་མགོ་འཕང་མཐོན་པོར་གཤེགས་པ་ཡིན། གྲུབ་ཐོབ་འདའ་ཆར་བ་གྲུབ་ཐོབ་ཆེན་པོ་ཞིག་ཡིན་པ་ས་སྐྱ་པན་ཆེན་གྱིས་གསན་ནས་ཁོང་དང་མཇལ་ནས་བཀའ་མཆིས་གནང་བས་གྲུབ་ཆེན་གྱིས་ཕུར་པའི་སྔགས་༼བཛྲ་ཅི་ཀྱི་ལི་ཀྱི་ལི་༽ཅེས་གསུངས་པ་ལ་ནོར་འདུག་༼བཛྲ་ཀི་ལི་ཀི་ལི༽ཞེས་དག་པར་བཅོས་པས་གྲུབ་ཆེན་གྱིས་སྔགས་དེ་གཏོན་ནས་བྲག་ལ་བརྒྱབ་པས་ཕུར་བུ་ཡང་གུག་པ་ལས་བྲག་ལ་མ་ཟུག་པས་གྲུབ་ཆེན་གྱིས་སྔར་ཡང་ཀྱི་ལི་ཀྱི་ལི་ད་ཡང་ཀྱི་ལི་ཀྱི་ལི་ཞེས་སོགས་བཛྲ་ཀྱི་ལི་ཀྱི་ལི་ཞེས་སོགས་གཏོན་ནས་བརྡབས་པས་འདམ་ལ་ཕུར་བུ་བཏབ་པ་བཞིན་བྲག་ལ་ཐོག་མེད་དུ་བཟུག་པས་ས་པན་གྱིས་ཁོང་གྲུབ་ཐོབ་ཆེན་པོ་ཞིག་ཡིན་པ་མཁྱེན་པས་ཁོང་མུ་སྟེགས་པར་བརྩོད་པའི་ཚེ་རོགས་སུ་བསྒྲན་ནས་པན་ཆེན་གྱིས་ཆོས་རྩོད་མུ་སྟེགས་པ་ཕམས་པར་བརྒྱབ་པས་ཕམ་པར་བརྒྱབ་པས་མུ་སྟེགས་པ་དེས་རྫུ་འཕྲུལ་འགྲན་པར་འདོད་ནས་ནམ་མཁར་བྱ་འཕུར་བ་ལྟར་འཕུར་བས་པན་ཆེན་གྱིས་གྲུབ་ཐོབ་འབོད་པས་གྲུབ་ཆེན་འདའ་ཆར་བས་དེའི་གྲིབ་མ་ལ་ཕུར་བ་འདི་ཉིད་བརྡབ་པས་མུ་སྟེགས་པ་དེ་བྱིའུ་ལ་རྡོ་འཕོག་པ་ལྟར་སར་ལྷུང་བས་ཆོས་དང་རྫུ་འཕྲུལ་གང་ལས་ཀྱང་ཕམ་པ་བྱུང་།
དེ་ནས་རིམ་པར་བརྒྱུད་དེ་སྔ་འགྱུར་སྙིང་མའི་གྲུབ་ཐོབ་ཆེན་པོ་རྟོག་ལྡན་ཡོན་ཏན་མགོན་པོ་བར་བླ་མ་ཀྱིས་ཡི་དམ་གཅིག་གི་གཙོ་བོར་མཛད་དེ་གྲུབ་པའི་མགོ་འཕང་མཐོན་པོར་གཤེགས་པ་ཡིན་ལ་ཡབ་རྟོག་ལྡན་ཡོན་ཏན་མགོན་པོ་གང་ཉིད་ཀྱིས་ཀྱང་སྲས་བློ་གྲོས་རིན་ཆེན་སེང་གེ་ལ་ཕུར་པ་འདི་ཉིད་དང་དཔལ་ཆེན་ཡང་གསང་ཁྲོས་པའི་ཆོས་སྐོར་རྣམས་གནང་སྟེ་འདི་ཁྱེད་ཀྱི་ཡི་དམ་གྱི་གཙོ་བོར་བཟུང་ན་འཕྲིན་ལས་ནམ་མཁའ་དང་མཉམ་པར་འགྱུར་རོ་ཞེས་ལུང་བསྟན་པར་མཛད། དེ་དོན་ཀུན་མཁྱེན་ཆེན་པོ་ཀྱང་འདི་ཉིད་ཡི་དམ་གྱི་གཙོ་བོར་མཛད་ནས་དུས་ཕྱིས་དབུས་སུ་ཕེབས་ནས་ཡབ་རྗེ་ཀུན་མཁྱེན་ཙོང་ཁ་པ་ཆེན་པོ་ཞལ་མཇལ་བའི་ཚེ་ཚེ་རབས་ཐམས་ཅད་དུ་རྗེས་སུ་བཟུང་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། ཁྱད་པར་དུ་ངོས་ཀྱི་ཕ་མེས་ཀྱིས་ཡི་དམ་རྟ་མགྲིན་ཡང་གསང་འདི་ལ་བྱེད་ཀྱི་དེ་རང་ཆོག་གམ་ཞེས་ཞུས་པ་ན། ཡི་དམ་འདི་ནི་མགོན་པོ་ཀླུ་གྲུབ་ཀྱི་གསང་བའི་ཡི་དམ་ཁྱད་དུ་འཕགས་པ་ཞིག་ཡིན་པས། ཅིས་ཀྱང་བསྟེན་ཆོག། ཁྱེད་ཀྱི་མ་འོངས་པའི་གྲ་ཚང་དེ་ཡང་ཀླུ་སྒྲུབ་ཀྱི་ལྟ་བ་ལ་འཆད་ཉན་བྱེད་པའི་དབུ་མའི་གྲྭ་ཚང་ཕུལ་དུ་བྱུང་ཞིག་ཡོང་བར་འདུག་ཅེས་སོགས་ལུང་བསྟན་པར་མཛད་པས་དབུ་ལ་རྗེ་བླ་མའི་ཕྱག་རྗེས་གསལ་བར་བྱུང་། རྗེ་བླ་མར་བཀའ་འདྲི་ཞུས་ཚུལ་རྣམས་རྟ་མགྲིན་བླ་རྒྱུད་རྣམ་ཐར་དུ་གསལ། སེར་བྱེས་མཁས་སྙན་གྲྭ་ཚང་འདི་ཉིད་ཕྱག་འདེབས་མཛད་པ་པོ་ཀུན་མཁྱེན་པ་སེ་རར་ཕེབས་ནས་ཚོགས་ཆེན་འདུ་ཁང་ནང་གནས་གཟིགས་ལ་ཕེབས་པའི་གནས་བརྟན་ཡན་ལག་འབྱུང་གིས་བྲག་རི་ནས་མདུན་དུ་སྐུར་བསྟོད་ཅིང་ཕྱག་གེིས་ཐལ་མོ་སྦྱར་ནས། བྱེས་པ་བྱེས་ནས་བྱོན་པ་ལེགས། ཀུན་མཁྱེན་ཆེན་པོ་བྱོན་པ་ལེགས། བསྟན་པའི་རྒྱལ་མཚན་འཛུགས་པ་ལེགས། གྲལ་གཡས་གྲལ་གྱི་གྲལ་མགོར་བཞུགས་ཞེས་གྭ་ཚང་ཕྱག་འདེབས་ཀྱི་བསྐུལ་མའི་ལུང་བསྟན་གནང་བ་དང་། ཞབས་བསྐོར་དུ་བྱོན་རེས་ད་ལྟའི་ཡི་དམ་གནས་འདིར་བསེ་བའི་ཕུང་པོ་གཅིག་ཡོད་པ་ལ་གཟིགས་སྣང་འཆོ་འཕྲུལ་ཡ་མཚན་པ་དུ་མ་བྱུང་བ་ལ་ཉིན་ཞིག་བྱ་རོག་དམར་པོ་ཞིག་སེ་ཕུང་དེར་འཐིམས་པ་དང་དེར་ཞིབ་ཏུ་གཟིགས་པས་དཔལ་ཆེན་ཡང་གསང་འཁྲོས་པ་ཞལ་གསུམ་ཕྱག་དྲུག་འཁོར་དང་བཅས་པ་ཞལ་མངོན་སུམ་དུ་གཟིགས། རྟ་སྐད་ཀྱང་ཐེངས་འགའ་ཤས་གྲགས་པས་ས་གཞི་ཡོམ་ཡོམ་དུ་འགུལ་བ་ཞིག་བྱུང། དེ་བས་ཉིད་ཀྱི་སྐུ་ཆོས་སེ་ཕུང་དེར་དཀྲིས་ཤིང་དེས་སྲོག་ཤིང་དུ་བྱས་ནས་དཔལ་ཆེན་ཡང་གསང་འཁྲོས་པའི་སྐུ་བྱིན་ཆེན་འདི་བཞེངས་པ་ཡིན།

ཡི་དམ་གྱི་སྐུ་འདི་ནི་དྲན་པ་ཙམ་གྱིས་མཆོག་མཐུན་དངོས་གྲུབ་བདེ་བླག་ཏུ་རྩོལ་བའི་དངོས་གྲུབ་བྱེ་བའི་འབྱུང་གནས། ནག་ཕྱོགས་ཕྱེ་མར་འཐག་པ་ལ་མཐུ་སྟོབས་གནམ་ལྕགས་མེ་འོད་རབ་ཏུ་འབར་བ། ལྷག་པར་སྙིགས་མའི་དུས་འདིར་བྱིན་རླབས་དང་ནུས་མཐུ་ཆེས་ཆེར་འཕགས་པ། ཕྱག་དང་སྐོར་བ་ཞབས་དབང་ཞུ་བ་སོགས་བྱས་ན་ཚེ་དང་བསོད་ནམས་འཕེལ་ཞིང་། སྟེང་དོན་གཟའ་དང་སྒྱུ་སྐར། བར་གདོན་བཙན་དང་རྒྱལ་འགོང་། འོག་དོན་ཀླུ་དང་ས་བདག་གི་གནོད་པ་སོགས་མི་དང་མི་མིན་གྱི་གནོད་པ་བསམ་ངན་སྦྱོར་རྩུབ་བཀྲ་མི་ཤིས་པ་མཐའ་དག་ཉེ་བར་ཞི་བ་ད་ལྟ་མཆོག་དམན་ཀུན་གྱི་མངོན་སུམ་དུ་གྲུབ་པ་འདི་ལགས་སོ།
དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕུར་པ་འདི་ཉིད་ཀྱང་ཡི་དམ་ཁང་དུ་བཞུགས་འཇག་མཛད་པ་དང་ཀུན་མཁྱེན་པ་ནས་བཟུང་གྲྭ་ཚང་འདིའི་འདུས་མང་བར་མ་ཆད་དུ་ཡི་དམ་འདི་ཉིད་ལྷག་པའི་ལྷ་སྐལ་དུ་མཛད་ནས་ཐུགས་དམ་ཉམས་བཞེས་གནང་བ་རེད། ༧འཕགས་མཆོག་ཐུགས་རྗེའི་རང་གཟུགས་རྣམ་འདྲེན་ལྔ་པ་ཆེན་པོའི་ཞལ་སྔ་ནས་ཀྱང་ཕུར་པ་འདི་ཉིད་དགའ་ལྡན་གྲུ་འཛིན་གཉིས་པའི་ཕོ་བྲང་ཆེན་པོ་དང་དཔལ་ལྡན་འབྲས་སྤུངས་ཀུན་དགའ་རྭ་བ་སོགས་སུ་སྤྱན་དྲངས་སྟེ་སེར་སྐྱ་མཆོག་དམན་ཀུན་ལ་ཕུར་བའི་དབང་བསྐུར་གྱ་ནོམ་པ་བསྩལ་སྟེ་འདུལ་བྱ་རྣམས་ཐར་པའི་ལམ་དུ་འགོད་པར་མཛད།


དེ་ནས་ཞེས་བཀའ་དྲིན་བླ་མེད་དུ་བསྩལ་བ་ནས་བཟུང་ལོ་ལྟར་ཉིན་བདུན་ཙམ་ལ་ཕུར་སྒྲུབ་ལེགས་པར་གནང་ནས་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་བདུན་ཉིན་ཞོགས་པའི་སྔ་ཆར་དཔལ་ཆེན་ཡང་གསང་འཁྲོས་པའི་བདག་བསྐྱེད་འཛབ་བཟླས་རྫོགས་མཚམས་བར་ཞལ་རས་ལྷ་ཁང་དུ་གསུང་ཟིན་པ་དང་མཁན་རིན་པོ་ཆེ་བསུ་སྣ་སྤོས་སྣས་ཡི་དམ་ཁང་དུ་གདན་བཞུས་ཐོག་མཁན་རིན་པོ་ཆེས་ཡི་དམ་ལ་སྐུ་ཕྱག་ལན་གསུམ་སྔོན་དུ་བཏང་ནས་ཞབས་དབང་ཞུས་ནས་ཐུགས་སྨོན་རྒྱ་གང་ཆེ་གནང་བ་དང་འབྲེལ་ཞུགས་ཁྲིར་འཁོད་པ་དང་གསོལ་ཇ་དང་འབྲས་སིལ་བཅས་ཕུལ་འབུལ་གྲུབ་རྗེས་ཀུན་དགའ་རྭ་བ་ནས་ཕུར་བ་གདན་དྲངས་ནས་མཁན་རིན་པོ་ཆེའི་ཕྱག་ཏུ་ཕུལ་ནས་དེར་འཁོད་ཀྱི་བླ་མ་ལས་སྣེ་རྣམས་ལ་ཕུར་བུ་ནང་མཇལ་དང་ཕུར་རྫས་སོགས་གསོལ་རས་བསྩལ་ཞིང་དེ་དག་གྲུབ་རྗེས་༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་གང་ཉིད་ཞུགས་ཤག་བསྐྱངས་པའི་གནས་ཕོ་བྲང་ཆེན་པོ་པོ་ཏ་ལའམ་ནོར་གླིང་གང་ཡིིན་སྐུ་མདུན་དུ་ཕེབས་པ་མ་ཟད། ༧གོང་ས་ལྔ་པ་ཆེན་པོས་གཟིགས་གསོས་བདག་རྐྱེན་བླ་ན་མ་མཆིས་པ་གནང་དོན་བཞིན་ཞབས་ཞུ་ཆིབས་ཧྲག་ཕེབས་མི་རྣམས་ནས་རྟ་སྒ་སོགས་ཁེ་གསར་སྤུས་ལེགས་དང་འདོད་དང་ལྡན་པ་ནི་ཡོད་པ་གཞིར་བཅས། ཆིབ་རག་དངོས་གཞིའི་ཕེབས་ལུགས་ལྟ་བུ་ལ་མཚོན་ན་ངང་པ་ཁྱུ་མཆོག་གི་འགྲོས་ལྟར་སེ་ར་ནས་ཆིབ་རྡོག་ཐོན་པ་ནས་བཟུང་ཚང་མས་དལ་བྲེལ་གྱི་སྐྱོན་དང་བྲལ་བའི་ངང་བྱིངས་ཆག་གི་སྒོ་ནས་ནོར་གླིང་སྐལ་བཟང་ཕོ་བྲང་དུའམ་རྩེ་ཕོ་བྲང་གང་རུང་དུ་ཆིབ་བསྐྱོད་ཐོག་ཕུར་པ་༧གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོའི་སྐུ་མདུན་དུ་གདན་ཞུ་མཛད་དགོས་ཤིང་། དེ་ནས་ཀུན་གླིང་དང་ལྷ་ལྡན་སོགས་པ་ཕེབས་སྐབས་སུ་ཡང་ཕུར་བའི་ཞབས་ཞུ་རྣམས་ནས་དབུ་ཞྭ་ཆིབ་ལྕགས་ལྷུང་བ་སོགས་མདོར་ན་སྤྱོད་ལམ་མི་མཛེས་པའི་རིགས་གཏན་ནས་མེད་པར་སྐྱེ་དགུ་སྨོན་པའི་གནས་སུ་གྱུར་བའི་སྒོ་ནས་ཆིབ་རགས་ར་མོ་ཆེའི་མགོར་ཕེབས་པ་དང་གྲྭ་ཚང་གི་ཡང་སྟེང་ནས་རྔ་དྲང་པོ་འབུལ་བ་ཡིན།
དེ་ནས་གྲྭ་ཕྱི་དགོན་པར་ཕེབས་ནས་ན་བཟའ་བརྗེས་གྲུབ་རྗེས་མཚམས་ཆིབ་རག་ཡར་ཕེབས་སྐབས། གསེར་ཕྲེང་འགོ་པ་ཆབ་རིལ་གཉིས་བཅས་ཟུར་འདོན་བྱས་ཏེ་ཆིབ་རག་དཀྲོག་རྐྱེན་སོགས་མི་ཡོང་བའི་ཆེད་ཁ་ངན་ཚིག་ངན་ཉེས་བརྡུངས་སོགས་མེད་པའི་ངང་ནས་བཀོད་འདོམ་ཤོད་དགོས་པ་དང་། ཞབས་ཞུ་བྱིངས་རྣམས་ལ་རྣམས་ལྕགས་རིའི་གཞུང་སྒོ་འཛུལ་མ་འཛུལ་མཚམས་ནས་ཆིབ་རག་དངོས་གཞི་ལ་མ་བསྟུན་པར་སྔོན་དུ་སུ་མགྱོགས་བལྟ་བའི་ཚུལ་མ་ཡིན་པར་དལ་བུར་ཕེབས་པ་ཡིན། གྲྭ་ཚང་དུ་ཞུགས་གྲལ་སོགས་གྲུབ་ཕྲལ་བསུ་སྣ་སྤོས་སྣ་མཛད་དེ་མཁན་རིན་པོ་ཆེ་ཁྲིའི་སྟེང་དུ་ཞབས་སོར་འཁོད་ནས་མཇལ་དམངས་གཏོང་ཤིང་མཇལ་ཁ་ཞུ་མི་ཕྱོགས་འགྲུལ་ཁག་དང་ལྷག་དོན་གདན་ས་ཕན་ཚུན་དགེ་འདུན་པ་ཡོད་ན་སྔོན་ལ་གཏོང་བ་དང་དེ་ནས་གྲ་ཚང་གི་འདུས་མང་མཇལ་ཁ་གཏོང་དགོས་པ་སྔོན་གྱི་ཕྱག་སྲོལ་ཡིན།
གསོལ་ཇ་འབུལ་སྐབས་དགེ་བསྐོས་ཕུར་པ་ཕྱག་ཏུ་བཞེས་ནས་མཇལ་མི་མང་ན་དགེ་བསྐིས་བཞེངས་ནས་མཇལ་ཁ་གཏོང་བ་དང་ཇ་སུར་སྡེ་བས་གསོལ་ཇ་འབུལ་བ་དང་དུང་རྒྱ་གླིང་སོགས་མཛད་དགོས་པ་ཡིན། མཇལ་མང་ནས་ཕུར་པ་མཇལ་གྲུབ་རྗེས་དཔལ་ཆེན་ཡང་གསང་འཁྲོས་པ་ལྷ་དགུའི་ཞལ་ཐང་བཀྲམ་པ་དེར་མཇལ་ཁ་ཞུ་དགོས་པ་ཡིན།


དེ་དོན་ཞབས་ཞུ་རྣམས་ནས་ཀྱང་ཉེས་བརྡུངས་དང་ཁ་ངན་ཚིག་ངན་སོགས་མ་ཡིན་ངང་ནས་མཇལ་ཁ་གཏོང་བ་ཡིན། མདོར་ན་ཡར་མར་ཕེབས་པ་ནས་བཟུང་ཞབས་ཞུ་རྣམས་ནས་ལབ་གླེང་སོགས་ཏིལ་གྲུ་ཙམ་ཡང་མེད་པར་མཚན་དོན་དོན་བསྟན་སྲིད་ཀྱི་ལ་རྒྱར་དགོངས་ནས་དེ་དོན་ངེས་ངེས་ཏག་ཏག་དགོས་པ་གྲྭ་ཚང་དགེ་བསྐོས་ནས་ཚེས་ཉེར་ལྔ་༼༢༥༽ཙམ་ནས་ཚོགས་གཏམ་མམ་བཀའ་འགྱུར་གཏོང་བ་ཡིན། མཇལ་ཁ་གྲུབ་མཚམས་ནས་བསུ་སྣ་སྤོས་སྣེ་དང་བཅས་ཕུར་པ་ཡི་དམ་ཁང་དུ་གདན་དྲངས་ནས་མཁན་རིན་པོ་ཆེ་བཞུགས་ཁྲིར་ཞབས་སོར་འཁོད་ཐོག་ཕུར་བར་འཁྲུས་གསོལ་རབས་གནས་དང་འབྲེལ་ན་བཟའ་གསར་དར་མཚོན་སྣ་ལྔ་གསར་བརྗེའི་ཐོག་ཀུན་དགའ་རྭ་བར་ཞུགས་སུ་གསོལ་ནས་དམ་བཅར་གྱིས་རྒྱས་བཏབ་ནས་ཐུགས་སྨོན་རྒྱ་གང་ཆེའི་སྒོ་ནས་མཁན་རིནཔོ་ཆེ་ཞབས་དབང་ཞུས་ཚར་ནས་བསུ་སྣ་སྤོས་དང་བཅས་པས་མཁན་རིན་པོ་ཆེ་ཞལ་རས་ལྷ་ཁང་དུ་ཞབས་སོར་འཁོད་ནས་ཆོ་གའི་མཇུག་བསྡུ་དང་བཀའ་དྲིན་གཏང་རག་གི་མཇལ་དར་ལེགས་འབུལ་ཐོགས་ཕུར་མཇལ་གྱི་མཛད་སྒོ་ལེགས་པར་གྲུབ་པ་ཡིན།།།

སེར་བྱེས་སྒོ་དམར་སྐྱེ་སྤྲུལ་བསྟན་འཛིན་མཐུ་སྟོབས་གྲགས་པ་ནས་ཟླ་ཚེས་བཟང་པོར་ཡེ་གེར་བཀོད་པ་དགེ་བའི་རྒྱུ་རུ་བསྔོའོ།།

བརྒྱུད་སྐུལ།

མཆན་སྤེལ།