བཀྲ་ཤིས་རྟགས་བརྒྱད་ཀྱི་མཆོད་པ་འབུལ་ཚུལ།
བཀྲ་ཤིས་རྟགས་བརྒྱད་ནི། ཚངས་པ་ལ་སོགས་པས་སངས་རྒྱས་ལ་ཕུལ་བ་དང་སངས་རྒྱས་རང་གི་སྐུ་ལ་དབུ་གདུགས་ལྟར་དུ་ཡོད་པ་སོགས་བསོད་ནམས་དང་ཡེ་ཤེས་ཀྱི་རང་རྩལ་ལས་སོ་སོའི་མཚན་མ་ཡོད་པ་དེདང་དེ་ལ། རང་གཞན་གྱི་བསོད་ནམས་བསག་པའི་སླད་དུ་ལྷག་པ་གཟུགས་བརྙན་གྱི་དམིགས་རྟེན་ཙམ་དུ་བྱས་ནས་འབུལ་ན།

རིན་ཆེན་གདུགས་མཆོག གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དར་སྣ་ཚོགས་ཀྱི་འཕུར་ལྡིང་གཡོ་བ་རིན་པོ་ཆེའི་ཏོག་གིས་མཛེས་པ་དབུ་ལ་ཕུལ་བས་རང་གཞན་སེམས་ཅན་ཐམས་ཅད་ཉོན་མོངས་པའི་ཚ་གདུང་ལས་སྐྱོབ་པར་ཤོག་ཅིག

བཀྲ་ཤིས་གསེར་ཉ། གསེར་ཉ་གཡུ་ཡི་གཤོག་པ་ཅན་མཉེན་ཞིང་ལྕུགས་པ་སྤྱན་ལ་ཕུལ་བས་ཤེས་རབ་ཀྱི་མིག་ཐོབ་པ་དང་།

འདོད་འབྱུང་བུམ་བཟང། བུམ་པ་འཆི་མེད་བདུད་རྩིས་གང་བ་དཔག་བསམ་ཤིང་གི་ཁ་རྒྱན་ཅན་མགུལ་ལ་ཕུལ་བས་བུམ་པ་བཅུད་ཀྱིས་གང་བ་ལྟར་རང་རྒྱུད་ཆོས་ཀྱིས་གང་ནས་གདུལ་བྱའི་རྒྱུད་ཚིམས་པ་དང་།

ཡིད་འོང་ཀ་མ་ལ། འདབ་སྟོང་རྣམ་པར་བཀྲ་བ་དྲི་བཟང་དང་ལྡན་པའི་མེ་ཏོག་པདྨ་ལྗགས་ལ་ཕུལ་བས་པདྨ་ལ་ཆུ་མི་ཆགས་པ་ལྟར་འཁོར་བ་ས་གནས་ཀྱང་འཁོར་བའི་སྐྱོན་གྱིས་མི་གོས་ཤིང་ཚེ་རབ་ཀུན་ཏུ་རྫུན་སྤངས་བའི་ལྗགས་པདྨ་ལྟ་བུ་ཐོབ་པ་དང་།

སྙན་གྲགས་དུང་། བྱང་ཆུབ་སེམས་དཔའ་གཞན་དོན་དུ་སྐྱེ་བ་བཟུང་བའི་བཀྲ་ཤིས་པའི་ཆོས་དུང་གཡས་སུ་འཁྱིལ་པ་ཚེམས་ལ་ཕུལ་བས་ཚེམས་ཕྲེང་བཞི་བཅུ་མངོན་ཞིང་རོ་བྲོ་བའི་མཆོག་ཐོབ་ཅིང་དུང་གི་ཚེམས་བར་ནས་དམ་པའི་ཆོས་ཀྱི་སྒྲ་དབྱངས་སྒྲོགས་པ་དང་།


མི་ནུབ་རྒྱལ་མཚན། ལྷ་རྫས་ལས་གྲུབ་པའི་དར་ལྷབ་ལྷུབ་ཀྱིས་གཡོ་བ་རིན་ཐང་དང་བྲལ་བ་བསྟན་པ་པ་མི་ནུབ་པའི་རྒྱལ་བཚན་སྐུ་ལ་ཕུལ་བས་ཕས་ཀྱི་རྒོལ་བ་དང་མི་མཐུན་པའི་ཕྱོགས་ལས་རྒྱལ་ཞིང་སངས་རྒྱས་ཀྱི་སྐུ་དེ་མི་ཕལ་པ་ལས་སུམ་འགྱུར་གྱིས་འཕགས་པ་ཐོབ་པ་དང་།

དབང་བསྒྱུར་འཁོར་ལོ། སྲིད་པའི་དྲ་བ་ཉོན་མོངས་པའི་རང་བཞིན་རྩད་ནས་གཅོད་པའི་འཁོར་ལོ་ཞབས་ལ་ཕུལ་བས་ཕ་རོལ་གྱི་རྒོལ་བ་ཐམས་ཅད་ཟིལ་གྱིས་གནོན་ཏེ་ཐེག་གསུམ་དམ་པའི་ཆོས་ཀྱི་འཁོར་ལོ་ཡོངས་སུ་བསྐོར་བས་གདུལ་བྱའི་རྒྱུད་འདུལ་བ་དང་། དེ་ལྟར་རྟགས་བརྒྱད་ཕུལ་བས་རང་གཞན་ཐམས་ཅད་བཀྲ་ཤིས་རྒྱ་མཚོའི་དཔལ་ལ་སྤྱོད་པར་ཤོག་ཅིག་ཅེས་སྨོན་པ་དང་བཅས་པས་མཆོད་དོ། །
གཞན་ལས་བཏུས་པའོ།།