མངའ་རིས་ཀྱི་ལོ་རྒྱུས་སྤྱི་བཤད་ལས། མངའ་རིས་ཀྱི་མིང་དང་ས་བབ་ཆགས་ཚུལ།

མངའ་རིས་ཀྱི་ལོ་རྒྱུས་སྤྱི་བཤད་ལས། མངའ་རིས་ཀྱི་མིང་དང་ས་བབ་ཆགས་ཚུལ།

 

 

ལེའུ་བཞི་པ། མངའ་རིས་ཀྱི་ལོ་རྒྱུས། ས་བཅད་དང་པོ། མངའ་རིས་སྤྱི་བཤད།

ལེ་ཚན་དང་པོ། མངའ་རིས་ཀྱི་མིང་དང་ས་བབ་ཆགས་ཚུལ། དང་པོ། མངའ་རིས་ཞེས་མིང་ཐོགས་ཚུལ།

སྤྱིར་མངའ་རིས་ཞེས་པའི་མིང་ཚིག་སོ་སོར་ཕྱེ་ན་མངའ་ཞེས་པ་དབང་ཆའི་དོན་དང་། རིས་ཞེས་པ་རི་མོ་དང་། བྲིས། ཕྱོགས་དང་སྡེ་ཚན་བཅས་ལ་འཇུག་པར་གསུངས། འོན་ཀྱང་། སྐབས་འདིའི་མངའ་རིས་ཞེས་པའི་དོན་ནི་《དེབ་དཀར།》ལས། མངའ་རིས་སྐོར་གསུམ་བྱ་བའི་མངའ་རིས་ནི་རྒྱལ་པོའི་ཆབ་འབངས་ཀྱི་མིང་སྟེ། རྒྱལ་པོ་ལ་མངའ་བདག་དང་། འབངས་ལ་མངའ་རིས་སུ་གྲགས།[1] ཞེས་དང་།

ཁུལ་དེར་དུས་ནམ་ཞིག་ནས་མངའ་རིས་ཞེས་ཐོགས་མིན་ཐད་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཁག་ཏུ་བཞེད་པ་གཅིག་མཐུན་མི་སྣང་། དེ་ཡང་།《སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་བྱ་བ།》ལས། སྤུར་རྒྱལ་བཙན་པོ་སྲོང་བཙན་སྒམ་པོའམ་ཁྲི་སྲོང་གིས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་ཞང་ཞུང་ནས་སུམ་པའི་ཡུལ་དུ་འཆས་པའི་དུས་སུ་འཆམ་ལ་ཕབ་སྟེ། ཁུལ་དེ་སྤུར་རྒྱལ་བཙན་པོའི་ཆབ་འབངས་སུ་བཀུག་པས་དེ་ལྟར་ཐོགས།[2] ཞེས་གསུངས། གོང་འཁོད་བཙན་པོ་ཁྲི་སྲོང་ཞེས་པའི་མཚན་ཆ་ཚང་ལ་བོན་གཞུང་ནང་ཁྲི་སྲོང་ལྡེ་བཙན་ཞེས་འཁོད་ཡོད་ཀྱང་། དེ་ནི་བྲིས་ནོར་བྱུང་བ་ལས་དོན་དངོས་དེ་ལྟར་མིན་པ་མཁས་དབང་ནམ་མཁའི་ནོར་བུས་བརྩམས་པའི་《ཞང་བོད་ཏི་སེའི་འོད།》དུ་གསལ།[3]

དེ་བཞིན་《མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས།》ལས། ཞང་ཞུང་དང་མངའ་རིས་གཉིས་ཡུལ་གྱི་ཆ་ནས་གཅིག་དང་དུས་རབས་ཀྱི་ཆ་ནས་སོ་སོར་ཕྱེ་སྟེ། ཞང་ཞུང་བཙན་པོའི་མངའ་འོག་ཏུ་མ་ཚུད་པའི་སྔོན་དང་། མངའ་རིས་བཙན་པོའི་མངའ་འོག་ཏུ་ཚུད་རྗེས་ཀྱི་ཐ་སྙད་ཡིན་ཚུལ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སློབ་དཔོན་རིན་པོ་ཆེའི་རྣམ་ཐར་དང་སྦྲགས་ཏེ་གསུངས་ཀྱང་།[4]《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན།》ལས། དུས་རབས་བརྒྱད་པ་སོགས་སུ་བྱུང་བའི་ཏུན་ཧོང་ཡིག་རྙིང་དང་། བྲག་བརྐོས། རྡོ་རིང་སོགས་ཡིག་རྙིང་ཁུངས་བཙུན་པ་དག་ལ་ཞང་ཞུང་ཞེས་འཁོད་པ་ལས་མངའ་རིས་ཞེས་པ་རྩ་བ་ནས་མེད་གསུངས་ལ། བོད་ཀྱི་ལོ་རྒྱུས་དེབ་ཐེར་《མཁས་དགའ།》སོགས་སུ་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་ལ་ཕེབས། ཞེས་སྐྱི་ལྡེ་ཉི་མ་མགོན་ཕྱོགས་དེར་མ་ཕེབས་སྔོན་ནས་མངའ་རིས་ཞེས་པའི་ཐ་སྙད་ཡོད་ཚུལ་བཀོད་པ་རྣམས་ནི་ཞྭ་དཔེ་ལྷམ་འགེབས་ཀྱི་དཔེ་ལྟར་གྱུར་འདུག[5] ཅེས་གསུངས་པ་རྣམས་བདེན་པར་འཁུམས།

འོ་ན། དོན་དངོས་སུ་ཁུལ་དེར་མངའ་རིས་ཞེས་དུས་ནམ་ཞིག་ནས་ཐོགས་པ་ཡིན་ནམ་ཞེ་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་《དེབ་དཀར།》ལས། དུས་ཕྱིས་ཆོས་རྒྱལ་གྱི་གདུང་རྒྱུད་སྟོད་ཀྱི་མགོན་གསུམ་གྱིས་ཡུལ་དེ་ཙམ་ལ་དབང་མཛད་པ་ན། ཆབ་འབངས་ཀྱི་ཡུལ་དེ་ཁོ་ན་ལ་མངའ་རིས་ཞེས་ཟུར་དུ་མིང་བཏགས་པ་ཡིན་ནོ།།[6] ཞེས་དུས་རབས་བཅུ་པའི་ནང་ཐོགས་པར་གསུངས་ལ། མངའ་རིས་ཀྱི་སྐོར་ལ་དམིགས་བསལ་མཁྱེན་རྒྱ་ཡངས་པའི་ཉེ་དུས་ཀྱི་མཁས་དབང་གུ་གེ་ཚེ་རིང་རྒྱལ་པོས་ཀྱང་ཁུལ་དེར་མངའ་རིས་ཞེས་ཐོགས་དུས་ནི། 《རྒྱ་བོད་ཡིག་ཚང་ཆེན་མོ།》ལས་ལུང་དྲངས་ཏེ་བོད་བཙན་པོའི་རྒྱལ་རྒྱུད་ནང་མ་འཆམས་པར་འོད་སྲུང་གི་རྒྱུད་པ་སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་ཁུལ་དེར་དབང་བསྒྱུར་མཛད་པ་ནས་ཐོགས་པར་བཞེད་པ་དང་། ཕྱིས་རང་གི་མངའ་འོག་གམ་མངའ་རིས་སུ་འགྱུར་རོ་ཅོག་རྣམས་ཡུལ་ཁག་གསུམ་ལ་བགོས་ནས། བུ་རེ་ལ་སྐོར་རེ་གནང་བས། བོད་གངས་ཅན་ལྗོངས་སུ་ཀྱི་ལོ་རྒྱུས་ཐོག་མངའ་རིས་སྐོར་གསུམ་ཞེས་པའི་ཐ་སྙད་དེ་ཡང་དུས་དེ་ཙམ་ནས་བྱུང་བར་བཞེད་དོ།།[7] ཞེས་བྱུང་བ་འཐད་པར་མཐོང་ངོ་།།

 

གཉིས་པ། མངའ་རིས་ཀྱི་ས་བབ་ཆགས་ཚུལ།

མངའ་རིས་ཁུལ་ནི་ཧི་མ་ལ་ཡའི་རི་རྒྱུད་དང་། གངས་ཏི་སིའི་རི་རྒྱུད། ཁ་ལ་ཁུ་ནུའི་རི་རྒྱུད་འདུས་པའི་བོད་ཀྱི་ནུབ་ཀྱི་ཕྱོགས་སུ་གནས་ཡོད་ཅིང་། བལ་ཡུལ་དང་། རྒྱ་གར། ཀ་ཤི་སྨྲི་བཅས་དང་ས་འབྲེལ་ཡིན། སྤྱིའི་ས་བབ་ནི་ལྷོ་བྱང་གཉིས་མཐོ་ཞིང་དབུས་དམའ་ཙམ་ཡོད་ལ། འཛམ་གླིང་ས་བབ་ཚད་ཐིག་ལྟར་ན་གོ་ལའི་བྱང་གི་འཕྲེད་ཐིག་ ༢༩༚ ༧’ 〜 ༣༥༚ ༦’ དང་། ཤར་གྱི་གཞུང་ཐིག་ ༧༨༚ ༤’ 〜 ༨༦༚ ༢’ བར་ལ་ཁེལ་ཡོད། ཁུལ་ཡོངས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༣༢༠༠༠༠ ཙམ་དང་།[8] ས་བབ་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་མི་ཊལ་ ༤༥༠༠ ཙམ་ཟིན། གནམ་གཤིས་ཀྱི་གྲུབ་ཆ་ལོ་རེའི་ཆ་སྙོམས་དྲོད་ཚད་ ༠.༢༚C ཡིན་ཅིང་། དགུན་ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༢.༤༚C དང་། དབྱར་ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༡༣.༥༚C རེད། ཁུལ་དེ་རླུང་ཁུལ་གཉིས་པའི་གྲས་ཡིན་པས་རླུང་ཤུགས་ཆ་སྙོམས་སྐར་མ་རེར་མི་ཊལ་ ༣.༢ ཡན་ཡིན་པ་དང་། ལོ་གཅིག་ནང་རླུང་ཆེན་རྒྱག་ཚད་རིམ་པ་ ༨ ཡན་ཡིན་ཅིང་རླུང་ཆེན་རྒྱག་པའི་ཉིན་གྲངས ༡༤༩ གཡས་གཡོན་དུ་སླེབས་ཀྱི་ཡོད།[9]

ཁུལ་དེའི་འཚོ་གནས་ལས་གཉེར་གཙོ་བོ་ནི་འབྲོག་ལས་ཡིན་པ་དང་། ས་མ་འབྲོག་དང་ཞིང་ལས་གཉེར་མཁན་གྱི་རིགས་ཀྱང་ཡོད། རི་སྐྱེས་སྲོག་ཆགས་སུ་རྐྱང་དང་། གཙོད། འབྲོང་། གནའ་བ། དགོ་བ། དོམ། ཝ་སོགས་དང་། གཏེར་ཁ་གཙོ་བོ་ཚྭ་གཏེར་དང་། དེ་མིན་གསེར་དངུལ་ཟངས་ལྕགས་ཀྱི་རིགས་སྣ་ཚོགས་ཤིག་ཐོན་ལ་རང་བྱུང་སྨན་རྩྭའི་རིགས་དུ་མ་སྐྱེ་ཐུབ་ཀྱི་ཡོད། ད་དུང་ལོ་རྒྱུས་རང་བཞིན་ཅན་གྱི་དགོན་སྡེ་དང་ཞང་ཞུང་རྒྱལ་རབས་དང་འབྲེལ་བའི་གུ་གེའི་མཁར་ཤུལ་སོགས་ཡོད། དེ་བཞིན་མ་ཕམ་གཡུ་མཚོ་གཙོས་ཆུ་བོ་ ༨༠ ལྷག་ཙམ་དང་མཚེའུ་ ༦༠ ལྷག་ཙམ་ཡོད་པ་མ་ཟད་གྲགས་ཆེ་བའི་ཁ་འབབ་རྣམ་བཞིའི་འབབ་ཁུངས་ཀྱང་ཡིན། གངས་ཏི་སེའི་གཙོ་བོ་བྱས་པའི་ཧི་མ་ལའི་རི་རྒྱུད་མུ་ལ་མུ་འབྲེལ་གྱིས་ཡུལ་དེའི་མཐའ་ནས་བསྐོར་ཏེ་གནས་ཡོད་བཅས་སོ།།

 

གསུམ་པ། མངའ་རིས་ཁུལ་གྱི་སྲིད་འཛིན་འཕོ་འགྱུར།

ཁུལ་དེ་བཞིན་ཡ་ཐོག་དུས་རབས་ཀྱི་འཕེལ་རིམ་བརྒྱུད། མཐར་ཕྱི་ལོའི་དུས་རབས་ ༤ དང་ ༥ ཙམ་ལ་རྒྱལ་ཕྲན་བཅུ་གཉིས་ཀྱི་ཡ་གྱལ་ཞང་ཞུང་གི་ས་ཁུལ་ཡིན་པ་དང་།[10] བོན་གཞུང་ལྟར་ན་མངའ་མཛད་ཡས་མས་སུ་ཁྲི་ཝེར་ལེ་རྗེ་གུང་ལང་གསེར་གྱི་བྱ་རུ་ཅན་སོགས་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་བྱུང་ཡོད་པར་མ་ཟད། སྐབས་དེ་དག་གི་ཞང་ཞུང་གི་ས་ཁོངས་ཁྱབ་ཚད་ཀྱི་རྒྱ་ཁྱོན་ལ་ཡང་སྒོ་ཕུག་བར་གསུམ་ཞེས། དེང་གི་མངའ་རིས་ས་ཁུལ་དང་། ནག་ཆུའི་ནག་ཚང་སོགས་ས་ཁུལ་མི་ཉུང་བ་ཞིག ཐ་ན་ཆབ་མདོའི་མངའ་འོག་གི་ཁྱུང་པོ་སྟེང་ཆེན་བར་ཡིན་པར་གསུངས།[11] དུས་རབས་བདུན་པའི་ནང་སྲོང་བཙན་སྒམ་པོས་ཞང་ཞུང་རྒྱལ་པོ་ལིག་མི་རྐྱ་འཆམ་ལ་ཕབ་ནས་ཞང་ཞུང་གི་ཁུལ་དེ་རྣམས་བོད་བཙན་པོའི་མངའ་ཁོངས་སུ་བསྡུས་ཏེ་ཞང་ཞུང་རྒྱལ་རབས་ཀྱི་མཇུག་རྫོགས། དུས་རབས་དགུ་པའི་ཕྱི་ལོ་ ༨༤༢ ལོར་བཙན་པོ་འུ་དུམ་ལྷ་ལུང་དཔལ་རྡོར་གྱིས་བཀྲོངས་པ་དང་། སྤུར་རྒྱལ་བཙན་པོའི་གདུང་རྒྱུད་ཁྲི་བཀྲ་ཤིས་བརྩེགས་པ་དང་། སྐྱིད་ལྡེ་ཉི་མ་མགོན་སོགས་དབུ་རུ་དང་གཡོ་རུར་བཞུགས་མ་ཐུབ་པར་གཙང་དང་མངའ་རིས་ཕྱོགས་སུ་བྲོས་བྱོལ་དུ་ཕེབས་དགོས་བྱུང་ཞིང་། ཕྱི་ལོ་ ༩༢༣ ལོར་སྐྱིད་ལྡེ་ཉི་མ་མགོན་མངའ་རིས་སུ་ཡུལ་བྱོལ་ལ་ཕེབས་པ་ནས་རིམ་གྱིས་སྟོད་ཁུལ་དུ་ཆོས་སྲིད་ཀྱི་འགྲོ་དོན་ཆེན་པོ་བྱུང་སྟེ། མར་ཡུལ་དང་། སྤི་ཏི་སྦོ་ཅོག སྤུ་ཧྲེང་སོགས་མངའ་རིས་ཡོངས་ལ་ཁོང་དང་ཁོང་གི་རྒྱུད་པ་རྣམས་ཀྱིས་དབང་བསྒྱུར་མཛད།

དུས་རབས་བཅུ་བདུན་པའི་ནང་གུ་གེ་རྒྱལ་རྒྱུད་ཉམས་རྒུད་དུ་འགྲོ་འགོ་བརྩམས་པ་དང་། ལ་དྭགས་རྒྱལ་རྒྱུད་སྟོབས་ཤུགས་ཇེ་ཆེར་ཕྱིན་མཐར་གུ་གེའི་མངའ་ཁོངས་ཡོངས་རྫོགས་ལ་དྭགས་རྒྱལ་པོའི་དབང་འོག་ཏུ་བཅུག་ནས་ལོ་ངོ་ལྔ་བཅུ་ཙམ་མངའ་རིས་ཡོངས་ལ་དྭགས་རྒྱལ་རྒྱུད་ཀྱིས་དབང་བསྒྱུར་བྱས། ལྷག་པར་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་དང་། དེའི་བུ་བདེ་ལྡན་རྣམ་རྒྱལ་གཉིས་ཀྱིས་མངའ་རིས་ལས་ཀྱི་ས་ཁོངས་ལས་བརྒལ་ཏེ་ཤེལ་དཀར་དང་། ས་དགའ་སོགས་ལ་བཙན་འཛུལ་བྱེད་འགོ་བཙུགས།[12] མདོར་ན། དུས་རབས་དགུ་པའི་ནང་བོད་སིལ་བུར་ཐོར་བ་ནས་དུས་རབས་བཅུ་དྲུག་པའི་ནང་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་བསྒྱུར་མ་བྱས་ཀྱི་བར། མངའ་རིས་ས་ཁུལ་དེ་བཞིན་ཁྲིམས་འགོ་རང་བཙན་པའི་ཚུལ་དུ་གནས་པའི་རྒྱལ་ཕྲན་ཞིག་ལས། ས་སྐྱ་པའི་སྐབས་ཀྱི་དུས་རིམ་ཕྱི་མར་དབང་བསྒྱུར་གནང་བའི་ལོ་རྒྱུས་ཀྱི་ཡིག་ཆ་འདྲ་ལས། སྡེ་སྲིད་ཕག་གྲུ་པ་དང་། སྡེ་པ་རིན་སྤུངས་པ། སྡེ་པ་གཙང་པ་བཅས་ཀྱི་དུས་སུ་སྲིད་འཛིན་གྱི་བཀོད་ཇུས་འགྲོ་ཁྱབ་བྱུང་ཡོད་བཟོ་མི་འདུག

དུས་རབས་བཅུ་བདུན་པའི་ནང་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་སྒྱུར་སྐབས། ཕྱི་ལོ་ ༡༦༨༡ ལོར་དགའ་ལྡན་ཚེ་དབང་གིས་ལ་དྭགས་རྒྱལ་པོའི་དབང་ཤུགས་མངའ་རིས་ལས་ཕྱིར་སྤྱུགས་ཤིང་། སྐོར་གསུམ་གྱི་སྤྱི་ཁྱབ་[13]གཉིས་དང་། རྫོང་བཞི། དཔོན་དྲུག་བཅས་ཀྱི་སྲིད་འཛིན་སྒྲིག་གཞི་གཏན་འཁེལ་གནང་།[14] དེ་བཞིན་འབྲོག་སྡེ་སྤྱི་ཁྱབ་དང་། ཐད་སྐྱོང་འབྲོག་སྡེ་སྤྱི་ཁྱབ། ཁྲིམས་ཀྱི་བཀོད་ཁྱབ་དང་གདན་ཐོབ་ཀྱི་གྲལ་འཛིན་འགོ་འཛིན་འགན་འཁུར་བ་དོ་ཆོད་པ་དང་། གལ་ཆེ་བའི་ཕ་ལྟ་བུར་རུ་ཐོག་ཨ་ཕ་དོ་གལ་ཆེ་ལ་བསྐོ་གཞག་དང་། ཁྲལ་གྱི་མ་ལྟ་བུར་གཞུང་ལམ་རྟ་ཟམ་གྱི་ཀེར་ལེབ་སྒུར་གསུམ་ཁྲལ་གྱི་ཨ་མ་གཞུང་པ་མ་མཚན་གྱི་སྤྱི་ཁྱབ་ལ་བསྐོ་གཞག་གནང་། མངའ་རིས་སྒར་ཐོག་ནས་ཟངས་ཟངས་ཀ་ལ་བར་གྱི་ལྷོ་རྒྱུད་ཀྱི་རྟ་ཟམ་བཅོ་ལྔ་དང་། མངའ་རིས་སྒར་ཐོག་ནས་ནག་ཚང་ལའི་སྟོད་ཆུ་འགོ་དམར་པོ་བར་གྱི་བྱང་རྒྱུད་ཀྱི་རྟ་ཟམ་བཅུ་དྲུག་བཙུགས། དེ་བཞིན་ཚ་ཞོ་ལྔ་དང་རྒྱ་གར་ཚོང་ལམ་གྱི་ལ་སྲུང་ཁག་གསར་གཏོད་མཛད།[15]

སྐབས་དེའི་རྫོང་བཞིའི་ངོས་འཛིན་ཐད་《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན།》སོགས་སུ་རུ་ཐོག་རྫོང་དང་། མདའ་བ་རྫོང་། རྩ་ཧྲེང་རྫོང་། སྤུ་ཧྲེང་རྫོང་བཅས་གསལ་རུང་། 《མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས།》ལས། སྐབས་དེའི་རྫོང་བཞི་ནི་རུ་ཐོག་དང་། རྩ་ཧྲེང་། སྤུ་ཧྲེང། མང་ཡུལ་སྐྱིད་རོང་རྫོང་བཅས་ཡིན་སྐོར་གསལ། དེ་ཡང་ཐོག་མར་སྤྱི་ཁྱབ་སོགས་ཀྱིས་སྲིད་དབང་སྒྲིག་གཞི་གཏན་འཁེལ་གནང་སྐབས། རྫོང་བཞིའི་ཁུངས་སུ་མདའ་པ་རྫོང་བརྩི་སྲོལ་མེད་པའི་རྒྱུ་མཚན་ནི། མི་དབང་དགའ་ལྡན་ཚེ་དབང་གིས་གུ་གེ་རྒྱལ་རབས་ཕྱི་མ་ཟླ་བ་ཆོས་རྒྱལ་གྱི་རིགས་ལྡན་སྲས་བློ་བཟང་པདྨ་བཀྲ་ཤིས་ལ་དམིགས་བསལ་ཐུགས་འཁུར་གནང་སྟེ། རིགས་སྲས་བློ་བཟང་པདྨར་མདའ་བ་ཁུལ་གྱི་སྣོད་བཅུད་ཐམས་ཅད་སྒེར་བཙན་ཅན་དུ་གནང་བས་བྱུང་བ་ཡིན་ནོ།། དེ་རྗེས་གདུང་རྒྱུད་ཆད་མཚམས་རྫོང་དཔོན་བཏང་འབྱོར་བཞིན་གུ་གེ་མདའ་བ་རྫོང་ཞེས་ཕྱིས་སུ་བྱུང་བ་ཡིན་ནོ།། ཞེས་དང་། དེ་བཞིན་ཐོག་མར་སྒར་རྫོང་དྲུག་སྦྲེལ་གྱི་ཁོངས་སུ་མང་ཡུལ་སྐྱིད་གྲོང་རྫོང་བརྩི་སྲོལ་ཡོད་ཀྱང་ཕྱིས་བརྩི་སྲོལ་མེད་པ་ནི། ༸གོང་ས་སྐུ་ཕྲེང་བཅུ་བཞི་པའི་སྐབས་གཞུང་འཛིན་བུམ་པ་སེབ་བླུགས་ཀྱི་དུས་མངའ་རིས་སྐོར་སྤྱི་ནས་བཀོད་ཇུས་སྟབས་བདེ་མེད་རྐྱེན། དབུས་གཞུང་ནས་སྐྱིད་གྲོང་དང་རྫོང་དགའ་གཉིས་ལ་ཐད་སྐྱོང་རྫོང་དཔོན་ཞེས་གཏོང་འགོ་བཙུགས་པ་ལས་བྱུང་།[16] ཞེས་གསལ། དེང་མངའ་རིས་ཁུལ་དུ་གོང་གསལ་ཚོ་པ་དེ་རྣམས་གཅིག་བསྡུས་ཀྱིས་སྒར་རྫོང་། སྤུ་ཧྲེང་རྫོང་། རྩ་མདའ་རྫོང་། རུ་ཐོག་རྫོང་། དགེ་རྒྱས་རྫོང་། སྒེར་རྩེ་རྫོང་། མཚོ་ཆེན་རྫོང་བཅས་ས་ཁུལ་གཅིག་དང་རྫོང་བདུན་གྱི་སྲིད་འཛིན་ཁུལ་དུ་ཕྱེ་ཡོད་འདུག

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

 

[1].  དུང་དཀར་ཚིག་མཛོད། མཁས་མཆོག་དུང་དཀར་བློ་བཟང་འཕྲིན་ལས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༢། ཤོག ༧༦༠།

 

[2].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འཕེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་བྱ་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༩།

 

[3].  ཞང་བོད་ལོ་རྒྱུས་ཏི་སིའི་འོད། མཁས་དབང་ནམ་མཁའི་ནོར་བུ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༩། ཤོག ༣༡༨།

 

[4].  མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས། གངས་རི་བ་ཆོས་དབྱིངས་རྡོ་རྗེས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༠༩། ནས་ ༤༡། ནས་ ༤༤།

 

[5].  མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས། གངས་རི་བ་ཆོས་དབྱིངས་རྡོ་རྗེས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༠༩། ནས་ ༡༩།

 

[6].  དེབ་ཐེར་དཀར་པོ། མཁས་དབང་དགེ་འདུན་ཆོས་འཕེལ། ཤེས་རིག་དཔར་ཁང་། ཕྱི་ལོ་ ༢༠༠༢། ཤོག ༡༠།

 

[7].  མངའ་རིས་ཆོས་འབྱུང་གང་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། གུ་གེ་ཚེ་རིང་རྒྱལ་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༧། ནས་ ༢༡།

 

[8].  མངའ་རིས་ཆོས་འབྱུང་གང་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། །གུ་གེ་ཚེ་རིང་རྒྱལ་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡།

 

[9].  མངའ་རིས། གླིང་ལྔ་བརྡ་སྦྱོར་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༡། ཤོག ༤།

 

[10].  འབྲི་གུང་སྐྱབས་མགོན་ཆེ་ཚང་། ཏུན་ཧོང་བོད་ཀྱི་ཡིག་རྙིང་ལས་བྱུང་བ་བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༣༤།

 

[11].  མངའ་རིས་ཆོས་འབྱུང་གང་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། གུ་གེ་ཚེ་རིང་རྒྱལ་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༣།

 

[12].  མངའ་རིས་ཆོས་འབྱུང་གང་ལྗོངས་མཛེས་རྒྱན་ཞེས་བྱ་བ་བཞུགས་སོ། གུ་གེ་ཚེ་རིང་རྒྱལ་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༥༨།

 

[13].  སྤྱི་ཁྱབ་གཉིས་ལ་སྒར་གོང་འོག་དང་། དབུ་གུར་གོང་འོག་ཀྱང་འབོད་སྲོལ་ཡོད། དེ་ཡང་གོང་འོག་ནི་སྐྱ་སེར་གཉིས་ལས་སྐྱ་བོར་འོག་དང་སེར་མོ་བར་གོང་ཞུ་གི་ཡོད།

 

[14].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་བྱ་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག་ ༤༡།

 

[15].  མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། གཞུང་པ་ཚེ་རིང་ཆོས་འཕེལ་དང་མཚོ་ཆེན་རྫོང་ཚེ་འཕེལ་གྱིས་བརྩམས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར་འགྲེམས་བྱས། ཕྱི་ལོ་ ༢༠༠༣། ཤོག ༡༥།

 

[16].  མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས། གངས་རི་བ་ཆོས་དབྱིངས་རྡོ་རྗེས་བརྩམས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༠༩། -༡༠༦།-༡༠༧།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

 

བརྒྱུད་སྐུལ།

མཆན་སྤེལ།