མངའ་རིས་སྒར་དཔོན་དང་སྤྱི་ཁྱབ་ལས། སྒར་སྤྱིའི་དུས་སྐབས་དང་སྲིད་འཛིན་སྒྲིག་གཞི་དང་། མངའ་རིས་སྤྱི་ཁྱབ་ཀྱི་མངའ་འོག་རྫོང་གཞིས།

མངའ་རིས་སྒར་དཔོན་དང་སྤྱི་ཁྱབ་ལས། སྒར་སྤྱིའི་དུས་སྐབས་དང་སྲིད་འཛིན་སྒྲིག་གཞི་དང་། མངའ་རིས་སྤྱི་ཁྱབ་ཀྱི་མངའ་འོག་རྫོང་གཞིས།

ལེ་ཚན་གཉིས་པ། མངའ་རིས་སྒར་དཔོན་དང་སྤྱི་ཁྱབ།

དང་པོ། སྒར་སྤྱིའི་དུས་སྐབས་དང་སྲིད་འཛིན་སྒྲིག་གཞི།

 

བོད་གཞུང་དགའ་ལྡན་ཕོ་བྲང་གི་བོད་ཁམས་ས་ཡི་ཁྱོན་ལ་ཆོས་སྲིད་དབང་ལུང་བསྒྱུར་པའི་དུས་འགོ་སྟེ། ཕྱི་ལོའི་དུས་རབས་བཅུ་བདུན་པའི་དུས་འཇུག་ཏུ། མངའ་རིས་ཁུལ་དུ་དུས་རབས་ཕྱེད་ཀ་ཙམ་སྲིད་དབང་སྒྱུར་མཁན་ལ་དྭགས་པའི་དབང་འཛིན་མངའ་རིས་ནས་མཐའ་སྐྲོད་བཏང་སྟེ། མི་དབང་དགའ་ལྡན་ཚེ་དབང་གིས་ཁུལ་དེར་སྒར་དཔོན་ལམ་ལུགས་ཀྱི་སྲིད་གཞུང་གསར་དུ་བཙུགས་པ་ནས་བཟུང་། སྤུ་ཧྲེང་གངས་ཀྱིས་བསྐོར་བ་དང་། གུ་གེ་གཡའ་ཡིས་བསྐོར་བ།

རུ་ཐོག་མཚོ་ཡིས་བསྐོར་བ་བཅས་སྟོད་མངའ་རིས་སྐོར་གསུམ་གྱི་སྲིད་འཛིན་ལྟེ་གནས་དེ་སྒར་དུ་བཙུགས་པ་དང་། འཛིན་སྐྱོང་མི་སྣར་སྒར་དཔོན་ཞེས་པ་གསར་བསྐོ་མཛད།[1] ཅེས་གསལ་བ་ལྟར་མངའ་རིས་སྐོར་གསུམ་གྱི་ཕྱིའི་ས་མཚམས་མཐའ་དག་ཉམས་པ་སོར་ཆུད་དང་། ཕྱི་ནང་ཆོས་སྲིད་གཉིས་ཀྱི་འཛིན་སྐྱོང་ལྟེ་བ་སྒར་ཞེས་པའི་ས་གནས་སུ་ཆེད་དུ་བཙུགས་ཤིང་། སྐོར་གསུམ་ནང་ཁུལ་ཁྲལ་བསྡུ་ཁྲིམས་ཀྱི་སྤྱི་ཁྱབ་དཔོན་པོར་སྒར་དཔོན་གཉིས་དང་། རྫོང་བཞི། དཔོན་དྲུག་བཅས་ཀྱི་སྲིད་དབང་སྒྲིག་གཞི་གཏན་ལ་ཕབ།

དེ་ཡང་མི་ལོ་བདུན་བརྒྱ་ལྷག་ཙམ་གྱི་གོང་དུ་སྐྱིད་ལྡེ་ཉི་མ་མགོན་གྱིས་རྒྱལ་སྲིད་ཐོག་མར་སྐྱོང་ཡུལ་སྤུ་ཧྲེང་དུ་སྤུ་ཧྲེང་རྫོང་དང་། གནའ་བོའི་ཞང་ཞུང་གི་གྲགས་ཆེ་བའི་མཁར་བརྒྱད་ཀྱི་ནང་ཚན་ཁ་ཡུག་མདའ་མཁར་ཞེས་པར་མདའ་མཁར་རྫོང་། མངའ་རིས་གུ་གེ་རྒྱལ་པོའི་ཕོ་བྲང་རྩ་རང་མཁར་དུ་རྩ་ཧྲེང་རྫོང་། སྔར་ཞང་ཞུང་གི་ཕྱོགས་ཀྱི་རྫོང་བཞིའི་ནང་ཚན་རུ་ཐོག་སེང་གེ་རྫོང་དུ་རུ་ཐོག་རྫོང་གསར་འཛུགས་བྱས། རྫོང་སྒོ་དེ་རྣམས་ཀྱི་རྫོང་དཔོན་སྐྱ་སེར་གཉིས་དབུས་གཞུང་ནས་ཐད་བསྐོས་ཀྱིས་དུས་བཀག་ལྟར་འཕོ་ལེན་མཛད་པའི་ལམ་སྲོལ་བཏོད་ཀྱང་། ལ་བོད་དམག་འཁྲུག་སྐབས་ཀྱི་དམག་དཔོན་བྱས་པ་ཅན་རྣམས་ལ་ས་རིས་མེས་མི་རྒྱུད་ནས་དབང་ཐོབ་ཤུལ་འཛིན་ཆོག་པའི་བཀའ་གཏན་ལག་འཛིན་གསོལ་སྩལ་གྱིས། ས་གནས་དཔོན་དྲུག་གི་བདག་དབང་སྤྲོད་སྲོལ་བྱུང་བ་ཡང། གཙོ་གཙོ་ཇུ་རིགས་བ་དུར་ལ་དམག་རུ་གཡས་པའི་རུ་དཔོན་དང་། མི་སེར་ཚོ་གསུམ། རྩ་རང་བཀྲིས་ཁང་གསར་པ་དམག་རུ་གཡོན་པའི་རུ་དཔོན་ལ་སྟེང་པ་ཚོ་གཅིག་གི་ས་རིས་མི་སེར། ཆུ་ཏིའི་དུ་ར་ནོ་ཡོན་ཆུ་ཏི་ཚོ་བཞིའི་དཔོན་དུ་བསྐོས་ཤིང་། ཚོ་པ་དེར་དམིགས་བསལ་སྒྲིག་འཛུགས་སུ་བཀའ་བློན་གཉིས་དང་གླང་གསོ་འགོ་པ་བཞི་བཅས་དཔོན་བློན་འགོ་པ་བདུན་གྱི་སྲིད་དབང་སྒྲིག་གཞི་བཙུགས་ཡོད་འདུག

དེ་བཞིན་ཧོར་རྡོ་གྲགས་ཞེས་པ་གནམ་རུའི་མི་སེར་ཚོ་བཞིའི་དཔོན་དུ་བསྐོས་ཤིང་། འགོ་པ། རྒན་པོ། འཐུས་མི་བཅས་ཀྱི་སྲིད་དབང་སྒྲིག་གཞི་བཏོད། དཔོན་དྲུག་ལས་འབྲོང་(འབོང་)པ་ཚོ་གསུམ་གྱི་དཔོན་དུ་བེ་ཧུ་ཨ་རྒྱ་ཞེས་པ་བསྐོས་ཐོག དེ་འོག་བཀའ་བློན་གསུམ་དང་། ས་ཚིགས་རྒན་པོ་གསུམ་གྱི་འཛིན་སྐྱོང་ལམ་ལུགས་ཀྱི་བཀའ་གཏན་མཛད། དེ་མཚུངས་དམག་འདོན་དཔོན་དོ་གལ་ཆེའི་སྐྱ་སེར་ཚོ་ལྔའི་དཔོན་དུ་ནོ་ནོ་གཟིམ་ཆུང་ཞེས་པ་བསྐོས་ཤིང་།[2] གཤམ་འོག་སྐྱ་སེར་ཚོར་འགོ་པ་ལྔ་དང་། ལེབ་ཚོ་དགུ་ལ་འགོ་པ་བཅོ་བརྒྱད། མ་ཁག་བཅུ་བདུན་བཅས་ཀྱི་གཞུང་འཛིན་སྒྲིག་གཞི་འཐུས་ཚང་བཙུགས། དུས་ཕྱིས་སུ་སྒེར་རྩེ་དཔོན་ཁུངས་ཀྱི་ས་རིས་བདག་ཐོབ་ཀྱི་མངའ་འབངས་ཀྱང་བྱུང་བར་མ་ཟད།[3] བཀྲས་ལྷུན་བླ་བྲང་རྒྱལ་མཚན་མཐོན་པོ་དང་གདན་ས་གསུམ་སོགས་ཆོས་ལུགས་རིས་མེད་ཀྱི་ཆོས་གཞིས་སྡེ་ཚན་དང་། དེ་དག་གི་འཛིན་སྐྱོང་ལས་ཀྱི་སྣེ་མོར་མཁན་ཕྱག་དང་གཉེར་པ། ཁྲིམས་བདག ཞལ་ངོ་སོགས་ཀྱི་སྒྲིག་འཛུགས་ཆ་ཚང་བ་ཆགས་ཡོད།

གཞན་ཡང་། དུས་རབས་བཅུ་བདུན་པའི་ལོ་རབས་བརྒྱད་ཅུ་པའི་འགོ་སྟོད་ནས་བྱུང་བའི་རྫོང་བཞི་དཔོན་དྲུག་གི་སྤྱི་ཁྱབ་བམ་སྒར་དཔོན་གཉིས་ཀྱི་ལས་གནས་སུ། ཐོག་མའི་འཆར་རྒྱལ་པོ་དགའ་ལྡན་ཚེ་དབང་དཔོན་གཡོག་དཔུང་དམག་འཁོར་བཅས་སྒར་[4]བརྒྱབས་ཏེ། གནམ་གཤིས་ཀྱི་འགྱུར་འགྲོས་ལ་བསྟུན་ནས་སྒར་དབྱར་ས་དང་དགུན་སའམ་སྒར་དཔོན་གོང་འོག་གཉིས་སུ་ཕྱེ་ནས་བཞུགས་པ་ལས།[5] སྒར་དཔོན་གྱི་གོ་མིང་འཛིན་པའང་རིམ་ཅན་དུ་བྱུང་། དེ་དག་ལས་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ལྡན་པའི་གཞུང་སའི་བཀའ་བློན་ཁང་ཆེན་ནས་བསོད་ནམས་རྒྱལ་པོའམ་དའི་ཆིང་བཱ་དུར་(-༡༧༢༧)སོགས་ཆོས་སྲིད་དམག་གསུམ་ལ་མཛད་པ་ཆེ་བའི་སྒར་དཔོན་ཡང་ཐོན་མྱོང་། དུས་རབས་བཅོ་བརྒྱད་པའི་དུས་འགོར་བོད་གཞུང་བཀའ་ཤག་གིས་སྲིད་འཛིན་སྒྲིག་གཞི་གསར་བཙུགས་བྱུང་བ་ལྟར། གཞུང་འབྲེལ་ལས་གནས་ཀྱི་རིམ་པ་མི་འདྲ་བའང་གཏན་འབེབས་བྱུང་ཞིང་། མངའ་རིས་སྐོར་གསུམ་གྱི་སྒར་དཔོན་གོང་འོག་གི་གོ་གནས་ཀྱང་རིམ་བཞི་དང་མཉམ།[6] ཞེས་གསལ་བ་ལྟར། མངའ་རིས་སྤྱི་ཁྱབ་ཏུ་རིམ་པ་བཞི་པ་ཡན་གྱི་དྲུང་སེར་སྐྱ་གཉིས་བསྐོས་འདུག་ཅིང་། དེ་རྣམས་ཀྱི་འཛིན་སྐྱོང་ལོ་ཡུན་ནི་སྔ་ཕྱིའི་སྒར་དཔོན་རིམ་བྱུང་གི་ལོ་ཚིགས་ལ་བལྟས་ན། ལས་ཡུན་རིང་ཤོས་ལོ་བདུན་ཡས་མས་དང་ཐུང་ཤོས་ལོ་གཅིག  ལ་རེས་ལོ་ཕྱེད་ཀའི་རིང་འཛིན་སྐྱོང་བྱེད་མཁན་ཡང་བྱུང་འདུག་པས་མཐའ་གཅིག་ཏུ་གཞུང་འབྲེལ་ལས་ཡུན་གཏན་འཁེལ་ཞིག་མེད་པར། སྒར་དཔོན་རང་རང་གི་འཇོན་ནུས་ལ་གཞིགས་ནས་སྲིད་དབང་བསྒྱུར་གྱི་ཡོད་པར་མཐོང་། དེ་མིན་འཛིན་སྐྱོང་གི་གྲུབ་ཆར་སྒར་དཔོན་གཉིས་ཀྱིས་འདེམས་སྒྲུག་གནང་བའི་ལས་དྲུང་དང་ཕྱག་མཛོད། གཞུང་གཉེར་དང་མགྲོན་གཉེར་ཞེས་གཉེར་པ་གཉིས་བཅས་ཀྱིས་སྒར་དཔོན་དང་ལྷན་དུ་སྤྱིར་བཏང་གི་ལས་དོན་ཐག་གཅོད་བྱ་རྒྱུར་གཞོགས་འདེགས་བྱེད། ད་དུང་དེ་དག་གི་གཤམ་དུ་མཁར་དཔོན། མཁར་གཡོག གཡས་རུ། གཡོན་རུ། གུང་རུ་བཅས་ཀྱི་དམག་དཔོན་སོགས་གཞུང་ཞབས་ལས་ཀྱི་སྣེ་མོ་བ་སྐས་ཀ་རིམ་འཛེགས་ཀྱི་ཚུལ་དུ་མཆིས་སོ།།

དེ་སྔའི་མངའ་རིས་སྒར་དཔོན་ཞེས་པའི་མཚན་གནས་ཁྱད་མིང་དེ། དུས་སྐབས་ནམ་ཞིག་ལ་སྤྱི་ཁྱབ་ཏུ་བསྒྱུར་མིན་ཐད་གུ་གེ་ཚེ་རིང་རྒྱལ་པོ་ལགས་ཀྱིས་གསུངས་ན། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ནས་བཟུང་སྟོད་མངའ་རིས་སྒར་དཔོན་མངའ་རིས་སྤྱི་ཁྱབ་ཏུ་བསྒྱུར་ནས། ལོ་གསུམ་རེའི་ཐོག་ལ་བརྗེ་ལེན་ཐེངས་རེ་བྱེད་པའི་ཁྲིམས་སྲོལ་བཙུགས།[7]ཞེས་གསུངས་མོད། ད་ཕན་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཕལ་མོ་ཆེའི་ནང་མངའ་རིས་སྤྱི་ཁྱབ་ནི་ཕྱི་ལོ་ ༡༩༥༤ ལོ་གསར་འཛུགས་བྱས་པར་འཁོད་འདུག གང་ལྟར་ཡང་དུས་ཕྱིས་སྔར་གྱི་མངའ་རིས་སྒར་དཔོན་དེ་མངའ་རིས་སྤྱི་ཁྱབ་ཏུ་བསྒྱུར་བར་སྣང་། མངའ་རིས་སྤྱི་ཁྱབ་ཀྱི་གནས་རིམ་ལ་མཚོན་ནའང་། སྔར་གྱི་སྒར་དཔོན་བཞིན་དབུས་གཞུང་གི་རིམ་བཞིའི་གོ་གནས་ཡོད་པའི་སེར་སྐྱ་སྦྲེལ་པོ་གཉིས་ཐད་གཏོང་གནང་གི་འདུག་ཅིང་། ཁོང་གཉིས་ལ་མངའ་རིས་བ་ཚོས་སྔར་ལྟར་དབུ་གུར་གོང་འོག་ཞེས་འབོད་པ་ལས་སྤྱི་ཁྱབ་ཅེས་འབོད་པ་ཉུང་། མངའ་རིས་སྤྱི་ཁྱབ་ཀྱི་སྲིད་འཛིན་ལྟེ་གནས་སྒར་དབྱར་སར་བརྟེན་གཞི་བྱས་ཏེ་སྒར་དང་། སྤྱི་ཁྱབ་གཉིས་ཀྱི་འོག་ཏུ་རྫོང་བཞི་(རྩ་རང་རྫོང་། སྤུ་ཧྲེང་རྫོང་། མདའ་བ་རྫོང་། རུ་ཐོག་རྫོང་།) དཔོན་དྲུག་(རུ་ཐོག་དཔོན། ཆུ་མོ་རྟི་དཔོན། ཟ་རང་དཔོན། གནམ་རུ་དཔོན། གཙོ་གཙོ་དཔོན། འབྲོང་པ་དཔོན་།) ཐད་སྐྱོང་འབྲོག་སྡེ་ཁག་ལ་སྤྱི་ཁྱབ་(ཐད་སྐྱོང་འབྲོག་སྡེའི་སྤྱི་ཁྱབ་ཅེས་པ་ནི། གཙོ་བོ་འབྲོང་པ་ཚོ་དགུའི་སྤྱི་ཁྱབ་དང་ས་དགའ་མངའ་ཞབས་ཀྱི་སྤྱི་ཁྱབ་བཅས་ལ་ངོས་འཛིན་དགོས། འོན་ཀྱང་ས་དགར་ཕྱིས་རྫོང་གསར་བསྐོ་གཞག་གནང་བར་གསལ།[8])བཅས་ཀྱི་སྲིད་དབང་སྒྲིག་གཞི་གཏན་འཁེལ་གྱིས། ལས་དོན་གཙོ་བོ་ས་ཁུལ་གྱི་ཁྲལ་ཁྲིམས་དང་ཕྱི་ནང་ཚོང་འབྲེལ་གྱི་བྱ་བ། མཐའ་མཚམས་སྲུང་སྐྱོབ་དང་འགག་སྒོ་དོ་དམ་བྱ་རྒྱུ་སོགས་ཀྱི་དབང་ཚད་ལྡན།[9]

 

གཉིས་པ། མངའ་རིས་སྤྱི་ཁྱབ་ཀྱི་མངའ་འོག་རྫོང་གཞིས།

མངའ་རིས་སྤྱི་ཁྱབ་བམ་སྒར་དཔོན་གཉིས་ཀྱི་ས་རིས་མངའ་ཞབས་སུ་གཏོགས་པའི་རྫོང་གཞིས་ཚོ་པ་མི་སེར་ཁག་ནི། སྒར་དཔོན་ཟུང་གི་འོག་ཏུ་སྤུ་ཧྲེང་གཞུང་སྒེར་ཆོས་གསུམ། མདའ་པ་གཞུང་སྒེར་ཆོས་གསུམ། རྩ་རང་གཞུང་སྒེར་ཆོས་གསུམ། རུ་ཐོག་གཞུང་སྒེར་ཆོས་གསུམ། ཆུ་ཏི་དཔོན་དམངས། སྨད་འཁྲི་གཞུང་ཆོས། གད་ཁ་ཚོ་སྤྱི། སོག་སྨད་ཚོ་སྤྱི། སོག་སྟོད་ཚོ་སྤྱི། མ་གནམ་ཚོ་སྤྱི། མོན་འཚེར་ཚོ་སྤྱི། དཀོར་སྨད་ཚོ་སྤྱི། དཀོར་བར་ཚོ་སྤྱི། སེ་ལེབ་ཚོ་སྤྱི། གྱམ་སྨུག་ཚོ་སྤྱི། གླང་ཆུ་ཚོ་སྤྱི། གཙོ་གཙོ་ཚོ་སྤྱི། འབོང་པ་ཚོ་གསུམ། གཞུང་པ་མ་མཚན་ཚོ་སྤྱི། དགེ་རྒྱས་ལྷོ་བྱང་ཚོ་སྤྱི། འབྲི་བྱི་ཚོ་སྤྱི། ཡག་ར་ལྷོ་བྱང་ཚོ་སྤྱི། སེང་འཁོར་ལྷོ་བྱང་ཚོ་སྤྱི། རུ་འཐོར་ཨ་གནམ་ཚོ་སྤྱི། མདའ་འོག་ཕྱུག་ཚང་ཚོ་སྤྱི། ཧོར་ཚོ་ལྔ། སྒེར་རྩེ་ལྷོ་བྱང་བཅས་ཡིན་པར་གསལ།[10] གོང་གསལ་མངའ་རིས་སྤྱི་ཁྱབ་ཀྱི་མངའ་འོག་རྫོང་དང་རྫོང་གཞིས་ཁག་དེ་རྣམས། དེང་མངའ་རིས་ཁུལ་གྱི་རྫོང་ཁག་སོ་སོའི་ཁོངས་སུ་དབྱེ་ཚུལ་ནི་གཤམ་གསལ་ལྟར་རོ།

ལོ་རྒྱུས་ཐོག་གི་རྫོང་དང་གཞིས་ཀ ད་ལྟའི་རྫོང་།
སྟོད་སྒར་དཔོན། སོག་སྟོད། སོག་སྨད། མོན་འཚེར། གྱམ་སྨུག གླང་ཆུ། གད་ཁ། སྒར་རྫོང་།
སྤུ་ཧྲེང་རྫོང་། སྤུ་ཧྲེང་རྫོང་།
མདའ་པ་མཁར་རྫོང་། རྩ་ཧྲེང་རྫོང་། ཆུ་ཏི་དཔོན། རྩ་མདའ་རྫོང་།
རུ་ཐོག་རྫོང་། རུ་ཐོག་རྫོང་།
དགེ་རྒྱས། གཞུང་པ། འབྲོང་པ། ཡག་ར། བྱང་པ། དགེ་རྒྱས་རྫོང་།
འབྲོང་པ་ལྷོ་བྱང་གཞིས། འབྲོང་པ་རྫོང་།
ས་དགའ་རྫོང་། ས་དགའ་རྫོང་།

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1].  མངའ་རིས་ཆོས་འབྱུང་གང་ལྗོངས་མཛེས་རྒྱན། གུ་གེ་ཚེ་རིང་རྒྱལ་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༦༧།

[2].  ནོ་ནོ་གཟིམ་ཆུང་གི་རིགས་རྒྱུད་སྟོང་པས་དུས་ཕྱིས་དོ་གལ་ཆེ་བའི་རིགས་སྐྱ་སེར་ཚོ་ལྔའི་དཔོན་པོ་མི་སེར་གྱི་དབུས་ནས་འོས་འདེམས་བྱེད་སྲོལ་ཡང་ཆགས།

[3].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་ལོ་རྒྱུས་བསྡུ་རུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦། ཤོག ༤༡-༤༣།

[4].  མངའ་རིས་ཁུལ་དུ་དེ་སྔའི་བཙན་རྫོང་དང་མཁར་སོགས་དམག་སྲིད་བརྟན་གཞི་བྱ་ཡུལ་མི་ཉུང་བ་ཞིག་ཡོད་ཀྱང་། དུས་སྐབས་དེའི་སོག་པོའི་མི་རིགས་སུ་གཏོགས་པའི་དབང་འཛིན་པ་རྣམས་སྦྲ་གུར་དུ་སྡོད་རྒྱུར་གོམས་ལོབས་སུ་གྱུར་ཞིང་། ལྷག་པར་ཕྱི་ནང་ས་མཚམས་ཁག་ལ་དམག་འཁྲུག་ཆུང་རིགས་མུ་མཐུད་ལྷགས་བཞིན་པས། མཁར་རྫོང་དག་བཀོལ་སྤྱོད་མ་བྱས་པར་སྦྲ་གུར་བཏབ་ནས་དམག་སྲིད་སྒར་གཞི་ཆགས་པས། སྒར་དཔོན་གོང་འོག་གཉིས་ལའང་། དབུ་གུར་གོང་འོག་ཅེས་པའི་མིང་ནས་ཀྱང་འབོད་སྲོལ་མཆིས། དེ་བཞིན་སྦྲ་གུར་དུ་ཡུན་རིང་སྡོད་སྲོལ་བྱུང་བའི་ཉེར་ལེན་གྱིས་དེ་སྔའི་གུ་གེ་སོགས་ཀྱི་བཙན་བརྗིད་ལྡན་པའི་མཁར་རྫོང་རྣམས་ཀྱང་། རིམ་བཞིན་བདག་མེད་རང་སོར་ལུས་རྐྱེན་ཆར་རླུང་དང་དུས་ཀྱི་འགྱུར་འགྲོས་ཁྲོད་མཁར་ཤུལ་ཙམ་དུ་གྱུར་བར་མཐོང་།

[5].  མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། གུ་གེ་ཚེ་རིང་རྒྱལ་པོ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༦༨།

[6].  གངས་རི་བ་ཆོས་དབྱིངས་རྡོ་རྗེ། མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༠༩།-༡༠༥།

[7].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༦༨།

[8].  གངས་རི་བ་ཆོས་དབྱིངས་རྡོ་རྗེ། མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༠༩།

[9].  多杰次旦,西藏封建农奴制社会形态,中国藏学出版社。2005. Pg 333.

[10].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་ལོ་རྒྱུས་བསྡུ་རུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦། ཤོག ༤༣།

 

བརྒྱུད་སྐུལ།

མཆན་སྤེལ།