མངའ་རིས་ཀྱི་ལོ་རྒྱུས་ལས། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

མངའ་རིས་ཀྱི་ལོ་རྒྱུས་ལས། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

༡ རྫོང་གཞིས་འགྲོ་སྟངས།

མངའ་རིས་སྐོར་གསུམ་གྱི་སྲིད་འཛིན་སྒྲིག་གཞིའི་ལམ་ལུགས་ལས་རྫོང་གཞིས་དཔོན་དྲུག་གི་འགྲོ་སྟངས་ལྟར་བྱས་ན་སྒར་རྫོང་ལ་རྫོང་གཞིས་ཀྱི་མིང་དུ་མ་བསྙད་ཀྱང་། དེང་གི་སྒར་རྫོང་གི་མངའ་ཞབས་སུ་དེ་སྔའི་དཔོན་དྲུག་གི་ཡ་གྱལ་གནམ་རུ་དཔོན་[1]དང་གཙོད་ཚོ་དཔོན་[2]གཉིས་ཀྱིས་གཙོ་བོར་བྱས་པའི་ཚོ་ཁག་མོན་མཚེར་དང་།[3] དགུན་ས།[4] སོག་སྟོད།[5] སོག་སྨད། བཀྲ་ཤིས་སྒང་།[6] སྒར་གྲོང་གསར།[7] གླང་དམར།[8] གྱམ་སྨུག[9] གླང་བཅུ།[10] རྒོད་ཚང་སྟོད།[11] རྒོད་ཚང་སྨད་སོགས་མཆིས་ཤིང་།

རྫོང་དེའི་རྫོང་གཞིས་འགྲོ་སྟངས་ནི་སྒར་དཔོན་གོང་འོག་གི་འཛིན་སྐྱོང་ལས་ལོགས་སུ་མ་མཆིས་མོད། དཔོན་ཁོངས་སོ་སོ་དང་ཚོ་ཁག་རང་རང་ལ་དམིགས་བསལ་འཛིན་སྐྱོང་བྱེད་ལུགས་ཅུང་མི་འདྲ་བ་ཐུན་མིན་དུ་ཡོད། སྒར་དཔོན་གྱི་འཛིན་སྐྱོང་ལམ་ལུགས་ནི་མངའ་རིས་སྒར་དཔོན་དང་སྤྱི་ཁྱབ་ཅེས་པའི་ལེ་ཚན་དུ་ཞུས་ཟིན་ནོ།།

འདིར་སྒར་འོག་གཞུང་རྒྱུག་དཔོན་ཁུངས་ལས་གནམ་རུ་དཔོན་དང་གཙོད་ཚོ་དཔོན་གཉིས་ཀྱི་སྲིད་དབང་སྒྲིག་གཞི་སྐོར་ལམ་ཙམ་ངོ་སྤྲོད་ཞུས་ན། དེ་ཡང་། མངའ་རིས་སྐོར་གསུམ་གྱི་དཔོན་དྲུག་ལས་གནམ་རུ་དཔོན་ལའང་དབུས་གཞུང་གིས་བཀའ་གཏན་དང་། མངའ་འབངས་སྒོ་ཕྱུགས་ནོར་ནག་རྩྭ་ས་སོགས་མེས་མི་རྒྱུད་དུ་མངའ་བའི་ལམ་ལུགས་འཐུས་སྒོ་ཚང་བའི་དཔོན་ཁག་ཅིག་ཡིན་ཅིང་། གནམ་རུའི་དཔོན་རྒྱུད་ཀྱི་ཆད་ཁུངས་ནི་ཕྱི་ལོ་ ༡༦༧༩ ལོར་རྒྱལ་པོ་དགའ་ལྡན་ཚེ་དབང་གིས་དམག་དཔུང་མངའ་རིས་སུ་ཡོང་སྐབས། བྱང་གནམ་མཚོ་དང་ཐག་ཉེ་བའི་གནམ་རུ་ནས་བཏང་བའི་དཔུང་དམག་གི་འགོ་འཛིན་ཧོར་རྡོ་གྲགས་ཞེས་པ་དེས། ལ་སིང་དམག་འཁྲུག་སྐབས་དགྲ་བོ་ཚར་གཅོད་ཀྱིས་བྱས་རྗེས་མངོན་གསལ་བཞག་པའི་གནང་སྦྱིན་དུ་སྒར་དབྱར་ས་དང་དགུན་སའི་བར་གྱི་ས་ཁོངས་བདག་སྤྲོད་ཀྱིས་དཔོན་པོ་བྱེད་དུ་བཅུག་པར་གནམ་རུ་དཔོན་ནོ།།[12] ཞེས་བྱུང་བ་ལྟར་དུས་རབས་བཅུ་བདུན་པའི་སྨད་ཆ་ཙམ་དཔོན་རྒྱུད་ཧོར་ནས་ཡིན་པའི་མི་རྒྱུད་ལས་རིམ་བཞིན་དཔོན་ཚང་གི་སྒྲིག་གཞི་ཞིག་བྱུང་བར་གསལ།

དེ་ཡང་། དཔོན་ཚང་དེའི་མངའ་ཁོངས་ཆབ་སྲིད་སྒྲིག་གཞི་ནི་མེས་མི་རྒྱུད་ནས་དབང་འཛིན་གྱི་གོ་འབབ་ལྡན་པའི་དཔོན་དེའི་འོག་ཏུ་འདུ་ཁོངས་འགོ་པ་དང་། ས་ཚིགས་འགོ་པ། རྒན་པོ། འཐུས་མི་བཅས་ལས་སྣེ་བ་དག་གིས་བྱ་སྤུ་གནོན་གྱི་ཚུལ་དུ་ཁྲལ་བསྡུ་ཁྲིམས་གནོན་གྱི་དབང་འཛིན་ལས་འཁུར་གཉེར་ཞིང་། དེ་དག་ལའང་རང་ཁོངས་སུ་གཏོགས་པའི་ཕ་གཞིས་ནོར་ལུག་སོགས་ཐོབ་སྐལ་མཆིས། དཔོན་དེའི་མངའ་ཞབས་རྒྱ་ཁྱོན་ལ་གནམ་རུ། མར་ལྷས། ཏི་འོབ། ཞ་ཡེས་བཅས་བཞི་རུ་ཕྱེ་ལ། གནམ་རུར་ཁྱིམ་དུད་ཉི་ཤུ་ཙམ་དང་། མར་ལྷས་ལ་ཁྱིམ་དུད་བཅུ་གཉིས། ཆུ་བོ་གླང་ཆེན་ཁ་འབབ་ཉེ་འགྲམ་དུ་ཆགས་པའི་ཏི་འོབ་(ཏི་ཡག)ལ་ཁྱིམ་དུད་བརྒྱད། ཞ་ཡེས་ལ་ཁྱིམ་དུད་བརྒྱད་མཆིས། ཁུལ་དེའི་ཁྲལ་བསྡུ་ཁྲིམས་གནོན་བྱེད་ཚུལ་ནི་གཤམ་དུ་རིམ་བཞིན་སྒར་གྱི་ཁྲལ་བསྡུའི་སྐབས་འབྲི་བར་བྱ། གནམ་རུ་དཔོན་གྱི་འཛིན་སྐྱོང་དཔོན་པོ་རིམ་བྱུང་ནི་དཔོན་དང་པོ་ཧོར་རྡོ་གྲགས། གཉིས་པ་དོན་གྲུབ་དབང་རྒྱལ། གསུམ་པ་བསོད་ནམས་སྟོབས་རྒྱལ། བཞི་པ་རིན་ཆེན། ལྔ་པ་དཔོན་མོ་ཀ་ཀ  དྲུག་པ་བཟང་པོ། བདུན་པ་བསྟན་འཛིན་དངོས་གྲུབ། བརྒྱད་པ་ཕུན་ཚོགས་དང་། དཔོན་མོ་དབྱངས་ཅན་བཅས་རིམ་པར་དཔོན་རྒྱུད་བརྒྱད་ཙམ་བྱུང་།[13]

དེ་དང་ཕྱོགས་མཚུངས་སྒར་འོག་མངའ་རིས་དཔོན་དྲུག་གི་ཡ་གྱལ་གཙོད་ཚོ་དཔོན་གྱི་འབྱུང་ཁུངས་ཀྱང་། དུས་རབས་བཅུ་བདུན་པའི་སྨད་ཆར་རྒྱལ་པོ་དགའ་ལྡན་ཚེ་དབང་གི་དཔུང་རོགས་སུ། སོག་པོ་བ་དུར་གྱིས་ཀྱང་དཀའ་བ་དུ་མ་སྤྱད་ནས་དགྲ་དམག་ཕོན་ཆེ་ཚར་གཅོད་བཏང་བས། དམག་འཐབ་ལ་རྒྱལ་ཁ་ལོན་པའི་རྗེས་སུ་གཙོད་ཚོ་རྒོད་ཚང་སྟོད་དང་རྒོད་ཚང་སྨད་གཉིས་ཀྱི་ས་འབྲོག་ཡུལ་རྒྱ་ཆེན་དག་དང་། གྱམ་སྨུག གླང་བཅུ་སོགས་བདག་ཏུ་འཛིན་པར་ཕུལ་ནས་གཙོད་ཚོ་དཔོན་ཞེས་བྱུང་ངོ་།།[14] ཞེས་གསལ། གཙོ་གཙོ་དཔོན་གྱི་རིམ་པ་ལ་དང་པོ་འཇུ་རིགས་ཆིང་བྷ་ཐུར། གཉིས་པ། སྲི་གཅོད། གསུམ་པ་ལྷག་པ། བཞི་པ་རིན་ཆེན་རྡོ་རྗེ། ལྔ་པ་རིག་འཛིན་དབང་གྲགས་བཅས་དཔོན་རྒྱུད་མི་ཐོག་ལྔ་ཙམ་བྱུང་ཞིང་། དཔོན་གྱི་གཤམ་འོག་ཏུ་མི་མང་གྲྭ་དུད་གྲོང་གྲངས་ ༨༤ དང་། ལས་བྱེད་འགོ་པ་གཉིས། རྩིས་པ་གཅིག དྲུང་ཡིག་གཅིག ཞལ་ངོ་གཅིག གཉེར་པ་གཉིས་བཅས་མི་གྲངས་དགུ་ལས་གྲུབ་པའི་འཛིན་སྐྱོང་མི་སྣས་དཔོན་ཁོངས་མངའ་ཞབས་ཀྱི་ཁྲལ་བསྡུ་ཁྲིམས་གནོན་སོགས་ཞི་དྲག་གི་བྱ་བ་གཉེར་བ་ཡིན་ནོ།།

སྒར་འོག་གི་ཆོས་གཞིས་ཁག་ལའང་རང་ཉིད་ཀྱི་འཛིན་སྐྱོང་མ་ལག་འཐུས་སྒོ་ཚང་བའི་རྩ་འཛུགས་ཤིག་ཡོད། དེ་ཡང་། འདིར་སྒར་འོག་ཆོས་གཞིས་ཆེ་གྲས་བཀྲིས་སྒང་གི་སྒྲིག་འཛུགས་གྲུབ་ཆ་དཔེར་མཚོན་ནས་བཤད་ན། དགོན་དེ་ནི་ཀུན་མཁྱེན་སྟག་ཚང་རས་པས་ཕྱག་བཏབ་ཅིང་བོད་དང་ལ་དྭགས་ཀྱི་དམག་འཁྲུག་སྐབས་སུ་དགོན་སྡེ་དེར་གཏོར་སྐྱོན་ཚབས་ཆེན་ཕོག་པས། དུས་ཕྱིས་རྒྱལ་པོ་དགའ་ལྡན་ཚེ་དབང་གི་དུས་སྐབས་ནས་དགོན་པ་ཉམས་གསོ་དགེ་ལྡན་པའི་ལུགས་དང་བཅས་གཞུང་དགོན་དུ་བསྒྱུར་ཞིང་། དགོན་བདག་སེར་བྱེས་མཁན་སྙན་གྲྭ་ཚང་དང་མཐོ་ལྡིང་མཁན་པོ་གཅིག་ལྕོག་གིས་གནང་བའི་བཀའ་གཏན་བསྩལ། སེར་བྱེས་ཀྱིས་དགོན་དེར་དབུ་མཛད། གཉེར་ཚང་བ། བྱང་འདྲེན། དགེ་བསྐོས་བཅས་མི་སྣ་སྐོར་ཞིག་ལས་གྲུབ་པའི་འཛིན་སྐྱོང་ལམ་ལུགས་ཤིག་ཆེད་འཛུགས་བྱས་ཡོད་པ་ལས། སྤྱི་སོའམ་ཆོས་གཞིས་སེར་སྐྱའི་ཆབ་སྲིད་དང་དཔལ་འབྱོར་གྱི་དབང་ཆ་གཙོ་བོ་དབུ་མཛད་ལ་མཆིས་ཤིང་ཁྲལ་བསྡུའི་ལག་བསྟར་གྱི་དབང་ཚད་གཉེར་ཚང་བར་ལྡན་པ་དང་། ཁྲིམས་གནོན་གྱི་དབང་ཚད་བྱང་འདྲེན་དང་དགེ་བསྐོས་གཉིས་ལ་མངའ། དེ་དག་ལས་ཆོས་གཞིས་ཀྱི་ཁྲལ་བསྡུའི་དངོས་གཞིའི་བྱ་བ་གཉེར་ཚང་སེར་མོ་བ་ལྔ་ཡོད་པ་ལས་གཅིག་གཉེར་ཚང་སྡེ་པར་འདེམས་སྒྲུག་གིས། སྒར་དཔོན་གཉིས་ཀྱི་སྐུ་ཚབ་མཁར་དཔོན་གཉིས་དང་ཟུང་འབྲེལ་བྱས་ཏེ་ལམ་འགག་གསུམ་གྱི་ཤོ་ཁྲལ་དང་། དེ་བཞིན་རང་ཁོངས་མི་སེར་གྱི་རྐང་འགྲོ་ལག་འདོན་གྱི་ཁྲལ་འུལ་བསྡུ་ལེན་བྱེད་པ་ཡིན་ནོ། །

༢ ཁྲལ་འུལ་ཁྲིམས་གནོན།

བོད་གཞུང་དགའ་ལྡན་ཕོ་བྲང་གི་སྲིད་འཛིན་སྒྲིག་གཞིར་ཁྲལ་རིགས་འཁྲི་སྒྲུབ་བྱ་ཡུལ་ནི་གཞུང་སྒེར་ཆོས་གསུམ་གྱི་སྡེ་ཚན་དབྱེ་སྒོ་ལྟར། སྒར་འོག་ཁྲལ་བསྡུའི་བྱ་བ་ཡང་འདུ་ཁུངས་བླ་དཔོན་ལས་འཛིན་གཉིས་ཀྱིས་འགན་བཞེས་ཤིང་། བླ་ནི་གཞུང་སྒེར་ཆོས་གསུམ་ལས་ཆོས་གཞིས་དང་། དཔོན་ནི་གཞུང་རྒྱུག་དང་སྒེར་པ་མི་སེར་གྱི་ཁྱབ་ཁོངས་ལ་གོ་བ་ཡིན། དེ་ཡང་། ཆོས་གཞིས་ཀྱི་ཁྲལ་བསྡུའི་འགན་འཛིན་ནི་སྒར་བཀྲ་ཤིས་སྒང་གི་དབུ་མཛད་རིམ་བྱོན་དང་། གཞུང་རྒྱུག་ནི་གནམ་རུ་དཔོན་རིམ་བྱོན་གྱིས་འགན་འཁུར་འོག་སོག་སྟོད། སོག་སྨད། གྲྭ་ཚང་མི་སེར་འགོ་པ་བཅས་འགོ་ཡོད་བཞི་བཅས་ཀྱིས་ཁྲལ་སྒྲུབ་བསྡུ་ལེན་བྱེད། ཁྲལ་གྱི་རྣམ་གྲངས་སུ་དབུས་གཙང་གི་རྫོང་སྒོ་གཞན་དང་སྤྱི་མཚུངས་ཕྱི་ཁྲལ་དང་ནང་ཁྲལ་གཉིས་སུ་ཕྱེ་ཞིང་། དེ་ལས་ཕྱི་ཁྲལ་ནི་དབུས་གཞུང་གིས་མངགས་པའི་ཚྭ་ཞོ་དང་། ས་བཅུད་བུམ་སྐྱེལ་ཨ་དྲུང་། དངུལ་རྟ་ཨ་དྲུང་། གཞུང་ཚོང་གསེར་དཔོན། བྱང་བསམ་ཡས་དཀར་མེ། ལྷོ་བསམ་ཡས་དཀར་མེ། བོ་གདོང་རྒན་ཆེན། ལ་དྭགས་ལོ་ཕྱག་པའི་རྟ་འུལ་སྣེ་ལེན། དིང་རི་རྒྱ་ཕོག[15] གསེར་གཞུང་གཉིས། སྒར་དཔོན་གཉིས་བརྒྱུད་དབུས་གཞུང་ལ་འབུལ་དགོས་པའི་ཁྲལ་རིགས་རྣམས་ཡིན། ཁུལ་དེའི་ནང་ཁྲལ་ནི་ཐད་ཀར་སྒར་དཔོན་གཉིས་དང་དཔོན་ཁག་ནང་ཁུལ་ལ་འཁྲི་སྒྲུབ་བྱ་དགོས་པའི་རྐང་འགྲོ་ལག་འདོན་གྱི་ཁྲལ་རིགས་དག་ལ་ཟེར།

དེ་ཡང་། སྒར་འོག་ཕྱི་ཁྲལ་གྱི་གྲངས་འབོར་ནི་འདུ་ཁུངས་ཚོ་གསུམ་ཞེས་གནམ་རུ། མར་ལྷས། ཆུ་པི། གད་ཁ། གླང་ཆུ་བཅས་ཚོ་གཅིག་ལ་ཁྲལ་རྐང་སུམ་ཅུ་སོ་གཉིས་དང་ཕྱེད། སྐུ་གཉེན། གླང་དམར། གྲྭ་ཚང་མི་སེར། ངོ་ལོག་བདེ་མཆོག གཞུང་པ་ཆོས་སྡེ་བཅས་ལ་ཁྲལ་རྐང་སུམ་ཅུ་སོ་ལྔ་དང་ཕྱེད། སོག་སྟོད་དང་སོག་སྨད་གཉིས་ལ་ཁྲལ་རྐང་ཉི་ཤུ་རྩ་བརྒྱད་བཅས་བསྡོམས་ཁྲལ་རྐང་དགུ་བཅུ་གོ་དྲུག་ཡོད་པར་བཤད།[16] ཁྲལ་འབོར་དེ་དག་ལས་རྐང་འགྲོར་བོད་གཞུང་གི་སྦུག་དམ་དང་། བཀའ་ཐམ་སྦྱར་མའི་བཀའ་གཏན་ནང་འཁོད་བཞིན་གཞུང་འབྲེལ་ཕྱོགས་སྐྱོད་མི་སྣར་སྒྲིག་ཆ་ཁང་མིག་ ༡༨ ལ་གདན་ལྕོག་དང་ཆུ་མེ་ཤིང་སྣོད་ཆས་སྒྲིག་འབུལ་དང་། ཐབ་གཡོག་མི་ ༢༠ སྐོར་རྒྱུག་དགོས་ཤིང་། གཞུང་འཚོང་དང་གསེར་དཔོན། ཚྭ་ཤོ་བཅས་ལ་རྟ་གཡོག་མི་གསུམ། བརྔོ་འཐག་ལས་མི་གྲངས་ ༡༥ བཅས་བཀོད་སྒྲིག་བྱེད། དེ་བཞིན་ས་ཚིགས་གཞིར་བཟུང་རྐང་འགྲོ་རྟ་འུལ་རྒྱུག་འཁྲི་ཁུངས་སུ་ལ་དྭགས་ལོ་ཕྱག་པར་རྟ་འུལ་བཅུ་གསུམ་དང་དོས་ཁལ་ཉིས་བརྒྱ། དོས་མི་བཅུ་དང་། ཕྱིར་ལོག་སྐབས་སྒར་དབྱར་ས་ནས་ལ་དྭགས་ཉི་མ་མུན་དབར་རྟ་འུལ་བཅུ་གསུམ་དང་། དོས་ཁལ་བརྒྱ། དོས་མི་བཅུ། ཐབ་གཡོག་གཉིས། སྒྲིག་ཆ་དང་མེ་ཤིང་བཅས་མཁོ་གཏོང་དང་། དེ་མཚུངས་ལོ་གཉིས་རེའི་མཚམས་སུ་ལ་དྭགས་ཧེ་མི་དགོན་ནས་བོད་དུ་རྟེན་འབུལ་ཐེངས་གཅིག་ཡོང་སྲོལ་མཆིས་པར། རྟ་འུལ་ལྔ་དང་ཁལ་མ་བཞི་བཅུ། དོས་མི་གསུམ་ཐབ་གཡོག་གཅིག་དང་སྒྲིག་ཆ་མེ་ཤིང་སོགས་མཁོ་སྒྲུབ་བྱེད་ཅིང་། ད་དུང་སྒར་འོག་མི་སེར་གྱིས་ཁུ་ནུ་ཁུལ་ནས་ལོ་གསུམ་ཕོ་ཉ་ཞེས་བོད་གཞུང་ལ་རྟེན་འབུལ་དུ་བཅར་མིར། སྒར་དབྱར་ས་ནས་རྟ་འུལ་གཅིག་དང་ཁལ་མ་གསུམ། ལྟོ་དོད་མར་སྤོར་དོ་དང་རྩམ་པ་བྲེ་རེ་སྤྲོད་དགོས། མདོར་ན་ཁྲལ་རྐང་གི་འཁྲི་ཆ་གཞིར་བཟུང་ཁུལ་དེ་ནས་ལོ་གཅིག་ནང་རྟ་འུལ་ ༡༡༥ ལྷག་དང་། དོས་ཁལ་ ༧༠༠ ཡས་མས། དོས་མི་ ༧༠ སྐོར་འཐུས་ཚང་རྒྱུག་དགོས།

གཞན་ཡང་། གོང་གསལ་ཁྲལ་རྐང་ལས་སྒར་རང་ཉིད་ལ་རྒྱུག་དགོས་པའི་རྐང་འགྲོའི་ཁྲལ་རིགས་ལ། སྒྲིག་ཁང་ཉམ་གསོ།[17] ཀོ་སྦང་སྲུང་མི། རྒྱུན་བུ་དྲས་མི། དོ་པོ་རྒྱག་མི། ཕྱུགས་རྫི་སོགས་ལོ་གཅིག་ལ་མི་གྲངས་ ༡༢༠ འཁྲི་བར་མ་ཟད། རྫོང་གི་ཡིག་སྐྱེལ་ཆུ་ལེན་མ་བྱན་སོགས་བཏང་ཐུང་རྒྱུག་མིར་མི་བརྒྱད་དང་། ཆང་མ་གཉིས། སྒོ་རག་གཅིག  ཐབ་ཆེན་གཉིས། ཁང་གཉེར་བཞི་བཅས་ཆེད་གཏོང་བྱེད་པར། སྒར་དབྱར་སའི་ཁང་གཉེར་གཉིས་གནམ་རུ་དང་དགུན་སར་སོག་སྨད་ལ་འཁྲི་བ་ཡིན། ལྷག་པར་སྒར་གྱི་འདུ་ཁུངས་རྩི་རྒྱག་གི་སྐབས་སུ་ཁྲལ་མིང་སྣ་ཚོགས་རྒྱུག་དགོས་པ་ལས་སྒར་དཔོན་སྐུ་ཚབ་གཉིས། འདུ་ཁུངས་བླ་དཔོན་གཉིས། འགོ་བ་བཞི་བཅས་ནས་ཉིན་བདུན་གྱི་རིང་ལ་མི་ཆེན་ཞབས་གླ་དངུལ་ལྔ་རེ། མི་ཆེན་གསོལ་དོད་དངུལ་སུམ་ཅུ། མི་དམངས་གསོལ་དོད་དངུལ་ཉི་ཤུ། སྒྲིག་ཆའི་གླ་དངུལ་ལྔ། རྡེའུ་གཏོང་མིར་ཉིན་རེར་དངུལ་ལྔ་རེ་རྩིས་ཏེ་ཉིན་བདུན་ལ་མི་རེར་དངུལ་སུམ་ཅུ་སོ་ལྔ་རེ་སྤྲོད་འབབ་ཡོད་པ་རྣམས་སོག་སྨད་ཀྱིས་སྒར་དཔོན་གྱི་མིང་ཐོག་ནས་སྤྲོད་འཇལ་དགོས། སོག་སྨད་སྡེ་བ་ནི་ཁྲལ་རྟེན་གྱི་རྐང་ཆེ་ཡང་དཔྱ་ཁྲལ་ཉུང་བར་བརྟེན་ལོ་རེར་དངུལ་འབབ་ལྔ་བརྒྱ་ནས་དྲུག་བརྒྱའི་བར་ཆད་ཀྱི་ཡོད་སྟབས། དེ་ལྟར་དམིགས་བསལ་འཇལ་དགོས་པའི་གཏན་འབེབ་བྱས་པར་བཤད། དེ་དང་ཕྱོགས་མཚུངས་གཞིས་སོ་གསར་རྙིང་རྩིས་རྒྱག་ཅེས་པའི་རྩིས་རྒྱག་ཆེན་མོ་ཞིག་བྱེད་སྲོལ་ཡོད་པའི་འགྲོ་གྲོན་ཁྲལ་འབབ་ནི། གཙོ་གཙོ་དཔོན་དང་གྱམ་སྨུག་སོགས་ཀྱིས་གཏོང་དགོས་པར་ཁྲལ་བསྡུ་དཔོན་གཡོག་དྲུག་ལ་སྡོད་སྒྲིག་གནས་མལ་བཟའ་བཅའ་སོགས་སྒྲིག་ཆ་འཐུས་ཚང་བསྒྲུབ་དགོས་སོ།།

ཁུལ་དེའི་གོང་གསལ་ཁྲལ་རྐང་གི་འབོར་ལས་ཁྲལ་འབབ་བསྒྲུབ་ཡུལ་ཕལ་མོ་ཆེ་ས་ཚིགས་རྟ་འུལ་རྐང་འགྲོའི་འཁྲི་རྒྱུག་ཡིན་ལ། ཡུལ་སྡེ་འགའ་རེ་ནས་རྐང་འགྲོའི་ཁྲལ་རིགས་མ་གཏོགས་ལག་འདོན་གྱི་རིགས་སྒྲུབ་འཇལ་ཞུ་མི་དགོས་པ་ཡང་ཡོད་མོད། འོན་ཀྱང་། ལག་འདོན་གྱི་རིགས་ཉུང་ངུ་ཙམ་སྒྲུབ་དགོས་པ་དཔེར་ན། སྒར་དཔོན་གསར་འབྱོར་སྐབས་སུ་གནམ་རུ་དང་གཙོ་གཙོ་སོགས་ཁུལ་དེའི་བཀའ་གཏན་ཡོད་པའི་དཔོན་ཁག་དང་དགོན་སྡེའི་བཀའ་གཏན་ཁུངས་བཙུན་ཞིབ་གཅོད་དང་སྦྲགས། ཁུངས་རེ་ནས་ཊམ་དཀར་བརྒྱ་ནས་ཉིས་བརྒྱ་བར་བཀའ་གཏན་སྒྲུབ་འཇགས་ཞེས་འབུལ་དགོས་པར་མ་ཟད། འབུལ་རྟའི་དོད་ཅེས་ཊམ་དཀར་དྲུག་བཅུ་རེ་དང་ཐབ་གསར་སྤུས་སྒྱུར་ཞེས་ཡུལ་ཚོ་རེར་ཇ་སྒམ་གསུམ་རེ་འབམ་ཚོང་སྤུས་སྒྱུར་གྱི་ཉོ་སྲོལ་མཆིས། དེ་བཞིན་གཞུང་འབྲེལ་ཚྭ་ཤོར་ཚྭ་ལུག་རྒྱབ་དགུ་རེར་ཊམ་དཀར་རེ། ཚྭ་འོག་ལུག་བཅོ་ལྔར་ཊམ་དཀར་གཉིས་རེ། གསོ་ལུག་བཞི་ལ་ཊམ་དཀར་རེ། དེ་བཞིན་གཞིས་ར་གཞིས་ལུག་ཅེས་ར་དྲུག་ལ་ཊམ་དཀར་རེ་དང་། ལུག་བཞི་ལ་ཊམ་དཀར་རེ་འཁྲི་བ་ཡིན། དེ་མིན་ལོ་ལྟར་བཅུ་ཁ་ཁྲལ་བསྡུས་ཞེས་ར་ལུག་བཅུ་རེ་ལ་ལུག་རེ་དང་། གཡག་ངོ་གྲངས་རེ་ལ་ཊམ་དཀར་རེ། ལེ་སྣ་འདེགས་ཁལ་བརྒྱད་ཅུ། མར་འདེགས་རྒྱ་ཁལ་བརྒྱད་ཅུ། ལུག་གུའི་ཚ་རུ་ལྔ་བརྒྱ། སྒར་འཆར་ཅན་ལ་དཀར་མོ་སྟོང་གི་ཤོང་བཤའ་རྒྱུ་ཞེས་གཡག་གཅིག་དང་ར་ལུག་ཉི་ཤུ་བསྡུ་ལེན་བྱེད་སོགས་ལག་འདོན་གྱི་ཁྲལ་དེ་ཙམ་མོ།།

སྒར་གྱི་ནང་ཁྲལ་ལ་ཆ་མཚོན་ན་སོག་སྨད་ནས་སྒར་དཔོན་གཉིས་ལ་གཞུང་ལུག་ཆིག་སྟོང་ལ། ལུག་པ་ཐེམ་དུད་དྲུག་གིས་ལོ་རེའི་དགུན་དཔྱིད་གཉིས་ལ་ཚྭ་ལེན་ཐེངས་གཉིས་དང་། དབྱར་སྟོན་གཉིས་ལ་ཚྭ་ཚོང་ཐེངས་གཉིས་བཅས་ཀྱི་ཁྲལ་རྒྱུག་དང་། རྒྱུན་གཏན་གཞུང་ལུག་འཚོ་སྐྱོང་བདག་གཉེར་ཡང་བྱེད་དགོས་ཤིང་། ནོར་ལུག་འཚོ་མཁན་རྣམས་ལ་དཀོར་པ་ཞེས་འབོད་ལ་ཐེམ་དུད་རེ་ནས་མ་མོ་རེར་ཤེ་མར་ཉག་ལྔ་དང་། ར་མ་རེར་མར་ཉག་ལྔ་རེ། ཕྱུགས་ཕྲུག་སྐྱེ་ཚད་མ་གཅིག་བུ་གཅིག་ཡིན་པ་དང་། བརླག་གཏོར་ཤི་རྨས་སོགས་བྱུང་ཚེ། མ་གཅིག་བུ་གཅིག་གི་ཕྱུགས་ཐོ་ནང་གསལ་གྱི་དངོས་ཡོད་ཕུད་གཞན་ཆད་པ་རྣམས་ལ་རྐང་ཚབ་སྒྲིག་དགོས། གཞུང་འབྲི་འཚོ་མཁན་ཐེམ་དུད་བཞི་ཡོད་པ་རྣམས་ཀྱིས་འབྲི་བེའུ་ལྡན་རེར་ཤེ་མར་ཁལ་གསུམ་རེ་དང་། ཡར་མ་རེར་ཁལ་གཉིས། ཕྱུར་བ་ཁལ་བྲེ་གསུམ། རྩིད་པ་ཁུ་ལུ་མ་ཚང་བ་རྣམས་ལ་དངུལ་ཕབ་ཀྱི་རིན་སྤྲོད་དགོས་ལ། གོང་བཞིན་བོར་གཏོར་ཤི་རྨས་བྱུང་ཚེ་པགས་པ་དང་རྭ་ཐམ་ཐོ་འགོད་བཞིན་རྩིས་སྤྲོད་མ་ཐུབ་ཚེ་ངོ་ཚབ་སྒྲིག་འབུལ་ཞུ་དགོས། སྒར་དཔོན་གཉིས་དབྱར་དགུན་བཞུགས་གནས་སྤོ་སྐབས་སྣེ་ལེན་ཞུ་མི་ཆེད་གཏོང་གིས། བཞུགས་ཁང་། གདན་ཆས། ཐབ་ཆས་བཅས་ཀྱི་དོད་དུ་གླ་ཕབ་ཕྱོགས་རེར་དངུལ་སུམ་ཅུ་རེ་རྩིས་བསྡོམས་དངུལ་དྲུག་ཅུ་རེ་རེར་ཊམ་དཀར་གཉིས་རེ་རྩིས་པས་ཊམ་དཀར་བརྒྱ་དང་ཉི་ཤུ་སྐོར་སྒྲུབ་འཇལ་ཞུ་དགོས་པ་བཅས་སོ།།[18]

དེ་མཚུངས་དེང་སྒར་རྫོང་གི་འོག་ཏུ་ཡོད་པའི་དེ་སྔའི་གནམ་རུ་དཔོན་དང་གཙོ་གཙོ་དཔོན་བཅས་ཀྱི་ཁྲལ་རིགས་རྣམས་ནི་ཕལ་མོ་ཆེ་ནང་ཁྲལ་གྱི་ཁོངས་སུ་གཏོགས་པ་ཤ་སྟག་ཡིན་པས། གནམ་རུ་དཔོན་གྱི་ནང་ཁུལ་འབྲོག་དུད་མི་སེར་གྱི་ཁྲལ་འབོར་ལ་ས་ཞིང་སོན་ཁལ་ ༢༠ འགྲོ་བའི་ཁྲལ་རྟེན་ས་ཞིང་ཡོད་པར། ལོ་རེའི་དུས་བཞིའི་ས་ཞིང་འདེབས་ལས་ཀྱི་བྱ་བ་མཐའ་དག་གནམ་རུའི་ཚོ་པའི་མི་སེར་གྱིས་རྒྱགས་རང་འཁུར་གྱིས་སྒྲུབ་དགོས། དེ་མིན་ཚོ་པའི་ཕྱུགས་ཟོག་འཚོ་མིའི་ཁྱིམ་ལ་དཔོན་ཁུངས་ནས་ཟླ་རེར་ཕོགས་འབྲུ་འབོ་གང་རེ་དང་ཇ་མར་ཕྲན་ཙམ་སྤྲོད་སྲོལ་མཆིས། གནམ་རུ་དཔོན་གྱི་ནང་གཡོག་མི་གཉིས་དང་ནོར་རྫི་མི་གཅིག་ལ་ལྟོ་གོས་མ་གཏོགས་ལས་གླ་མི་སྤྲོད། འདུ་ཁོངས་རྩིས་རྒྱག་སྐོར་རྒྱལ་ལོ་དང་། སྒར་འཆར་ཅན། ལེབ་རྩིས་སོགས་ལ་རྟ་འུལ་གཉིས་དང་ཁལ་མ་གཅིག་མི་སེར་ནས་གཏོང་དགོས་ཤིང་གནམ་རུར་ལེབ་རྩིས་སྐབས་མངའ་རིས་ཀྱི་རྫོང་གཞིས་དཔོན་ཁག་གཞན་དང་གཅིག་མཚུངས་ཀྱིས་ལེབ་རེ་ནས་ཊམ་དཀར་རེ་བསྡུས་པས་སྤྱི་སྙོམས་ལོ་རེར་ཊམ་དཀར ༥༠༠ ནས་ ༦༠༠ བར་འབབ། གནམ་རུ་དཔོན་གྱི་མངའ་ཞབས་མར་ལྷས་ཡུལ་ཚོས་ལོ་རེ་བཞིན་ཐུམ་ནས་ཞེས་འབྲུ་ཁལ་བཞི་དང་། ཏི་འོབ་ཡུལ་ཚོ་ནས་འབྲུ་དང་དངུལ། གཡག་སྒ། ཆ་རུ་སོགས་གཡག་རྒྱབ་བརྒྱད་ཙམ་དང་། ཞ་ཡེས་ཡུལ་ཚོས་ཞིང་ཁྲལ་དང་དངུལ་ཁྲལ་ཞེས་པའང་སྒྲུབ་འཇལ་བྱེད། དེ་མིན་དཔོན་དེའི་ཁོངས་མི་སེར་ས་ཁུལ་གཞན་དུ་མནའ་མ་དང་། མག་པར་སྟེར་བའི་རིགས་ལ་དཔོན་འཁྲོལ་ཞེས་སྒོར་ལྔ་བཅུ་རེ་བསྡུ་ལེན་བྱེད་སྲོལ་ཡང་ཡོད་པར་གསལ།[19]

དེ་བཞིན་དེང་སྒར་རྫོང་གི་འོག་ཏུ་ཡོད་པའི་དེ་སྔའི་གཙོ་གཙོ་དཔོན་གྱི་ནང་ཁྲལ་གྱི་རྣམ་གྲངས་ལ་གཞིགས་ནའང་། ཚོ་པའི་གཡག་ཁག  འབྲི་ཁག  ར་ཁག  སྐམ་པོའི་ཁལ་ལུག  རྟ་ཁག  ཁལ་པ་བཅས་རིམ་བཞིན་འཚོ་སྐྱོང་བྱེད་མཁན་ལ་གྲོང་དུད་རེ་གཏན་འཁེལ་གྱིས་ཁྲལ་རྒྱུག་བྱེད་དགོས། སྟོན་དཔྱིད་གཉིས་སོ་སོར་ཚོ་པ་གདན་སྤོ་སྐབས་རྒོད་ཚང་སྟོད་སྨད་གཉིས་ནས་ཁལ་གཡག་ལྔ་བཅུ་རེ་དང་རྗེས་དེད་མི་ལྔ་བཅས་ཁྱོན་བསྡོམས་ཁལ་གཡག་བརྒྱ་དང་རྗེས་དེད་པ་མི་བཅུ་སྐོར་ཆེད་གཏོང་ཞུ་དགོས། གཞན་ད་དུང་ལོ་རེའི་ལེབ་རྩིས་སྐབས་གྲོང་དུད་ཆེ་ཁག་ནས་ར་ལུག་བཞི་རེ་དང་། གྲོང་དུད་ཆུང་བ་ནས་ར་ལུག་གཉིས་རེ་བསྡོམས་ལུག་ཉིས་བརྒྱ་དང་ར་བརྒྱ་ཁྲལ་ར་དང་ཁྲལ་ལུག་ཞེས་པའི་མིང་ཐོག་ནས་སྤྲོད་དགོས། གཞན་ཤེ་ལོ་ཕྱག་ཅེས་འབོད་པའི་མར་ཁྲལ་འཁྲི་སྒྲུབ་ཞུ་དགོས་པ་ཡང་། གྲོང་དུད་ཆེ་བ་ལ་ཁྲལ་མར་སྦ་ཁྲི་བཞི་རེ་དང་གྲོང་དུད་ཆུང་བ་ལ་ཁྲལ་མར་སྦ་ཁྲི་གཉིས་རེ་དང་། རྒོད་ཚང་སྟོད་སྨད་གཉིས་ནས་དཔོན་ཚང་གི་ལོ་གཅིག་གི་བུད་ཤིང་སྐུལ་གཏོང་ཆེད་མི་བཞི་རེ་བརྩིས་ཁྱོན་མི་མགོ་བརྒྱད་འགྲོ་རྒྱུག་བྱེད་ལ། དེ་མཚུངས་དབྱར་ཁ་ཚྭ་ཚོང་ལ་འགེལ་པ་ཞེས་པའི་མི་གཉིས། གཉེར་པ་མི་གཅིག ནང་གཟན་དཔོན་མོའི་ཕྱག་རོགས་བུ་མོ་གསུམ། ཞལ་ཏ་མ་གཅིག་བཅས་རྒྱུག་དགོས་པ་ཡིན་ནོ། །

གཙོ་གཙོ་དཔོན་གྱི་མངའ་འོག་གྱམ་སྨུག་ཡུལ་སྡེའི་མི་སེར་ནས་ནང་ཁྲལ་དུ་ལོ་རེ་བཞིན་ཞལ་ཏ་མ་བུ་མོ་གཅིག་དང་། དཔོན་ཚང་གི་ས་ཞིང་ཁལ་ ༥ ཙམ་ལ་དུས་བཞིའི་འདེབས་ལས་སོགས་ཁྲལ་འུལ་འཁྲི་ཞིང་། ཡུལ་དེ་ནས་ལོ་ལྟར་ཕུར་པ་བཟོ་བྱེད་འུམ་བུའི་ཤིང་གཡག་རྒྱབ་གཉིས་རེ་འཆར་འབུལ་ཞུ་དགོས་ལ། གྱམ་སྨུག་ཡུལ་སྡེའི་ནོར་ལུག་གི་གྲངས་ཚད་བཞིན་ལེབ་ཀྱི་ཁ་གྲངས་ལོང་བའི་ཁྲལ་པ་མི་སེར་གྱིས་ལོ་རེར་ལེབ་ཁྲལ་ལུག་བཞི་བཅུ་ལ་ལུག་གཅིག་དང་ར་བཞི་བཅུ་ལ་ར་གཅིག་རེ་འབུལ་དགོས། ལེབ་མ་ལོང་པའི་གྲོང་དུད་ནས་ར་ལུག་བཅོ་ལྔ་མན་ལ་ཊམ་དཀར་གཅིག་རེ་སྤྲོད་འཇལ་བྱེད། ཤེ་ལོ་ཕྱག་ནི་གྲོང་དུད་ཆེ་ཆུང་དང་སེམས་ཅན་ཡོད་མེད་ལ་མ་ལྟོས་པར་འདུར་རྒྱུག་ལྟ་བུར་དུད་ཚང་ཡོད་ཚད་ལ་མར་ཁྲལ་ཉག་བརྒྱད་རེ་འཁྲི་བ་ཡིན། གལ་སྲིད་མར་འབུལ་རྒྱུ་མེད་ཚེ་ཞ་ཉེ་ཉག་ག་བརྒྱད་རེ་སྤྲད་ཀྱང་ཆོག་པ་ཡིན་ནོ།།[20]

དེ་མཚུངས་སྒར་འོག་གི་ཆོས་གཞིས་ཁག་ལས་བཀྲི་ཤིས་སྒང་དགོན་གྱི་ཁྲལ་འབོར་རྣམ་གྲངས་སྒྲུབ་འཇལ་གྱི་སྐོར་ནས་གཞན་ལ་དཔེ་མཚོན་ན། དགོན་དེ་ནི་རྫོང་དེའི་ཆོས་གཞིས་ཆེ་གྲས་ཤིག་ཡིན་པས་དཔལ་འབྱོར་གྱི་གནས་འབབ་མཐོ་ཞིང་། འབྲུ་དངུལ་ཇ་སོགས་ཀྱི་བཀར་འཇུག་ཀྱང་མི་ཉུང་བ་ཞིག་མཆིས། དགོན་དེའི་སྤྱི་སོའི་མངའ་ཞབས་སུ་དཀོར་པའམ་ཁྲལ་པ་མི་སེར་ཐེམ་དུད་བཞི་བཅུ་ཡས་མས་ལ་ཁྲལ་རྐང་ཕྱུག་ཟོག་འབོར་གྲངས་ཆིག་ཁྲི་ལྷག་ཡོད་པར། ལོ་རེའི་ཕྱུགས་ཕྲུག་མ་གསུམ་བུ་གཉིས། འབྲི་བེའུ་མ་རེར་མར་ཁལ་གཉིས་དང་། འབྲི་ཡར་མ་རེར་མར་ཁལ་གཅིག  ར་མ་རེར་མར་ཉག་ལྔ། མ་མོ་རེར་མར་ཉག་གསུམ་རེ་བཅས་ངོ་སྒྲུབ་ཞུ་དགོས། གཉེར་ཚང་དང་ཚེ་སྒྲུབ་གཉིས་པ་དཀོར་པ་ཐེམ་དུད་བཅུ་གསུམ་ཙམ་ཡོད་པར་ཡང་གོང་མཚུངས་ཕྱུགས་ཕྲུག་དང་ཤེ་མར་འཁྲི། གཞན་ཡང་གཉེར་ཚང་ཁོ་ནའི་མངའ་ཁོངས་སུ་བར་སྐྱོག་ཐེམ་དུད་ཉེར་གསུམ། མཚོ་སྲིབ་ཐེམ་དུད་བརྒྱད། ར་མདོ་ཐེམ་དུད་གཉིས། ཁྱུ་རིགས་ཐེམ་དུད་གསུམ། རྒྱུ་ཐེམ་དུད་བརྒྱད་བཅས་བོགས་ཞིང་རྒྱ་ཆེར་གཏོང་བར་དབྱར་སྟོན་གཉིས་སུ། གཉེར་ཚང་སྡེ་བས་འབྲུ་རྩམ་ཁྲལ་བསྡུས་ཀྱིས་གྲྭ་ཕོགས་དང་མཆོད་རྒྱུན་ཐེབས་རྩར་སྤྱོད་པ་ཡིན། དེ་མཚུངས་སྤྱི་སོར་ས་ཞིང་སོན་ཁལ་དྲུག་ཅུ་ཡས་མས་ཡོད་པའི་འདེབས་ལས་སུ་མི་སེར་བསྐུལ་ཅིང་། གཉེར་ཚང་སྡེ་པས་ཀྱང་དགོན་པའི་ཆུ་ལེན་འབུད་ཤིང་འཐུ་མཁན་ལ་ཡུལ་སྡེ་ལྔ་ནས་མི་བདུན་རྒྱགས་རང་འཁུར་གྱིས་གཏོང་དགོས། དེ་ཙམ་མ་ཟད་གཉེར་ཚང་སྡེ་པ་སོགས་ལས་ཀྱི་སྣེ་མོ་རྣམས་ཕྱི་ནང་ཕྱོགས་ཐོན་སྐབས་རྟ་འུལ་གཉིས་དང་མི་གཅིག་བསྐུལ་ཅིང་། དགོན་པའི་ཁང་པ་གསར་རྒྱག་དང་ཉམས་གསོའི་སྐབས་ཟླ་ཕྱེད་རིང་མི་སེར་ཚོར་ཉིན་གྲངས་ཉི་ཤུ་ཙམ་བསྐུལ་དེད་བྱེད་ཆོག

བཀྲིས་སྒང་དགོན་གྱི་གཉེར་ཚང་སྡེ་བས་མཁར་དཔོན་དང་ཟུང་འབྲེལ་གྱིས་ལམ་འགག་གསུམ་གྱི་ཤོ་ཁྲལ་ཡང་བསྡུ་ལེན་ཆོག་པར། ཚྭ་རྒྱབ་དགུ་ལ་ཊམ་དཀར་གཅིག  ཚྭ་འོག་བལ་ལྡན་བཅོ་ལྔ་ལ་ཊམ་དཀར་གཉིས་རེ། གཞིས་ར་གཞིས་ལུག་བཞི་ལ་ཊམ་དཀར་གཅིག་རེ། ར་བརྒྱད་ལ་ཊམ་དཀར་གཅིག་བཅས་འཁྲི་སྒྲུབ་བྱེད་ཅིང་། མཁར་དཔོན་གཉིས་དང་ལྷན་ལ་དྭགས་ཚོང་པར་ཚོང་ཁྲལ་ཤིང་འབྲས་དོ་བོ་དྲུག་གཞུང་འབུལ་བྱེད་པ་ལས་ལྷག་འཕྲོས་གཞིས་སྒར་ལ་བདག་ཐོབ་ཆོག   དེ་དང་རང་ཁོངས་མི་སེར་ལ་དངུལ་དངོས་བུན་གཡར་བྱེད་སྲོལ་ཡོད་པ་ཡང་། སྐྱེད་ཆེའི་བུ་ལོན་དངུལ་རེར་སྐྱེད་ཊམ་དཀར་གཉིས་དང་། སྐྱེད་མེད་འཆི་མེད་ཀྱི་ནོར་ནག་བུན་གཡར་ཡང་བྱེད་དོ།། གཞན་ཆོས་ཕྱོགས་དང་འབྲེལ་བའི་ཁྲལ་འུལ་ནི། ཟླ་དང་པོའི་སྨོན་ལམ་ཉིན་བཅོ་བརྒྱད་ཀྱི་གཏོང་རྩ་གཉེར་ཚང་རང་ངོས་ནས་བྱེད་ཀྱང་། ཟླ་གཉིས་པའི་སྨན་བླའི་མདོ་ཆོག་ཡིད་བཞིན་དབང་རྒྱལ་ཉིན་བཅུའི་ཐེབས་རྩར་མཁར་དཔོན་གཉིས་ནས་འབྲུ་རུའི་ཁལ་སུམ་ཅུ་སོ་ལྔ་དང་བྲེ་ལྔ་ཕུལ་ལྔ་དང་། གཞུང་སོ་རུག་ནས་མར་ཁལ་ཉེར་གཉིས་དང་སྒར་དཔོན་གཉིས་ནས་ཇ་སྒམ་གསུམ་བཅས་སྤྲོད་དགོས། དེ་མིན་ལོ་ལྟར་བཀའ་འགྱུར་ལྗགས་ཀློག་ཐེབས་རྩར་མོན་འཚེར། གཙོ་གཙོ། གླང་ཆུ། རྒྱ་སྨུག སོག་སྨད་བཅས་ནས་རྩམ་མར་ཤ་གསུམ་གྱི་ཁྲལ་བསྡུ་ངེས་མེད་བསྡུ་སྲོལ་དང་། སྐབས་དེར་ཟླ་གཅིག་རིང་སྒར་དཔོན་གཉིས་ཀྱིས་མཆོད་རྩམ། མཆོད་མར། མཆོད་འབྲུ། བདུག་སྤོས། ཇ། འབྲས། གྲོ་ཞིབ། ཤ་བཅས་འཐུས་ཚང་འཁྲི་སྒྲུབ་གོ་སྒྲིག་བྱེད་དགོས་པ་སོགས་ཁུལ་དེའི་གཞུང་སྒེར་ཆོས་གསུམ་གྱི་ཁྲལ་བསྡུའི་འགྲོ་ལུགས་མདོར་བསྡུས་སུ་བཀོད་པའོ།། གཤམ་དུ་སྒར་རྫོང་དང་འབྲེལ་བའི་བཀའ་རྩ་ཁག་གཅིག་ངོ་སྤྲོད་ཞུ་རྒྱུར།

 

པར་རིས། 68: བོད་གཞུང་དགའ་ལྡན་ཕོ་བྲང་ནས་བསྩལ་བའི་སྒར་དཔོན་བརྗེ་ལེན་གྱི་བཀའ་ཡིག

༄༅། །འཛིན་མའི་ཁྱོན་ལ་གནས་ཤིང་རྒྱུ་བའི་སྐྱེ་རྒུ་སྤྱི་དང་། བྱེ་བྲག་མངའ་རིས་སྐོར་གསུམ་གྱི་ཆར་འཁོད་པའི་མཁན་པོ་བླ་མ་སོགས་སེར་མོ་བ་དང་། རྫོང་གཞིས་དཔོན་འགོ་རྒན་བཅུས་མཚོན་ཞི་དྲག་གི་སྣེ་མོར་མངགས་སླེབས་མཆོག་དམན་བར་པ་མཐའ་དག་ལ་སྤྲིངས་པ། སྟོད་སྒར་དཔོན་ཞེས་པ་ས་མཚམས་ཀྱི་ལས་དོན་བྱེད་པོ་གལ་གནད་ཆེ་གཤིས་ཤོད་དྲུང་གནས་གསར་བ་ཆོས་འབྱོར་དབང་རྒྱལ་འདི་བཞིན་གཞུང་ཞབས་རྙིང་ཁུངས་མ་ཟད། ཞབས་སྡོད་དུ་འབྱོར་ནས་བཀར་ཡོང་དང་། ཕྱི་ནང་ལས་ཚན་སོགས་ཐེག་པ་རིམ་འཛེགས་ཀྱི་ཞབས་འདེགས་ཆེ་ཕྲར་འཁུར་བརྩོན་ལྷག་བསམ་མི་དམན་པར་བརྟེན། ད་ལམ་སྟོད་སྒར་དཔོན་ལྕགས་སྤྲག་པ་ལྷ་གཉེར་དུ་གནས་སྤོས་ཚབ་རྒྱ་བོད་བཀའ་མོལ་གྱིས་བསྐོ་གཞག་ཐོག་ཨོ་ཧན་ཐུ་ཞེས་པའི་ཆོ་ལོས་གཟེངས་སྟོད་བགྱིས་པ་ཡིན་པས་མཚམས་ཀྱི་ལས་དོན་ཆེ་ཕྲར་དགའ་བ་བརྒྱ་ཕྲག་ལྡན་པའི་ཆབ་སྲིད་ལར་རྒྱར་དགེ་བའི་ལྷག་བསམ་མི་དམན་ངོས། མངའ་འབངས་ལ་འབམ་ཚོང་སྤུས་བསྒྱུར། རྟ་དོས་ཁྲལ་རིགས་འཕར་བསྐུལ་སོགས་ཀྱི་བརྡབས་བསིགས་(བརྡབ་གསིག་)མནར་གཅོད་དང་། ཁྲིམས་འཁྱོག་ཕྱོགས་ལྷུང་རིགས་མེད་པར་འཚོ་སྐྱོང་གང་ཆེའི་བགྱི་བ་ཡིན་ལུགས་སུ་སྤྱོད་ཅིང་། བསྟན་སྲིད་ལར་རྒྱར་འཇུག་པའི་ཞི་དྲག་གི་བཀོད་ལུང་ཇི་ལྟར་འདོམས་པ་ཡིན་ལ་མངའ་ཁུལ་སེར་སྐྱ་འགོ་དམངས་ཚང་མས་ངག་བཀོད་དང་ལེན་དགོས་རྒྱུར། ཚུལ་བཞིན་སྒྲུབ་པ་རྣམས་ལ་རྣམ་ཀུན་དགེ་བའི་སྐྱབས་འཇུག་ཀྱང་བགྱིས་པ་ཡིན། ཞེས་གོ་བར་བྱ་བའི་ཡི་གེ་ཆུ་མོ་ཡོས་ལོའི་དཀར་ཕྱོགས་ཀྱི་གྲལ་ཚེས་དགེ་བར་ཐམས་ཅད་ལས་རྣམ་པར་རྒྱལ་བ་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཆེན་པོ་པོ་ཏ་ལ་ནས་བྲིས། རྟགས་ཐམ།

པར་རིས། 69: མངའ་རིས་སྤྱི་ཁྱབ་ནས་གཞུང་ཚོང་རིམ་པར་སྩལ་བའི་བཀའ་རྒྱ།

༄༅། །གཞུང་ཚོང་རིམ་འབྱོར་ནས་ངེས་དགོས། མངའ་རིས་སྒར་དཔོན་གྱི་དོ་དམ་བྱེད་ཁོངས་བཀྲས་སྒང་གཞུང་གསོལ་རྒྱུ་རྣམས་ལ་སྔར་དུས་སྐུ་ཐར་གྲ་རྒྱས་ཡོད་སྟབས། གཞུང་ཚོང་བསྡུས་གཞུང་ལའང་སྤུ་བལ་སོགས་ཁྱོན་ཆེ་སྤྲོད་ལེན་དགོས་པ་གསལ་འཁོད་རྒྱུ། ཕྱིས་ཁོ་པ་རྣམས་ཉམས་གུད་ཅི་ཆེའི་ཐོག་་་་་དགྲ་གོད་བཅས་གཅིག་ཐོག་གཉིས་བརྩེགས་ཀྱི་རྩ་སྟོང་གྱར་ཉེར་འཚོང་(ཚོང་)ཞིབ་སྐུ་ཞབས་ཞབས་པད་ནས་རྩོལ་བས་ལག་འཛིན་ལ་འགོ་མཆན་བཀའ་ཤག་དམ་འབྱར་དགོངས་དོན་དཀར་ནག་སེམས་ཅན་ཕྲན་ཡོད་ཐོག  གསར་སྒྲུབ་མཛད་པ་བཅས་ལ་གཞུང་ཚོང་རིམ་པར་ལོ་ལོ་ཁྲལ་བལ་སྤྲོད་ལེན་དགོས་རིགས་སྔར་ལམ་སྤྲད་འཛིན་རིམ་པ་ལྟར་ལས། དེ་སྔའི་གཞུང་ཁྲ་ལག་འཁྱེར་ལ་སེམས་ཅན་སྤུ་བལ་ཁྱོན་ཆེ་གསལ་ལུགས་ཀྱི་བསྙད་བརྩེར་(གཙེར་)བརྡབས་བསིགས་(བརྡབ་གསིག་)མེད་པ་དགོས་རྒྱུ་མ་ཟད། མ་ངེས་པས་བློ་དོགས་ཡོད་ཕྱིན་གཞུང་ཚོང་གསར་པ་རིམ་འབྱོར་ནས་བསྐོར་(སྐོར་)སྤྱིར་རྒྱུ་རྐྱེན་ཞུ་སྦྱོར་དགོས་པ་མ་རྟོགས་(གཏོགས་)ཆབ་འབངས་ཐོག་གཙེར་བསུན་མེད་པ་ཚང་མས་ཡིད་འདོམས་བྱེད། བསྐོར་(སྐོར་)གསུམ་སྤྱི་ཁྱབ་ལས་རབ་ཁང་ནས་ས་ཁྱི་ཟླ་ ༨ ཚེས་ ༢༠ ལ[21] ཞེས་འཁོད།

ཁུལ་དེའི་ཁྲིམས་བདག་གི་དབང་ཚད་གཙོ་བོ་ནི་སྒར་དཔོན་ཟུང་དང་མཁར་དཔོན་ལ་ཡོད་ཅིང་། དེ་ནས་དཔོན་ཁག་གི་འགོ་དཔོན་དང་ཆོས་གཞིས་སྤྱི་སོ་ཁག་གི་དགེ་བསྐོས་སོགས་ལ་རང་ཁོངས་མི་སེར་གྱི་ཁྲིམས་གནོན་ལྟ་སྐྱོང་བྱེད་པའི་དབང་ཚད་ལྡན། ཁྲིམས་གནོན་གྱི་གཞི་འཛིན་ས་ནི་དབུས་གཞུང་ནས་གནང་བའི་བཀའ་གཏན་ཞལ་ལྕེ་རིན་པོ་ཆེ་དང་སྐབས་བསྟུན་ཡུལ་ཁྲིམས་གཏན་འབེབས་གནང་བ་རྣམས་ཡིན། དེ་ཡང་། ལོ་རེའི་གཞུང་གི་གནོན་བྱའི་ཁྲིམས་ནི་མཐའ་མཚམས་འགག་སྒོ་ཁག་ཏུ་དགྲ་ཇག་འཕྲོག་བཅོམ་དང་། ནང་ཁུལ་འཁྲུག་རྩོད་རྐུན་པོ་སོགས་ཞིབ་བཤེར་འཛིན་བཟུང་བཙོན་འཇུག་གིས་ཁྲིམས་གཅོད་བྱེད། གཞན་ཡང་སྐབས་བསྟུན་གྱི་ཁྲིམས་སུ་ཁྲལ་ཁུངས་མི་གཅིག་པའི་མི་སེར་ཕན་ཚུན་གཉེན་སྒྲིག་གི་ཁྲིམས་དང་། རི་ལུང་རྩ་ཚིག་དང་སྔོ་ཁྲིམས། ས་བརྐོ་རྡོ་སློག་དང་ཨར་ལས་འཛུགས་སྐྲུན་གྱི་ཁྲིམས་སོགས་མང་དུ་མཆིས། དེ་དག་ལས་ཉེས་དོན་ཁྲིམས་འགལ་ཆུང་ཙག་གི་རིགས་དང་ཆོས་གཞིས་མི་སེར་བར་འཁྲུག་རྐྱེན་སོགས་བྱུང་རིགས་དབུ་མཛད་དང་དཔོན་པོར་གཏུག་བཤེར་གྱིས་ཉེས་ཆད་དང་ཁྲིམས་གཅོད་བྱེད་ཆོག་ལ། གཞུང་ཆོས་དཔོན་གསུམ་ནང་འཁྲུག་གི་གཏུག་བཤེར་བྱུང་ཚེ་ཕན་ཚུན་ཚང་འཛོམས་ཀྱིས་ཁྲིམས་ཐག་གཅོད་ཅིང་། ཆོས་གཞིས་ནང་ཁུལ་གྱི་ཉེས་ཁྲིམས་རིགས་ལ། དཔེར་ན། གྲྭ་པ་སྐྱ་བབས་སོགས་བྱུང་ཚེ་ཉེས་ཆད་ཊམ་དཀར་ལྔ་བརྒྱ་ནས་དྲུག་བརྒྱ་ཙམ་དང་། སྤྱི་སོར་གྲྭ་ཆས་ཆ་ཚང་གཅིག་སྤྲད་ཐོག་ལྷ་བསང་གཏོང་དགོས། དེ་བཞིན་བཟའ་ཚང་ཁ་བྲལ་སོགས་ཀྱི་དོན་རྐྱེན་ལ་དཔོན་ཚང་རང་ནས་ཉེས་དོན་བཞིན་ཐག་གཅོད་བྱེད།[22] ཁྲིམས་གཏུག་གི་རིམ་པ་ནི་རང་ཁོངས་དཔོན་པོས་ཐག་མ་ཆོད་ཚེ་སྒར་དཔོན་ནམ་སྤྱི་ཁྱབ་ལ་ཞུ་གཏུག་བྱེད་ཆོག་ཅིང་། དེ་ནས་དབུས་གཞུང་དང་ལྷག་པར་ཉེས་དོན་ཆེ་གྲས་ཀྱི་རིགས་བཀའ་ཤག་རང་ནས་ཁྲིམས་ཐག་གཅོད་པ་ཡིན། ཁྲིམས་གཅོད་ཀྱི་རྣམ་གྲངས་ནི་ཉེས་དོན་གྱི་ངོ་བོ་ལ་ལྟོས་པའི་བཙོན་འཇུག་རྟ་ལྕག་གཞུ་བ་དང་རྒྱང་འབུད་གཏོང་བ། དངུལ་ཆད་དང་ལས་བསྐུལ་བྱེད་པ་ལས་སྲོག་ཁྲིམས་སོགས་གཏན་ནས་གཅོད་སྲོལ་མེད།

དེ་ཡང་། བོད་ཀྱི་གཏམ་དཔེར་དྲང་པོས་གཞུང་བསྲངས་ན་སྒོ་ངས་རྟ་འཁྱོག་ཅེས་བྱུང་བ་ལྟར་གཞུང་སའི་ཁྲིམས་ལུགས་ལྟར་ས་གནས་མི་སེར་གྱིས་ཞུ་གཏུག་རིམ་པར་བྱས་ན་དུས་ཡུན་འགོར་མིན་ལ་མ་ལྟོས་པར་སྔ་ཕྱིར་བདེན་པའི་མཐའ་གསལ་ཐུབ་པ་ནི། ཕྱི་ལོ་ ༡༩༢༧ ལོར་མངའ་རིས་སྒར་དཔོན་རག་རྩིས་པའི་སྐབས་སུ་རྫོང་དཔོན་ཐུབ་སྟོབས་དབང་ཕྱུག་ཅེས་པས་མི་སེར་ལ་དྲང་སྙོམས་ཉེ་རིང་དང་ཕྱོགས་ལྷུང་སོགས་གཞུང་གི་རྩ་ཚིག་ལས་འགལ་བའི་ཉེས་དོན་ཅི་རིགས་བྱུང་བ་དག་ལ། ས་གནས་མི་སེར་གྱིས་དབུས་བཀའ་ཤག་ལ་ཁྲིམས་གཏུག་བྱས་པར། རྫོང་དཔོན་ལ་རྟ་ལྕག་ཚ་ནན་དང་སྦྲགས་ལྷོ་ཤེལ་དཀར་རྫོང་དུ་གནས་དབྱུང་རྒྱང་འབུད་བཏང་ཡོད་པར་མ་ཟད། ཁོ་པའི་ནང་མི་འཁོར་བཅས་ཀྱིས་ཁྲིམས་ནད་མ་འཁྱོགས་པར་ཇུས་ངན་རིམ་པར་སྤེལ་བར་མི་སེར་ནས་ཞུ་གཏུག་བྱུང་བས། ཕྱི་ལོ་ ༡༩༣༡ ལོར་རྩེ་དྲུང་བལ་པོ་དང་རྩ་རྫོང་བྲག་དཀར་དབང་ཕྱུག་སྐྱ་སེར་གཉིས་བཀའ་ཞིབ་ཏུ་མངག་གཏོང་བྱས་ཀྱང་། རྩེ་དྲུང་བལ་པོས་ཉེས་ཅན་དང་ལྐོག་ངན་གབ་ཇུས་ཀྱིས་ཁྲིམས་འཁྱོག་བྱུང་བར། མི་སེར་ནས་བཀའ་ཤག་ལ་སླར་ཡང་ཞུ་ནན་ཁྲིམས་གཏུག་བྱས་པས། བཀའ་ཤག་གིས་བརྒྱ་དཔོན་གཅིག་དང་བོད་དམག་ཉི་ཤུ་ཆེད་གཏོང་ཐོག་སྒར་དཔོན་གྱི་རྒྱབ་གནོན་དགོས་པའི་བཀའ་རྒྱ་དང་བཅས། རྩེ་དྲུང་བལ་པོས་གཙོས་པའི་ཉེས་ཅན་གཉའ་རེངས་རྣམས་ཁྲིམས་ཀྱི་གཉའ་ཤིང་གི་འོག་ཏུ་བཅུག་ཡོད་པའི་ལོ་རྒྱུས་ལས།[23] ཁུལ་དེའི་ཁྲིམས་གནོན་གྱི་ལམ་ལུགས་བྱ་སྤུ་གནོན་གྱི་ཚུལ་དུ་བྱས་ཆོག་པ་ལམ་ཙམ་ཤེས་ནུས།

 

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1].  བྱང་གནམ་མཚོའི་ཉེ་འགྲམ་དུ་འཚོ་སྡོད་བྱེད་མཁན་གནམ་རུའི་མི་རྒྱུད།

[2].  རི་དྭགས་གཙོད་ཁྱུ་མང་པོའམ་ཚོ་མང་པོ་གནས་སྡོད་བྱེད་པས་དེ་ལྟར་ཐོགས།

[3].  མོན་པའི་མཚེར་སའམ་སྡོད་གནས་ཏེ་ལྷོ་འབྲུག་པ་བཀའ་བརྒྱུད་ཀྱིས་གངས་རིན་པོ་ཆེའི་སྐུ་མདུན་གང་སར་འཛིན་སྐྱོང་བྱེད་སྐབས་ཁོང་ཚོའི་འབྲོག་ས་ཡིན་པས་མིང་དེ་ལྟར་བྱུང་།

[4]. སྒར་དགུན་ས།

[5].  སོག་སྟོད་དང་སོག་སྨད་ནི་དུས་རབས་བཅུ་བདུན་པའི་མཇུག་ཏུ་བོད་སོག་དཔུང་དམག་གིས་གུ་གེ་དང་། སྤུ་ཧྲེང་། རུ་ཐོག་སོགས་སྡེ་པ་གཞུང་གི་འོག་ཏུ་བཅུག་རྗེས་སྟོད་མངའ་རིས་སྒར་དཔོན་ཞེས་པའི་སྲིད་འཛིན་སྡེ་ཚན་བཙུགས་ཤིང་། དེར་ཕྱི་མཐའི་རྒྱལ་ཕྲན་དང་ཚོ་པ་སོགས་ཀྱི་བཙན་འཛུལ་བྱས་ཚེ་སྲུང་བའི་སླད་དུ་སོག་པོའི་དཔུང་དམག་མི་གྲངས་ལྔ་བཅུ་ཙམ་བཞག་ཡོད་པ་དེ་ཚོའི་རྒྱུད་པ་ཡིན་པས། ཡུལ་དེའི་མིའི་བྱད་གཟུགས་ཀྱང་འགྲམ་པ་ཆེ་ལ་མིག་ཆུང་བ་སོགས་སོག་པོ་དང་ཤིན་ཏུ་འདྲ་ལ་ལོ་གསར་ཡང་སོག་ལོ་གཏོང་།

[6].  བཀྲ་ཤིས་སྒང་དགོན་པའི་འཁྲིས་སུ་མཆིས།

[7].  ཡུལ་གཞན་ནས་ཡུལ་གྱར་དུ་ཡོང་ནས་དེར་རུབ་བསྡུས་ཀྱིས་བསྡད་པས་དེར་གྲོང་གསར་ཞེས་བྱུང་ངོ་།།

[8].  གླང་དམར་པོ་ཆགས་ཤིང་རྒྱུ་བའི་གནས་དེའི་ཡུལ་ལྷར་མེས་པོ་སྦྱོར་ཞེས་དབྱར་ས་དང་དགུན་ས་གཉིས་ཀྱི་ས་མཚམས་ལུང་པའི་འགག་སྒོར་ཆགས།

[9].  བྲག་གྱམ་ནང་ལ་མུག་གུ་སྟེ་ཕུག་རོན་མང་པོ་སྡོད་ཀྱི་ཡོད་པས་སོ།།

[10].  ཡུལ་མིའི་བཤད་རྒྱུན་དུ་སྔར་བསྐལ་བ་ཆགས་པའི་སྐབས་སུ་གླང་བཅུ་གླིང་མཚོའི་ནང་ནས་གླང་པོ་ཆེ་བཅུ་ཐོན་ནས་གླང་ལུང་སྦུབ་ཏུ་ཐིམ་པས་མིང་དེ་ལྟར་བྱུང་ཞེས་ཟེར་རྒྱུན་འདུག  དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་ནང་གནའ་རྫས་རྙིང་མ་རྫ་ཆས་སྣ་ཚོགས་དང་ལྕགས་རིགས་ཀྱི་ཡོ་ཆས་རྙིང་པ་མི་ཉུང་བ་ཞིག་ས་འོག་ནས་ཐོན་པས་ཡུལ་འདི་ལོ་རྒྱུས་རིང་པོ་ཡིན་པར་མངོན།

[11].  ཆོས་འབྱུང་མཁས་པའི་དགའ་སྟོན་ནང་ལ་སྔར་ཞང་ཞུང་རྒྱལ་རབས་སྐབས་རྒོད་ཚང་སྟོད་སྨད་གཉིས་ཀ་སུམ་པ་རུའི་ཁོངས་སུ་གཏོགས་ཀྱི་ཡོད་པར་བརྗོད་ལ།དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་པའི་ནང་དེར་གནའ་རྫས་རྙིང་པ་མང་པོ་ཐོན།

[12].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦། ཤོག ༧༠།

[13].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་ལོ་རྒྱུས་བསྡུ་རུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦། ཤོག ༢༢༠།

[14]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦། ཤོག ༧༠།

[15].  དིང་རི་རྒྱ་ཕོག་ཅེས་པ་ནི་གོར་རྒྱལ་ཛངྒ་བྷ་དུར་རཱ་ཎའི་སྲིད་དབང་དུས་སྐབས་ཏེ། ཕྱི་ལོ་ ༡༨༥༤ ལོར་བྱུང་བའི་གོར་བོད་དབར་དམག་འཁྲུག་ཡུན་རིང་བྱུང་ཞིང་། མཐར་ཕྱི་ལོ་ ༡༨༥༦ ཟླ་ ༣ ཚེས་ ༢༤ ཉིན་ཀ་ཐ་མན་གྲུར་གོར་བོད་རྒྱལ་ཁབ་གཉིས་ཀའི་དབང་ཆ་ཚ་ཚང་ལྡན་པའི་སྐུ་ཚབ་ཁག་གིས་ཆིངས་གྲོས་ལྟར། བོད་ནས་གོར་ཥ་རྒྱལ་པོར་རྟེན་འབུལ་(Salami)བལ་དངུལ་སྒོར་ ༡༠,༠༠༠ རེ་སྤྲོད་རྒྱུའི་ཁས་བྱས་པ་དབུས་གཙང་རྫོང་གཞིས་རྒྱ་ཁྱབ་ལ་སྐོར་རེས་ཀྱིས་འཁྲི་སྒྲུབ་བྱེད་པའི་ཆིངས་དངུལ་ལ་གོ་བ་ཡིན།

[16].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་ལོ་རྒྱུས་བསྡུ་རུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦། ཤོག ༦༨།

[17].  སྒར་དབྱར་ས་དང་དགུན་སའི་གཞུང་ཁང་སོགས་ལ་ལོ་ལྟར་ཟླ་ཡུན་གཉིས་རིང་ཉམས་གསོ་བྱེད་པར་མི་གྲངས་སུམ་ཅུ་སོ་གཉིས་ཙམ་བསྐུལ་སྲོལ་མཆིས།

[18].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་ལོ་རྒྱུས་བསྡུ་རུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦། ཤོག ༧༢།

[19].  གཞུང་པ་ཚེ་རིང་ཆོས་འཕེལ། གངས་ཏི་སེའི་ཕྱོགས་བཞིའི་ཆུ་བོ་ཁ་འབབ་རྣམ་བཞིའི་བབས་རྒྱུན་དང་། མངའ་རིས་སྐོར་གསུམ་གྱི་བྱུང་རབས། ཁྱབ་ཁོངས་བཅས་ཀྱི་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར། དཔེ་སྐྲུན་ཁང་གི་མིང་བཀོད་མི་འདུག ཕྱི་ལོ་ ༢༠༡༦། ཤོག ༡༩༩།

[20].  གཞུང་པ་ཚེ་རིང་ཆོས་འཕེལ། གངས་ཏི་སེའི་ཕྱོགས་བཞིའི་ཆུ་བོ་ཁ་འབབ་རྣམ་བཞིའི་བབས་རྒྱུན་དང་། མངའ་རིས་སྐོར་གསུམ་གྱི་བྱུང་རབས། ཁྱབ་ཁོངས་བཅས་ཀྱི་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར། ཕྱི་ལོ་ ༢༠༡༦། ཤོག ༢༠༡།

[21].  Document 0827_LTWA_190827b_LTWA_19.

[22].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་ལོ་རྒྱུས་བསྡུ་རུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦། ཤོག ༢༧༡།

[23].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། ཤོག ༡༠༦-༡༠༨།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།