མངའ་རིས་ལོ་རྒྱུས་ལས། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་དང་། ཞིང་འབྲོག་ཐོན་ཁུངས། གནའ་ཤུལ་དང་དམངས་སྲོལ།

མངའ་རིས་ལོ་རྒྱུས་ལས། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ་དང་། ཞིང་འབྲོག་ཐོན་ཁུངས། གནའ་ཤུལ་དང་དམངས་སྲོལ།

ལེ་ཚན་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

དང་པོ། ཡུལ་སྡེ་ཆེ་ཁག

སྒར། སྒར་དབྱར་ས། གཙོད་ཚོ། བདེ་མཆོག རྒོད་ཚང་སྟོད། རྒོད་ཚང་སྨད། གྱམ་སྨུག ལྕང་སྡོང་། གླང་བཅུ། གླང་དམར། མོན་འཚེར། གནམ་རུ། སོག་སྟོད། སོག་སྨད། ཐང་རྭ། བཀྲ་ཤིས་སྒང་། འུག་ཚང། ཞིང་ག་གོང་། ཆུ་མིག་ཤར། དོ་པོ་སྔོན་ཆུང་། ཆུ་ཁ་གྱེན། སྤོག་ཆེན། ཀོ་ལོགས། འབྲོག་ས་ལ་ཆུ་གསུམ་མདོ་དང་། པར། གུ་རུ་གྱམ་དགོན་པ། དེའུ་ཁྲ་བོ། ཏོག་པོ་སྔོ་རི། མདུང་རྩེ་སོགས་ཡོད་འདུག[1]

གཉིས་པ། རི་དང་། ལ། མཚོ། གཙང་པོ།

སྒར་རྫོང་ཁོངས་སུ་སྒོ་ལ་རྩེ་གསུམ་རི་དང་། ནག་ཁྲ་རི། ལ་བོ་ཆེ་ལ། བྱ་རྒོད་ལ། རྒྱུགས་རི་ལ། པར་ཕུག  ཨ་ཀོ་པུ་རི། མགོན་པོ་རི། གཡུང་དྲུང་རི། ཚིར་མཐའ་རི། གྲ་མ་རི། མཁར་ལྷས་རི། རྒྱ་དམར་རི། དགུན་རི། བེན་སུ་རི། གྭ་ཕུ་རི། རོང་ལྷས་རི། ལྷ་རི། བྲག་རྒྱ་རི་རྒྱུད། ཨ་ཡི་རི་རྒྱུད། སྐམ་སངས་ལ། གཉན་མོ་ལ། སྤར་ར་ལ། བྱ་རྒོད་ལ། ཨ་ཡི་ལ། ངང་ཁྲལ་ལ། དུག་ལ། ལུང་དཀར་ལ། གཉན་ལུང་ལ། ལྡིང་ར་ལ། སྲུབ་ར་ལ། སྔོ་ལུང་ལ། རྟེང་ཁ་ལ། ཕྱོགས་ཁ་ལ། འོར་སྔོན་ལ། བྱིའུ་ལ། དཀར་པོའི་ལ། གུང་གོ་ལ། དབྱར་དགུན་ལ། སྒར་རྫོང་ལ། དབྱར་ཆུང་ལ། སྦོགས་གོང་ལ། བྲག་གོང་ལ། སྤོས་ལུང་ལ། འབུར་རྩེ་ལ། མ་ནེ་ཁར་ལ། འུར་དར་ལ། མིག་རིལ་ལ། ཆུ་མིག་ལ། གྲུ་ཀྱོག་ལ། ལུང་རིང་ལ། ནུབ་མ་ལ། གྲིབ་ཆུ། སློ་མོ་ཆེ་ཆུ། སྤར་ར་ཆུ། སྒོར་རྫོང་ཆུ། འུམ་ཐུང་ཆུ། དབྱར་ཆེན་ཆུ། ཐར་ཆང་ཆུ། སྒར་གཙང་པོ། གླང་བཅུ་གཙང་པོ། ཁྲི་ཚོ་གཙང་པོ། སེང་གེ་གཙང་པོ། ངང་པ་མཚོ། སྔ་རྒྱུད་མཚོ། ཆུ་མིག་མཚོ། གླང་ཆུང་མཚོ་སོགས་མཆིས།

དེ་དག་ལས་སྒོ་ལ་རྩེ་གསུམ་རི་བོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་སྟེ། སྒར་རྫོང་དང་རྩ་མདའ་རྫོང་ས་འབྲེལ་གྱི་མཚམས་སུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༦༡༡༢ སར་གནས་ཡོད་པ་དང་ལོ་ཧྲིལ་པོར་གངས་ཀྱིས་གཡོགས། དེ་བཞིན་ལ་བོ་ཆེ་ནི་སྒར་རྫོང་དང་རྩ་མདའ་གཉིས་ཀྱི་ས་མཚམས་སུ་ཆགས་ཞིང་། ལ་དེར་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༣༧༣ ཡོད་ཅིང་ལའི་གཞོགས་གཉིས་སུ་རང་བྱུང་འབྲོག་ས་ཡོད། གང་ལ་ཁྲ་ནག་རི་དང་། བྱ་རྒོད་ལ། རྒྱུགས་རི་ལ་གསུམ་ནི་རྫོང་གི་ལྷོ་ཤར་དུ་གནས་ཤིང་གཞོགས་གཉིས་ལ་རང་བྱུང་འབྲོག་ས་ཡོད་པ་མ་ཟད། དེ་ལས་རྒྱུགས་ཁྲི་ལའི་འོག་ཏུ་དེ་སྔ་མངའ་རིས་སྒར་དཔོན་གྱིས་ལོ་རེའི་རྟ་རྒྱུག་གི་གཟིགས་མོ་གཟིགས་སའི་སྡིངས་ཆ་ཡོད་ཅིང་། ལ་དེར་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༨༧༢ དང་རི་འདབས་སུ་རྩྭ་ཆུ་འཛོམས་ཤིང་མཛེས་སྡུག་ལྡན་པའི་རང་བྱུང་འབྲོག་ས་ཆགས།[2]

གཞན་ཡང་། གོང་གསལ་གཙང་པོ་རྣམས་ལས་སེང་གེ་གཙང་པོ་ཡང་སྒར་རྫོང་གི་གནས་ཡུལ་ཁུལ་ནས་རྒྱ་གར་ཕྱོགས་སུ་འབབ་ཅིང་། དེའི་ཆུ་ལག་ཆེ་གྲས་སྒར་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་རྒྱུག་ཅིང་གཙང་པོའི་ཆུ་མགོ་གངས་ཏེ་སེའི་ལྷོ་འདབས་དགེ་རྒྱས་རྫོང་ནང་ཐུག་ཡོད། གཙང་པོ་དེའི་རིང་ཚད་ལ་སྤྱི་ལེ་ ༡༩༦ དང་རྒྱུག་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༦༠༦༠ ཆུ་བོའི་འབབ་ཁུལ་དུ་སྒར་རྫོང་གི་རང་བྱུང་འབྲོག་ས་གཙོ་བོ་རྣམས་དང་། དེ་མཚུངས་སེང་གེ་གཙང་པོའི་ཆུ་ལག་གླང་བཅུ་གཙང་པོ་ཡང་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་རྒྱུག་ཅིང་། གཙང་པོའི་རིང་ཚད་ལ་སྤྱི་ལེ་ ༧༥ དང་རྒྱུག་ཁུལ་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༣༠༠ དང་རང་བྱུང་འབྲོག་ས་སྤུས་ལེགས་ཆགས་ཡོད་པ་བཅས་སོ།།[3]

 

ལེ་ཚན་བཞི་པ། ཞིང་འབྲོག་ཁྱད་ལྡན་ཐོན་ཁུངས།

སྒར་རྫོང་གི་དཔལ་འབྱོར་གཙོ་བོ་འབྲོག་ལས་ཡིན་ཞིང་། རྫོང་དེར་རྨོ་ཞིང་མུའུ་ཁྲི་ ༠.༨༩ ཡོད་པ་ལས་ཐོན་སྐྱེད་གཙོ་བོ་ནས་དང་། དཔྱིད་གྲོ། སྲན་མ་སོགས་དང་། སྒོ་ཕྱུགས་སུ་འབྲི་གཡག ར་ལུག རྟ་སོགས་གསོ་སྐྱོང་བྱེད། རྫོང་དེ་ནི་ས་ཁད་མཐོ་བའི་དབང་གིས་སྐམ་ཤས་ཆེ་ལ་ཆར་ཆུ་དཀོན་པ། གནམ་གཤིས་འགྱུར་ལྡོག་ཆེ་བས་གཙང་པོ་གཉིས་ཀྱི་ཆུ་རྒྱུད་དུ་ཞིང་ལས་ཐོན་སྐྱེད་བྱེད་པ་ཕུད་མང་ཆེ་བར་འབྲོག་སའམ་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་ཡིན། སྒར་རྫོང་ཁུལ་གྱི་མི་རིགས་ལག་ཤེས་ལས་རིགས་ཐད་ཁྱིམ་ཚང་གི་ལག་ཤེས་ཉུང་ཤས་ཙམ་ཡིན་ཅིང་། གཙོ་བོ་སྣམ་བུ་དང་ཤིང་ཕོར་སོགས་ཉིན་རེའི་འཚོ་བའི་མཁོ་ཆས་རྣམས་བཟོ་སྐྲུན་བྱེད་པ་ལས་ཕྱིར་ཚོང་ཐོན་དངོས་རྒྱ་ཆེར་མེད། དམིགས་བསལ་ཐོན་རྫས་གཙོ་བོ་སྣ་མང་མཐོ་སྒང་འབྲོག་ལས་ཐོན་རྫས་དང་ཉ་སོགས་ཡིན། །

 

ལེ་ཚན་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།

སྲོག་ཆགས་ཀྱི་རིགས་གཙོ་བོ་སྤྱང་ཀི་དང་། གཟིག  འབྲོང་། གཉེན། རྐྱང་། དོམ་ནག  གཡི། དགོ་བ། གནའ་བ། ཝ། གཙོད། འཕྱི་བ། དྲེད་མོང་། སྦྲེ་སེ། རི་བོང་། ཕུ་སེ། ཨ་བྲ། ཁྲུང་ཁྲུང་སྐེ་ནག ལྷ་ཁྱི་སོགས་ཡོད།[4] རྩི་ཤིང་ཐོན་ཁུངས་ལྕགས་ཚེར། གངས་ལྷ་མེ་ཏོག  གྲ་མ། པུར་ཀར། རྒྱབ་ཤན། ཚེ་མོང་། ལ་ཆུ། སྙ་ལོ། ས་འབྲས། སྐྱི་ཡོ། ཀལ་གདང་། གྲོ་མ། འོམ་བུ། ཆུ་ལྕང་། ལང་ཏང་། འབུར་རྩེ། ཧྲུའུ། རྒྱ་སྐྱེགས་བཅས་ས་མཐོའི་ཁྱད་ཆོས་ལྡན་པའི་རྩི་ཤིང་དང་རྩྭ་སྣ་གྲངས་ཀྱིས་གཞལ་བར་མ་མཆིས་པ་དུ་མ་སྐྱེ།[5] རྫོང་དེར་མིག་སྔར་ཤེས་རྟོགས་བྱུང་བའི་གཏེར་རིགས་རྡོ་སོལ་དང་ཚ་ལ། ཚྭ། ལྕགས། ཞ་ཉེ། གསེར། ཆུ་ཤེལ་རྡོ་སོགས་ཐོན་གྱི་ཡོད་འདུག་གོ།[6]

 

ལེ་ཚན་དྲུག་པ། དགོན་སྡེ་དང་། གནའ་ཤུལ།

དང་པོ། དགོན་སྡེ།

ཨང་། དགོན་པའི་མིང་། བཞེངས་དུས། བཞེངས་མཁན། ཆོས་བརྒྱུད།
གུ་རུ་གྱམ་དགོན། ཕྱི་ལོ་ ༡༩༣༦།   བོན་པོ།
གྱག་སྨུག་ལྷ་ཁང་། དུས་རབས་ ༡༩། བླ་མ་ནོ་ནོ། བཀའ་བརྒྱུད།
དྲི་མདའ་སྤོས་རི་དགོན། དུས་རབས་ ༡༧། སྒོམ་ཆེན་བསོད་ནམས་བཟང་པོ། འབྲུག་པ་བཀའ་བརྒྱུད།
གད་རྫོང་དགོན།   ཞབས་དྲུང་ངག་དབང་རྣམ་རྒྱལ། བཀའ་བརྒྱུད།
སྒར་མདུན་ཆུ་དགོན། དུས་རབས་ ༡༧། སྒོམ་ཆེན་ཆོས་ཉིད་བཟང་པོ། དགེ་ལུགས།
བཀྲ་ཤིས་སྒང་། ཕྱི་ལོ་ ༡༦༨༣།1 སྟག་ཚང་རས་པ་གྲགས། དགེ་ལུགས།

གཉིས་པ། གནའ་ཤུལ།

མཁར། བང་སོ། དུར། གནས། ས་གནས། མཆན།
མཁར། ཕིང་སེར་པོ་མོན་མཁར། སྒར་ལུང་གཤོངས་ཀྱི་ཐོད། ཁུལ་དེའི་གནའ་ཤུལ་དེ་དག་ལ་གཞིགས་ཚེ། སྔ་མོ་མི་ཁྱོན་ཆེན་ཁུལ་དེར་གཏན་སྡོད་བྱ་ཡུལ་ཞིག་ཡིན་པ་མངོན་དཔག་བྱེད་ཐུབ། དེ་སྔ་དགའ་ལྡན་ཕོ་བྲང་གི་དམག་སྤྱི་དགའ་ལྡན་ཚེ་དབང་གིས་དམག་སྤྱི་ལས་ཁུངས་བཙུགས་མྱོང་།
མཁར། མཆོང་གོག་མོན་མཁར། ཐང་ལྕང་གྲོང། གྱང་གོག་ཆེན་པོས་མཐའ་ནས་སྐོར་བའི་གནའ་ཤུལ་དེ་ནི་ནང་ཆོས་དར་རྗེས་ཀྱི་ཁང་ཤུལ་དུ་མཐོང་ཞིང་། དེ་ཡང་དམག་དང་འབྲེལ་བ་མེད་པའི་མཁར་རྫོང་ཙམ་ཞིག་ཡིན་པར་སྣང་།
མཁར། མ་ལུང་མཁར། ཐར་ལུང་གྲོང། མཁར་དེ་ནི་ཐར་ལུང་གཙང་པོའི་གཡས་ཕྱོགས་སུ་ཡོད། གནའ་བོའི་བཟོ་བཀོད་སོགས་ཀྱིས་ཕྱུག་པ་ལས་དེ་མིན་གསལ་ཁ་མ་རྙེད།
མཁར། ཨར་གོག་མཁར། དགུན་ས་གྲོང། གནའ་བོའི་མཁར་ཤུལ་དེར་ཡིག་ངག་གཉིས་ཐོག་ནས་གསལ་ཁ་མ་རྙེད་ཀྱང་། བཟོ་བཀོད་དང་རྒྱུ་ཆ་སོགས་ལ་བལྟས་ཚེ་ཞང་ཞུང་མོན་གྱི་བཙན་མཁར་གྱི་རིགས་ཡིན་པར་སེམས་ཞེས་འཁོད།
མཁར། ཞིང་ཁ་གོང་། དགུན་ས་གྲོང་། གནའ་ཤུལ་དེར་ཨ་རོང་མོན་གྱི་ཁང་རོ་ཞེས་ཀྱང་ཟེར། ས་དེར་ཁང་མིག་ཆུང་ངུ་བརྒྱ་སྐོར་གྱི་ཤུལ་ཙམ་ཞིག་ཡོད་པ་དེ་དག་ནི་སྔར་མོན་རིགས་གནས་སྡོད་བྱས་མྱོང་ལ་ཞིང་ལས་དེང་ལས་ལྷག་པ་བྱས་པར་མངོན།
མཁར། ཁྱུང་ལུང་དངུལ་དཀར། མོན་འཚེར་གྲོང། སྙན་གྲགས་ཅན་གྱི་མཁར་ཤུལ་དེ་སྔར་ཞང་ཞུང་རྒྱལ་རབས་ཀྱི་བཞུགས་གནས་གཙོ་བོ་ཡིན། རྩ་མདའ་རྫོང་ཁོངས་སུ་ཁྱུང་ལུང་དངུལ་དཀར་ཡོད་པ་མངའ་རིས་ཆོས་འབྱུང་ནང་གསལ་བ་བཞིན་རྩ་མདའ་རྫོང་ཁོངས་སུ་བྲིས་ཡོད་པས་དཔྱད་པར་ཞུ།
ཕུག་པ། གུ་རུ་གྱམ་བྲག་ཕུག མོན་མཚེར་གྲོང། གུ་རུ་གྱམ་ནི་གླང་ཆེན་ཁ་འབབ་ལུང་གཤོངས་ཀྱི་སྐད་གྲགས་ཆེ་བའི་བྲག་རི་ཞིག་ཡིན། ཁུལ་དེར་ཉུང་མཐར་བྲག་ཕུག་བཅུ་གཉིས་ཙམ་ཡོད་ལ། རི་ཁྲོད་གཙོ་བོ་ནི་གཡུང་དྲུང་རིན་ཆེན་འབར་བའི་སྒྲུབ་ཕུག་ཅེས་པ་དེ་ཡིན། གུ་གྱམ་དགོན་ཞེས་དགོན་པའི་སྡེ་ཁོངས་སུའང་ཡོད།

ལེ་ཚན་བདུན་པ། དམངས་སྲོལ།

དང་པོ། དུས་སྟོན་དམངས་སྲོལ།

དེ་སྔ་ཁུལ་དེར་ལོ་རེའི་བོད་ཟླ་བདུན་པའི་ཚེས་བཅུ་གཉིས་ནས་སྒར་འཆར་ཅན་ཞེས་པ་རྒྱལ་པོ་དགའ་ལྡན་ཚེ་དབང་གཡུལ་ལས་རྒྱལ་བའི་རྟེན་འབྲེལ་མཚོན་དོན་དུ་བསྐོང་ཚོགས་བྱེད་མོད། དུས་ཕྱིས་ཁྲལ་བསྡུའི་ལས་དོན་སྟབས་བདེ་ཡོང་སླད་བོད་ཟླ་བརྒྱད་པའི་ཚེས་གཅིག་བར་ཕྱིར་འགྱངས་ཀྱིས་ཚོགས་སྲོལ་ཆགས། དུས་སྟོན་དེ་ནི་མངའ་རིས་སྒར་ཁུལ་གྱི་གཞུང་འབྲེལ་དུས་སྟོན་ཆེ་ཤོས་དེ་ཡིན་ལ། བདུན་ཕྲག་གཅིག་རིང་རྫོང་གཞིས་དཔོན་ཁག་ཕན་ཚུན་འཆོང་རྒྱུག་འཕེན་གསུམ་དང་། གླུ་བྲོ་སྐོར་གསུམ་གྱི་འགྲན་བསྡུར། སྒར་དམག་གི་དམག་རྩེད་རྔམ་སྟོན་གྱིས་མེ་བྱ་རྟ་གཞུང་ཞེས་སྐོར་གསུམ་དམག་ཐོ་རྩིས་བཤེར་སོགས་བྱེད་སྒོ་སྣ་ཚོགས་ཤིག་སྤེལ་གྱི་ཡོད། དུས་སྟོན་དེར་སྒར་དཔོན་གོང་འོག་གཉིས། མཁར་དཔོན་གཉིས། གཞུང་གཉེར་གཉིས། མགྲོན་གཉེར་གཉིས། རྫོང་བཞི་དཔོན་ཁག་དྲུག  ཆོས་གཞིས་དགོན་སྡེ་ཁག་གི་སྐུ་ཚབ། སོག་སྨད་འགོ་བ་གཉིས། འདུ་ཁོངས་འགོ་བ་བཞི། གཞུང་ཚོང་། ཚྭ་ཤོ་གཉིས། རག་ཤར་དཔོན། གུང་རུ། གཡོན་རུ། གཡས་རུ་སོགས་སྐྱ་སེར་ཞི་དྲག་དཔོན་རིགས་དང་། དེ་རྣམས་ཀྱི་ཁྱབ་ཁོངས་ཡུལ་སྡེ་མི་སེར་འབྱོར་ཕྱུག་དྲག་ཞན་འབོར་ཆེན་ལྷན་འཛོམས་ཀྱིས་སྲུང་བརྩི་ཟབ་རྒྱས་ཞུ་སྲོལ་མཆིས།[7]

བོད་ཟླ་ལྔ་པའི་ཚེས་ ༥ ལ་བཀྲིས་སྒང་དགོན་པར་རྒྱལ་པོ་དགའ་ལྡན་ཚེ་དབང་གི་མཛད་རྗེས་དྲན་གསོར་གཞུང་ཆོས་མི་མང་ཚང་འཛོམས་གྱི་རྟ་རྒྱུག་དང་ཤོན་བྲོ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་སྲོལ་ཡོད། བོད་ཟླ་ ༡༠ ཚེས་ ༢༥ དགའ་ལྡན་ལྔ་མཆོད་སྲུང་བརྩི་དང་སྦྲགས། སྒར་ལྷ་མོ་ཁང་དུ་སོག་སྟོད་སྨད་ཀྱི་དམག་མིས་རྟ་རྒྱུག་གི་སྟོན་མོ་དང་ཤོན་མ་རྣམས་ཀྱིས་ཤོན་རྩེད་བྱེད་སྲོལ་འདུག གཞན་ཡང་། སྒར་གྱི་ཡུལ་ལྷ་སྟག་ལྷ་མེ་འབར་ཞེས་པ་ཟླ་རེར་གསོལ་མཆོད་དགོས་པར་མ་ཟད། སྒར་དཔོན་རིམ་བྱོན་ནས་འབྱོར་ཕྱག་དང་ཐོན་ཕྱག་ཞུ་སྲོལ་ཡང་མཆིས། ཁུལ་དེར་ལོ་ལྟར་ཟླ་ ༣ ཚེས་ ༢༢ ཉིན་ཡུལ་སྡེའི་མི་སེར་ཡོངས་ནས་གཟབ་འཆོར་སྤྲས་ཤིང་། སྐུ་ལྷ་དཀར་གསོལ་དང་། སྟག་ལྷར་བཙག་གསོལ། དར་ཆེན་སྐུ་བཞེངས་སོགས་དུས་སྟོན་ཚང་མ་ཆོས་ཕྱོགས་དང་འབྲེལ་ཡོད་ཤ་སྟག་ཡིན་འདུག

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1]. (1)武振华.西藏地名.中国藏学出版社1995年.

(2)བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས།བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་༡༩༧༩། ཤོག ༢༦༢།

[2]. 武振华.西藏地名.中国藏学出版社1995年.

[3]. 武振华.西藏地名.中国藏学出版社1995年.

[4]. གངས་རི་བ་ཆོས་དབྱིངས་རྡོ་རྗེ། མངའ་རིས་སྐོར་གསུམ་གྱི་སྔོན་བྱུང་ལོ་རྒྱུས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༩༦། ཤོག ༧༦།

[5]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་ཐུབ་བསྟན་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦། ཤོག ༧༧།

[6]. 西藏自治区土地册,西藏自治区测绘局,中国地图出版社出版.1996. Pg 141.

[7].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་ལོ་རྒྱུས་བསྡུ་རུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༥༧-༦༠། ཞིབ་པར་གསལ།

 

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།