མངའ་རིས་ལོ་རྒྱུས་ལས་རྩ་ཧྲེང་རྫོང་གི་རྫོང་གི་མིང་དང་ས་བབ་ཆགས་ཚུལ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན་སྐོར།

མངའ་རིས་ལོ་རྒྱུས་ལས་རྩ་ཧྲེང་རྫོང་གི་རྫོང་གི་མིང་དང་ས་བབ་ཆགས་ཚུལ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན་སྐོར།

ས་བཅད་གསུམ་པ། རྩ་ཧྲེང་རྫོང་།

ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།

དང་པོ། རྩ་ཧྲེང་རྫོང་གི་མིང་ཐོགས་ཚུལ།

སྔོན་གྱི་ལོ་རྒྱུས་ཡིག་ཚགས་སུ་ཁུལ་དེར་རྩ་ཧྲེང་ཞེས་པའི་དོད་དུ་རྩ་རང་ཞེས་གསལ། དེ་མིན་ཤང་རྩེ་རྫོང་ཞེས་ཀྱང་འབོད་སྲོལ་མཆིས།[1] རྩ་ཧྲེང་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་དམག་དཔོན་དགའ་ལྡན་ཚེ་དབང་གིས་མངའ་རིས་ཁུལ་དབང་སྒྱུར་གནང་བ་ནས་ཐོགས་པར་བཞེད། དེ་ཡང་《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན།》ལས། དགའ་ལྡན་ཚེ་དབང་གིས་མངའ་རིས་ཁུལ་ནས་ལ་དྭགས་རྒྱལ་པོའི་བཙན་ཤུགས་མཐར་སྐྲོད་ཀྱིས་ཕྱིར་འཁོར་རྗེས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཁོང་ལ་མངའ་རིས་ཕྱོགས་སུ་དཔུང་འཇུག་བྱེད་སྐབས་དཀའ་བ་ཇི་ལྟར་བྱུང་མིན་སྐོར་བཀའ་འདྲི་ཞུས་པར།

རྩ་རང་ལ་སླེབས་ནས་དགྲ་བོ་རིམ་གྱིས་ཚར་གཅོད་བྱེད་དུས་སྤུ་གྲིས་རྩྭ་ཧྲེང་ཧྲེང་གཅིག་བཅད་པ་ལྟར་བྱུང་ཞེས་གསུངས་པ་ལ་བརྟེན་ནས། བོད་སྡེ་པ་གཞུང་གི་གཞུང་ཡིག་དང་བཀའ་རྒྱ་ཚང་མར་རྩ་རང་ལ་རྩ་ཧྲེང་ཞེས་བརྗོད་འགོ་ཚུགས།[2] ཞེས་གསལ། འོན་ཀྱང་། མངའ་རིས་ཁུལ་གྱི་ཡུལ་མིའི་ཁ་རྒྱུན་དུ་རྩ་རང་ཞེས་འབོད་པ་ལས་རྩ་ཧྲེང་ཟེར་སྲོལ་མེད།[3]

གཞན་ཡང་དེང་ཁུལ་དེར་རྩ་མདའ་ཞེས་རྩ་ནི་དེ་སྔའི་རྩ་ཧྲེང་རྫོང་གི་རྩ་སྟེ།(དག་ཆ་དངོས་རྩྭ་ཡིན་ཀྱང་རྩ་ཞེས་བྲི་རྒྱུར་གོམས།)ཁེར་རྐྱང་ཞེས་པའི་དོན་དང་། མདའ་ནི་དེ་སྔའི་མདའ་པ་(མདའ་འཕེན་མཁན་གྱི་དོན་ལ་གོ)རྫོང་གི་མིང་ཟུར་དང་ལྷན་གཅིག་ཏུ་བསྡོམས་ནས་རྫོང་གཅིག་ཏུ་བསྒྱུར་ཡོད།

 

གཉིས་པ། རྩ་ཧྲེང་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།

བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིན་ཞག་ ༤༧ ལེ་དབར་ ༣༢༩༠[4] སར་ཡོད་པའི་རྩ་ཧྲེང་རྫོང་ནི། བོད་ཀྱི་ནུབ་ཕྱོགས་གླང་ཆེན་ཁ་འབབ་ཀྱི་ཆུ་རྒྱུན་འབབ་ཡུལ། གོ་ལའི་བྱང་གི་འཕྲེད་ཐིག་ ༣༠༚ ༥’ 〜 ༣༢༚ ༤’ དང་། ཤར་གྱི་གཞུང་ཐིག་ ༧༨༚ ༥’ 〜 ༧༩༚ ༨’ ཙམ་ལ་གནས་པའི་དེང་རྩ་མདའ་རྫོང་ཞེས་པའི་ཁོངས་སུ་བཅུག་ཡོད། རྫོང་དེའི་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༢༚C ཡིན་ཞིང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༢༚C དང་། ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༨༚C རེད། སྔོན་གྱི་རྩ་ཧྲེང་རྫོང་ནི་དེང་གི་རྩ་མདའི་ཁོངས་སུ་བྱས་པའི་ལྷོ་ཕྱོགས་སུ་རྒྱ་གར་གྱི་བྱང་ཕྱོགས་དང་། ནུབ་ཕྱོགས་སུ་རྒྱ་གར་མངའ་སྡེ་པ་ཇབ་སྟེ་སིང་པའི་ཡུལ་དང་ས་འབྲེལ་དུ་གནས། བྱང་ཕྱོགས་སུ་ཀ་སྨིར་དང་མུ་འབྲེལ། བྱང་ཤར་ཕྱོགས་སུ་མངའ་རིས་སྒར་དང་། ཤར་དུ་སྤུ་ཧྲེང་རྫོང་བཅས་དང་ས་འབྲེལ་དུ་གནས་ཡོད་པ་བཅས་སོ།། [5]

 

ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།

དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་རྩ་ཧྲེང་རྫོང་།

རྩ་ཧྲེང་རྫོང་ཁུལ་ནི་རྒྱལ་ཕྲན་སིལ་མའི་གོང་རོལ་དུ་ཞང་ཞུང་སྲིད་པའི་རྒྱལ་པོ་གསེར་གྱི་བྱ་རུ་ཅན་བཅོ་བརྒྱད་ཀྱི་ཡ་གྱལ་གང་རུང་ཞིག་གིས་དབང་བསྒྱུར་བའི་ས་ཁུལ་ཡིན་ལས་ཆེ་ཞིང་། རྒྱལ་ཕྲན་སིལ་མའི་སྐབས་ཞང་ཞུང་དར་པའི་ཇོ་བོ་ལིག་སྙ་ཤུར་གྱི་དབང་ལུང་སྒྱུར་བའི་ས་ཁུལ་དུ་གཏོགས། དུས་རབས་བདུན་པའི་ནང་སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་བསྒྱུར་སྐབས། ཞང་ཞུང་ལ་གཏོགས་པའི་སྟོང་སྡེ་བཅུའི་ཁོངས་སུ་གནས་ཡོད་བཟོ་འདུག་པ་དང་། དུས་རབས་དགུ་པའི་ནང་བོད་སིལ་བུར་ཐོར་རྗེས་མངའ་བདག་འོད་སྲུང་གི་དབོན་པོ་སྐྱིད་ལྡེ་ཉི་མ་མགོན་གྱིས་དབང་བསྒྱུར་མཛད་པ་དང་སྦྲགས་ཞང་ཞུང་ཞེས་པའི་དོད་དུ་མངའ་རིས་ཞེས་པའི་མིང་ཐོགས་པར་གྲགས[6] མངའ་རིས་རྒྱལ་པོ་སྐྱིད་ལྡེ་ཉི་མ་མགོན་དགུང་ལོ་བགྲེས་པའི་སྐབས་སུ། སྲས་གསུམ་ལ་མངའ་རིས་ཁུལ་དེ་ཆ་བགོས་བྱེད་སྐབས། གུ་གེ་གཡའ་ཡིས་བསྐོར་བའི་ཁྱབ་ཁོངས་རྣམས་སྲས་བར་པ་བཀྲ་ཤིས་མགོན་ལ་གནང་བ་དང་།[7] ཁོང་གི་སྲས་སྲོང་ངེའམ་ཁྲི་ལྡེ་སྲོང་གཙུག་བཙན་ཆེར་ལོངས་ནས་གུ་གེ་རྩ་ཧྲེང་མཁར་དུ་བྱོན་ནས་ཡུལ་བཟུང་འགོ་བཙུགས་པ་ནས། ཁོང་གི་རྒྱལ་རྒྱུད་རིམ་པས་ཁུལ་དེར་དབང་ལུང་བསྒྱུར་བར་བོད་ཀྱི་ལོ་རྒྱུས་འབྱུང་རབས་ཁྲོད་དུ་གུ་གེ་རྒྱལ་རབས་ཞེས་ཡོངས་སུ་གྲགས་པ་དེ་བྱུང་འདུག[8]

དུས་རབས་བཅུ་བདུན་པའི་ཕྱི་ལོ་ ༡༦༣༣ ལོར་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་(༡༥༧༠-༡༦༤༢)གྱི་དམག་དཔུང་གིས་གུ་གེར་དཔུང་འཇུག་བྱས་པ་དང་། གུ་གེ་རྒྱལ་པོ་མཐའ་མ་ཁྲི་གྲགས་པ་བཀྲ་ཤིས་སམ་ཇོ་བོ་བདག་པོ་གསོན་བཟུང་དང་སྦྲགས། སེང་གེ་རྣམ་རྒྱལ་ཕ་བུས་ལོ་ངོ་ལྔ་བཅུ་ལྷག་ཁུལ་དེར་དབང་བསྒྱུར་བྱས། དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ལ་དབང་ལུང་སྒྱུར་སྐབས། ཕྱི་ལོ་ ༡༦༨༠ ལོར་དགའ་ལྡན་ཚེ་དབང་གིས་མངའ་རིས་ཁུལ་ནས་ལ་དྭགས་རྒྱལ་པོའི་དབང་ཤུགས་མཐར་སྤྲོད་བཏང་ཞིང་མངའ་རིས་སྐོར་གསུམ་ལ་དབང་བསྒྱུར་མཛད། ཁོང་གིས་ལྷོ་རྒྱ་གར། ནུབ་ལ་དྭགས། བྱང་ཤིན་ཅང་བཅས་ས་མཚམས་ཁག་ལ་སོ་མི་གསར་འཛུགས་དང། ནང་ཁུལ་རྫོང་བཞི་དཔོན་དྲུག་གི་ལམ་ལུགས་གསར་གཏོད་གྱིས་གུ་གེའི་ཁུལ་དེར་རྫོང་བཞི་དཔོན་དྲུག་གི་ཡ་གྱལ་རྩ་ཧྲེང་རྫོང་དང་མདའ་བ་རྫོང་གཉིས་བཙུགས་ཏེ་སྲིད་དབང་བསྐྱངས་སོ།།[9]

བོད་གཞུང་དགའ་ལྡན་ཕོ་བྲང་པའི་སྔ་ཕྱིའི་སྲིད་འཛིན་ལམ་ལུགས་སུ་རྩ་ཧྲེང་རྫོང་ནི་རིམ་དྲུག་གི་རྫོང་སྒོ་འབྲིང་གྲས་རྫོང་སྡོད་སྐྱ་བོ་གཅིག་གིས་སྐྱོང་བའི་རྫོང་ཞིག་ཡིན་ཅིང་།[10] ལོ་རྒྱུས་ཐོག་རྩ་ཧྲེང་རྫོང་སྡོད་དུ་གྲོགས་མཁར་བ་དང་། ཕྱི་ལོ་ ༡༨༠༠ ལོར་གྲ་སྒང་པ་དོན་གྲུབ་ཚེ་རིང་། ལྕེ་བདེ་བ། ཕྱི་ལོ་ ༡༨༡༩ ལོར་བདེ་སྐྱིད་གླིང་པ། ཕྱི་ལོ་ ༡༨༢༣ ལོར་སྒོ་ཡངས་པ། ཕྱི་ལོ་ ༡༨༢༧ ལོར་ཆ་ལུ་བ། ཕྱི་ལོ་ ༡༨༣༤ ལོར་སྡིང་བྱ་བ། ཕྱི་ལོ་ ༡༨༣༨ ལོར་སྨོན་སྐྱིད་པ། འདི་ལ་སིང་དམག་དོན་སྐབས་དགྲ་ལག་ཏུ་ཚུད་པའི་གནས་དབྱུང་ཚབ་ཕྱི་ལོ་ ༡༨༤༡ ལོར་ཚ་རོང་སྐལ་བཟང་དགྲ་འདུལ་བསྐོས། ཕྱི་ལོ་ ༡༨༤༤ ལོར་ཕུ་ལུང་པ་ཚེ་དབང་ཕུན་ཚོགས། ཕྱི་ལོ་ ༡༨༤༥ ལོར་ཉ་ཁང་དབང་འདུས་རྣམ་རྒྱལ། ཕྱི་ལོ་ ༡༨༥༤ ལོར་སྨིན་གྲུབ་ཚེ་བརྟན་རྣམ་རྒྱལ། ཕྱི་ལོ་ ༡༨༦༡ ལོར་མདོ་མཁར་སྲས་གཞོན་དབང་འདུས་རྡོ་རྗེ། ཕྱི་ལོ་ ༡༨༦༥ ལོར་རོང་བྲག་འགྱུར་མེད་ཚེ་དབང་། ཕྱི་ལོ་ ༡༨༦༧ ལོར་སྤྱི་ལྕགས་དོན་གྲུབ་རྡོ་རྗེ། ཕྱི་ལོ་ ༡༨༧༠ ལོར་མཁར་འཚོ་བ་ཚེ་རིང་དཔལ་ལྡན། ཕྱི་ལོ་ ༡༩༢༣ ལོར་སྙེ་མོ་མདོ་མཁར་བ་འཇམ་དཔལ་ཚེ་དབང་། ཕྱི་ལོ་ ༡༩༢༧ ལོར་ཆ་པ་སྲས་ཚེ་རིང་དབང་འདུས། ཕྱི་ལོ་ ༡༩༣༣ ལྕང་གྲོང་པ་ལྷག་པ་ཚེ་རིང་། ཕྱི་ལོ་ ༡༩༣༧ མཁར་སྣ་བ་མཁའ་ཁྱབ་བདེ་ཆེན། ཕྱི་ལོ་ ༡༩༤༤ ལོར་བྷྲུམ་པ་སྲས་བསོད་ནམས་དཔལ་མཛོད། ཕྱི་ལོ་ ༡༩༥༠ འཆུམ་བཀྲས་བུ་མི་འགྱུར་རྡོ་རྗེ་སོགས་བསྐོས་འདུག་པ་བཅས་སོ།།[11]

སྤྱིར་རྫོང་དཔོན་གྱི་ལས་འཁུར་དུས་ཡུན་ལོ་འཁོར་གསུམ་རེ་ནས་སྔ་ཕྱི་རྩིས་ལེན་རྩིས་སྤྲོད་ཀྱིས་འཕོ་འགྱུར་བྱེད་སྲོལ་མཆིས་མོད། ༸གོང་ས་སྐུ་ཕྲེང་བཅུ་གསུམ་པའི་སྐུ་དུས་སུ་ཆ་པའི་སྲས་རྩམ་བཞེས་འགྱུར་པའི་གུན་མཐུད་རྩ་ཧྲེང་རྫོང་འཁེལ་བ་དང་། བྲག་དཀར་དབང་ཕྱུག་གིས་ལོ་དྲུག་རིང་གཞུང་འཛིན་མི་འགྲོ་བྱེད་སྐབས་དེ་གོང་ནས་རྩ་ཧྲེང་ཁོངས་ཀྱི་ས་མི་གོར་ཥའི་ཁོངས་སུ་ཤོར་བ་རྩད་གཅོད་ཀྱི་གོར་ཕྱོགས་དང་འཕྲོས་མོལ་བྱས་ཏེ། སྔོན་ཤོར་རང་ས་ཕྱིར་ལེན་ཐུབ་པའི་བྱས་རྗེས་སུ་༸གོང་ས་བཅུ་གསུམ་པས་རྩ་ཧྲེང་རྫོང་ལོ་དྲུག་སྤྲོད་འགྱངས་ཀྱིས་བསྐྱངས་མྱོང་།[12] ཕྱི་ལོ་ ༡༩༥༩ ལོར་རྩ་ཧྲེང་རྫོང་སྡོད་རྙིང་པ་འབྲས་སྔགས་ངག་དབང་ཆོས་དར་དང་། གསར་པ་རྫོང་ཚབ་སྤོང་རི་གྲྭ་ཀུན་བཟང་བྱམས་པ། སྤོང་རོང་ཁང་གསར་དཀར་པོའི་བུ་དོན་གྲུབ་ཚེ་རིང་བཅས་ལས་ཐོག་རྫོང་དཔོན་རེད་འདུག[13] བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༦༠ ལོར་རྩ་ཧྲེང་རྫོང་དང་མདའ་པ་རྫོང་ཟླ་བསྒྲིལ་ནས་རྩ་མདའ་རྫོང་གསར་དུ་བཙུགས་པ་དང་། རྫོང་མི་དམངས་སྲིད་གཞུང་མཐོ་ལྡིང་ལ་གནས་ཤིང་ལྷ་ས་དང་བར་ཐག་སྤྱི་ལེ་ ༡༦༤༩ ཡོད།

 

གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

དང་པོ། རྫོང་གཞིས་འགྲོ་སྟངས།

རྩ་ཧྲེང་རྫོང་ནི་དེ་སྔའི་གུ་གེ་རྒྱལ་པོའི་རྒྱལ་ས་ལྟེ་བ་གུ་གེ་རྩ་ཧྲེང་མཁར་དུ་བཙུགས་ཡོད་ཅིང་། རྫོང་དེར་རྫོང་སྡོད་རྫོང་དཔོན་གཅིག་དང་། དེའི་དབུ་ཁྲིད་པའི་འཛིན་སྐྱོང་ལམ་ལུགས་ཀྱི་མངའ་འོག་ཏུ་རྫོང་སྡོད་གཞུང་ཞབས་ལས་ཀྱི་སྣེ་མོ་བར་ལྷ་སྡེ་དང་མི་སྡེ་ཞེས་སྡེ་ཚན་གཉིས་སུ་ཕྱེ། དེ་ཡང་། ལྷ་སྡེའི་གྲས་སུ་མཐོ་ལྡིང་མཁན་པོ་དང་། དགེ་བསྐོས། ཕྱི་དབང་བླ་མ། རབ་གླིང་བླ་མ་སོགས་དང་། མི་སྡེའི་གྲས་སུ་ལྷོ་སྨད་འཐུས་མི། ཀླུང་ལྷུབ་འཐུས་མི། རོང་ཆུང་ཁུལ་གྱི་འཐུས་མི། སྲིབ་སྐྱེས་འཐུས་མི། སྐྱུག་པ་འཐུས་མི། བྱང་ངོས་སུ་རག་ཤག་འཐུས་མི་དང་དཔལ་བཙན་འཐུས་མི། རུ་ཁྱིམ་འཐུས་མི། དུང་དཀར་འཐུས་མི། རྔ་ཁྱུ་ཟམ་འགོ་པ། རྫ་རྫོང་ངོ་ཚབ་སོགས་དེ་སྔ་གུ་གེ་རྒྱལ་པོ་རིམ་བྱུང་གི་སྐུ་དུས་ནས་མངའ་དབང་བསྒྱུར་བའི་ཁོངས་རྣམས་འགྱུར་མེད་རིམ་འཇགས་སུ་འཛིན་སྐྱོང་བྱེད།[14] གཞན་ཡང་དེ་སྔ་རྫོང་དེའི་སྲིད་འཛིན་མངའ་ཞབས་ཀྱི་ཁོངས་སུ་མི་སེར་ཚོ་བ་ལྔ་ཡོད་པ་ནི། ཆུ་མུར་ཏི་པ་ཚོ་པ། མཁར་སྟོད་བྱང་ངོ་ཚོ་པ། གླིང་ཚོ་པ།(རྫོང་དེའི་ཁོངས་སུ་རྩ་དོ་གཉིས་དང་། མཁར་སྤུར་བཅས་འདུས། མིང་གཞན་ལྷོ་སྟོད་ཀྱང་ཟེར།) ལྷོ་སྨད་ཚོ་པ།(མ་སྦུག་ཀྱང་ཟེར།)རོང་ཆུང་ཚོ་པ་བཅས་ལྔ་ཡིན་ཅིང་། དེ་དག་གི་སྤྱི་དཔོན་ནི་རྩ་ཧྲེང་རྫོང་དཔོན་ཡིན་ནོ།།[15]

རྩ་ཧྲེང་རྫོང་ནས་ཁྲལ་བསྡུའི་སྐུ་ཚབ་ཆེད་གཏོང་གནང་ཡུལ་ནི་རྩ་ཧྲེང་གཞིས་གཉེར་གཅིག ཕྱི་དབང་གཞིས་གཉེར་གཅིག  ཆིག་འབྲུ་འགོ་པ་གཉིས། ཧ་ལ་འགོ་པ་གཅིག  གསེར་ཚོགས་ཤིང་དཔོན་གཉིས། རྔ་རྒྱུད་ཞལ་ངོ་གཅིག  ཡུལ་དཔོན་གཅིག། འགག་སྒོ་སོ་སོར་བཤས་ལུག་མགོ་ཁྲལ་དང་། ཚྭ་ཁྲལ། བལ་ཁྲལ་བསྡུ་མི་སྐུ་ཚབ་ས་ཁོངས་སྤུ་ཏི་སྒོ་ལ་གཅིག་དང་། ཟ་རང་ཟམ་མོ་ཆེ་ལ་གཅིག་བཅས་གྲོང་གཉིས། སྲིབ་སྐྱེས་རྒྱ་ཟམ་ལ་གཅིག  ཆུ་མུར་ཏིག་ཆགས་ར་ཅན་དུ་གཅིག་བཅས་མངག་གཏོང་བྱེད། ནང་ཁུངས་སུ་ཡུལ་ཚན་འགའ་ཤས་ལ་འགོ་པ་དང་། འགའ་ཤས་ལ་རྒན་པོ་རེ་[16] བསྐོ་འཇོག་དང་བཅས་རྫོང་གི་ཕྱི་ནང་ཁྲལ་བསྡུ་ཁྲིམས་གནོན་གྱི་བྱེད་སྒོ་ཐ་དག་རང་ཉིད་ཀྱི་གོ་བབ་ལྟར་གོང་གསལ་གཞུང་འཛིན་སྣེ་མོ་བ་དེ་རྣམས་ཀྱིས་བྱ་སྤུ་གནོན་གྱི་ཚུལ་དུ་ལག་བསྟར་བྱེད་པ་ཡིན།

 

གཉིས་པ། ཁྲལ་འུལ་ཁྲིམས་གནོན།

རྩ་ཧྲེང་རྫོང་གི་རྐང་འགྲོ་ལག་འདོན་གྱི་ཁྲལ་གཞུང་ལྟེབ་འགོ་བདུན་པ་ལས། ལག་འདོན་གྱི་ཁྲལ་རིགས་རྣམ་གྲངས་སུ་མར་ཁྲལ། གསེར་ཁྲལ། ལེ་ནའི་ཁྲལ། ཆང་ཁྲལ། ཤ་ཁྲལ། འབྲུ་ཁྲལ་(བཀར་འབྲུ། ཞིང་འབྲུ། ཆིག་འབྲུ། དོ་ན། ཞིབ་ནས།)སོལ་བའི་ཁྲལ། ཤིང་ཁྲལ་(རིལ་མ། ལྕི་བ། སྒྲིག་པ། གྲ་མ་སོགས།)དྲེའུའི་སྨིག་ལྕགས་ཁྲལ། ལྕགས་ཁྲལ། གཡག་སྒའི་ཁྲལ། རང་འཐག་ཁྲལ། སྐྱུར་ཁམ་ཁྲལ། གཟར་རུ། གཞོང་པ། ཤིང་ཕུར། ལུག་གི་ཆ་རུ། ཤིང་ཁྱེམ། རྟ་གཤོལ། མཛོ་གཤོལ། ཁྱེམ་ཡུ། ཏོག་ཡུ། དར་ཤིང་སོགས་ཀྱི་ཁྲལ། གཞན་ཡང་ལུག་ཁྲལ། ལུག་ཕད་ཁྲལ། ཕད་ཕོག ཐག་པ། ཉུང་དཀར། ཉུང་གཞི། ཟེ་ཚྭ་བཅས་སོ།། ཁུལ་དེར་གོང་གསལ་ཁྲལ་རིགས་དེ་དག་བསྡུ་སྐབས་འཇལ་གཤོར་འདེགས་གསུམ་གྱི་ཚད་གཞི་མི་འདྲ་བ་ཇི་སྙེད་ཅིག་ཡོད་པ་ལས། དཔེར་ན་གཤོར་བྱེད་ཀྱི་བྲེ་ལ་མཚོན་ན་མཁར་རུ། མཁར་བྲེ། བྱེ་སྨུག  ཟངས་བྲེ། ཐབ་བྲེ། ཁྲབ་བྲེ། ཕོག་བྲེ། གསེར་བྲེ་སོགས་སྣ་ཚོགས་དང་། དེ་བཞིན་འདེགས་བྱེད་ལ་མཁར་ཉག།མཁར་རྒྱ། གཞུང་ཉག མོན་སྤོར་སོགས་དུ་མ་མཆིས་ཤིང་། འཇལ་བྱེད་ལའང་མཐོ། གྲུ། འདོམ་བཅས་ལ་རིང་ཐུང་དང་ཆེ་ཆུང་མི་འདྲ་བ་སྣ་ཚོགས་ཡོད།

རྫོང་དེ་ནས་འཁྲི་སྒྲུབ་བྱེད་དགོས་པའི་དམིགས་བསལ་ཁྲལ་རིགས་སུ། རྩ་ཧྲེང་རྫོང་གི་གཞུང་ལུག་ལྔ་བརྒྱ་མི་སེར་ལ་ཆ་བསྲེས་ཀྱིས་སྐྱེ་མེད་འཆི་མེད་ཀྱི་གཡར་ལེན་བྱེད་པར་ལོ་རེར་ལུག་རེ་ལ་རྒྱབ་དོད་ཊམ་དཀར་གཅིག་རེ་འཁྲི། དེ་མཚུངས་རྫོང་གསར་རྙིང་འཕོ་ལེན་སྐབས་རྫོང་གསར་ལ་མངའ་ཞབས་ཚོ་ལྔ་ནས་སྒྲིག་ཆས། གདན་ལྕོག་ཐབ་ཆས་ཆ་ཚང་། ས་གནད་གནམ་ཡོལ་སྒོ་ཡོལ་སོགས་ཉེར་མཁོའི་མཁོ་ཆས་གྲ་སྒྲིག་འཐུས་ཚང་དང་། རྫོང་གསར་གྱིས་ཁྲལ་པ་དུད་ཚང་འཁོས་འབྱོར་མཐོ་དམའ་ལ་གཞིགས་ཏེ་ཁྲལ་པ་མི་སེར་གྱི་ཁྲོད་དུ་ཐབ་གསར་སྤུས་སྒྱུར་ཞེས་ཇ་སྣམ་དང་། སྤོས་རང་། ཁ་བཏགས་རྟ་ཆས། སྲབ། ཐུར་མགོ། ཏིང་ཏིང་། ལི་ཤང་། ཕབ། ལྷམ་ཟོན་པ། ཤུར་རྩི། སྐྲ་གཞུག་སོགས་དངོས་ཟོག་གི་རིན་པ་ལྡབ་བསྒྱུར་གྱིས་སྤར་ཏེ་ཉོ་ཚོང་བྱེད་སྲོལ་མཆིས། ད་དུང་ལག་འདོན་གྱི་ཁྲལ་རིགས་གཞན་ཞིག་ལ་རྩ་རང་རྫོང་འོག་གཞུང་སྒེར་ཆོས་གསུམ་གྱི་མི་སེར་གྱིས་མངའ་རིས་སྒར་དཔོན་གོང་འོག་གཉིས་ལ་ཆིག་འབྲུ་ཞེས་པའི་འབྲུ་རིགས་འཁྲི་སྒྲུབ་དགོས་པ་བཅས་མི་ཉུང་བ་ཞིག་ཡོད་དོ།།

རྐང་འགྲོའི་ཁྲལ་ཐད་བོང་གཡོག་དང་། རྟ་གཡོག།  ལུག་གཡོག།  མཛོ་གཡོག  ཐབ་གཡོག  བརྡ་གཏོང་། ཡིག་སྐྱེལ་སོགས་རྒྱུག་དགོས་པ་མ་ཟད། རྟ་ལུག་འཆི་སྐྱོན་བྱུང་ན་དེ་དག་གི་རིན་འབབ་ཁྲལ་པ་རང་ནས་འཇལ་སྤྲོད་བྱེད་དགོས་པ་དང་། དེ་བཞིན་གཞུང་འབྲེལ་ལམ་ཡིག་ཡོད་རིགས་ལ་རྟ་འུལ་དང་ཁལ་མ་ས་ཚིགས་བཞིན་སྐྱེལ་འདྲེན་བྱེད་དགོས། དཔྱིད་འདེབས་སྟོན་བསྡུ་སོགས་གཞུང་ཞིང་འདེབས་ལས་བྱེད་པར་ཞིང་གཡོག་མི་བཞི་བཅུ་ནས་ལྔ་བཅུ་ལྷག་དང་ལྷན། རྫོང་དེའི་བྱང་ངོ་ཁ་སྟོད་ཚོ་པ་ནས་ལུད་གསོག་ཕྱིར་ར་ལུག་ལྔ་བརྒྱ་ནས་དྲུག་བརྒྱ་ར་རྫི་མི་གཉིས་བཅས་མངག་དགོས། དེ་བཞིན་ས་སྦོལ་རྒྱག་མཁན་མི་གཉིས་འཁྲི་བས་ཟླ་བ་གཉིས་རིང་ལུད་གསོག་པ་ཡིན། སྟོན་བསྡུ་ཚར་མཚམས་སུ་ཟླ་བ་གཅིག་རིང་དཀར་རྩི་ལེན་པར་མི་བཞི་དང་། རྫོང་གི་གཤོལ་ཤིང་འཐུ་བར་གླང་གོག་བཞི་ཡོ་ཆས་རང་འགྲིག་དང་བཅས་འཁྲི་སྒྲུབ་དགོས་པའི་གཏན་འབེབས་མཆིས།

གཞན་ཡང་། དབུས་གཞུང་ནས་ཆེད་རྫོང་གནང་བའི་ས་བཅུད་བུམ་སྐྱེལ་ཨ་དྲུང་ལ་ས་ཚིགས་སོ་སོར་རྟ་ཁལ་ལྟོ་དོད་དང་སྒྲིག་ཆས་ཉེར་མཁོ་ཇི་དགོས་སྒྲུབ་དགོས། ཕྱོགས་མཚུངས་ལོ་ལྟར་རྩ་མདའ་རྫོང་དུ་བོད་གཞུང་ནས་མངག་གཏོང་མཛད་པའི་ཚྭ་ཤོ་ཞེས་པ་ཁུལ་དེར་ཚྭ་སྒྲུབ་ཏུ་རྩེ་དྲུང་གཅིག་དཔོན་གཡོག་བཅུ་གྲངས་འཁོར་བཅས་ཕེབས་སྲོལ་ཡོད་པས། རྩ་མདའ་ཁུལ་གྱི་མི་མང་དང་། ཕྱི་རྒྱལ་ཚོང་པའི་ས་ནས་བཤའ་ལུག་མགོ་ཁྲལ་ར་ལུག་རེར་མགོ་གྲངས་ཊམ་དཀར་གཉིས་རེ། ཚྭ་ལུག་ཕད་དགུ་ལ་ཊམ་དཀར་རེ། ཚྭ་འོག་ལུག་ཁལ་བཅོ་ལྔ་ལ་ཊམ་དཀར་གཉིས་རེ། གཞི་ལུག་ཁལ་བཞི་རེར་ཊམ་དཀར་གཅིག་རེ་དང་། ར་བརྒྱད་རེ་ལ་ཊམ་དཀར་གཅིག་རེ་བཅས་བསྡུ་ལེན་བྱེད་ཅིང་། ས་གནས་རྫོང་ཁྲལ་པ་མི་སེར་གྱིས་ཚྭ་ཤོ་རྩེ་དྲུང་འཁོར་བཅས་ལ་རྟ་ཁལ། སྡོད་སྒྲིག  ཐབ་གཡོག་སོགས་ཞུ་སྒྲིག་བྱེད། དེ་མིན་རྫོང་དེ་ནས་གཞུང་འཚོང་དང་ལོ་གནང་ཞབས་དངུལ་བསྡུ་ཆེད་ཨ་དྲུང་སོགས་གཞུང་འབྲེལ་མི་སྣ་ཕེབས་རིམ་བཞིན་གཞུང་དེབ་ནང་གསལ་ལྟར་ཁྲལ་འབུལ་དང་ལྷན་རྟ་ཁལ། སྡོད་སྒྲིག  ལྟོ་དོད་སོགས་སྒྲུབ་དགོས།[17]

པར་རིས། 70: རྩྭ་ཧྲེང་ངོ་ཚབ་ཀྱིས་སྲིབ་སྐྱེས་ཚོ་པར་བུན་ཆག་བཏང་བའི་བཀའ་རྩ།

༄༅། །སྲིབ་སྐྱེས་འགོ་དམངས་རྣམས་པས་ངེས་དགོས། སྤི་ཙི་པས་འབྲས་འབབ་ས་ཞིང་སྐོར་ཁ་སྔོན་ས་གནས་སུ་དྲེལ་ཟིན་གི་(བྲེལ་ཟིང་གིས་)ཐག་གཅོད་རྒྱུ་མ་བྱུང་ཞིང་། ད་ལམ་ཁྲལ་འབབ་དང་ས་ཞིང་ག་ཐུགས་(འགབ་ཐུག་)མིན་གྱི་ས་སྐོར་ཙམ་མེད་པ་ཐུག་(ཐུགས་)ཐག་བཅད་པ་མ་འཐུས་ཤིས་(གཤིས)། འདི་ལོ་དཔྱིད་ཞིང་འདེབས་སྐབས་སྤི་ཙི་པས་ཞིང་དང་ཁྱེད་རང་ཡུལ་གྱི་ས་ཞིང་སྒང་པོའམ་གཞིས་གསུམ་བཅས་ལ་གོས་རྒྱུར་(གོ་བསྡུར་)གྱི་ས་བོན་བྲེ་ཤོར་(གཤོར་)ཀྱི་(གྱི་)འདེབས་ཡོང་དགོས་རྒྱུ་དང་། ཕྱོགས་མཚུངས་ཀ་པ་བརྟེན་རྒྱལ་བཅན་(ཅན་)སྔར་དུས་གྲོང་རྐང་གཉིས་གཅིག་བསྒྲིལ་ཡིན་མཚུངས་ལ་བརྟེན་ཀ་པ་ནས་ཡུལ་སྤྱི་ལ་གུས་འདུད་(གུན་འཐུས་)ལོ་རེར་སྒོར་ལྔ་རེ་སྤྲོད་དགོས་རྫོང་ཐོག་གོང་མ་ནས་བཀའ་དཔྱད་ཟིན་འདུག་པར། བར་དེར་ཀ་པ་བརྟེན་རྒྱལ་ནས་ངན་རྒས་(བརྒལ་)ཀྱི་ལོ་ངོ་དགུ་ཙམ་སྤྲོད་ལེན་མ་བྱུང་བརྗོད་འདུག་པར། དེ་བདག་སྔོན་འབྲེལ་(དེ་དག་དངོས་འབྲེལ་)ཡིན་ན་འདི་གར་ཕྱིར་འགུག་ཀྱི་(གི་)བཀོད་འདོམས་བྱེད་སྒོས་(དགོས་)འདུག་པས་འཁྱེར་དམན་ངན་བརྡབས་ལ་བསམ་ངང་ཐེན་(འཐེན་)གྱི་གོང་གསལ་ལོ་ངོ་དགུ་ནས་ལོ་ལྔའི་འབབ་ཀ་པ་ནས་ཡུལ་པ་ལ་སྤྲོད་དགོས་པ་དང་། ལོ་བཞི་འབབ་ཡུལ་པ་ནས་ཆག་བཏང་སྟེ་སླད་ཕྱིན་ཁྲ་དོན་ལྟར་སྤྲོད་ལེན་དགོས་རྒྱུ་ཡིད་འདོམས་བྱེད། རྡི་ཡག་ནས་རྩ་རྫོང་ངོ་ཚབ་པས། ཟླ་ ༡༠ ཚེས་ ༢༣ ལ། རྟགས་ཐམ།

པར་རིས། 71: བོད་གཞུང་ཚོང་དོན་གཅོད་ནས་རྩ་ཧྲེང་ཚོང་སའི་རྒན་གཙོར་སྩལ་བའི་བཀའ་རྒྱ།

༄༅། །ཚོང་སའི་རྒན་གཙོ་ཐུན་མོངས་(མོང་)ལ། ཆེད་དོན། སྔོན་དུ་རྩ་ཧྲེང་རུ་དཔོན་གདོང་དེ་གའི་རྒན་འཐུས་གངས་ཉེན་དགོངས་ཞུས་ཀྱིས་འབྱོར་རིགས་མ་བྱུང་ཡང་། དོན་སྙིང་ངོས་རྣམས་བཀའ་འབྲེལ་ཀྲི་བོད་ས་མཚམས་དོན་གཅོད་ཡིན་པ་བློ་གསལ་བཞིན་ཕྱི་ལོ་ལ་སྒོ་ཕྱེ་འཕྲལ་བོད་ཟླ་ ༤ ཚེས་ ༣ འགྱངས་མེད་ས་མཚམས་སུ་འབྱོར་པ་ཡོང་རྒྱུར། དེ་རྩིས་ཁྱེད་རང་རྣམས་ནས་གཞུང་བསམ་རང་དོན་རང་གཅེས་ཀྱི་ཀྲ་རི་རྒྱལ་པོར་སྐུལ་ལྕག་བྱས་ཏེ། དབྱིན་གཞུང་སྐུ་ཚབ་དང་བཅས་ཕན་ཚུན་དུས་འཛོམས་ཐུབ་པའི་འཁུར་བསམ་འཛོལ་མེད་ཀྱིས། འདི་(དེ་)ནས་ཀྱང་འཐོན་བདེའི་གནས་ཚུལ་གཏོང་འོས་སོགས་ཐལ་ལུས་མེད་པ་དགོས་རྒྱུ་ལས། སྣང་ཆུང་དོ་མི་གལ་གྱི་སླ་བཅོས་ཕྱིས་འགྱངས་ཁག་དཀྲི་ཀ་ཀོར་ཤར་ཚེ་གཏན་ནས་མི་འཐུས་པས། དེ་དོན་ཡིད་འདོམས་བྱེད། དོན་གཅོད་ངོ་ལས་ཐུན་མོང་གིས། ཤིང་གླང་ཕྱི་ལོ་ ༡༩༢༥ ཟླ་ ༡༡ ཚེས་ ༡༨ ལ། རྟགས་ཐམ།

གོང་གསལ་བོད་ནང་ཁུལ་གྱི་ཁྲལ་བསྡུའི་བྱེད་སྒོ་རྣམ་གཞག་ཙམ་མ་ཟད། དེ་རྩ་ཧྲེང་རྫོང་དང་ཉེ་འཁོར་ཕྱིའི་རྒྱལ་ཁབ་རྣམས་དང་ལྷན་དུ་ཕྱི་འབྲེལ་གྱི་ལམ་ལུགས་ཀྱང་མི་དམན་པ་ཡོད་པ། དཔེར་ན། རམ་སྤུར་རྒྱལ་པོ་ནས་རྩ་ཧྲེང་རྫོང་ལ་ལོ་གསུམ་རེ་ནས་ཕོ་ཉ་ཆེད་གཏོང་གིས་སྤོས་དང་། ཨ་ཀ་རུ། རས། ཀ་ཤི་སྦུབ། མེ་མདའ། ཡིག་རྒྱ་སྐོགས་ལྡན་སོགས་འབུལ་ཚན་སྤྲོད་སྲོལ་དང་། རྩ་རྫོང་ནས་ཀྱང་རྟ་དང་ཡིག་རྒྱ་ཁ་བཏགས་སོགས་ཕྱག་རྟགས་སུ་བསྐུར། དེ་བཞིན་རོང་ཁུལ་དུའང་རྩ་ཧྲེང་རྫོང་ནས་ལོ་རེར་ཕོ་ཉ་མི་གཉིས་མངག་གཏོང་གིས། རོང་པར་སྣམ་དཀར་སྦུབས་གཅིག  གཡག་གི་རྔ་མ་དཀར་པོ། ཇ་བག  ཡིག་རྒྱ་སྐོགས་ལྡན་བཅས་བསྐུར་བར། རོང་ནས་རྩ་རང་ལ་རས་ཀ་ཤི་འདོམས་ལྔ་བཅུ་དང་། ཛ་ཏི། མངར་ཆའི་ལག་རྟགས་བསྐུར་སྲོལ་ཡོད། དེ་མིན་རྩ་ཧྲེང་རྫོང་ནས་རྒན་པོ་གཉིས་ཆེད་མངགས་ཀྱིས་རྒྱ་གར་རྒྱལ་པོར་མཚམས་(འཚམས་)འདྲིའི་ཕོ་ཉ་མངགས་སྲོལ་དང་། ལོ་རེའི་སྒར་དབྱར་སའི་ཚོང་ར་དང་རྒྱ་ཉི་མའི་ཚོང་ར་གཉིས་སོགས་ལ་ཚོང་འབྲེལ་དུ། ངོ་གཡོག་ཉི་ཤུ་ལྷག་ཙམ་རྩ་རང་རྫོང་གི་ལམ་འཁེལ་ས་ཚིགས་ཁག་ལ་རྟ་འུལ་ཁལ་མ་ལྔ་བཅུ་ལྷག་ཙམ་ལ་སྡོད་སྒྲིག་བཟའ་ཆ་སོགས་སྒྲུབ་དགོས། དེ་མཚུངས་ལ་དྭགས་དང་ཁུ་ནུ་སོགས་མི་སེར་གནས་སྐོར་དང་ཚོང་ལ་ཡོང་སྐབས་ལམ་བར་ས་ཚིགས་ལ་རྟ་འུལ་ཁལ་མ་དང་། སྡོད་སྒྲིག་ཐབ་ཤིང་བཟའ་བཅའ་མཁོ་སྤྲོད་བྱེད་ཅིང་། རྩ་རྫོང་གི་མི་སེར་མཚོ་པདྨ་སོགས་ལ་གནས་སྐོར་དུ་སྐྱོད་སྐབས། ཁུ་ནུ་བས་ལམ་བར་སྡོད་སྒྲིག་རྟ་ཐབ་སོགས་སྣེ་ལེན་བྱེད། རྩ་རང་རྫོང་གི་རྫོང་དཔོན་གྱིས་སྣེ་འཁྲིད་འོག་ཉེ་འཁོར་རྒྱལ་ཁབ་རྣམས་ལ་གནས་འབྲེལ། ཆོས་འབྲེལ། ཉེ་འབྲེལ་སོགས་ཕོ་ཉ་དང་ལག་རྟགས་གཏོང་རེས་མི་ཉུང་བ་ཞིག་བྱེད་སྲོལ་བྱུང་འདུག[18]

 

༣ ཟ་རང་རུ་དཔོན།

མཚམས་འདིར་དེ་སྔ་རྩ་ཧྲེང་རྫོང་གི་མངའ་ཞབས་སུ་གཏོགས་པ་ཟ་རང་རུ་དཔོན་ཞེས་པ་ནི། མངའ་རིས་སྒར་དཔོན་འོག་རྫོང་བཞི་དཔོན་དྲུག་གི་ཡ་གྱལ་ཞིག་དང་། སྒར་དཔོན་ནས་ཆེ་མཐོང་ཆེ་བས་ལོ་རེའི་སྒར་འཆར་ཅན་སྐབས་གཡོན་རུ་དང་པོར་སྡོད་དབང་ཡོད།[19] དཔོན་དེ་ནི་རྩ་ཧྲེང་རྫོང་ཞབས་ཀྱི་དཔོན་ཁག་གཅིག་ཡིན།[20] དཔོན་དེའི་བྱུང་རིམ་ལ་《སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ།》ལས། དུས་རབས་བཅུ་བདུན་པའི་དུས་འཇུག་ཏུ་བོད་གཞུང་དགའ་ལྡན་ཕོ་བྲང་གི་དམག་དཔོན་དགའ་ལྡན་ཚེ་དབང་གིས་ལ་དྭགས་དམག་མཐར་བསྐྲོད་བྱེད་སྐབས། ཟ་རང་ཡུལ་གྱི་དམག་དཔོན་རྡོ་རྗེ་ཞེས་པ་དེས་གཡུལ་ནང་བྱས་རྗེས་གཟེངས་སུ་ཐོན་པ་བྱུང་བས། སྡེ་པ་གཞུང་གིས་ཟ་རང་རུ་དཔོན་གྱི་གོ་གནས་དང་དཔལ་ལྡན་ལྷ་མོའི་བཙན་གདུང་གི་བཀའ་གཏན་བཅས་གནང་སྟེ། ཕ་ཤུལ་བུ་འཛིན་གྱི་ཆབ་སྲིད་གོ་གནས་དེ་བྱུང་བ་རེད།[21] ཅེས་གསལ།

ཟ་རང་དཔོན་གྱི་བཞུགས་གནས་ཐོག་མར་རྩ་ཧྲེང་རྫོང་དུ་ཆགས་ཡོད་ཀྱང་། རང་ཁོངས་མངའ་ཞབས་ཁག་ལ་ཁྲལ་བསྡུ་དང་ས་ཞིང་སོགས་འཛིན་སྐྱོང་བྱེད་བདེའི་སླད། ཟ་རང་ཡུལ་དུ་གནས་སྤོས་ཀྱིས་རང་གི་གཟིམས་ཁང་ལ་ཟ་རང་བཀྲ་ཤིས་ཁང་གསར་ཞེས་བཏགས་པར་གྲགས།[22] གོང་གི་ཡིག་ཆ་དེ་ལས་ཟ་རང་གི་དཔོན་གནས་དེ་ནི་དམག་དཔོན་རྡོ་རྗེ་ནས་བྱུང་ཞེས་དང་། འཛིན་སྐྱོང་གི་ལྟེ་གནས་ཀྱང་ཟ་རུང་ཁུལ་དུ་གནས་སྤོ་བྱེད་དོན་ཁྲལ་བསྡུ་སོགས་བདེ་བའི་ཕྱིར་ཡིན་གསུངས་ཀྱང་།《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན།》ལས། རྩ་ཧྲེང་ནས་ཟ་རང་དུ་སྤོ་དགོས་དོན་ནི་དགུན་དུས་སུ་ཁ་བ་དང་། ཕྱིའི་བཙན་འཛུལ་སོགས་ཡོང་ངེས་ལ་བརྟེན་ཟ་རང་ཡུལ་དུ་སྤོས།[23] ཞེས་གསལ། ཟ་རང་རུ་དཔོན་ལ་བོད་གཞུང་ནས་གནང་བའི་མངའ་ཞབས་གུ་གེ་ལྷོ་སྨད་ཡུལ་ཚོ་མ་བུ་སྤུན་བདུན་དུ་གྲགས་པའི་ཡུལ་ཚོ་རྣམས་དབང་འཛིན་ཆོག་པའི་བཀའ་གཏན་ཡོད། ལྷོ་སྨད་ཡུལ་ཚོ་མ་བུ་སྤུན་བདུན་ཞེས་པ་ནི་རི་ལྟེ་སྒང་པ་དང་། རི་བ། ཆུ་གསེར། ཀབ་རག  ཟ་རང། སྟེང་པ། བྱེ་དཀར་བཅས་ཡིན། ཟ་རང་དཔོན་གྱི་བཞུགས་གནས་ནི་ཟ་རང་ཡུལ་ཚོའི་ལྟེ་བར་ཆགས་ཤིང་། རུ་དཔོན་གྱི་བཞུགས་ཁང་གོང་འོག་གཉིས་ཡོད་པ་ལས་རུ་དཔོན་མཐའ་མའི་སྐབས་ཁང་པ་གོང་ལ་རུ་དཔོན་དང་འོག་ལ་སྲིང་མོ་བཞུགས། རུ་དཔོན་གྱི་བཞུགས་ཁང་ཐོག་བརྩེགས་གསུམ་ལྡན་དེར་བཀྲ་ཤིས་ཁང་གསར་ཞེས་འབོད། རུ་དཔོན་ལ་རྟ་གཡག་ར་ལུག་སོགས་སྒོ་ཕྱུགས་འཚོ་མཁན་དང་ཡོས་འཐག་མཁན། ཆང་འཚོད་མཁན། གད་པ་སོགས་ནང་གཡོག་ནང་ཟན་ཁྱོན་བསྡོམས་མི་གྲངས་ཉི་ཤུ་ལྷག་ཙམ་ཡོད། ཟ་རང་ལ་རུ་དཔོན་མང་དག་ཅིག་བྱུང་མྱོང་ཡང་། དཔོན་ཟླ་བ་རྣམ་རྒྱལ་དང་། དཔོན་མགར་བསྟན། དཔོན་ངག་རྣམ་བཅས་འཇོན་ཐང་ཆེ་བར་གྲགས། དཔོན་མཐའ་མ་ནི་རྣམ་རྒྱལ་གྱི་བུ་ཟླ་བ་རྒྱལ་པོ་ཞུ་བ་དེ་ཡིན།[24]

ཟ་རང་དཔོན་གྱི་ཆབ་སྲིད་ཀྱི་དབང་ཆའི་ཐད་སྤྱིར་དཔོན་ཁག་གཞན་དང་གཅིག་མཚུངས་ཡིན་རུང་། དཔོན་དེ་ཉིད་ལ་དམིགས་བསལ་ཁྱད་ཆོས་ནི། དམག་བྱུང་ཚེ་ཟ་རང་དཔོན་གྱི་འགོ་ཁྲིད་དེ་ཐད་ཀར་རྩ་ཧྲེང་རྫོང་ཁུངས་སུ་ཡོང་ནས་དམག་འཐེན་ཆོག་པ་དང་།[25] སྒར་འཆར་ཅན་སྐབས་བཞུགས་གྲལ་གྱི་གཡོན་རུ་དང་པོར་སྡོད་དབང་ཡོད།[26] དཔོན་ཆས་ཐད་མི་སེར་གྱིས་ཁ་རྒྱུན་དུ། མི་ལ་ཏོག་དང་རྟ་ལ་དོམ་ཞེས་གྲགས་པ་ལྟར། དཔོན་གྱི་དབུ་ཞྭར་དབང་ཆའི་གོ་འབབ་མཚོན་བྱེད་དུ་ཆུ་ཤེལ་ནོར་བུའི་ཏོག་དང་ལྡན་པར་ཏུང་རྨོའོ་ཞེས་མིང་དུ་འབོད་ཅིང་། དབུ་ཞྭ་དེའི་ཏོག་ཏུ་རྨ་བྱའི་སྒྲོ་གདོང་དང་ཏུང་སྐུད་སེར་པོའི་གྲུམ་ཡོད་ལ། དབུ་ཞྭའི་མདུན་ཕྱོགས་སུ་གསེར་གྱི་པ་ཊ་དང་ཉི་ཟླ། དེ་བཞིན་གཡུ་དང་། བྱུ་རུ། མུ་ཏིག པད་མ་ར་ག།རྡོ་རྗེ་ཕ་ལམ་ལ་སོགས་པའི་ནོར་བུའི་ཁྲ་རྒྱན་དང་ལྡན་པ་ཞིག་གོ།[27] ཏོག་དང་དབུ་ཞྭ་དེ་ལོ་གསར་དང་སྒར་འཆར་ཅན་སྐབས་ལས་རྒྱུན་ལྡན་གསང་ཐབས་ཀྱིས་བསྡུས་ནས་འཇོག་སྲོལ་མཆིས། ལྷག་པར་སྒར་འཆར་ཅན་སྐབས་སུ་དབུ་ཞྭ་ལ་ཏོག་དང་རྣ་ལྕོག་ལ་སོག་བྱིལ། ལུས་ལ་གོས་ཆེན་སྨུག་པོའི་ཕྱུ་པའི་སྟེང་དུ་སོག་ལུགས་ཀྱི་སྒོག་རྩེ་སྨུག་པོ་ཊམ་ཐིག་སྒོར་མོ་ཅན་ཞིག་གྱོན་པའི་མདོར་རྒྱ་གྲི་ཕོར་ཤུབས་བཏགས་ཤིང། ཞབས་ལྷམ་ཡུ་རིང་ནག་དོབ་ཅེས་ལྷམ་སྒྲོག་འཆིང་ཅན་ཞིག་དང་། མཚམས་རེ་འཇའ་ཅན་སྤུས་ལེགས་ཤིག་ཀྱང་གྱོན་ནས་བཞོན་རྟར་རྟ་ཆས་གཟབ་ལེགས་རྟ་དོམ་བཏགས་ཏེ་ཕེབས་སྲོལ་ཡོད།[28]

ཟ་རང་གི་ཡུལ་དེར་ཕྱི་ཕྱོགས་ཀྱི་ཚོང་པ་སྐྱོ་ནམ་རོང་པ་དང་། སྤུ་རོང་པ། རྣམ་རྒྱ་རོང་པ། ཁབ་རོང་པ་བཅས་ཀྱི་ཉེ་རྒྱང་ཡུལ་ལུང་སྡེ་ཚོ་ནས་ཚོང་ལ་ཡོང་སྲོལ་ཡོད་ཅིང་། སྐྱོ་ནམ་རོང་པས་རས་ཆ་སྣ་ཚོགས་འཁྱེར་ཡོང་བ་ཕུད་གཞན་དག་མང་ཆེ་བས་འབྲས་དང་བྲ་ཕྱེ། སྟར་ཁ། ཀུ་ཤུ། ཅུ་ལི། སྣུམ་སོགས་བཟའ་བཅའི་རིགས་མཁོ་འདོན་བྱེད། ཡུལ་དེར་གླང་བཅུའི་ཚྭ་པའམ་བྱང་འབྲོག་གི་ཚྭ་ཚོང་པ་མང་པོ་ཚོང་དུས་སུ་འཛོམས་པར་ཕན་ཚུན་ཚྭ་དང་འབྲུ་རིགས་ཤིང་ཏོག་སོགས་བརྗེ་ཚོང་བྱེད་ལ། ཚོང་དུས་ལ་མ་ཡོང་གོང་གུ་གེ་ལྷོ་སྨད་ཡུལ་ཚོ་བདུན་གྱི་མི་འགྲོ་རེས་མོས་ཀྱིས། ལོ་གསུམ་ཕོ་ཉ་ཞེས་ལོ་གསུམ་རེའི་ཐོག་མི་གཉིས་ཆེད་བཙུགས་ཀྱིས་ས་དེ་ནས་རྒྱ་གར་སྤོར་བ་ཎི་གེར་ས་ཎ་བར་དུ་ལན་སྐྱེལ་དུ་མངག་གཏོང་བྱེད། དེ་ཡང་། ཕོ་ཉའི་ལས་འགན་ནི་བོད་ཡུལ་དང་རྒྱ་གར་བཅས་ཀྱི་ཡུལ་ལུང་ཁག་ཏུ་མི་ཕྱུགས་ལ་ནད་ཡམས། རང་བྱུང་གི་གནོད་འཚེ། ཡུལ་གྱི་ཆོས་སྲིད་ལ་བར་ཆད་བྱུང་མིན། ཚོང་ཟོག་གནས་བབ་ལེགས་མིན་སོགས་ཞིབ་ཕྲ་ཕྱོགས་སོ་སོའི་འགོ་འཛིན་ལ་སྙན་སེང་ཞུ་དགོས། ལྷག་དོན་ནད་ཡམས་ཛ་དྲག་སོགས་བྱུང་ཚེ་སྐབས་དེར་ཚོང་འགྲུལ་སོགས་བཀག་སྡོམ་བྱེད། ཕོ་ཉ་བ་གཉིས་ཀྱི་ལས་འགན་ལྗིད་པོ་ཡོད་པས་གལ་ཏེ་རྫུན་བཤད་པ་སོགས་བྱུང་ན་སྲོག་ཆད་ཕོག་པའི་ཉེན་ཁ་ཡོད་དོ། །[29]

 

ལུང་ཁུངས་དཔྱད་གཞིའི་ཡིག་ཆ།

[1].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ། ༡༩༩༦། ཤོག ༡༡༦།

[2].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༦༥།

[3].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༠༧།

[4]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༦༠༡།

[5].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༧༣།

[6].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༩།

[7].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༡།

[8].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༦།

[9].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༦།

[10]. (1) བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༤༠།

(2)多杰次仁,西藏封建农奴制社会形态,中国藏学出版社。2005.Pg 338.

[11]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།

[12].  བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ ༡༤། མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༢། ཤོག ༡༦༥།

[13].  གཞུང་པ་ཚེ་རིང་ཆོས་འཕེལ། མཚོ་ཆེན་རྫོང་ཚེ་འཕེལ། མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར་འགྲེམས་བྱས། ཕྱི་ལོ་ ༢༠༠༣། ཤོག ༢༣།

[14].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༦༩།

[15].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༡༦།

[16].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༡༦།

[17].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༡༧-༡༢༠།

[18].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༩༩༦། ཤོག ༡༢༣-༡༢༤།

[19].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༣༠།

[20].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༢༠༥།

[21].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༢༠༥།

[22].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༢༠༥།

[23].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༣༡།

[24].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༣༡།

[25].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༢༠༦།

[26].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༣༢།

[27].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༢༠༥།

[28].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༣༢།

[29].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༣༣-༣༣༤།

 

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།