ལེ་ཚན་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།
དང་པོ། ཡུལ་སྡེ་ཆེ་ཁག
ཨག་རྩེ། གླིང་། ཧོར་གླིང་། རྒྱ་སྡེ། རྒྱ་ཉི་མ། ནག་ཙོག རབ་རྒྱས་གླིང་། རག་ག་ཤག སོན་གང་། སྲིད་སྐྱིད། དུང་དཀར། ཆུ་མོ་ལྡེ། ཚོ་སྲིབ་གསུམ་དཀྱིལ། འབོལ་ཡག ཀླུ་པ། ཟ་རང་། རིག་པ། སྣུབ་པ། ཁྱིམ་ཕུག མ་ཡང་སོགས་ཡོད།[1]
གཉིས་པ། རི་དང་། ལ། མཚོ། གཙང་པོ།
རི་བོ་མེས་བའུ། ཧ་སེ་འཕགས་པ་རི། ཨ་ཡི་ལ་རི་རྒྱུད། དགུན་ལ། དམར་ཅོག་ལ། ཤེན་ཆེན་ལ། ཟངས་སྐྱོགས་ལ། གྲོང་གཉིས་ལ། ཤའུ་ལ། མདུང་དམར་ལ། ཤི་རང་ལ། སྐྱིབ་སྐྱིད་ལ།[2] གཙང་པོ། གླང་ཆེན་གཙང་པོ། ཕོག་ཆུ་གཙང་པོ།[3] བྱང་ཆུབ་གླིང་གཙང་པོ།[4] རབ་རྒྱས་གླིང་གཙང་པོ།[5] མདོངས་པོ་གཙང་པོ།[6] འབབ་འོག་གཙང་པོ། རུབ་ཤོག་གཙང་པོ། མ་ནམ་གཙང་པོ།[7] སོགས་ཡོད།
དེ་དག་ལས་རི་བོ་མེས་བའུ་ནི་གུ་གེ་ཁུལ་དུ་གནས་རི་མཐོ་ཤོས་དང་ཡུལ་ལུང་གཞན་ལ་གྲགས་པ་ཤིན་ཏུ་ཆེ། རྒན་རབས་ཀྱི་ཤོད་སྲོལ་ལ་གནའ་སྔ་མོའི་དུས་ཡུལ་ལུང་འདི་རྒྱ་མཚོ་ཆེན་པོའི་འོག་ལ་ཡོད་ཅིང་། རྗེས་སུ་རྒྱ་མཚོ་རིམ་གྱིས་བསྐམས་ཏེ་དབུས་ཀྱི་རི་མཐོ་ཤོས་ཀྱི་རྩེ་མོ་བ་ཕྱུགས་བེའུ་གཟུགས་ཙམ་ཞིག་ཐོན་ཡོང་བ་དེའི་གཟུགས་དབྱིབས་ལ་བརྟེན་ནས་མིང་ཐོགས་སྐད། ཕྱིས་ཁ་སྐད་དུ་སྒྲ་འགྱུར་ཟུར་ཆག་གིས་བའུ་དང་དེ་ནི་རིའི་ཐོག་མ་དང་ཡུལ་གྱི་ཐོག་མ། གནས་ཀྱི་ཐོག་མ། ཡུལ་དེའི་འགྲོ་བ་སེམས་ཅན་གྱི་གནས་སྡོད་བྱེད་ས་ཐོག་མ་ཡིན་གཤིས་མེས་ཞེས་མིང་ཆ་ཚང་བར་མེས་བའུ་ཞེས་ཟེར་སྐད།[8] ཨི་ཕི་གངས་སྨན་ཏེ་རྒྱ་མཚོ་ངོས་ལས་མཐོ་ཚད་མི་ཊལ་ ༧༧༦༠ དང་། དམའ་ཤོས་གླང་ཆེན་གཙང་པོའི་སྨད་ཁུལ་སྲིབ་སྐྱེས་ཁུལ་ཤིང་ནགས་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊལ་ ༢༩༣༠ ཙམ་ཡོད།[9]
ལེ་ཚན་བཞི་པ། ཞིང་འབྲོག་ཐོན་ཁུངས་དང་ཐུན་མིན་ཐོན་ལས།
དང་པོ། ཞིང་འབྲོག་ཐོན་ཁུངས།
རྩ་མདའ་རྫོང་ནི་ཡུལ་འབྲོག་རོང་གསུམ་ཆ་ཚང་བའི་རྫོང་ཞིག་ཡིན། རྫོང་དེའི་འབྲོག་ཁུལ་དུ་འབྲི་གཡག་ར་ལུག་སོགས་ནོར་གནག་ཕོན་ཆེན་ཡོད་ཅིང་། ལྷག་པར་མདའ་པ་དང་མདོངས་པོ། ཁྱུང་ལུང་གི་ལུག་དང་ཆུ་མོ་རྟིའི་རྟ་གཡག བྱང་ཐང་པའི་ར་སོགས་སྟོད་མངའ་རིས་ཡུལ་དུ་སྐད་གྲགས་ཤིན་ཏུ་ཆེ་ཞིང་། ཁུལ་དེ་དག་ཏུ་ནོར་གནག་གི་ཁ་གྲངས་ཁྲི་སུམ་བརྒྱ་ལྔ་བཅུ་དྲུག་ཅུ་ཙམ་ཡོད་པར་གྲགས། དེ་བཞིན་རྫོང་དེའི་རོང་ཁུལ་དང་ཡུལ་པའི་སར་ཞིང་ལས་ཐོན་སྐྱེད་དུ་འབྲུ་དང་། དཔྱིད་གྲོ། རི་སྒོག་སོགས་ཐོན་སྐྱེད་འདེབས་ལས་བྱེད། ཞིང་ཁུལ་དུ་སྒོ་ཕྱུགས་གཙོ་བོ་འབྲི་གཡག་ ར་ལུག མཛོ། རྟ་དྲེལ་སོགས་གསོ་ཚགས་དང་། བྱེ་བྲག་ཁུལ་དེ་ནས་ཐོན་སྐྱེད་ལས་སྣོན་བྱས་པའི་བ་མཛོའི་མར་ཧ་ཅང་སྤུས་དག་པས་རྩ་མདའི་མར་ཞེས་སྟོད་མངའ་རིས་ཁུལ་དུ་སྐད་གྲགས་ཆེ། དོན་དངོས་སུའང་རྩ་མདའི་མར་ནི་རོ་བཅུད་ལྡན་ཞིང་ཁ་ལ་འཇམ་པ་སོགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པར་བཤད།[10]
གཉིས་པ། ཐུན་མིན་ཐོན་ལས།
༸རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་གངས་ཅན་ཡུལ་དུ་གྲགས་པ་ཆེ་ཆེར་ཁྱབ་པའི་མངའ་རིས་ཁམ་བུ་ནི། རྩ་ཧྲེང་རྫོང་གི་གླང་ཆེན་གཙང་པོའི་སྨད་ཕྱོགས་ལོ་ཆེན་རིན་ཆེན་བཟང་པོའི་འཁྲུངས་ཡུལ་རོང་ཆུང་ཁུལ་ཏེ། གཏི་གཡག་དང་། ར་ཉི། སྲིབ་སྐྱེས། རོང་སྟོད། སེང་ཁུངས་སོགས་ནས་ཐོན། རྩ་ཧྲེང་རྫོང་གི་ལུགས་པ་གྲོང་ཚོའི་ཐུན་མིན་གྱི་ལག་ཤེས་ནི་རྟ་བོང་ལ་འདོགས་བྱེད་ཀྱི་དྲིལ་བུ་དང་ཨེར་ཁ་སོགས་བཟོ་སྐྲུན་བྱེད་ཅིང་། ལྷག་པར་ལུགས་པ་ཁུལ་ནས་ཐོན་པའི་དྲིལ་བུ་སོགས་ནི་མངའ་རིས་ཡོངས་ལ་སྐད་གྲགས་ཤིན་ཏུ་ཆེ། རྫོང་དེ་ནས་སྒོ་ཕྱུགས་ཀྱི་རྒྱན་ཆ་ཙམ་དུ་མ་ཟད། ཁྱིམ་ཆས་ཀྱི་ཐད་ནས་ཀྱང་ཐབ་ཆས་འདྲ་མིན་དང་། གསེར་དངུལ་ཟངས་རག་ལྕགས་ལས་གྲུབ་པའི་ལྷ་སྐུའི་རིགས་སྣ་ཚོགས་ཤིག་ལས་སྣོན་བཟོ་སྐྲུན་བྱེད།
ལྷག་པར་གུ་གེ་དངུལ་མིག་ཅན་ཞེས་གསེར་ཟངས་ལ་ལུགས་བརྒྱབ་ནས་བྱུང་བའི་སྐུ་ལ། རིན་ཐང་བྲལ་བའི་གསེར་དཀར་པོའི་རྒྱན་གྱིས་བརྒྱན་སྲོལ་ཡོད་པ་དེ་ཧ་ཅང་གྲགས་ཆེ།[11] དེ་མིན་རྩ་ཧྲེང་ཆུ་བཟང་ཚོ་རུབ་ཁུལ་གྱི་བུད་མེད་རྣམས་འཐག་ལས་སྒྱུ་རྩལ་ལ་བྱང་ཆུབ་ཅིང་། ཁུལ་དེའི་སྐྱེས་ཕོ་མོ་ཀུན་གྱི་གྱོན་ཆས་ཕལ་མོ་ཆེ་ས་གནས་རང་ནས་ལས་སྣོན་བཟོ་སྐྲུན་བྱེད། ཡང་སྒོས་བུད་མེད་ཀྱི་ཕྱི་གྱོན་གོས་གཟན་ཕྱར་བ་དང་ཏིང་ཏིང་། སྣམ་འཇར། པང་གདན། ལྟེབ་ལྷམ་བཅས་དང་། ཁྱིམ་ཆས་བཙུགས་ཕྲུག་གི་གདན་སོགས་མཛེས་ཤིང་སྤུས་ལེགས་འགྲན་ཟླ་བྲལ་བ་ས་གནས་ཙམ་དུ་མ་ཟད། ཡུལ་ལུང་གཞན་བྱང་ཐང་སོགས་ལ་སྐད་གྲགས་ཆེ།[12] ཚོང་འདུས་ཁག་གི་སྐབས་སུ་གོང་གསལ་རྫོང་དེའི་ཐུན་མིན་ཐོན་རྫས་རྣམས་འགྲོ་རྒྱུག་ཤིན་ཏུ་ཆེ།
གསུམ་པ། ཚོང་ལས།
མངའ་རིས་ཁུལ་གྱི་རྫོང་གཞིས་གཞན་དག་ལས་རྩ་ཧྲེང་རྫོང་ནི་ཕྱི་ནང་ཚོང་འབྲེལ་གྱི་འདུ་འཛི་ཆེ་ལ། གཞུང་འབྲེལ་ཐོག་ཕྱི་ནང་ཕན་ཚུན་ཚོང་འབྲེལ་ཕོ་ཉ་མངགས་པའི་ལུགས་སྲོལ་ཡང་ཡོད། དཔེར་ན། ལོ་ལྟར་བོད་ཟླ་ ༢ ཙམ་ནས་རྩ་རྫོང་གི་སྒོ་ཁ་ཚོང་ལམ་བདེ་འཇགས་ཞིབ་བཤེར་དང་ཚོང་གྲོས་བྱེད་པར་ས་གནས་རྫོང་གིས་ལྷོ་སྨད་དང་། ལྷོ་སྟེང་། བྱེས་དཀར། ཟ་རང་བཅས་ཡུལ་ཚོ་རེ་ནས་ཕོ་ཉ་མི་གཉིས་རེ་འགྲོ་ཁུངས་འགན་འཁུར་སྤྲོད། དེ་ནས་ལོ་རེའི་བོད་ཁོངས་སྒར་དབྱར་སའི་ཚོང་ར་དང་། རྒྱ་ཉི་མའི་ཚོང་ར་ཕྱིའི་ཚོང་པ་ཁག་སྐྱོ་ནམ་ལ་སྒོ་དང་སྲིབ་སྐྱེས་ལ་སྒོ་བརྒྱུད་ཚོང་ལ་འོང་ཞིང་། རྩ་ཧྲེང་གི་ཚོང་པ་ཕྱིར་རྒྱ་གར་ཁུལ་དུ་ཚོང་ལ་འགྲོ་ཡུལ་གྱི་ཚོང་ར་ནི་གྲོང་གཉིས་ཚོང་ར་དང་། བྷོ་འཁོར་ཚོང་ར། དྲུག་ཕག་ཚོང་ར། རམ་སྤོར་ཚོང་ར། ཅང་ནག་ཚོང་ར། སྤི་ཏི་སོགས་ཀྱི་ཚོང་ར་ཁག་ཏུ་ཚོང་གཉེར་བྱེད་ལ། ནང་ཁུལ་ཚོང་འདུས་ཁག་ནི་ར་དམར། སྤུ་གླིང་། སྤུ་གླིང་གསུམ་མདོ། ཟང་ཚོ་ས། དོང་པ་ར་སོགས་དང་། དུས་རྒྱུན་རང་དབང་ངང་ཡུལ་ཚན་སོ་སོའི་དུད་ཚང་སྒོ་འགྲམ་སུ་ཚོང་རྒྱག་པར་འགྲོ་བའི་ལམ་སྲོལ་ཡང་མཆིས། ཕྱིར་ཚོང་བྱ་རྒྱུའི་དངོས་ཟོག་གཙོ་བོ་ནི་ཚྭ་བལ། ཤ་མར་ཕྱུར། ནོར་ལུག་སོགས་དང་། ནང་འདྲེན་ཚོང་ཟོག་ཏུ་འབྲས། ཟངས་ལྕགས་རག་གསུམ་གྱི་སྣོད་ཆེ་ཆུང་སྣ་ཚོགས་དང་། མངར་ཆའི་རིགས། རས་ཆའི་རིགས། འདག་རྫས། ཙག་ཀྲ། སུར་ཏི། ཐ་མག དར་ལྕོག ཤིང་འབྲས་སྣ་ཚོགས་སོགས་འཚོ་བའི་ཉེར་མཁོའི་ཡོ་བྱད་སྣ་ཚོགས་ཉོ་སྒྲུབ་དང་། བོད་ཁུལ་ཕྱོགས་མཐའ་ནས་འོང་བའི་བྱང་འབྲོག་གི་ཚོང་པས་ར་ལུག བོང་བུ། རྟ། མཛོ། ཁྱི། བལ་སྤུ། ཤ་མར་ཕྱུར་བ། པགས་རིགས། བཙུགས་ཕྲུག བཙུགས་གདན། རུམ་གདན། ཐག་པ། ཕྱ་ར། སྒྱེ་མོ། ཆང་རག་སོགས་ཀྱང་ཚོང་ལས་བྱེད། གོང་གསལ་ཚོང་འདུས་དེ་རྣམས་རིང་དུས་ཟླ་བ་གཅིག་དང་ཐུང་དུས་བདུན་གཅིག་རིང་ཚོང་དུས་བྱེད་སྐབས་འཁྲུག་ཆ་ཤིན་ཏུ་དོད་པར་བཤད།
ཚོང་འབྲེལ་སྒྲིག་ལམ་ནི་གཞུང་འབྲེལ་གཏན་འབེབས་གནང་བའི་ཁྲིམས་ལུགས་གཞིར་བཟུང་། ནག་ཚོང་དང་ཧམ་ཚོང་གི་རིགས་བརྒྱབ་མི་ཆོག་པར་མ་ཟད། ས་གནས་ཀྱི་ཡུལ་ཁྲིམས་དང་བརྒལ་བའི་བྱ་སྤྱོད་ཀྱི་རིགས་སྤེལ་མི་ཆོག དེ་བཞིན་ཚོང་པ་ཕན་ཚུན་གྱི་བར་གྱི་སྒྲིག་སྲོལ་ལའང་། རང་ཉིད་ཚོང་ཤག་སོ་སོའི་བར་ཚྭ་འབྲུ་བརྗེ་ལེན་དང་གནས་ཚང་སྣེ་ལེན། བུན་གཡར་གན་རྒྱ་སོགས་འཇོག་དགོས་པ་ལས། རང་སྣང་གང་བྱུང་ཚོང་འབྲེལ་བྱས་ཚེ་འཁྲུག་རྩོད་ཁྲིམས་གཅོད་འགེལ་བ་ཡིན། དུས་སྐབས་དེའི་ཚོང་འབྲེལ་ཐང་གཞིར་ཡུལ་དུས་ལ་དཔག་པས་འཕར་ཆག་འགྲོ་བ་ཆོས་ཉིད་ཡིན་ཡང་། སྤྱིར་འཛའ་ཐང་གཏན་འབེབས་བྱས་ཡོད་པ་ནི་ཚྭ་དང་དངོས་ཟོག་གཞན་བརྗེ་རེས་ལྟ་བུར་མཚོན་ན། འབྲས་དཀར་པོ་རྒྱབ་གཅིག་ལ་ཚྭ་རྒྱབ་གཉིས། རྒྱམ་འབྲས་རྒྱབ་གཉིས་ལ་ཚྭ་རྒྱབ་གསུམ། རྫོ་ཀོར་རྒྱབ་གཅིག་ལ་ཚྭ་རྒྱབ་གཉིས། ཙེ་ཙེ་རྒྱབ་གཅིག་ལ་ཚྭ་རྒྱབ་གཅིག སོ་འབྲུ་རྒྱབ་གཅིག་ལ་ཚྭ་རྒྱབ་གཅིག ཚྭ་རྒྱབ་རེ་ལ་བལ་རྒྱབ་རེ། དེ་མིན་བལ་གྱི་ཐང་གཞིར་ལྟོས་ནའང་། བལ་ཤེར་བདུན་[13]ལ་རིན་སྒོར་གཅིག་གནས་པ་ཡིན།
ལེ་ཚན་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།
རྩ་ཧྲེང་ཁུལ་དུ་རྐྱང་དང་། གནའ་བ། གཉན། འབྲོང་། དགོ་བ། གཟིག གཡི། སྤྱང་ཀི། ཝ། ལྷ་ཁྱི། ཨ་ཅེ་ཨོག་པོ་ཁྲ་འཁྱིལ། པུག་པུག་ཤེ་ལེ་སོགས་དང་། སྐྱེ་དངོས་གངས་ལྷ་མེ་ཏོག་དང་། ལ་ཆུ། སྙ་ལོ། ཚེར་ཤིང་། སེ་ཤིང་སོགས་སྐྱེ། གཏེར་ཁའི་རིགས་མཆོང་རྡོ་སྨུག་པོ། ཉི་མ་ཁ་ཆུ། མུ་ཟི། ཟངས། ལྕགས། པདྨ་རཱ་ག རྡོ་ཀ་མ་རུ། ལྷང་ཚེར་དཀར་པོ། རྡོ་དཀར་གོང་སོགས་རིགས་སྣ་ཚོགས་ཤིག་ཐོན།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1]. ཤག་གླིང་འགྱུར་མེད་རྡོ་རྗེ། བཅར་འདྲི། དགུང་ལོ་ ༨༡། སྡོད་གནས་ལ་དྭགས། ཕྱི་ལོ་ ༢༠༡༧།
[2]. བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་བཅུས། ཕྱི་ལོ་ ༡༩༧༩། ཤོག ༢༦༦།
[3]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༠༢།
[4]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༧༡།
[5]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༣༨།
[6]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༡༦།
[7]. བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། བོད་དམག་ཁུལ་ཁང་སི་ལེན་པུའུ་མྱུལ་ཞིབ་ཁྲུའུ། ཤོག་ ༢༦༦-༢༦༩།
[8]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༣༦།
[9]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༧༤།
[10]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག་ ༡༧༤-༡༧༥།
[11]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༥༤།
[12]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༧༨།
[13]. བལ་མོན་ཤེར་ལྔ་ལ་དེང་གི་ཀི་ལོ་གཉིས་སམ། རྒྱ་མ་བཞི་ཙམ་གྱི་ཚད་ཡིན།