ལེ་ཚན་བདུན་པ། དམངས་སྲོལ།
དང་པོ། རྩ་ཧྲེང་གི་གར་མ་ཤོན།
རྩ་མདའ་རྫོང་ནི་མངའ་རིས་ས་ཁུལ་དུ་བོད་མི་རིགས་ཀྱི་དམངས་ཁྲོད་གཞས་དང་ཞབས་བྲོའི་འབྱུང་ཁུངས་གཙོ་བོའི་ཡུལ་ལུང་ཞིག་ཡིན། དེའི་ཁྲོད་གུ་གེའི་སྐོར་རྒྱག་ཞབས་བྲོ་ལ་ལོ་ངོ་ ༡༠༠༠ ལྷག་གི་ལོ་རྒྱུས་ལྡན་ཞིང་། ད་བར་སྔར་བཞིན་མཐོ་ལྡིང་ཟ་རང་དང་ཏི་ཡག་ཁུལ་དུ་དར་ཁྱབ་འགྲོ་བཞིན་ཡོད། དུས་ཆེན་མཛད་སྒོ་ནམ་ཡིན་ལ་དེ་བས་ཀྱང་དགའ་སྤྲོའི་ངང་ནས་གུ་གེའི་སྐོར་རྒྱག་ཞབས་བྲོ་འཁྲབ་སྲོལ་མཆིས། ཡོངས་ཁྱབ་རྩ་ཧྲེང་ཁུལ་གྱི་གར་མ་ཤོན་ནི་རྫོང་དེའི་ཧྲེབ་སྐྱེས་གྲོང་ཚོ་དང་། སྡི་ཡག་གྲོང་ཚོ།
མ་ཡག་གྲོང་ཚོ་སོགས་སུ་དར་ཁྱབ་ཆེ། བཤད་རྒྱུན་ལ་གར་མ་ཤོན་དེའང་ཐོག་མར་ཧྲེབ་སྐྱེས་གྲོང་ཚོར་མཁའ་འགྲོའི་རིགས་ཀྱི་བུ་མོ་ཞིག་གིས་གསར་གཏོད་གནང་བར་གྲགས་པས། ཡུལ་མི་ཚོས་མཁའ་འགྲོའི་ཞབས་བྲོར་ངོས་འཛིན་བྱེད། གར་མ་ཤོན་ནི་ལོ་རེའི་བོད་ཟླ་དང་པོའི་ཚེས་གཅིག་ནས་ལྔ་བར་ལྷ་བསྡུར་ཞེས་པའི་དུས་ཆེན་སྐབས་སུ་དང་ཐོག་ཡུལ་དེའི་ལྷ་ཁང་གཙོ་བོར་སྔ་དྲོ་གཞས་ཕུད་འབུལ་བ་དང་། ཕྱི་དྲོ་ཡུལ་མི་རྣམས་མཉམ་འཛོམས་ཀྱིས་ཡུལ་ཐང་དུ་འཁྲབ་སྲོལ་ཡོད་ཅིང་། གཞན་ལོ་གསར་དང་འབུམ་སྐོར་རམ་འོང་སྐོར་སྐབས་སུའང་འཁྲབ་སྲོལ་མཆིས།
གར་མ་ཤོན་གྱི་འཁྲབ་ཚན་ལ་ཁྱོན་བསྡོམས་ལེའུ་བཅུ་གསུམ་(གསུམ་བརྒྱབ་པའི་བཀྲ་ཤིས་གོང་མ་ཕེབས། གྲངས་བརྒྱ་བཅུ་གཅིག་བཅུ་གཉིས། གངས་དཀར་པོ་གསེར་གྱི་མཆོད་རྟེན། ནོར་མོའི་ཨ་ཅོ་བསོད་ནམས་གྲགས་པ། ཤར་ཕྱོགས་བཀྲ་ཤིས་སྒང་། ཕུ་ཡི་གསེར་ལུང་སེར་པོ། དགུང་སྔོན་མཐོན་པོ། དང་པོ་བུ་གསུམ་གཅིག་མ། ཕུ་ཡི་སྤང་ལུང་གོང་མ་ལགས། ལོ་ཆུང་པདྨ་ཚེ་རིང་། ཤོག་མགོ་ང་ཡི་གཡས་ཕྱོགས། མ་བཞེངས་ལྷ་ཁང་ཀ་གཅིག་བཞེངས། ཏ་རིལ་ཨ་རིལ་བཅས་སོ།)ཡོད་ཀྱང་། དེ་རྣམས་ཀྱི་གཞས་ཚིག་དང་གཞས་གདངས་མི་འདྲ་བ་ཙམ་ལས་རྩ་བའི་སྟངས་སྟབས་དང་སྒྲིག་གཞིའི་ཐད་དབྱེ་བ་དེ་ཙམ་མེད་ཅིང་། གར་མ་ཤོན་གྱི་རྒྱན་གོས་སྐོར་ལའང་བུད་མེད་ཚོས་ཕྱུ་པ་ཕར་སྒྲིལ་མ་གྱོན་པ་དང་། ལྷམ་ཀོ་ཟོམ། མགོའི་སྟེང་ལ་སྤ་ཕྲུག དཔྲལ་བའི་ངོས་ལ་སྤེ་ཏོག་དང། དེའི་སྟེང་ལ་ཁྲུའུ་ཁྲུའུ། དེའི་གཡས་གཡོན་ལ་སྟོན་རྟགས། མཚོག་སྒང་སྟེང་ལ་ཉི་ཟླ། རྣ་ཅོག་གཡས་གཡོན་ལ་ཀོག་སྣང་། བྲང་ཁོག་སྟེང་དུ་གའུ་སོགས་ཀྱིས་བརྒྱན་པར་བྱེད། བུ་རྣམས་ཀྱི་རྒྱན་གོས་ནི་ཡུལ་དེའི་སྐྱེས་པའི་གཟབ་འཆོར་དང་གཅིག་མཚུངས་ཡིན།[1]
གཉིས་པ། མཐོ་ལྡིང་སེར་ཚོགས།
མཐོ་ལྡིང་སེར་ཚོགས་ནི་བོད་ཟླ་ ༡ ཚེས་ ༣ ནས་ཉི་ཤུ་གཅིག་བར་མཐོ་ལྡིང་དུ་ཚོགས་ཤིང་། དེ་ནི་ཁྲི་ཆེན་ངག་དབང་མཆོག་ལྡན་སྐབས་རྒྱལ་མཆོག་སྐུ་ཕྲེང་བདུན་པས་བཅའ་ཡིག་གནང་སྟེ་བཙུགས་གནང་མཛད། སྨོན་ལམ་སྐབས་དགོན་པའི་འགྲོ་གྲོན་ཚང་མ་རྩ་རང་དང་མདའ་བ་རྫོང་དཔོན་གཉིས་ནས་གཏོང་སྲོལ་མཆིས།།[2]
ས་བཅད་བཞི་པ། མདའ་པ་རྫོང་།
ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།
དང་པོ། མདའ་བ་རྫོང་གི་མིང་ཐོགས་ཚུལ།
སྔོན་གྱི་ལོ་རྒྱུས་ཡིག་ཚང་ཁག་ཏུ་རྫོང་དེར་མདའ་བ་རྫོང་དང་། མདའ་མཁར་རྫོང་ཞེས་འབོད་སྲོལ་མི་འདྲ་བ་གཉིས་ཙམ་མཆིས་ཀྱང་། དེ་སྔའི་གཞུང་ཡིག་རྙིང་པ་ཕལ་ཆེར་དུ་མདའ་མཁར་རྫོང་ཞེས་འཁོད། དེ་ཡང་ཤད་རྒྱུན་དུ། མདའ་བ་རྫོང་ཆགས་ཡུལ་དེ་བཞིན་སྔར་ཞང་ཞུང་སྐབས་སུ་གྲགས་ཆེ་བའི་མཁར་བརྒྱད་ཀྱི་ནང་ཚན་ཁ་ཡུག་འདམ་མཁར་ཞེས་པ་དེ་ཡིན་པས། འདམ་མཁར་གྱི་སྒྲ་ཟུར་ཆག་སྟེ་མདའ་མཁར་ཞེས་ཐོགས་པར་གྲགས།[3]ཞེས་འཁོད།
གཉིས་པ། མདའ་པ་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།
བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིན་ཞག་ ༤༥ ལེ་དབར་ ༣༡༥༠ སར་ཡོད་པའི་མདའ་པ་རྫོང་ནི། གོ་ལའི་བྱང་གི་འཕྲེད་ཐིག་ ༣༠༚༥’ 〜 ༣༢༚ ༤’ དང་། ཤར་གྱི་གཞུང་ཐིག་ ༧༨༚༥’ 〜 ༧༩༚༨‘ ཙམ་ལ་གནས་པའི་རྩ་མདའ་རྫོང་ཁོངས་སུ་བཅུག་ཡོད་ཅིང་། རྩྭ་མདའ་རྫོང་གི་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༢༚C དང་། ཟླ་དང་པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༢༚C ཟླ་བདུན་པའི་ཆ་སྙོམས་དྲོད་ཚད་ ༨༚C བཅས་ཡིན། རེད། དེ་སྔའི་མདའ་པ་དེང་རྩ་མདའ་རྫོངས་སུ་གཏོགས་པས་དེའི་ལྷོ་ཕྱོགས་རྒྱ་གར་དང་ཐུག་ཅིང་། ནུབ་ཕྱོགས་རྒྱ་གར་གྱི་མངའ་སྡེ་པ་ཇབ་སྟེ་སིང་པའི་ཡུལ་དང་ས་འབྲེལ། བྱང་ཕྱོགས་ཀ་སྨིར་དང་མུ་འབྲེལ་བ་ཡོད་ལ་བྱང་ཤར་ཕྱོགས་སུ་སྒར་དང་ཤར་ཕྱོགས་སྤུ་ཧྲེང་རྫོང་དང་འབྲེལ་ལོ། །[4]
ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།
དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་མདའ་པ་རྫོང་།
མདའ་མཁར་རྫོང་ཁུལ་དེ་བཞིན་རྒྱལ་ཕྲན་སིལ་མའི་གོང་ཞང་ཞུང་སྲིད་པའི་རྒྱལ་པོ་གསེར་གྱི་བྱ་རུ་ཅན་བཅོ་བརྒྱད་ཀྱི་ཡ་གྱལ་སླ་ཀྲ་གུ་གེ་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་དང་། རྒྱུང་ཡ་མུ་ཁོད་རྒྱལ་པོ་གཞའ་མཚོན་འོད་ཀྱི་བྱ་རུ་ཅན་གྱིས་སྲིད་དབང་བསྐྱངས།[5]ཞེས་པ་ལས་དེ་གཉིས་གང་རུང་ཞིག་གི་དབང་བསྒྱུར་བའི་ས་ཁུལ་ཞིག་ཡིན་ལས་ཆེ་ཞིང་། རྒྱལ་ཕྲན་སིལ་མའི་སྐབས་ཞང་ཞུང་དར་པའི་ཇོ་བོ་ལིག་སྙ་ཤུར་གྱི་དབང་ལུང་བསྒྱུར་པའི་ས་ཁུལ་ཞིག་ཡིན་བཟོ་འདུག རྒྱུ་མཚན་གང་ལགས་ཤེ་ན། མདའ་པ་དེ་བཞིན་ཞང་ཞུང་རྒྱལ་པོའི་ལྟེ་གནས་ཁྱུང་ལུང་དངུལ་དཀར་དང་ཐག་ཉེ་ཤོས་ཡིན་པའི་ཁ་ཡུག་མདའ་མཁར་ཞེས་པ་དེ་ཡིན་པས་སོ།། དེ་བཞིན་སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་བསྒྱུར་རྗེས་ཞང་ཞུང་ཁྲི་སྡེ་སྟོད་སྨད་ཀྱི་ཁོངས་སུ་གཏོགས་པ་དང་། བོད་སིལ་བུར་ཐོར་རྗེས་སྤུར་རྒྱལ་བཙན་པོའི་གདུང་རྒྱུད་སྐྱིད་ལྡེ་ཉི་མ་མགོན་གྱིས་དབང་སྒྱུར་མཛད་ཡུལ་དུ་གྱུར། དེ་ནས་བཟུང་ཁུལ་དེར་ཞང་ཞུང་ཞེས་པའི་དོད་དུ་མངའ་རིས་ཞེས་ཐོགས།[6]
མངའ་རིས་རྒྱལ་པོ་སྐྱིད་ལྡེ་ཉི་མ་མགོན་དགུང་ལོ་བགྲེས་པའི་སྐབས་སུ། སྲས་གསུམ་པོར་མངའ་རིས་ཁུལ་ཆ་བགོས་གནང་སྐབས་གུ་གེ་གཡའ་ཡིས་བསྐོར་བའི་ཁྱབ་ཁོངས་རྣམས་སྲས་བར་པ་བཀྲ་ཤིས་མགོན་ལ་གནང་བ་དང་།[7] ཁོང་གི་སྲས་སྲོང་ངེའམ་ཁྲི་ལྡེ་སྲོང་གཙུག་བཙན་ཆེར་ལོངས་ནས་གུ་གེ་རྩ་ཧྲེང་མཁར་དུ་བྱོན་ནས་ཡུལ་དེར་དབང་སྒྱུར་གནང་འགོ་བཙུགས་པ་ནས་བཟུང་། བུ་རབས་ཚ་རྒྱུད་ཁོང་གི་མི་རྒྱུད་རིམ་པས་ཡུལ་དེར་དབང་བསྒྱུར་ཅིང་།[8] ཕྱིས་གུ་གེ་ལྷོ་བྱང་གཉིས་སུ་གྱེས་རྗེས་[9]ལྷོ་སྟོད་མདའ་བའི་ཁུལ་དེར་མདའ་བ་ཆོས་རྒྱལ་པདྨ་བཀྲིས་དང་རྒྱལ་མོ་ཚེ་རིང་བུ་ཁྲིད་གཉིས་ཀྱིས་དབང་བསྒྱུར་མཛད།[10] ཅེས་གསལ།
དཔལ་ལྡན་ས་སྐྱ་པ་དང་སྡེ་སྲིད་ཕག་མོ་གྲུ་པས་བོད་ལ་དབང་ལུང་བསྒྱུར་སྐབས། ཁུལ་དེ་རྣམས་སྔར་མུས་བཞིན་སྤུར་རྒྱལ་བཙན་པོའི་གདུང་རྒྱུད་ཀྱིས་ཁྲིམས་འགོ་རང་བཙན་པའི་ཚུལ་དུ་དབང་ལུང་བསྒྱུར་ཅིང་། སྡེ་སྲིད་གཙང་པའི་སྨད་དང་བོད་གཞུང་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་བསྒྱུར་བའི་ཐོག་མའི་དུས་སྐབས་ཏེ། ཕྱི་ལོ་ ༡༦༣༣ ལོར་ལ་དྭགས་རྒྱལ་པོ་སེང་གེ་རྣམ་རྒྱལ་གྱིས་གུ་གེར་དཔུང་འཇུག་གིས་གུ་གེ་རྒྱལ་པོའི་སྲིད་དབང་བཙན་འཕྲོག་བྱས་ཏེ་སེང་གེ་རྣམ་རྒྱལ་ཕ་བུས་ལོ་ངོ་ལྔ་བཅུ་ལྷག་དབང་སྒྱུར་བྱས། མཐར་ཕྱི་ལོ་ ༡༦༨༠ ལོར་དགའ་ལྡན་ཕོ་བྲང་པའི་དམག་དཔོན་དགའ་ལྡན་ཚེ་དབང་གིས་མངའ་རིས་ཁུལ་ནས་ལ་དྭགས་རྒྱལ་པོའི་དབང་ཤུགས་མཐར་སྤྲོད་བཏང་སྟེ། དགའ་ལྡན་ཚེ་དབང་རང་ཉིད་ནས་མངའ་རིས་སྐོར་གསུམ་ལ་དབང་བསྒྱུར་གྱིས་ལྷོ་རྒྱ་གར། ནུབ་ལ་དྭགས། བྱང་ཤིན་ཅང་བཅས་ས་མཚམས་ཁག་ལ་སོ་མི་འཛུགས་རྒྱུ་དང། ནང་ཁུལ་རྫོང་བཞི་དཔོན་དྲུག་གི་ལམ་ལུགས་གསར་གཏོད་མཛད།[11]
ཕྱིས་གུ་གེ་ལྷོ་བྱང་གཉིས་སུ་གྱེས་རྗེས་ལྷོ་སྟོད་དུ་གནས་པའི་མདའ་བ་ཆོས་རྒྱལ་གྱི་མཁར་མཆིས་པའི་སར། བོད་གཞུང་གིས་རིམ་ལྔའི་ཕྱོགས་མཐའི་རྫོང་གཞིས་གྲས་རྫོང་སྡོད་སྐྱ་བོ་གཉིས་ཀྱིས་སྐྱོང་བའི་མདའ་པ་རྫོང་བཙུགས།[12] དེ་ཡང་《དེབ་ཐེར་ལོང་བའི་མིག་བུ།》ལས། ཏ་ཀོང་ཁྲི་བཞུགས་བཅུ་གཅིག་པའི་ལོ་ཕྱི་ལོ་ ༡༨༣༠ ལོར་སྙན་ཞུས་ཀྱིས་བློན་ཆེན་ཤིན་ལུང་གཉིས་ནས་མི་གཅིག་གིས་ཞོར་ལྕོགས་བྱས་འཐུས་སྩལ།[13] ཅེས་ཀྱང་འཁོད། མདའ་པ་རྫོང་དཔོན་སྡོད་ས་ནི་མདའ་བ་ཆོས་རྒྱལ་གྱི་མཁར་གོག་ཆགས་སའི་རི་གཤམ་ལྷོ་ནུབ་ངོས་ལ་ཁང་བཟང་ཐོག་བརྩེགས་གཉིས་ལྡན་མ་ཁང་མིག་བཞི་ཙམ་ཡོད་སྐད།[14]
ལོ་རྒྱུས་ཐོག་མདའ་མཁར་རྫོང་གི་རྫོང་སྡོད་དུ་ལུམ་ཤར་དང་། གླིང་ཁྱིམ་པོ་ཆེ་བ། ཕྱི་ལོ་ ༡༧༩༥ ལོར་ཡུལ་ལྷ་བ། ཕྱི་ལོ་ ༡༧༩༧ ལོར་སྣར་སྐྱིད་གཤོངས་པ། ཕྱིས་སྐྱ་བོའི་འགྲོ་ཁུངས་རྫོང་སྡོད་གཉིས་ལས་ཁྱིམ་ཕུ་ཆེ་བ་དང་དགའ་བོ་ནང་པ། ཕྱི་ལོ་ ༡༨༡༢ ལོར་དགའ་ནང་འཕོས་ཚབ་བར་འཚོ་བ་དང་། ཕྱི་ལོ་ ༡༨༢༥ ལོར་ཁྱིམ་ཆེ་བ་གནས་དབྱུང་ཚབ་ཟུར་སྤྱི་བ། ཕྱི་ལོ་ ༡༨༢༠ ལོར་བར་འཚོ་གནས་དབྱུང་ཚབ་སྔོན་མ་ལུང་པ། ཟུར་སྤྱི་ལམ་བར་འདས་ཚབ་ཕྱི་ལོ་ ༡༨༢༡ ལོར་ཟངས་འགོ་བ་བསྐོས། ཕྱི་ལོ་ ༡༨༢༥ ལོར་ཟངས་འགོ་བའི་ཚབ་བྱ་ཚང་བཀྲ་ཤིས། དེ་བཞིན་ཕྱི་ལོ་༡༩༢༥ ལོར་སྤེལ་གསར་བ་དང་། ཕྱི་ལོ་ ༡༨༢༧ ལོར་སྤེལ་གསར་བ་དང་དགོན་པ་བ། ཕྱི་ལོ་ ༡༨༢༨ ལོར་སྤེལ་གསར་འཕོས་ཚབ་གདོང་སྣ་བ་རྡོ་རྗེ་། ཕྱི་ལོ་ ༡༨༣༠ ནས་རྫོང་སྡོད་གཅིག་གིས་འཐུས་པའི་སྙན་ཞུས་བཀའ་འཁྲོལ་ལྟར་རྩ་འཛིན་དགོས་པས་གདོང་སྣ་བས་གཅིག་འཐུས་བྱས། དེ་ནས་ཕྱི་ལོ་ ༡༨༣༢ ལོར་སྙན་གྲོང་ནོར་བུ། ཕྱི་ལོ་ ༡༨༣༦ མདར་བ་བློན་རྒྱུད་དཔལ་འབྱོར་རྣམ་རྒྱལ། འདི་ལ་སིང་དམག་དོན་སྐབས་དགྲ་ལག་ཏུ་ཚུད་པའི་གནས་དབྱུང་ཚབ་ཕྱི་ལོ་ ༡༨༤༡ ལོར་བཀྲས་མཐོང་ཚེ་དབང་ཕུན་ཚོགས་བསྐོས། ཕྱི་ལོ་ ༡༨༤༣ ལོར་ཞེ་བོ་དགྲ་འདུལ་ཕུན་ཚོགས། ཕྱི་ལོ་ ༡༨༤༤ ལོར་ཆབ་ཆོམ་པ་བདུད་འདུལ། ཕྱི་ལོ་ ༡༨༥༤ ལོར་སྨོན་མཚོ་ཚེ་དབང་། ཕྱི་ལོ་ ༡༨༥༨ ལོར་རྩ་ཧྲེང་རྫོང་སྡོད་སྟག་སྣ་པདྨ་རྣམ་རྒྱལ་གྱིས་གཅིག་ལྕོགས་བྱས། ཕྱི་ལོ་ ༡༨༦༡ ལོར་ཐོན་པ་སྲས་རྡོ་རྗེ་དགྲ་འདུལ། ཕྱི་ལོ་ ༡༨༦༢ ལོར་ཕ་ལྷ་སྲས་ལྷུན་གྲུབ་ཚེ་བརྟན། ཕྱི་ལོ་ ༡༨༦༥ ལོར་རྒྱལ་གྲོང་རྣམ་རྒྱལ་ཚེ་རིང་། ཕྱི་ལོ་ ༡༨༦༧ ལོར་ཐའི་ཇི་བཤད་སྒྲ་ཚེ་རིང་དབང་ཕྱུག ཕྱི་ལོ་ ༡༨༦༨ ལོར་བྱ་ཚང་དོན་གྲུབ་ཕུན་ཚོགས།
ཕྱི་ལོ་ ༡༩༢༣ ལོར་ཤེལ་གླིང་སྲས་འཆི་མེད་རྡོ་རྗེ། ཕྱི་ལོ་ ༡༩༢༦ ལོར་གདོང་སྣ་སྲས་དབང་འདུས་རྡོ་རྗེ། ཕྱི་ལོ་ ༡༩༣༠ ལོར་ལྕགས་ཤར་བ་རྣམ་རྒྱལ་རྡོ་རྗེ། ཕྱི་ལོ་ ༡༩༣༧ ལོར་ལྡན་བྱ་ཚང་པ་དབང་ཆེན་ནོར་བུ། འཆུམ་བཀྲས་པ་བསོད་ནམས་དངོས་གྲུབ། ཕྱི་ལོ་ ༡༩༤༨ ལོར་རྔོན་ལུང་པ། ཕྱི་ལོ་ ༡༩༥༠ ལོར་རྒྱ་གྲོང་ནང་བསོད་ནམས་ཡེ་ཤེས་ཚེ་རིང་། ཕྱི་ལོ་ ༡༩༥༢ ལོར་གདོང་སྣ་སྲས་ཚེ་བརྟན་དཔལ་འབྱོར་བཅས་ལ་བསྐོ་གཞག་སྩལ།[15] ཕྱི་ལོ་ ༡༩༥༩ ལོར་མདའ་པ་རྫོང་གི་རྫོང་དཔོན་རྙིང་པ་ཞོལ་ཤར་སྐུ་ཚབ་རྟ་མགྲིན་གྱི་རྫོང་ཚབ་ཡེ་ཤེས་བྱམས་པས་གནང་བཞིན་ཡོད་འདུག[16] བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༦༠ ལོར་རྩ་ཧྲེང་རྫོང་དང་མདའ་པ་རྫོང་ཟླ་བསྒྲིལ་ནས་རྩ་མདའ་རྫོང་གསར་དུ་བཙུགས་འདུག ཕྱི་ལོ་ ༡༩༡༩ ལོར་སྤེལ་བཞི་བ་བསྐོ་གཞག་གནང་འདུག[17] མདའ་པའི་ས་མཚམས་ཤར་ནས་ད་རམ་པ་བློ་མའི་ལ་ཚུན། ལྷོ་ནས་གེ་ཁྱུ་རྩེ་བློ་པོ་འོས་རེ་ཚུན། བྱང་ནས་གྱོག་ནས་སྡིང་བ། ཤ་པོའི་སྒང་། འབྲུ་གུ་གཡུ་བྱ་ཚུན་རྣམས་བསྙོན་མེད་བྱེད་པ།[18]ཞེས་བྱུང་ངོ་། །
གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།
༡ རྫོང་གཞིས་འགྲོ་སྟངས།
མདའ་པ་རྫོང་གི་དབུ་འཛིན་མཐོ་ཤོས་རྫོང་དཔོན་དང་མངའ་ཁོངས་སུ་མདའ་བཀྲ་ཤིས་ལྷུན་པོའི་བླ་མ། མདོངས་པོའི་འཐུས་མི། ཟུར་ཁང་གི་འཐུས་མི་བཅས་ཡོད།[19] རྫོང་དཔོན་སྐྱ་སེར་གཉིས་ཏེ་ཤོད་དྲུང་གཅིག་དང་རྩེ་དྲུང་གཅིག་ཡོད་པ་དེ་གཉིས་ལ་རིམ་པ་ལྔ་པའི་གོ་གནས་ལྡན་ཞིང་། ཡིག་ཆ་འགར་རྫོང་སྡོད་སྐྱ་བོ་གཉིས་ཞེས་འཁོད། རྫོང་དེའི་མངའ་ཞབས་མང་ཚོགས་ལ་མདའ་བ་ཆ་ཞབས་ཟེར། དེ་ནི་ཁྱུང་ལུང་ཚོ་སྤྱི་དང་། གདོང་པོ་གཞུང་ཚོ་སྤྱི། མདའ་གཞོལ་ཡུལ་སྤྱི། མདའ་མཁར་ཡུལ་སྤྱི། མ་ནང་གཞུང་རྒྱུག་སྙེ་བ། ཟུར་ཁང་ཡུལ་སྤྱི་བཅས་ཡིན།[20] མདའ་བ་རྫོང་དཔོན་གྱི་ཡོང་འབབ་གཙོ་བོ་ནི་རྫོང་འོག་མི་སེར་ནས་ཁྲལ་བསྡུ་རྒྱུ་ཡོད་པ་ཕུད། བྱང་འབྲོག་ས་ནས་ཚྭ་ཁྲལ་དང་བལ་ཁྲལ་བསྡུ་བ་དང་ལྷོ་རོང་ཚོང་པའི་ས་ནས་འབྲུ་ཁྲལ་སྣ་ཚོགས་བསྡུ་རྒྱུ་ཡོད། རྫོང་དཔོན་གྱི་ལས་འགན་གཙོ་བོ་ནི་ཞིང་ཁ་རྒྱ་ཆེ་ཆུང་དང་སེམས་ཅན་ཁ་གྲངས་སོགས་རྩིས་བརྒྱབ་ནས་ཁྲལ་བསྡུ་རྒྱུ་དེ་རང་ཡིན། ཁྲལ་ནི་ལོ་ལྟར་རེ་བཞིན་ཐེངས་རེ་བསྡུ་དགོས། རྫོང་དཔོན་ལོ་གཅིག་ནང་ཐེངས་གཅིག་དབུས་ཕྱོགས་སུ་ལོག་འགྲོ་ཡི་ཡོད་ཀྱང་། གཉེར་པས་གཏན་སྡོད་བྱས་ནས་གཞུང་སྒེར་གྱི་ལས་འགན་ཐམས་ཅད་སྒྲུབ་པར་གྲགས། དེའི་འོག་ཏུ་རྒན་པོ་ཞེས་པ་སྡེ་ཁག་གི་ཁྲལ་བསྡུ་ཁྲིམས་གནོན་གྱི་དབང་ཚད་ལྡན་པའི་ལས་ཀྱི་སྣེ་བའི་རིགས་ཀྱང་ཡོད་པ་བཅས།[21]རྫོང་གཞིས་འཛིན་སྐྱོང་སྐོར་རགས་བསྡུས་སུ་གསལ།
༢ ཁྲལ་འུལ་ཁྲིམས་གནོན།
མདའ་པ་རྫོང་གི་མདའ་པ་ཆ་ཞབས་ཞེས་གོང་གསལ་ཡུལ་ཚོ་བརྒྱད་ནས་མདའ་པ་རྫོང་ལ་གསེར་ཁྲལ་དང་། དངུལ་ཁྲལ། འབྲས་ཁྲལ། བུ་རམ་ཁྲལ། མར་ཁྲལ། དམག་ཆུང་ལ་སྡོད་འབོད་པའི་ཁྲལ། དྲེའུ་རྨིག་ལྕགས་འབོད་པའི་དངུལ་ཁྲལ། ལྭ་བ་ཕྱིར་འབོད་པའི་སྣམ་ཁྲལ། དགུན་ས་རྩྭ་རིན། ཁྱུ་ལུག་འབོད་པའི་ལུག་ཁྲལ། ལུག་ཁྱུ་ནས་འདམས་པའི་ལུག་དྲུག་ཅུ་ཙམ་ཞིང་ཁྲལ། གར་བརྒྱ་ཤིང་རློན་གར་སྟོང་གཅིག སྐམ་ཤིང་གར་འུས་བརྒྱ་སྦང་མ་ཁྲལ། སོ་ལ་ཁྲལ། བག་སྤན་ཁྲལ། བཙག་དང་ས་དཀར་ཁྲལ། ས་ནག་རིན་འབྲུ་བྲེ་སུམ་ཅུ་དང་བཅས་ལོ་ལྟར་འཁྲི་སྒྲུབ་བྱེད་པ་མ་ཟད། རྐང་འགྲོའི་ཁྲལ་རྒྱུག་ལའང་རྟ་གཡོག ཐབ་གཡོག འུ་ལག་བཅས་རྫོང་མ་འཕོས་བར་དུ་ནར་གཏོང་བྱེད་དགོས། དེ་མིན་གྱི་ཁྲལ་རིགས་སུ་རྫོང་གི་ཞབས་རིམ་གཏོར་ཟློག་སྐབས་ཞབས་ཞུ་མི་གཉིས་ཉིན་བཅུ། དར་ཤིང་བཟོ་བཅོས་དང་འཛུགས་པར་མི་གཉིས་ཉིན་བཞི། རྫོང་ཁང་ལ་དཀར་རྩི་དང་། བཙག་གཏོང་མཁན་མི་གཉིས་ཉིན་ལྔ་ཙམ་རིང་འུ་ལག་བསྐུལ། དེ་བཞིན་ལོ་ལྟར་མི་སྣ་སྐྱེལ་མི་གཅིག་དང་། ལྕང་སྲུང་མི་གཅིག བྱ་དེ་འཚོ་མཁན་གཅིག་བཅས་རྫོང་མ་འཕོས་བར་དུ་ནར་གཏོང་གཏན་འཛུགས་བྱེད། རྫོང་དཔོན་རྒྱ་ཉི་མའི་ཚོང་རྭར་འགྲོ་སྐབས་ལག་གཡོག་མི་གཅིག་ཉིན་བཅུ། རྒད་པོ་མི་གཉིས་རྒྱུན་དུ་རྫོང་གི་ཁ་འོག་ལག་འོག་ཏུ་གནས་སྡོད་བྱེད་དགོས། རྫོང་གི་ཚྭ་འབྲུ་བྲེ་བཤེར་མཁན་མི་གཏོང་དགོས། གསེར་རྗེ་[22]མི་གཉིས་དང་། ལ་སྲུང་མི་དྲུག་ཙམ་གཏོང་དགོས། ད་དུང་སྒར་འཆར་ཅན་སྐབས་རྟ་འུལ་གཉིས། གཡག་གསུམ། མི་གཉིས་ལོ་ལྟར་འཆར་ཅན་རྟ་རྒྱུག་སྐབས་གཏོང་དགོས་པ་ཡིན།
གཞན་ཡང་། རྫོང་དང་འབྲེལ་བའི་ཉིན་རེའི་ཁྲལ་འུལ་ཁག་གཅིག་ནི་རྫོང་གསར་རྙིང་སྤྲོད་དཔང་མི་དགོས་པར་རྟ་ཐབ་དང་སྡོད་སྒྲིག ཁྱུང་ལུང་མཁར་དཔོན་ལ་རྟ་ཐབ་སྡོད་སྒྲིག ཞིང་གཉེར་ལ་རྟ་ཐབ། མཐོ་ལྡིང་དུ་རྫོང་གི་གཏོང་སྒོ་གཏོང་མཁན་ལ་རྟ་ཐབ། རྫོང་གི་ཟོར་པའི་ཁྲལ་འུལ་དོད་དུ་མདའ་བ་ཡུལ་ཚོ་ནས་དུད་ཚང་གཉིས། རྫོང་གིས་རག་སྐོར་པ་དུད་ཚང་ལ་གཞུང་ལུག་སྐྱེ་མེད་འཆི་མེད་དུ་བཏང་བར་སྤུ་བལ། ཤེ་མར་བཅས་ལོ་ལྟར་རྒྱག་དགོས། རྫོང་གི་ཞིང་སར་ཚ་གཞི་མི་སེར་དུད་ཚང་གཉིས་ནས་ལོ་ལྟར་ཟླ་བ་གཉིས་རིང་ས་ལུད་གསོག་འཇོག་དགོས་པ་བཅས་རྐང་འགྲོ་ལག་འདོན་གྱི་འཆར་ཅན་ནང་གི་ཁྲལ་འུལ་རྒྱུག་དགོས་པ་ཁག་ཡིན།
རྫོང་གི་ཕྱི་ཁྲལ་འཁྲི་སྒྲུབ་བྱེད་པའི་རིགས་ཀྱང་ཡོད་དེ། དཔེར་ན། རྒྱ་གར་ཁམས་པ་ནས་མགོ་ཁྲལ་ཞེས་པ་བསྡུ་སྲོལ་ཡོད་ལ། རོང་པ་བྲང་རེ་ནས་འབྲུ་ལུག་རྒྱབ་རེ་དང་། ཉི་ཏི་ཡུལ་ཚོ་བདུན་གྱི་རྒད་པོ་བདུན་ནས་འབྲས་ལུག་རྒྱབ་རེ་འཁྲི་སྒྲུབ་བྱེད། དེ་མཚུངས་མདའ་བ་མི་སེར་གྱིས་ཟླ་གསུམ་རིང་རྩ་མདའ་རྩྭ་ཤོལ་ལ་རྟ་གཡོག ཐབ་གཡོག སྡོད་སྒྲིག་གུར་སོགས་མཁོ་སྒྲིག་དང་། དེ་བཞིན་ཟླ་བ་གཅིག་གི་རིང་ཟམ་སྲུང་མི་གཅིག་ལ་ཡང་ལཱ་སྦབ་ཆ་བཞི་བཅུ་ཐམ་པ་དང་། སྡོད་སྒྲིག་ཐབ་གཡོག་(དེར་ཚང་བ་ནས་ཚྭ་ཁྲལ། བལ་ཁྲལ། ཤ་ལུག་མགོའི་ཁྲལ་སོགས་སྡུད་ཀྱི་ཡོད།) བཀོད་སྒྲིག་བྱེད་དགོས། དེ་མིན་ལོ་རེའི་སྐལ་བལ་འབྲེག་སྐབས་རྟ་འུལ་བཅུ་ནས་བཅོ་ལྔ་བར་དང་། གཞུང་གི་ཚྭ་ཤོ་ཕྱིར་ལོག་སྐབས་གཞུང་འབྲེལ་མི་སྣ་ཁག་ལ་རྟ་འུལ་བཞིའི་ལྷན་ཁལ་མ་བཅུ་གཅིག་བཅུ་གཉིས་ཙམ་ཆེད་གཏོང་བྱེད་དགོས། དེ་མིན་གཞུང་གི་ལོ་ལྟར་སྟོད་མངའ་རིས་ཀྱི་ཁྱབ་ཁོངས་ཁག་ཏུ་ཁོར་ཡུག་སྲུང་སྐྱོབ་ཀྱི་སླད། ས་བཅུད་བུམ་པ་ཞེས་པ་ས་འོག་ཏུ་གཏེར་ལ་འཇུག་སྲོལ་ཡོད་པར། འབྲེལ་ཡོད་ཁྱབ་ཁོངས་ཁག་ནས་རྟ་འུལ་གཉིས་དང་ཁལ་མ་དྲུག་སྡོད་སྒྲིག་ཐབ་གཡོག་བཅས་འཐུས་ཚང་མཁོ་སྒྲུབ་བྱེད་དགོས། དེ་དང་ཕྱོགས་མཚུངས་གཞུང་གི་ཤིང་ཏོག་མཁོ་སྒྲུབ་པར་རྟ་འུལ་གཉིས་དང་། ཁལ་མ་དྲུག སྡོད་སྒྲིག ཐབ་གཡོག་བཅས་གཏོང་དགོས། གཞུང་གི་དམག་ཁྲལ་ལ་མཚོན་ན་རྫོང་དེ་ནས་དིང་རི་རྒྱ་ཕོག་ལ་དམག་དོད་དང་། སྡོད་སྒྲིག་ཐབ་གཡོག རྟ་འུལ་གཉིས། དོས་ཁལ་གཉིས་སོགས་ཆག་མེད་འཁྲི་སྒྲུབ་བྱེད།
ད་དུང་ལོ་རེའི་ཁྲལ་འཇལ་ཞུ་དགོས་པ་ཁག་གཅིག་ནི། མཐོ་ལྡིང་ཇ་སྒྲུབ་ཞེས་པར་རྟ་འུལ་གཉིས། ཁལ་མ་དྲུག སྡོད་སྒྲིག ཐབ་གཡོག་རང་སྒྲིག་དང་། གཞུང་དོན་ཨ་དྲུང་ཇི་ཙམ་འབྱོར་རིམ་བཞིན་རྟ་འུལ་དང་ལྟོ་དོད་སྒོར་ལྔ་ནས་དྲུག་དང་སྡོད་སྒྲིག་བཅས་གཏོང་དགོས། དེ་བཞིན་མཐོ་ལྡིང་བླ་བྲང་གི་ཕྱོགས་བསྐྱོད་འགྲིམ་འགྲུལ་ཡོད་རིམ་ལྟར་རྟ་འུལ་ཁལ་མ་སྡོད་སྒྲིག་ཐབ་གཡོག་བཅས་སྒྲུབ་དགོས། དེ་དང་འདྲ་བར་རྫོང་དེའི་མངའ་ཞབས་ནས་གཞུང་ཚོང་ངོ་བཅར་སྐབས་རྟ་འུལ་བཅོ་ལྔ། དོས་ཁལ་ཉིས་བརྒྱ་དང་། གཞུང་འབྲེལ་བུན་འདེད་པར་རྟ་འུལ་གཅིག་ནས་གཉིས་སྡོད་སྒྲིག ཐབ་གཡོག རྟ་གཡོག ཡང་ལཱ་སྦབ་ཆ་བརྒྱ་ལྷག་ཙམ་སོགས་བཀོད་སྒྲིག་བྱེད་དགོས། ལོ་ལྟར་གཞུང་གི་མོན་མཚེར་རྟ་ཟམ་ལ་གཡག་ཉི་ཤུ་དང་མི་ལྔ་གཏོང་དགོས་པ་མ་ཟད། ལོ་རེའི་རྩིས་རྒྱག་སྐབས་ཁྲལ་རྒྱུག་འགྲོ་སོང་སྒོར་བདུན་བརྒྱ་ལྷག་ཙམ་སྤྲོད་དགོས། ད་དུང་ཞལ་ངོས་དོས་གླ་བསྡུ་སྐབས་མི་གསུམ་ལ་རྟ་འུལ་གསུམ། ཁལ་མ་ལྔ། ཡར་ལམ་རྟ་འུལ་གསུམ་དང་ཁལ་མ་བཞི་བཅུ་སྡོད་སྒྲིག་ཐབ་གཡོག་སོགས་འཁྲི། དེ་མིན་ཁུལ་དེར་ལོ་ལྟར་གར་ཤ་དཔོན་ཞེས་པ་ཧིན་དུའི་ཚོང་དོན་ལས་ཀ་བྱེད་མཁན་འབྱོར་བར་རྟ་འུལ་བཅུ། དོས་ཁལ་ཉི་ཤུ་རྩ་གསུམ། དོད་ཆེ་བའི་དངོས་པོ་ཁྱེར་མཁན་མི་བརྒྱད་དོས་མི་བཞི། ཤིང་གར་དྲུག་བཅུ་ལྷག གྲོ་ལུག་ལྔ། འོ་མ་བཤེར་ཉི་ཤུ་བཅས་འཐུས་ཚང་མཁོ་སྒྲུབ་བྱེད་དགོས། ཁྲལ་བསྡུའི་སྐབས་སྒར་དཔོན་ལ་དྲེལ་གླ་ཆུ་ཆག་ཅེས་པའི་རྟ་འུལ་སྡོད་སྒྲིག་ཐབ་གཡོག་དང་བཅས་པ་སྒྲུབ་དགོས་པ་ཡིན།
མདའ་པ་དགོན་བླ་བྲང་། གྲྭ་ཚང་། སྤྱི་པ་ཟེ་ཁག་གསུམ་ཡོད་པར་རྐང་འགྲོ་ལག་འདོན་གྱི་ཁྲལ་རྒྱུག་འཁྲི་སྒྲུབ་ནི། མདའ་པ་དགོན་པའི་སྐོར་བ་སྤྱི་ནས་མཐོ་ལྡིང་བླ་བྲང་གསར་ཕེབས་སྐབས་མཁན་པོ་ཁྲི་རྟ་ཞེས་པའི་རྟ་སྒ་བརྒྱག་(ལོ་གསུམ་པ་)གཅིག་འབུལ་དགོས། དེ་བཞིན་མདའ་པ་བླ་མར་ཐབ་གཡོག་མི་གཅིག ཁྲི་མོ་ཟེ་མི་གཅིག སེར་པ་ཞེས་མི་གཅིག དགོན་པར་གཙང་སྦྲ་བྱེད་མཁན་མི་གཅིག་ས་བོད་ཅེས་མི་གཅིག གྲྭ་ཚང་ལ་སྐོར་པ་དུད་ཚང་གཅིག ཆོས་རྒྱུན་ཞེས་སྐོར་པ་གཅིག སྤྱི་པ་ལ་སྐོར་པ་གྲོང་མི་བཅུ་དྲུག ཕོ་ཁྲལ་ཞེས་རྒན་པོ་མི་གཅིག ཨང་པ་ཞེས་ཁལ་ལུག་པ་འཚོ་མཁན་མི་གཉིས། ཕྱི་དཔོན་ཞེས་མི་གཅིག ནང་ཚོ་ཞེས་གྲྭ་པའི་མང་ཇ་བསྐོལ་མཁན་མི་ལྔ། ར་པ་གྲོང་མི་རེའི་ས་ནས་མདའ་བ་བླ་མར་རིལ་མ་སྒྱེ་རེ་འབུལ་དགོས་པ་དང་། ཟླ་བ་གཅིག་རིང་དུད་ཚང་གཉིས་རེ་མོས་ཐོག་ཞོ་ཟོ་ལག་ཕྱེད་ཀ་དང་། གྲྭ་མང་ལ་དར་བ་ཟོ་ལག་གཉིས་རེ་ལོ་ལྟར་རྒྱག་དགོས། ར་ས་ནས་མི་སྣ་ཁག་ལ་རྟ་འུལ་ཁལ་མ་སྡོད་སྒྲིག་སོགས་རྐང་འགྲོ་ལག་འདོན་སྤྱི་མཚུངས་ལྟར་འཁྲི་སྒྲུབ་བྱེད་དགོས་[23]པ་བཅས་སོ།།
རྫོང་དེའི་གཞུང་འབྲེལ་ཁྲིམས་ཀྱི་དབང་ཚད་གཙོ་བོ་ནི་རྫོང་སྡོད་སྐྱ་སེར་གཉིས་དང་། མཐོ་ལྡིང་བླ་བྲང་སོགས་གཞུང་ཆོས་ཀྱི་འགོ་པ་དག་ལ་རིམ་བཞིན་ཡོད། དེ་བཞིན་གཞུང་ཁྲིམས་དང་འགལ་བའི་རིགས་རྫོང་དང་། སྒར། དེ་ནས་དབུས་བཀའ་ཤག་བཅས་ཐེམ་པ་རིམ་འཛེགས་ཀྱིས་གཏུག་བཤེར་བྱ་ཆོག་ལ། གཞུང་ཆོས་གཉིས་ཀྱི་མི་སེར་བར་དོན་རྐྱེན་བྱུང་ཚེ་ཕན་ཚུན་གྱི་རྫོང་སྡོད་དང་བླ་ཕྱག་མཁན་པོ་མཉམ་འཛོམས་ཀྱི་གྱོད་ཐག་གཅོད་པ་སོགས་དང་། དེ་མིན་རྒྱུན་གཏན་བཀའ་ཤག་གི་བཀའ་རྩ་དང་རྩ་ཚིག་གཞིར་བཟུང་རི་རྒྱ་ཀླུང་རྒྱའི་ཁྲིམས་དང་ཁྲིམས་ཆད་སོགས་ནི་རྫོང་སྒོ་གཞན་དང་གཅིག་མཚུངས་སུ་སྣང་།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1]. ངག་དབང་གསུང་རབས། བོད་ཀྱི་མངའ་རིས་ས་ཁུལ་དུ་དར་བའི་དམངས་ཁྲོད་ཞབས་བྲོ་གར་ཤོན་གྱི་སྒྱུ་རྩལ་སྐོར་ལ་རགས་ཙམ་དཔྱད་པ། བོད་ལྗོངས་ཞིབ་འཇུག ཕྱི་ལོ་ ༡༩༩༧། ༡ ཤོག ༤༣།
[2]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༨༠།
[3]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་བྱ་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༥༧།
[4]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༧༣།
[5]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་བྱ་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༥༩།
[6]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༩།
[7]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༡།
[8]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༦།
[9]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག༦༨།
[10]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་བྱ་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༥༨།
[11]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༦།
[12]. 多杰次仁,西藏封建农奴制社会形态,中国藏学出版社。2005.Pg 335.
[13]. བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༣༨།
[14]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༡༥།
[15]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།
[16]. གཞུང་པ་ཚེ་རིང་ཆོས་འཕེལ། མཚོ་ཆེན་རྫོང་ཚེ་འཕེལ། མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར་འགྲེམས་བྱས། ཕྱི་ལོ་༢༠༠༣། ཤོག ༢༣།
[17]. F .Williammson, political officer in Sikkim. Who’s Who in Tibet .Calcutta Government of India Press 1933. Pg 55.
[18]. གཞུང་པ་ཚེ་རིང་ཆོས་འཕེལ། མཚོ་ཆེན་རྫོང་ཚེ་འཕེལ། མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར་འགྲེམས་བྱས། ཕྱི་ལོ་ ༢༠༠༣། ཤོག ༩༤།
[19]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༦༨།
[20]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་བྱ་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༥༧།
[21]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༡༥།
[22]. གསེར་རྗེ་ཞེས་པའི་ལས་གནས་ཇི་ལྟར་ཡིན་མིན་སྐོར་སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་པའི་ཤོག་གྲངས་ ༡༦༣ ནང་འདི་ལྟར་གསལ། ལོ་རྒྱུས་རིང་པོར་ཉི་ཏི་རོང་པ་དང་མདའ་བའི་ཁུལ་དེར་ཚོང་འབྲེལ་ཡོད་པར་མ་ཟད། ངོ་ཤེས་ཀྱི་འབྲེལ་བ་ཟབ་པོ་ཡོད། རྒན་རབས་རྣམས་ཀྱི་ཤོད་ཚུལ་ལ་གཞིགས་ན། སྔར་དབྱིན་ཇིས་བོད་ལ་བཙན་འཛུལ་བྱས་རྗེས། ཉི་ཏི་རོང་པ་དང་མདའ་པའི་བར་ལམ་སྲོལ་གསར་པ་ཞིག་བཙུགས་ཡོད་པ་སྟེ། ལ་སྒོ་ཕྱེ་མཚམས་སུ་ལོ་ལྟར་གསེར་རྗེ་ཞེས་པ་མི་བཞི། ར་ཕོ་ལྔ་བཅུ་ནས་དྲུག་ཅུའི་སྐོར་དེད་ནས་རོང་དུ་འགྲོ་དགོས་པ་དང་། དེས་རོང་ཁུལ་དུ་མི་ཕྱུགས་བདེ་འཇགས་ཡོད་མེད་ཉམས་ཞིབ་ནན་ཏན་བྱས་ཏེ། བདེ་མཚམས་ཡིན་ན་རོང་པ་ཕྱོགས་ཟླ་བ་ལྔ་པའི་ཚེས་ཤར་ཙམ་ལ་ཕྱག་འབུལ་ཞེས་མི་ཡོང་སྟེ་རྫོང་ལ་དུས་ཚོད་ངེས་གཏན་ཐོག་རོང་པ་བྱང་ལ་ཐོན་རྒྱུའི་སྙན་སེང་ཞུས་ཏེ་ཆོག་མཆན་ཐོབ་མཚམས་རོང་པ་ཡོང་གི་ཡོད། གསེར་རྗེ་མི་བཞི་པོ་དེ་དང་། ལ་སྲུང་མི་བཞི་བཅས་དབྱར་ཟླ་བཞིའི་རིང་རི་ལ་བསྡད་ནས་ཚོང་པའི་ལག་འཁྱེར་ལ་ཞིབ་འཇུག་དང་། བཤའ་ལུག་མགོ་ཁྲལ་ཟེར་པ་སོགས་ཀྱི་ཁྲལ་བསྡུས་ཏེ་ལས་འཇུག་བསྒྲིལ་མཚམས་ཚོང་ཁྲལ་དང་ལག་འཁྱེར་མཐོང་འཛིན་རྣམས་རེ་རེ་བཞིན་མདའ་བ་རྫོང་ལ་རྩིས་རྒྱག་དགོས།
[23]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་བྱ་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༥༩-༡༦༣།