ལེ་ཚན་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།
དང་པོ། ཡུལ་སྡེ་ཆེ་ཁག་གི་མིང་།
མདའ་པ། མདོངས་པོ། ཁྱུང་ལུང་། བར་ཀྱོག མ་ནམ། རྩ་ལ་བྱང་མ། གོང་པོ། གཙོ་མ་ཟེ་རྒྱུད། ལུང་རྒྱུད། གོང་ར། བྲག་དཀར་སྣ་ལུང་། རི་གནམ་ཁུང་། རིན་ཆེན་ཆུ་མདངས། སྐག་ཚབ། གུར་ཆུ་ཕུག དཔའ་བོ་མཁར། དབྱེ་མ་མཆོད་རྟེན། འག་ཁྱུ་བ། ལྗགས་ལུང་བ། སུ་འབུད་དར། མོན་མཚེར། རབ་བཟང་། བྲག་རྩ། གང་སག ཆོད་བཞི་འབྲོག བསམ་པ་མོ་འན་པ། སྡོད་གནས། ལ་ལུང་། ཆོས་སྐྱོང་ལ། ཚོང་པ། གླ་གྲུ་ཚུབ་ཚུབ། གྲང་ཟུར། སྦུག་པོ་ཆེ། བ་དཀར་གྱི་ནས། ཚ་རིས། ཕུ་སེ། བྱ་ལིང་། སྤི་ཟི། གུར་གྱེན། ཁ་ར། རྡོ་གཤང་། རྒྱུད་བ། སུམ་མདོ། ཆུ་རི། ཚོང་ས། ཟངས། བརྒྱ་སྡེ། རྩྭ་གླིང་། སྐུ་རང་། ཟུར་སྲང་། ཤང་པ། ན་སྐེད་སོགས་ཡོད།
གཉིས་པ། རི་དང་། ལ། མཚོ། གཙང་པོ།
རྩ་མདའ་རྫོང་ཁོངས་སུ་གནས་རི་གྲགས་ཅན་ཨ་ཕི་གངས་སྨན་དང་། སྐུ་ལྷ་རྣམ་གསུམ་སོགས་གངས་རི་དང་གནས་རི་ཇི་སྙེད་ཅིག་ཡོད་ཅིང་། དེ་དག་ལས་དམའ་ཤོས་གླང་ཆེན་གཙང་པོའི་སྨད་ཁུལ་སྲིབ་སྐྱེས་ཁུལ་ཤིང་ནགས་ལ་ཡིན་ཅིང་། དེར་རྒྱ་མཚོའི་ངོས་ལས་མཐོ་ཚད་མི་ཊལ་ ༢༩༣༠ ཙམ་ཡོད།[1] མངའ་རིས་ཁུལ་ན་སྐད་གྲགས་ཆེ་བའི་ཆུ་བཞིའི་ཡ་གྱལ་གླང་ཆེན་གཙང་པོ་དང་། པུ་ལིང་གྲོང་ཚོའི་མཁར་རྩེ་ཇོ་བོ་ཨོག་དཀར་ཕུག་དགོན་མདུན་དུ་རྒྱུག་པའི་ཕོག་ཆུ་གཙང་པོ།[2] རབ་རྒྱས་གླིང་དུ་རབ་རྒྱས་གླིང་གཙང་པོ།[3] ཚུ་རུབ་ཁུལ་གྱི་བྱང་ཆུབ་གླིང་གཙང་པོ།[4] མདོངས་པོ་ཁུལ་དུ་མདོངས་པོ་གཙང་པོ།[5]སོགས་མདའ་པ་རྫོང་ཁོངས་སུ་གཙང་པོ་དང་རྒྱུག་ཆུ་བཅས་ཆུ་ལག་ཆེ་ཆུང་མི་འདྲ་བ་ཉི་ཤུ་ཙམ་ཡོད།[6]ཅེས་གསལ། དཔྱད་གཞིའི་ཡིག་ཆས་རྐྱེན་པས་རྩ་ཧྲེང་དང་མདའ་བའི་རི་ཆུ་ཕན་ཚུན་འདྲེས་ཡོད་ངེས་ན་དགོངས་སེལ་ཞུ།
ལེ་ཚན་བཞི་པ། ཞིང་འབྲོག་ཐོན་ཁུངས་དང་ཁྱད་ལྡན་ཐོན་ལས།
རྫོང་དེ་ནི་མངའ་རིས་ཁུལ་གྱི་འབྲོག་ལས་གཙོ་གཉེར་ཐོག་ས་མ་འབྲོག་གི་འཚོ་གཉེར་བྱེད་པའི་རྫོང་ཞིག་ཡིན་ཞིང་། སྒོ་ཕྱུགས་སེམས་ཅན་གཙོ་བོ་ལུག་དང། ར། འབྲི། གཡག མཛོ། བ་ཕྱུགས། རྟ། བོང་བུ་སོགས་གསོ་ཚགས་བྱེད། ས་མ་འབྲོག་གི་ཁུལ་ནས་ལོ་ཏོག་གཙོ་བོ་ནས་དང་། དཔྱིད་གྲོ། སོ་བ། བྲ་བོ། སྲན་མ། རྒྱ་སྲན། པད་ཁ་སོགས་ཐོན་སྐྱེད་བྱེད་ཅིང་། ད་དུང་རང་བཞིན་བཟའ་བཅའི་རིགས་ལ། སེར་ཤ དཀར་ཤ། ཆོ་ལོ། གྲོ་མ། གཡའ་སྒོག འཛིམ་བུ། སྒོག་སྐྱ། སླེ། ཞོ་ཁོག ཟྭ་ཚོད། ལྕང་། སྙ་ལོ། བསིལ་འབྲུམ། སིལ་རིལ་སོགས་སྐྱེ། ཞིང་ལས་ཐོན་སྐྱེད་ལག་ཆ་ཁག་ནི་ས་གནས་རང་ནས་ཤིང་དང་ལྕགས་བཅས་ལས་བཟོ་སྐྲུན་དང་། དེ་མིན་ཉེ་འཁོར་ཚོང་འདུས་ཁག་ནས་ཉོ་སྒྲུབ་བྱེད།
མདའ་བ་རྫོང་ནི་ཡུལ་འབྲོག་རོང་གསུམ་ཆ་ཚང་འཛོམས་པའི་ས་གནས་ཤིག་ཡིན་པས། ཁྱུང་ལུང་དང་ཆུ་མོའི་རྟ་གཡག བྱང་ཐང་པའི་ར་སོགས་སྟོད་མངའ་རིས་ཡུལ་དུ་སྐད་གྲགས་ཤིན་ཏུ་ཆེ། རོང་ཁུལ་དང་ཡུལ་པའི་ས་དང་ལྷག་པར་གླང་ཆེན་གཙང་པོའི་དབུས་གཞུང་དང་བེའུ་གཙང་པའི་ཆུ་རྒྱུད་དུ་ཞིང་ལས་ཐོན་སྐྱེད་ལེགས་པོ་ཡོད་པས་ནས་འབྲུ་དང་། དཔྱིད་གྲོ། སྲན་མ། ལ་ཕུག རི་སྒོག་སོགས་མངའ་རིས་ཀྱི་རྫོང་སྒོ་གཞན་དང་མི་འདྲ་བར་དམིགས་བསལ་ཐོན་སྐྱེད་ཕུན་སུམ་ཚོགས་པོ་ཡོད། ལྷག་དོན་དུ་སྐམ་གཤེར་དང་ཉི་མ་ཚ་བས་ལ་ཕུག་གི་སྐྱེ་གཟུགས་ཤིན་ཏུ་ཆེ་བ་ནི་རྐང་རེ་ལ་གཡག་གི་དོས་ཁལ་རེ་ཙམ་ཡོད་པ་ནི་བོད་ཁ་བ་ཅན་གྱི་ས་གནས་གཞན་དུ་དེ་ལྟ་བུ་ཡོད་པ་མ་མཐོང་ཞིང་། ༸རྒྱལ་མཆོག་ལྔ་པ་ཆེན་པོ་ནས་བཟུང་གངས་ཅན་ཡུལ་དུ་གྲགས་པ་ཆེར་ཆེར་ཁྱབ་པའི་མངའ་རིས་ཁམ་བུའང་། ཡུལ་དེའི་གླང་ཆེན་གཙང་པོའི་སྨད་ཕྱོགས་ལོ་ཆེན་རིན་ཆེན་བཟང་པོའི་འཁྲུངས་ཡུལ་རོང་ཆུང་ཁུལ་ཏེ་གཏི་གཡག ར་ཉི། སྲིབ་སྐྱེས། རོང་སྟོད། སེང་ཁུངས་སོགས་ནས་ཐོན་ནོ།།[7]ཞེས་གསལ་ལོ།།
ལེ་ཚན་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།
མདའ་པ་རྫོང་ཁོངས་སུ་རི་སྐྱེས་ཤིང་སྣ་བརྒྱ་ཕྲག་ཡོད་པ་ལས་སྦྱར་ལྕང་མང་ཆེ་བ་གླང་ཆེན་གཙང་པོ་སོགས་ཀྱི་ཆུ་རྒྱུད་དུ་སྐྱེས་ཤིང་། གངས་རིའི་རྒྱུད་དུ་གངས་ལྷ་མེ་ཏོག་དང་གཡའ་རིའི་རྒྱུད་དུ་ལ་ཆུ་དང་སྙ་ལོ། རོང་རྒྱུད་དུ་ཚེར་ཤིང་དང་སེ་ཤིང་སོགས་ཕུད། གསོ་བ་རིག་པའི་སྨན་སྦྱོར་ལ་མཁོ་བའི་སྨན་རྩྭའི་རིགས་ཀྱང་མི་ཉུང་བ་ཞིག་སྐྱེ། ཡུལ་དེར་རི་སྐྱེས་སེམས་ཅན་ནམ་རི་དྭགས་ཀྱང་མང་དག་ཡོད་པར་ཁ་དཀར་རྐྱང་དང་སྔོན་མོའི་གཉན། གཡའ་རིའི་ལྷ་སྲུང་སྔོན་མོ་གནའ་བ། གྲེ་སེར་འབྲོང་། རྔ་དཀར་འཆོང་རྩལ་ཅན་གྱི་དགོ་ཆུང་། གཟིག ལྷ་བྱ་གོང་མོ། ལྷ་ཁྱི། ཨ་ཅེ་ཨོག་པོ་ཁྲ་འཁྱིལ། པུག་པུག་ཤེ་ལེ་བཅས་གྲངས་ཀྱིས་གཞལ་བར་མ་མཆིས་སོ།།[8] སྤྱིར་མངའ་རིས་ཁུལ་དུ་གཏེར་ཁའི་རིགས་མི་འདྲ་བ་ཁག་ ༤༥[9]ཙམ་ཡོད་པ་དང་། ལྷག་པར་རྩ་མདའི་ཁུལ་དུ་གཏེར་ཁའི་རིགས་ཀྱང་གསེར་དངུལ་ཟངས་ལྕགས་ཞ་ཉེ་སོགས་ཀྱིས་ཀུན་ཏུ་གཏམས་པ་སྔར་ལུགས་པ་ནས་ལུགས་བརྒྱབ་པའི་ལྷ་སྐུ་སྣ་ཚོགས་དང་བཀོལ་ཀྲོང་(བོང་བུའི་སྐེ་ལ་འདོགས་བྱེད་དྲིལ་བུ་ཆེན་པོ་ཞིག)དྲིལ་བུ། ཨེར་ཁ་སོགས་ནས་ཤེས་ཐུབ་ལ་ནོར་རྡོའི་རིགས་ཀྱང་དུ་མ་ཞིག་ཡོད་པ། དཔེར་ན། མ་སྨིན་པའི་གཡུ་དང་། གཟི། མཆོང་རྡོ་སྨུག་པོ། ཉི་མ་ཁ་ཆུ། མུ་ཟི་བཅས་བརྗོད་ཀྱིས་མི་ལང་བ་མཆིས་སོ།།[10] ཞེས་གསལ།
ལེ་ཚན་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
དང་པོ། དགོན་སྡེ།
| ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
| ༡ | ཡིབ་རི་དགོན། | དུས་རབས་ ༡༤། | ཆོས་རྗེ་ཁམས་དྲུག | བཀའ་བརྒྱུད། |
| ༢ | མ་ནམ་བྱང་ཆུབ་གླིང་དགོན།14 | དུས་རབས་ ༡༡། | ཤོད་རྒྱུན་ལ་བླ་མ་བྱང་ཆུབ་འོད་ཀྱིས་བཏབ།15 | དགེ་ལུགས། |
| ༣ | མདའ་བ་བཀྲིས་ལྷུན་པོ། | དུས་རབས་ ༡༣། | པཎ་ཆེན་ཤནྟི་བ། | དགེ་ལུགས། |
| ༤ | ལྷ་ཡུལ་དགོན་པ། | དུས་རབས་ ༡༥། | ||
| ༥ | སྣུབ་བཀྲ་ཤིས་ཆོས་གླིང་དགོན། | དུས་རབ་ ༡༡ ནང་། | ལོ་ཆེན་རིན་ཆེན་བཟང་པོ། | དགེ་ལུགས། |
| ༦ | མདོངས་པོ་རབ་བརྟན་དགོན། | དུས་རབས་ ༡༣། | བླ་མ་ཤནྟི་པ། | དགེ་ལུགས།16 |
| ༨ | དཀྱིལ་འཁོར་ལྷ་ཁང། | དུས་རབས་ ༡༥། | དགེ་ལུགས། | |
| ༩ | གྲམ་ལྷ་ཁང་། | དུས་རབས་ ༡༥། | དགེ་ལུགས། |
གཉིས་པ། གྲགས་ཅན་མི་སྣ།
| ཨང་། | མཚན། | འཁྲུངས་ཡུལ། | འཁྲུངས་འདས། | མཆན། |
| ༡ | ལིག་མིག་སྐྱ། | དུས་རབས་ ༧། | ཞང་ཞུང་རྒྱལ་ཐོག་ཐ་མ། | |
| ༢ | ཞང་ཞུང་བཟའ་ལི་ཐིག་སྨན། | དུས་རབས་ ༧། | སྲོང་བཙན་གྱིས་ཞང་ཞུང་ནས་བསུས་པའི་བཙུན་མོ། | |
| ༣ | ཧོས་རྗེ་ཁྲི་ཝེར་གསེར་གྱི་བྱ་རུ་ཅན། | ཞང་ཞུང་་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༤ | རླབས་ཆེན་ཁྱུང་གི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༥ | ཀང་ཀ་ཤེལ་གྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༦ | རིན་ཆེན་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༧ | གཞའ་ཚོད་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༨ | ཨུན་ཆེན་དུང་གི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༩ | རྒྱལ་པོ་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༡༠ | ཕྲ་མེན་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༡༡ | ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༡༢ | མེ་དཔུང་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༡༣ | ཉི་ཤེལ་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༡༤ | ཀླུ་ཤེལ་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༡༦ | ཛོ་དམར་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༡༧ | བཻཌཱུརྱ་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༡༨ | ག་ལྗང་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༡༩ | ཨུ་དཔལ་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༢༠ | གནམ་ལྕགས་དབལ་གྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། | ||
| ༢༡ | ཨིཎྜ་འོད་ཀྱི་བྱ་རུ་ཅན། | ཞང་ཞུང་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། |
གསུམ་པ། གནའ་ཤུལ།
| མཁར། བང་སོ། དུར། གནས། | ས་གནས། | མཆན། | |
| མཁར། | ཁྱུང་ལུང་དངུལ་དཀར་གྱི་མཁར་ཤུལ་དང་ཕུག་པ། | ཁྱུང་ལུང་། | མངའ་བདག་འོད་སྲུང་གི་གདུང་རྒྱུད་སྨད་ཀྱི་ལྡེ་གསུམ་གྱི་ནང་ཚན་དཔལ་ལྡེའི་གདུང་རྒྱུད་རྒྱལ་པོ་འབུམ་སྡེ་མགོན་གྱིས་སྲིད་དབང་བཟུང་སྐབས་རང་ཁོངས་མངའ་རིས་གུང་ཐང་གི་ས་ཁུལ་དུ་མཁར་རྫོང་བཅུ་བཞི་བརྩིགས་པའི་གྲས་ཤིག་ཡིན། མིང་གཞན་བཀྲ་ཤིས་ཁྱུང་རྫོང་དཀར་པོ་ཟེར། དེའི་འགྲམ་དང་འོག་ལ་ཕུག་པ་ཤིན་ཏུ་མང་པོ་ཡོད་དེ་དག་ནི་གནའ་དུས་འབངས་མིའི་སྡོད་གནས་དང་ཕྱིས་གྲུབ་ཐོབ་མང་པོས་སྒྲུབ་པ་སྐྱོན་མྱོང། |
| མཁར། | དངུལ་མཁར་དཀར་པོ་ཁྲོ་ཆུའི་རྨང་རྡོ་ཅན། | ཁྱུང་ལུང། | ཞང་ཞུང་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན་གྱི་ཕོ་བྲང་། |
| མཁར། | མདའ་པ་ཆོས་རྒྱལ་གྱི་མཁར་གོག | མདའ་པ་གྲོང། | མདའ་པ་ཆོས་རྒྱལ་རིམ་བྱོན་གྱི་བཞུགས་གནས། |
| མཁར། | མདའ་པ་རྫོང་དཔོན་གྱི་སྡོད་གནས། | མདའ་པ་གྲོང། | མདའ་པ་རྫོང་དཔོན་གྱི་སྡོད་གནས་དེ་མདའ་བ་ཆོས་རྒྱལ་གྱི་མཁར་གོག་ཆགས་སའི་རི་གཤམ་ལྷོ་ནུབ་ཀྱི་ངོས་ལ་ཡོད། |
| གནས། | ཐོ་ལོ་དཔའ་ལ། | མདོངས་པོ་གྲོང། | ངག་རྒྱུན་དུ་གླིང་གི་དཔལ་རྟུལ་དཔའ་ལའི་སྡོད་གནས་ཡིན་སྐད། |
| མཁར། | ཐོ་ལོ་དཔའ་ལ་མཁར་གོག | མདོངས་པོ་གྲོང། | ངག་རྒྱུན་དུ་དེ་ནི་གླིང་གི་དཔའ་རྟུལ་དཔའ་ལ་གནས་སའི་མཁར་ཡིན་སྐད། |
| མཁར། | གྲམ་མཁར་གོག་དང་ཕུག་པ། | མདའ་པ་གྲོང། | ཁུལ་དེར་འགྲམ་མཁར་གོག་དང་། ཕྱོགས་བཞིར་ཕུག་པ་མང་ཡོད་པ་དང་ཕུག་པ་འགའ་རེར་ལྡེབས་རིས་མཚར་པོ་ཡང་མཇལ་དུ་ཡོད། |
| མཁར། | བཙན་ལྷའི་མཁར། | སྣུབ་པ་གྲོང། | སྔར་སྣུབ་ཇོ་བོ་དང་དཔོན་ཆུང་ཁ་ཤས་ཀྱི་བཞུགས་གནས་སུ་གྲགས། |
| མཁར། | གྱོང་གུན་མཁར་། | གྱོང་གུན། | ཁུལ་དེར་བྲག་རྡོ་ཆེ་བ་བཞི་དང་དེ་ཚོའི་སྟེང་ལ་མཁར་གོག་བཞི་ཡོད། ད་དུང་མཆོད་རྟེན་མང་པོ་ཡོད་པ་ཕལ་མོ་ཆེའི་གཟུངས་གཞུག་ལ་དཔེ་ཆ་རྙིང་པ་ཕོན་ཆེ་མཆིས། |
| མཁར། | མ་ནམ་མཁར་གོག་དང་ཕུག་པ། | མ་ནམ་གྲོང། | མ་ནམ་དགོན་པའི་ཤར་ལྷོའི་ཕྱོགས་སུ་མཁར་གོག་ཆེན་པོ་དེར་བྱམས་པའི་སྐུ་དང་། ཕུག་པ། མཆོད་རྟེན་གོག་པོ་སོགས་མང་དག་མཆིས། |
| མཁར། | ཁྱུང་ལུང་མཁར་སྔོན། | ཁྱུང་ལུང་ཡུལ་སྟོད། | ཁྱུང་ལུང་ཡུལ་སྟོད་ལ་མཁར་སྔོན་ཞེས་མཁར་གོག་ཅིག་གི་ཤུལ་ཡོད་པ་མཁར་རྙིང་གི་ཤུལ་ཡིན་པ་ཙམ་ལས་ལོ་རྒྱུས་ཞིབ་པ་མ་རྙེད། |
| ས། | མི་རོ་ཁྱུ། | ཁྱུང་ལུང་ཡུལ་སྟོད། | ཟེར་སྲོལ་ལ་སྔར་ཡུལ་དེར་དམག་བརྒྱབ་ནས་མི་མང་པོ་བསད་པའི་རོ་ཁྱུ་འབྲེལ་ནས་འོག་ལ་སྦས་པས་མིང་དེ་ལྟར་ཐོགས་སྐད། |
| མཁར། | ཧ་ལ་རྒྱལ་པོའི་མཁར་གོག | མདོངས་པོ་གྲོང། | |
| མཁར། | གྱོང་གུན་རི་དམར་མཁར་གོག | མདོངས་པོ་གྲོང། | |
| མཁར། | སྔོ་ཡུ་བཅུ་དགོན་གྱི་མཁར་ཤུལ། | མདོངས་པོ་གྲོང། | |
| མཁར། | དགོན་རྙིང་གྱང་གོག་དང་། ཕུག་པ། | ||
| གནས། | ཝ་ཆེན་ཕུག་པ། | མདའ་པ་གྲོང། | ཕུག་པ་དེར་ལྡེབས་རིས་རྙིང་པ་ཤིན་ཏུ་མཚར་བ་ཡོད། ལྡེབས་རིས་མང་ཆེ་བ་དཀྱིལ་འཁོར་སྣ་ཚོགས་དང་། སྟོན་པའི་མཛད་པ་བཅུ་གཉིས་སོགས་ཡིན། |
| གནས། | སྤང་ཁྲའི་ཕུག་པ། | སྤང་ཁྲ། | མདོངས་པའི་ནུབ་ཕྱོགས་སྤང་ཁྲ་ལའང་ཕུག་པ་དུ་མ་ཡོད་པ་མ་ཟད། ཕུག་པ་ཁ་ཤས་ནང་ལ་ལྡེབས་རིས་ཧ་ཅང་ལེགས་པོ་མཆིས། |
ལེ་ཚན་བདུན་པ། དམངས་སྲོལ།
དང་པོ། སྒྱུ་རྩལ་དམངས་སྲོལ་དང་དུས་སྟོན།
རྫོང་དེར་དར་ཁྱབ་ཆེ་བའི་ཐུན་མིན་གནའ་བོའི་དམངས་ཁྲོད་སྒྱུ་རྩལ་ཞིག་ནི་མདའ་པ་རྫོང་གི་གར་མ་ཤོན་ཞེས་མངའ་རིས་ཁུལ་དུ་སྙན་གྲགས་ཤིན་ཏུ་ཆེ་བའི་གླུ་གར་དེ་ཡིན། སྤྱིར་ཤོན་ཞེས་པའི་ཐ་སྙད་ནི་སྔ་མོའི་ཞང་ཞུང་གི་སྐད་ཡིན་ཅིང་བོད་སྐད་དུ་གླུ་གར་ཞེས་པའི་དོན་ལ་གོ་བ་དང་། དེ་ནི་བོད་ཀྱི་གནའ་བོའི་བུད་མེད་རྣམས་ཀྱི་ཁྲོད་འཁྲབ་སྲོལ་ཅུང་ཆེ་བའི་གླུ་གར་ཞིག་ཡིན། དེ་ཡང་གནའ་བོའི་ཆོས་ཕྱོགས་ཀྱི་ཆོ་ག་དང་འབྲེལ་བའི་ཞབས་བྲོ་སྟེ་འཆམ་དང་མཚུངས་པར་བཤད། དེར་འབག་ཤོན་དང་ཨར་ཤོན་གཉིས་སུ་ཕྱེ་བ་ལས། འབག་ཤོན་ལ་འབག་བྲོ་དང་། ཨར་ཤོན་ལ་རྔ་བྲོ་ཞེས་བྱེ་བྲག་ཏུ་ཕྱེ་ཡང་སྤྱི་མིང་དུ་འཆམ་ཞེས་འབོད། སྤྱིར་ཤོན་ནི་རྩ་མདའ་དང་། སྤུ་ཧྲེང་། རུ་ཐོག སྒར་རྫོང་སོགས་མངའ་རིས་ཁུལ་དུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་དམངས་ཁྲོད་གླུ་གར་ཞིག་ཡིན་ཀྱང་། ས་ཁུལ་དེའི་རྫོང་ཁག་བྱེ་བྲག་པའི་ས་ཁམས་ཁོར་ཡུག་དང་། ཡུལ་སྲོལ་གོམས་གཤིས། རིག་གནས་ཀྱི་བྱང་ཚད་བཅས་མི་འདྲ་བས། ཤོན་གྱི་འཁྲབ་སྟངས་དང་སྒྱུ་རྩལ་རང་བཞིན་སོགས་རྫོང་སོ་སོར་ཐུན་མིན་གྱི་ཁྱད་ཆོས་ལྡན་ལ། གླུ་གར་གྱི་ཐ་སྙད་འབོད་ཚུལ་ཡང་མི་འདྲ་བར་སྣང་བས་མདའ་པ་རྫོང་ཁུལ་དུ་གར་མ་ཤོན།[11]ཞེས་འབོད་སྲོལ་མཆིས། རྫོང་དེར་འཁྲལ་སྲོལ་ཆེ་བའི་ཤོན་དེ་ནི་རྫོང་ཁག་གཞན་དུ་དར་ཁྱབ་ཆེ་བའི་ཤོན་དང་མི་འདྲ་བར། དམིགས་བསལ་གར་མིན་ལ་ཤོན་ཡང་མིན་པས་ཕན་ཚུན་མཉམ་བསྲེས་བྱས་པའི་སྒྱུ་རྩལ་གྱི་རྣམ་པ་དང་ལྡན་པས་ཡིན།[12]
མདའ་པ་རྫོང་དུ་སྲུང་བརྩི་ཞུ་བའི་ཐུན་མིན་གྱི་ཆོས་ཕྱོགས་དུས་སྟོན་ཁག་ནི། བོད་ཟླ་དང་པོར་མཐོ་ལྡིང་དགོན་སེར་སྨོན་ལམ་ཆེན་མོ། བོད་ཟླ་ ༢ ནང་བསང་བདུག་ཞེས་པའི་ཚོགས་མཆོད། བོད་ཟླ་ ༣ པར་མདའ་བ་རྫོང་གདུགས་དཀར་གཏོར་ཟློག བོད་ཟླ་ ༤ པར་སྨན་བླའི་སྒྲུབ་མཆོད། བོད་ཟླ་ ༥ པར་བཀའ་འགྱུར་ལྗགས་ཀློག བོད་ཟླ་ ༦ པར་སྨྱུང་གནས་ཆེན་མོ། བོད་ཟླ་ ༧ པར་འཇིགས་བྱེད་བསྙེན་སྒྲུབ། བོད་ཟླ་ ༩ པར་གྲམ་དགོན་ལོ་གཏོར་གསར་རྗེས། བོད་ཟླ་བཅུ་ ༡༠ པར་ཤས་མགྲོན་ཆེན་མོ། བོད་ཟླ་ ༡༡ པར་མདའ་པ་རྫོང་གི་ལོ་བསང་ཚེ་གཏོར། བོད་ཟླ་ ༡༢ པར་མཐོ་ལྡིང་བླ་བྲང་གི་གཏོར་རྒྱག་སོགས་གཞུང་ཆོས་མི་སེར་ནས་སྲུང་བརྩི་ཞུ་བ་སོགས་ཡོད།
གཉིས་པ། མདོངས་པོའི་ཟས།
མདོངས་པོའི་ཁུལ་གྱི་ཟས་རིགས་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་དེ། འབྲས་དང་། ཚལ། ད་ར་དཀར་དམར་མཉམ་བསྲེས་ཀྱིས་ལག་པའི་མཛུབ་མོ་གསུམ་བེད་སྤྱོད་བཏང་ནས་ཟ་བའི་སྲོལ་ཡོད་པ་ནི་ཡུལ་གཞན་ལ་མཐོང་དཀའ། དེ་མིན་པུ་ལི་ཞེས་བག་ལེབ་སྲབ་མོ་གཅིག་ཐོག་གཉིས་བརྩེགས་ཀྱི་བར་ལ་མར་བླུགས་ཏེ་མགྲོན་པོར་གསོལ་ཚིགས་འབུལ་སྲོལ་ཡོད། སྡེར་མའི་སྟེང་དུ་འབྲས་བླུག་ཅིང་དེའི་ཐོག་ཏུ་ཤ་ལྷུ་རེ་དང་། དེའི་སྒང་ལ་རྩིབ་སྒོར་ཞེས་རྩིབ་མ་ཉིས་སྒྲིག་གམ་གསུམ་སྒྲིག་སྒོར་མོར་བཏང་བའི་ཁ་ཟས་དེ་གསོལ་ཚིགས་ལེགས་ཤོས་ཤིག་ཏུ་བརྩི། ཡང་བཅུ་གསུམ་སྡེར་ཁ་ཞེས་སྡེར་མའི་སྒང་ལ་ཁུ་ར་བཅུ་གསུམ་བསྒྲིགས་ཏེ་མི་རྒན་གཞོན་ཁྱད་མེད་གཅིག་མཚུངས་ལ་ཐོབ་ཐང་ཡོད་པའང་ཁུལ་དེའི་ཐུན་མིན་གྱི་ཁ་ཟས་ཤིག་ཡིན།[13]
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༧༤།
[2]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦། ཤོག ༢༠༢།
[3]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༢༠༠༦། ཤོག ༢༣༨།
[4]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༧༡།
[5]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༡༦།
[6]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༧༤།
[7]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༧༤-༡༧༥།
[8]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༩༦། ཤོག ༡༧༤།
[9]. གཞུང་པ་ཚེ་རིང་ཆོས་འཕེལ་དང་མཚོ་ཆེན་རྫོང་ཚེ་འཕེལ། མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར་འགྲེམས་བྱས། ཕྱི་ལོ་ ༢༠༠༣། ཤོག ༦༡།
[10]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༧༤།
[11]. དངོས་མིན་རིག་གནས་ཤུལ་བཞག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༡༢༠།
[12]. དངོས་མིན་རིག་གནས་ཤུལ་བཞག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༣། ཤོག ༡༢༠།
[13]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༢༡༢-༢༡༨།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།