སྤུ་ཧྲེང་རྫོང་མིང་དང་ས་བབ་ཆགས་ཚུལ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

སྤུ་ཧྲེང་རྫོང་མིང་དང་ས་བབ་ཆགས་ཚུལ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

 

ས་བཅད་ལྔ་པ། སྤུ་ཧྲེང་རྫོང་།

ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།

དང་པོ། སྤུ་ཧྲེང་རྫོང་གི་མིང་ཐོགས་ཚུལ།

སྤུ་ཧྲེང་རྫོང་གི་རྫོང་མིང་ཆ་ཚང་བར་སྤུ་ཧྲེང་སྟག་ལྷ་མཁར་བསམ་གྲུབ་རབ་བརྟན་རྫོང་།[1]ཞེས་འབོད། དེ་སྔའི་ཡིག་རྙིང་ཁག་གི་ནང་སྤུ་རང་དང་། སྤུ་ཧྲངས། པུ་རངས། པོ་རོང་སོགས་དག་ཆ་མི་འདྲ་བ་ཅི་རིགས་སུ་འཁོད་འདུག དེ་དག་ལས་པུ་རངས་ནི་ཁྱུང་ལུང་ཡུལ་གྱི་བུ་འབྲིང་བ་ར་སྐྱོང་ཨོག་ནག་ཞེས་པ་ང་སྤྲིན་པུར་པུར་བྱེད་སའི་ཡུལ་དུ་འགྲོ་གི་ཡིན་ཞེས་བརྗོད་པས་པུ་རངས་ཞེས་ཐོགས་པར་འདོད།[2]《སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ།》ལས།

པུ་ཞེས་པ་མགོའི་དོན་དང་ཧྲང་ཞེས་རྟ་ལ་མཇུག་པ་ཞང་ཞུང་གི་སྒྲ་གཞུང་ཁུངས་ལྡན་རྣམས་སུ་གསལ་ཞེས་འཁོད་ཀྱང་།[3]《མངའ་རིས་ས་ཁུལ་གྱི་གནས་ཡིག》ལས། སྔར་ཡུལ་སྤུ་ཧྲེང་ཞེས་འབོད་པ་དང་དེའི་དོན་ཡང་སྤུ་ནི་གངས་དང་། ཧྲེང་ནི་རི་ཡིན་པས་ཡུལ་དེར་གངས་རིས་བསྐོར་ཡོད་སྟབས་གངས་རིའི་དོན་ཡིན་ཞེས་གསལ་འདུག་པ་བདེན་ཁ་ཆེ་སྟེ། སྤུ་ཧྲེང་གངས་ཀྱིས་བསྐོར་ཞེས་བརྗོད་སྲོལ་ཡོད་པས་སོ།།

ཡུལ་དེ་ནི་བརྗིད་ཆགས་ལྟ་ན་སྡུག་པའི་གངས་རི་ཆེ་ཆུང་སྣ་ཚོགས་ཀྱི་བསྐོར་ནས་ཡོད་པ་ལས། འཛམ་གླིང་དུ་སྙན་པའི་གྲགས་པ་འབར་བའི་གངས་དཀར་ཏི་སེ་དང་། སྤོས་ངད་ལྡན་པའི་རི་བོ། དབྱངས་ཅན་མའི་ཕོ་བྲང་དུ་གྲགས་པ་སྨན་མོ་ནག་སྙིལ། རྗེ་མི་ལའི་སྒྲུབ་གནས་གངས་ཚེ་རིང་། འཕགས་མ་སྒྲོལ་མའི་བཞུགས་གནས་རི་ཡི་རྒྱལ་པོ་རྩེ་བརྒྱད་ཀྱིས་དབུས། གངས་རི་ཤེལ་གྱི་མཆོད་རྟེན་གནམ་ལ་བསྙེགས་པ་འདྲ་བས་ཡོངས་སུ་བསྐོར་ནས་ཆགས་ཡོད་པ་ཡིན།

དེང་རྒྱ་ཁྱབ་ཏུ་སྤྱོད་པའི་སྤུ་ཧྲེང་ཞེས་པ་ནི་དུས་རབས་བཅུ་བདུན་པའི་མཇུག་ཙམ་ནས་བྱུང་བར་སྣང་སྟེ། 《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན།》ལས། དགའ་ལྡན་ཚེ་དབང་གིས་མངའ་རིས་ཁུལ་ནས་ལ་དྭགས་རྒྱལ་པོའི་བཙན་ཤུགས་མཐར་སྐྲོད་ཀྱིས་ཕྱིར་ཕེབས་རྗེས། སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཁོང་ལ་མངའ་རིས་ཕྱོགས་སུ་དཔུང་འཇུག་བྱེད་སྐབས་དཀའ་བ་ཇི་ལྟར་བྱུང་མིན་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་དཔུང་དམག་གི་རུ་སྣེ་ཁྲིད་ནས་ཐོག་མར་སྤུ་རང་དུ་འབྱོར་བའི་ཚེ། ཡུལ་དེ་བཙན་བཟུང་བྱེད་མཁན་དགྲ་བོ་དག་བརྟུལ་སླ་བ་ནི་སྤུ་གྲི་ངར་མས་སྤུ་ཧྲེང་ཧྲེང་གཅིག་བཅད་པ་ལྟར་བྱུང་ཞེས་གསུངས་པ་ལ་བརྟེན་ནས། བོད་སྡེ་པ་གཞུང་གི་གཞུང་ཡིག་དང་བཀའ་རྒྱ་ཚང་མར་སྤུ་རང་ལ་སྤུ་ཧྲེང་བརྗོད་འགོ་ཚུགས།[4]ཞེས་གསལ།

 

གཉིས་པ། སྤུ་ཧྲེང་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།

བོད་ཀྱི་རྒྱལ་ས་ལྷ་ས་ནས་ཉིན་ཞག་ ༣༥ ལེ་དབར་ ༢༤༥༠[5] སར་ཡོད་པའི་སྤུ་ཧྲེང་རྫོང་ནི། ལྷོ་ནུབ་དང་མངའ་རིས་ས་ཁུལ་གྱི་ལྷོ་ཕྱོགས་ཧི་མ་ལ་ཡ་རི་བོའི་ལྷོ་ངོས་ཀྱི་གྲོག་རོང་རྒྱ་བལ་ཡུལ་དང་ས་འདྲེས་མཚམས། བོད་ཀྱི་རྒྱལ་ས་ལྷ་སའི་ནུབ་ངོས་ལེ་དབར་ ༢༤༥༠[6] ས་བྱང་གི་འཕྲེད་ཐིག་ ༣༠༚ ༢’〜 ༣༤༚༤’ དང་། ཤར་གྱི་གཞུང་ཐིག་ ༧༩༚༠༥’〜 ༨༡༚༠༦’ ཙམ་ལ་གནས་ཡོད། རྫོང་དེ་ནི་མཐོ་སྒང་རི་ཁུལ་གྱི་ཆ་ཤས་སུ་གཏོགས་ཤིང་། དབུས་ཕྱོགས་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༧༦༩༤ ཡོད་པའི་ཧི་མ་ལ་ཡ་རི་བོ་དང་། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༦༦༥༦ ཡོད་པའི་གངས་ཏེ་སེའི་རི་རྒྱུད་གཉིས་ཀྱིས་སྤུ་ཧྲེང་གི་ས་དབྱིབས་རུས་སྒྲོམ་ལྟར་གྲུབ། མངའ་ཁོངས་ནང་རི་མཐོ་ཞིང་གྲོག་རོང་གཏིང་རིང་བ། མུ་འབྲེལ་རི་བོ་མཐོ་དམའ་སྣ་ཚོགས་བརྗིད་ཆགས་ཤིང་ཉམས་དགའ་བ། མཐོ་སྒང་བར་གྲང་ཁུལ་ཐན་པའི་གནམ་གཤིས་ཁུལ་དུ་གཏོགས།[7]  ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༤༚C ཡིན་ཞིང་། ཟླ་ ༡ པོའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༨.༥༚C དང་ཟླ་ ༧ པའི་ཆ་སྙོམས་དྲོད་ཚད་ ༡༣.༩༚C བཅས་རེད། ཉི་ཕོག་འབེལ་ཞིང་ཉིན་དྲོད་ཁྱད་ཅུང་ཆེ་ལ་ལོའི་དྲོད་ཁྱད་ཀྱང་བལྟོས་བཅས་ཐོག་ནས་ཅུང་ཆེ་བ། སྤྱིའི་གནམ་གཤིས་དྲོད་ཚད་དམའ་ཞིང་ཆར་ཆུ་ཉུང་ལ་ལོའི་ཉི་ཕོག་གྲངས་ཕལ་ཆེར་ཆུ་ཚོད་ ༣༡༥༣.༢ དང་། ལོའི་སད་དུས་ཉིན་ ༢༡༣ དང་ལོའི་ཆར་ཆུ་འབབ་ཚད་མི་ཊལ་ ༡༧༢.༨ བཅས་རེད། རང་བྱུང་གནོད་འཚེ་གཙོ་བོ་གངས་སྐྱོན་དང་། ས་ཡོམ། ཆུ་ལོག  འདམ་རྡོའི་ཆུ་རུད། སེར་བ་སོགས་ཡིན།[8]

རྫོང་དེའི་ཕྱོགས་བཞིའི་ས་འབྲེལ་ནི་ལྷོ་བལ་པོའི་རྒྱལ་ཁབ་ཀྱི་ནུབ་བྱང་ཕྱོགས་དང་། ལྷོ་ནུབ་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་ཨུཏྟརཱ་ཁན་ཌ་(Uttrarakhand) དང་གཤིབས་ནས་ཆགས་ཡོད་པ་མ་ཟད། སྤུ་ཧྲེང་གི་ལྷོ་དངོས་ཀྱི་ས་མཚམས་མང་པོ་ཞིག་སྔར་བོད་ཀྱི་མངའ་ཁོངས་སུ་གཏོགས་ཀྱང་དེང་རྒྱལ་ཁོངས་རྒྱ་གར་གྱི་ཁོངས་སུ་ཡོད་པར་གྲགས། དེ་ཡང་ལོ་རྒྱུས་ཐོག་རྒྱལ་བ་ལྔ་པ་ཆེན་པོའི་སྐབས་སོག་པོ་དགའ་ལྡན་ཚེ་དབང་དཔལ་བཟང་པོས་རྒྱ་གར་དང་མངའ་རིས་སྤུ་ཧྲེང་རྫོང་བར་གྱི་ས་མཚམས་སུ་བྲག་རྡོ་ཤིན་ཏུ་ཆེ་བ་ཞིག་སྒང་ན་ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་བརྐོས་བརྒྱབ་ཡོད་ཀྱང་རྒྱ་གར་བས་སྐུ་གཏོར་ནས་ཆ་ཚང་བསྡད་མེད། སྐུ་བརྐོས་རྒྱག་སའི་བྲག་དེ་མདུན་རྒྱ་གར་ལ་བསྟན་ཅིང་རྒྱབ་མངའ་རིས་སུ་གཏིད་ཅིང་ཧ་ཅང་ཆེ་བས་ལུག་ཁྱུ་དེའི་སྒང་ལ་འགྲོ་ཐུབ་ཀྱི་ཡོད་ཟེར་གྱི་འདུག  དེ་ནས་ས་མཚམས་བརྩིས་ན་བྱང་ཡུལ་ཚོ་དགུ་ཆ་ཚང་མངའ་རིས་ཀྱི་ཁོངས་ན་ཡོད། གཅིག་ནས་ས་མཚམས་ཀྱིས་མཚོན་པ་དང་གཞན་ཞིག་ནས་ཡུལ་ཚོ་དགུའི་སར་སྤུ་ཧྲེང་རྫོང་དཔོན་གྱི་ཁྲལ་བསྡུ་བར་འགྲོ་ཡི་ཡོད། ཕྱིས་མངའ་ཁོངས་རིམ་ཤོར་གྱིས་ས་མཚམས་བྱང་ལར་གཏུགས་སོ།།[9] ཞེས་བྱུང་།

 

ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།

དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་སྤུ་ཧྲེང་རྫོང་།

སྤུ་ཧྲེང་ཁུལ་ནི་རྒྱལ་ཕྲན་སིལ་མའི་ཡར་སྔོན་དུ་ཞང་ཞུང་ཡུལ་གྱི་བྱ་རུ་ཅན་གྱི་རྒྱལ་པོ་བཅོ་བརྒྱད་ཀྱི་ཡ་གྱལ། རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན་གྱིས་དབང་མཛད་པའི་ཡུལ་ཞིག་ཡིན།[10]ཞེས་དང་། རྒྱལ་ཕྲན་སིལ་མའི་སྐབས་ཞང་ཞུང་དར་པའི་ཇོ་བོ་ལིག་སྙ་ཤུར་གྱིས་དབང་བསྒྱུར་བའི་ས་ཁུལ་དང་།[11]སྤུར་རྒྱལ་བཙན་པོས་བོད་ལ་དབང་ལུང་སྒྱུར་སྐབས་ཞང་ཞུང་ཁྲི་སྡེ་སྟོད་སྨད་དུ་ཕྱེ་བའི་མངའ་ཁུལ། བོད་སིལ་བུར་འཐོར་བའི་སྐབས་ཙམ་ནས་མངའ་བདག་འོད་སྲུང་གི་དབོན་པོ་སྐྱིད་ལྡེ་ཉི་མ་མགོན་གྱིས་མངའ་རིས་སྐོར་གསུམ་ལ་དབང་སྒྱུར་མཛད། སྤུ་ཧྲེང་དུ་སྐུ་མཁར་ཉི་གཟུང་ངམ་དཀར་དུམ་ནམ་མཁའ་ཁྱུང་རྫོང་བརྩིགས་ཤིང་བཙུན་མོ་འབྲོ་བཟའ་འཁོར་སྐྱོང་ཁབ་ཏུ་བཞེས་ཏེ་རྒྱལ་སྲིད་ཁྲིམས་ཀྱིས་སྐྱོང་བར་མཛད།[12] དེ་ནས་བཟུང་ཁུལ་དེར་ཞང་ཞུང་ཞེས་པའི་དོད་དུ་མངའ་རིས་ཞེས་ཐོགས།[13]

མངའ་རིས་རྒྱལ་པོ་སྐྱིད་ལྡེ་ཉི་མ་མགོན་དགུང་ལོ་བགྲེས་པའི་སྐབས། རང་གི་སྲས་གསུམ་པོར་མངའ་རིས་ཀྱི་ས་ཆ་བགོས་གནང་སྐབས་སྤུ་ཧྲེང་ཁུལ་དེ་སྲས་བར་པ་བཀྲ་ཤིས་མགོན་གྱི་སྐལ་དོད་དུ་གནང་ཞིང་། དེ་ནས་བཟུང་ཁོང་གི་རྒྱུད་པས་ཁུལ་དེར་ལོ་ངོ་བརྒྱ་ཕྲག་དབང་སྒྱུར་མཛད་འདུག[14] 《གངས་མཚོའི་གནས་བཤད་ཤེལ་དཀར་མེ་ལོང་》ཞེས་པར། ཕྱི་ལོའི་དུས་རབས་བཅོ་ལྔ་པའི་སྟོད་ཙམ་དུ་སྤུ་ཧྲེང་རྒྱལ་པོ་དང་། གློ་སྨན་ཐང་གི་རྒྱལ་པོ་དགེ་ལེགས་རྒྱ་མཚོ་གཉིས་གཡུལ་འཁྲུག་པས་གློ་རྒྱལ་པོས་ལོ་མང་རིང་སྤུ་ཧྲེང་གི་བདག་པོ་བྱས་པར་གྲགས་ཤིང་། གློ་རྒྱལ་པོ་ཨ་མོན་བཟང་པོས་ཁྭ་ཆར་ལྷ་ཁང་ངོར་པ་རྡོ་རྗེ་འཆང་ལ་ཕུལ་བས། དེ་ཕྱིན་དཔལ་ས་སྐྱ་པས་དགོན་དེ་བཟུང་བར་ཡང་གསལ། མདོར་ན་དཔལ་ལྡན་ས་སྐྱ་པས་བོད་ཁམས་ཡོངས་ལ་དབང་ལུང་སྒྱུར་སྐབས་དང་། དུས་རབས་བཅུ་བཞི་པའི་ནང་སྡེ་སྲིད་ཕག་མོ་གྲུ་པས་བོད་ལ་དབང་ལུང་སྒྱུར་སྐབས། སྤུ་ཧྲེང་རྫོང་ནི་སྔར་བཞིན་མངའ་རིས་ཆོས་རྒྱལ་གྱི་རྒྱུད་པས་ཁྲིམས་འགོ་རང་བཙན་གྱི་ཚུལ་དུ་དབང་ལུང་སྒྱུར་བཞིན་ཡོད་བཟོ་འདུག  ཕྱི་ལོའི་དུས་རབས་བཅུ་བདུན་གྱི་ལོ་རབས་སུམ་ཅུ་པའི་འགོ་སྟོད་ཙམ་ནས། ལ་དྭགས་རྒྱལ་པོས་མངའ་རིས་སྐོར་གསུམ་ལ་དབང་སྒྱུར་སྐབས་ཁུལ་དེ་ཡང་དུས་རབས་ཕྱེད་ཙམ་དེའི་མངའ་འོག་ཏུ་ཤོར།

བོད་གཞུང་དགའ་ལྡན་ཕོ་བྲང་པས་བོད་ལ་དབང་ལུང་སྒྱུར་བའི་སྐབས་ཏེ། ཕྱི་ལོ་ ༡༦༨༠ ལོར་༸གོང་ས་ལྔ་པའི་བཀའ་ལུང་བཞིན་དགའ་ལྡན་ཚེ་དབང་གིས་མངའ་རིས་ཁུལ་ནས་ལ་དྭགས་རྒྱལ་པོའི་དབང་ཤུགས་མཐར་སྤྲོད་མཛད་དེ། ལྷོ་རྒྱ་གར། ནུབ་ལ་དྭགས། བྱང་ཤིན་ཅང་བཅས་ཀྱི་ས་མཚམས་ཁག་ལ་སོ་མི་འཛུགས་རྒྱུ་དང། ནང་ཁུལ་རྫོང་བཞི་དཔོན་དྲུག་གི་སྲིད་འཛིན་ལམ་ལུགས་གསར་གཏོད་མཛད་ནས་སྲིད་དབང་སྐྱོང་སྐབས། ཁུལ་དེ་ནི་མངའ་རིས་ཀྱི་རྫོང་བཞི་དཔོན་དྲུག་གི་ཡ་གྱལ་སྤུ་ཧྲེང་རྫོང་ཞེས་པ་དེ་ཡིན་ཅིང་། རྫོང་དེ་བཞིན་རིམ་པ་ལྔ་པའི་ཕྱོགས་མཐའི་རྫོང་གཞིས་གྲས་རྫོང་སྡོད་སྐྱ་བོ་གཅིག་གིས་སྐྱོང་བའི་གཞུང་རྫོང་ཞིག་ཡིན།[15]

ལོ་རྒྱུས་ཐོག་སྤུ་ཧྲེང་རྫོང་སྡོད་དུ་ཨ་ཏ་གླིང་པ་བཀྲ་ཤིས་དབང་འདུས་དང་། ཕྱི་ལོ་ ༡༧༩༧ ལོར་བོན་གྲོང་སྟེང་པ། ཕྱི་ལོ་ ༡༨༡༦ ལོར་གྲོང་སྟོད་པ། ཕྱི་ལོ་ ༡༨༡༩ ལོར་གླང་མཐོང་པ། ཕྱི་ལོ་ ༡༨༢༣ ལོར་མཚོ་གངས་ཅན་པ། ཕྱི་ལོ་ ༡༨༢༨ ལོར་འབྲས་ཁུད་པ་ལྷག་པ་ཚེ་རིང་། ཕྱི་ལོ་ ༡༨༣༠ ལོར་སེ་སྤེ་ནང་པ། ཕྱི་ལོ་ ༡༨༢༣ ལོར་མཚོ་སྒོ་སྒང་ཆེན་པ། ཕྱི་ལོ་ ༡༨༢༧ ལོར་འབྲས་ཁུད་པ་ལྷག་པ་ཚེ་རིང་། ཕྱི་ལོ་ ༡༨༢༩ ལོར་སེ་སྤེ་ནང་པ་ཚེ་རིང་ནོར་བུ། ཕྱི་ལོ་ ༡༨༣༡ ལོར་བསམ་གྲུབ་གླིང་པ། ཕྱི་ལོ་ ༡༨༣༨ ལོར་རོང་སྐྱིད་སྨད་པ། འདི་ལ་སིང་དམག་དོན་སྐབས་དགྲ་ལག་ཏུ་ཚུད་པའི་གནས་དབྱུང་ཚབ་ཕྱི་ལོ་ ༡༨༤༡ ལོར་བོན་གྲོང་ཤོད་པ་རིག་འཛིན་རྣམ་རྒྱལ་བསྐོས། ཕྱི་ལོ་ ༡༨༤༥ ལོར་ཤག་བྱང་པ་ཚེ་རིང་དབང་འདུས། ཕྱི་ལོ་ ༡༨༥༢ ལོར་བ་ཤར་ཚེ་རིང་ཕུན་ཚོགས། ཕྱི་ལོ་ ༡༨༥༤ ལོར་སྙེ་ལུང་ནམ་མཁའ་བསྟན་འཕེལ། ཕྱི་ལོ་ ༡༨༥༥ ལོར་སྨོན་སྐྱིད་པ་ཚེ་རིང་ལྷ་རྒྱལ། ཕྱི་ལོ་ ༡༨༥༧ ལོར་བཀྲས་ཤོང་དོན་གྲུབ་དབང་འདུས། ཕྱི་ལོ་ ༡༨༦༠ ལོར་སྙེ་ལུང་མི་འགྱུར་རྡོ་རྗེ། ཕྱི་ལོ་ ༡༨༦༥ ལོར་དོལ་རབ་མི་འགྱུར་རྡོ་རྗེ། ཕྱི་ལོ་ ༡༨༦༨ ལོར་སྙེ་མོ་མདོ་མཁར་དགོན་པོ་རྡོ་རྗེ། [16]

ཕྱི་ལོ་ ༡༩༢༠ ལོར་བྲག་དཀར་བསོད་ནམས་དབང་འདུས། ཕྱི་ལོ་ ༡༩༢༥ ལོར་རིན་སྒང་བསོད་ནམས་རབ་བརྟན། ཕྱི་ལོ་ ༡༩༢༩ ལོར་བསམ་གླིང་བསོད་ནམས་རྒྱལ་པོ། ཕྱི་ལོ་ ༡༩༣༤ ལོར་བྱང་ངོས་པའི་ཐབ་རྟེན་དུ་སྩལ། ཕྱི་ལོ་ ༡༩༤༢ ལོར་རིན་སྒང་པའི་ཐབ་རྟེན་དུ་སྩལ། ཕྱི་ལོ་ ༡༩༤༨ ལོ་ནས་སྒེར་སྨོན་པའི་བྱས་རྗེས་སུ་ལོ་བརྒྱད་ཐབ་རྟེན་དུ་སྩལ།[17] ཕྱི་ལོ་ ༡༩༥༩ ལོར་སྤུ་ཧྲེང་རྫོང་སྡོད་དུ་བློ་བཟང་རྡོ་རྗེ་ཞུ་བས་རྫོང་ཚབ་གནང་འདུག[18] དེ་སྔ་སྤུ་ཧྲེང་རོང་ཡུལ་དུ་ལྟོ་སྐྱིད་ཁྲི་གསུམ་དང་། ཞིང་འཁོར་རིང་གསུམ་སྟེ། སྤུ་ཧྲེང་ཡུལ་ཚོ་དྲུག་ཅེས་ཡིན་མོད།[19] བོད་ལ་དུས་གྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༦༠ ལོར་ཞིང་པ་དང་། བར་གཏོར། ཁྲི་སྡེ། ཞི་སྡེ། འཁོར་ཆགས། སྐྱིད་རང་། ལྟོ་གཡོ། རིན་གོང་། དཀར་དུང་། གངས་ས་སོགས་ཟླ་བསྒྲིལ་ནས་ད་ལྟའི་སྤུ་ཧྲེང་རྫོང་གསར་འཛུགས་བྱས་འདུག[20]

དེ་མིན།《མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་ཕྲེང་།》ལས། སྤུ་ཧྲེང་རྫོང་གི་རྫོང་དཔོན་རིམ་བྱུང་སོ་བཞིའི་མིང་གཞུང་གསལ་བའི་ནང་། རྫོང་དཔོན་བོན་གྲོང་པ། སྐྱིད་གྲོང་གྲོང་སྟོད་པ། མཚོ་སྒོ་བ། འབྲས་བཞུད་པ། བསམ་གྲུབ་གླིང་པ། དཀྱིལ་སྨད་པ། བོན་གྲོང་པ། ཤག་བྱང་པ། རག་རྩིབས་པ། བཀྲ་ཤིས་བདེ་ལྡན། སྨོན་སྐྱིད་པ། བཀྲས་ཤོང་པ། ས་འགོ་སྙེ་ལུང་པ། སྣེ་སྡོད་པ། སྙེ་མོ་མདོ་མཁར་བ། རོང་ཤོད་དགའ་བདེ་བ། འཕྱོང་རྒྱས་ཕུན་རབ་པ། ཚ་རྟི་བདེ་ཆེན། བཀའ་དྲུང་སྨིན་གླིང་ངོ་ཚབ། རྒྱལ་མཁར་ནང་པ། ཁྱུང་རམ་པ། ཆམ་ཆོམ་པ། སྨོན་གླིང་པ། བྱིང་པ། བྲག་དཀར་བ། རིན་ཆེན་སྒང་པ། བསམ་གྲུབ་གླིང་པ། བྱང་ངོས་པ། བཀའ་དྲུང་། བཀའ་ཤོད་པ། རྩེ་དྲུང་བློ་བཟང་འབྱོར་ལྡན། ཕུན་ཚོགས་རབ་འབྱོར། རྩེ་དྲུང་ངག་དབང་ཆོས་མཐར་གྱི་ངོ་ཚབ། སྐྱར་སྲིབ་ནོར་བུ་དབང་འདུས་ཀྱི་ངོ་ཚབ།[21] སོགས་ཕེབས་མྱོང་བ་འཁོད་འདུག

 

གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

༡ རྫོང་གཞིས་འགྲོ་སྟངས།

སྤུ་ཧྲེང་རྫོང་གི་ཆོས་སྲིད་འཛིན་སྐྱོང་ལྟེ་གནས་ནི་སྟག་ལ་མཁར་དུ་ཆགས་ཤིང་རྫོང་གི་དབུ་འཛིན་མཐོ་ཤོས་རྫོང་དཔོན་དང་། དེའི་མངའ་འོག་ན་ལྷ་སྡེ་དང་མི་སྡེ་གཉིས་སུ་ཕྱེ་བར་ལྷ་སྡེའི་གྲས་སུ་གཤགས་འཕེལ་གླིང་གི་མཁན་པོ་དང་དབུ་མཛད། ས་དགོན་དམ་ཆོས་གླིང་པའི་དབུ་མཛད། འཁོར་ཆགས་དགོན་པའི་དབུ་མཛད། ཞི་སྡེ་དགོན་པའི་ལས་སྣེ། རྒྱང་གྲགས་དགོན་པའི་ལས་སྣེ་བཅས་འདུས་ཤིང་། མི་སྡེའི་གྲས་སུ་སྐྱིད་ཐང་དམག་དཔོན་དང་འཐུས་མི་གཉིས། ཁྲི་སྡེ་དམག་དཔོན་དང་འཐུས་མི་གཉིས། སོ་ཧྲུག་འང་སྒང་འགོ་པ། སོ་ཧྲུག་འགོ་པ། ཇོ་མོ་འགོ་པ། གཟིག་ནོ་འགོ་པ། རི་འགོང་འགོ་པ། དཀར་དུང་རྒན་པོ་དང་འཐུས་མི། དཀར་དུང་གཞིས་སྡོད་ཀྱི་ངོ་ཚབ། བར་ག་རྟ་ཟམ་གྱི་འགོ་པ། གངས་རི་རྡོར་འཛིན་གྱི་གཉེར་པ། གངས་ས་འགོ་པ་དང་འཐུས་མི། ཐོག་ཆེན་རྟ་ཟམ་གྱི་འགོ་པ། མོན་མཚེར་རྟ་ཟམ་དང་ངོ་ཚབ་བཅས་ཚུད་ཡོད།[22] རྫོང་དཔོན་གྱི་ཞབས་སུ་གོང་གི་དམག་དཔོན་གཉིས་དང་དེ་མིན་ལྟོ་ཡག་དམག་དཔོན་བཅས་གསུམ་ཡོད་[23]པ་གསལ། རྫོང་དཔོན་ནི་བཀའ་ཤག་ནས་བསྐོ་མངགས་བྱེད་ཀྱང་། རྫོང་འོག་གི་དམག་དཔོན་སོགས་ལས་སྣེ་གཞན་དག་སྒར་དཔོན་བརྒྱུད་དབུས་གཞུང་གིས། ཕ་ཤུལ་བུ་འཛིན་གྱི་བཀའ་གཏན་དང་ལག་འཛིན་སྩལ་བ་བཞིན་ལས་འཁུར་བྱེད། འོན་ཀྱང་། གཞུང་ཁྲིམས་དང་འགལ་བའམ་མི་སེར་ལ་ཀུན་སྙོམས་དྲང་བདེན་གྱི་ལས་དོན་མ་སྒྲུབ་ཚེ། བཀའ་གཏན་ཕྱིར་བསྡུ་གནང་སྲོལ་ཡོད་པའང་སྒར་དཔོན་ཁང་ཆེན་པ་བསོད་ནམས་རྒྱལ་པོའི་སྐབས་ཁྲི་སྡེ་དམག་དཔོན་གནས་དབྱུང་གིས་མི་སེར་གྱི་ཁྲོད་ནས་འོས་བསྡུ་བྱས་ནས་ཨོ་རྒྱན་ཚེ་རིང་ཞེས་པ་དམག་དཔོན་དུ་བསྐོས་པ་ལྟ་བུ་རེད།

གོང་འཁོད་དམག་དཔོན་གསུམ་གྱི་ཞབས་སུ་རྒན་པོ་དྲུག་ཡོད་པར་སྐྱིད་ཐང་རྒན་པོ་དང། ཁྲི་སྡེ་རྒན་པོ་ཕུད་པའི་དེ་འཕྲོས་ཚང་མ་ལོ་རེ་བཞིན་བརྗེ་རེས་བྱེད་ཀྱི་ཡོད།[24]ཅེས་གསལ་ཞིང་། དེ་མིན་《མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན།》ལས། རྒན་པོ་རྣམས་ལོ་གསུམ་རེར་བརྗེ་པོ་རྒྱག[25]ཅེས་ཀྱང་གསལ། དེ་འཕྲོས་ཕ་ཤུལ་བུ་འཛིན་གྱི་ཁང་གཉེར་གཅིག་དང་། ཞིང་གཉེར་བཞི་ཡང་ཡོད།[26] གོང་གསལ་འཐུས་མིའི་ལས་འགན་ནི་བརྡ་ཐོ་གཏོང་རྒྱུ་དང་། ཡུལ་དེའི་གོ་ས་དམའ་ཤོས་ནི་བཅུ་དཔོན་ཡིན་ཅིང་། དེ་གྲོང་དུད་བཅུའི་དཔོན་ཡིན་པས་དེའི་ལས་འགན་ནི་ཁྲིམས་འགལ་བ་ལ་རྟ་ལྕག་གཞུ་རྒྱུ་དེ་ཡིན།[27]

 

༢ ཁྲལ་འུལ་ཁྲིམས་གནོན།

སྤུ་ཧྲེང་རྫོང་གི་ཁྲལ་རིགས་སྐོར་《སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ།》ལས། གཞུང་རྒྱུག་ཁྲལ་རིགས་ཀྱི་སྐོར་སྐྱིད་ཐང་གཅིག་པུར་ཆ་མཚོན་ནའང་། ཁྲལ་རྐང་སུམ་ཅུ་སོ་གཅིག་དང་ཕྱེད་འཁྲི་སྒྲུབ་བྱེད་དགོས། ཁྲལ་རིགས་ཀྱི་ངོ་བོ་ནི་ཕྱི་ཁྲལ་དང་ནང་ཁྲལ་གཉིས་སུ་གཏོགས་ཤིང་། དེ་ཡང་ཕྱི་ཁྲལ་དུ་གཞུང་རྒྱུག་ཁྲལ་རྐང་རེ་ནས་མངའ་རིས་སྒར་དཔོན་ལ་རྩམ་པ་འབོ་དྲུག་རེ། ཐོག་ཆེན་རྟ་ཟམ་ལ་རྩམ་པ་འབོ་གཉིས་རེ་དང་སྒྱེ་སྟོང་པ་གཉིས་རེ། བར་ག་རྟ་ཟམ་ལ་འབྲུ་བྲེ་བདུན་རེ་དང་ཁལ་མ་བཅུ་གཉིས་རེ་གཏོང་དགོས་པར་ཁལ་མ་རེ་ལ་རྡལ་གླ་སྒོར་ཉི་ཤུ། དེ་བཞིན་ཐོག་ཆེན་རྟ་ཟམ་ལ་གཡག་གླ་ཞེས་ཁྱོན་བསྡོམས་ལོ་རེར་འབྲུ་བྲེ་བརྒྱ་དང་བཞི་བཅུ་དང་དངུལ་ཊམ་དཀར་དྲུག་ཅུ། རྩྭ་མ་ལྔ་བཅུ། ཤིང་རྒྱ་མ་བཞི་བཅུ། བཞུ་མར་བཅས་སྤྲོད་དགོས་ལ། གཞན་ཡང་རྒྱ་བོ་ཞེས་པའི་ཁྲལ་རིགས་གཞན་ཞིག་ཡོད་པ་སྟེ་བོད་གཞུང་གི་ཡིག་སྐྱེལ་མཁན་(རྟ་ཕྲུག་)ལ་ཁྲལ་རྐང་རེར་དངུལ་ཊམ་དཀར་རེ་དང་འབྲུ་བྲེ་ལྔ་རེ། ཡུལ་ཚོ་རེ་ནས་ཐག་པ་རེ། ལྕགས་ཕུར་རེ། ཚོ་གསུམ་(ལྟོ་ཡོ། སྐྱིད་ཐང་། ཁྲི་སྡེ།)སྤྱི་ནས་ཐོག་ཆེན་རྟ་ཟམ། བར་རྟ་གཅིག་བཅས་གཏོང་དགོས།

ནང་ཁྲལ་ནི་རྫོང་ལ་རྒྱག་དགོས་པ་སྟེ། དེར་ལག་འདོན་དུ་དུད་ཚང་རེ་ནས་གྲོང་དཀྲོག་ཟེར་བའི་མར་ཉག་རེ་དང། ཤོག་དོད་དང་འཁོད་དོད་ཞེས་དུད་ཚང་རེ་ནས་སྒོར་གསུམ་རེ། ཀ་སྦང་ཞེས་པ་དུད་ཚང་རེ་ནས་གཡག་ཀོ་ཕྱེད་ཀ་དང་། སྟང་ཙེ་ཕྱེད་ཀ་བསྡུ་དགོས་པར་རིན་ལོ་རེར་སྒོར་བརྒྱད་རེ་སྤྲོད་དགོས་ལ་ཆིབས་གླ་ཞེས་ཁྲལ་རྐང་རེ་ནས་འབྲུ་དོ་དང་བྲེ་བདུན་རེ། ཤིང་སྤུ་ལུམ་བདུན་རེ། ཚེར་ཤིང་རྒྱ་མ་བཞི་བརྒྱ། གླ་མ་ཤིང་གཡག་ཁལ་གཅིག་བཅས་འབུལ་དགོས། དེ་བཞིན་ཆབ་ཤིང་ཞེས་པ་དུད་ཚང་རེ་ནས་ཤིང་སྤུ་ལུམ་རེ་ཡང་འཁྲི་བ་ཡིན། ཕྱོགས་མཚུངས་བཤད་འཕེལ་གླིང་དགོན་པར་ཚོགས་ཤིང་རིན་པ་དུད་ཚང་རེ་ནས་སྒོར་སུམ་ཅུ་རེ་དང་། སེར་སྲུང་དང་བཀའ་འགྱུར་ཀློག་འདོན་བཅས་ལ་འབྲུ་དཀར་མོ་(བྲེ་ཆེ་བ་ཞིག)ཉི་ཤུ་བསྡུ་དགོས་ལ། གཞུང་ཚོང་སྤོས་ཇ་ཞེས་ཇ་བག་རེར་རིན་སྒོར་བཅོ་བརྒྱད་རེ་བྱས་ཏེ་ཉོ་དགོས་པ་བཅས་སོ། །གཞན་ཡང་། རྐང་འགྲོར་རྫོང་གི་ས་ཞིང་འདེབས་ལས་སྐབས་ཁྲལ་རྐང་རེ་ནས་རྨོས་མཛོ་བཅུ་གཉིས་དང་མི་བཞི་རེ། ས་སློག་རྒྱག་སྐབས་རྨོས་མཛོ་བཅུ་དང་མི་ཉི་ཤུ་རེ་བཅས་ཐོན་ཆས་རང་འགྲིག་གིས་གཏོང་དགོས། དེ་མིན་ཞིང་ཆུ་གཏོང་མཁན་མི་གསུམ་རེ། ཞིང་བསྡུ་དང་གཡུལ་ལས་སྐབས་ཁྲལ་རྐང་རེ་ནས་མི་གཅིག་ཉིན་དྲུག་ཅུ་དང་མི་གཅིག་ཉིན་སུམ་ཅུ། ས་གསོག་ལུད་འདྲེན། གངས་བསལ་སོགས་ལ་མི་གཅིག་ཉིན་བཞི་བཅུ་བཅས་འགྲོ་དགོས་ཀྱི་ཡོད་ལ། དབྱར་དུས་རྫོང་གི་ཚྭ་བལ་སོགས་དངོས་པོ་ཚོང་རྭ་བར་དབོར་འདྲེན་བྱེད་མཁན་མི་གཅིག་ཉིན་བརྒྱད་དང་དགུ་ཙམ་རྒྱུག་དགོས་པ་སོགས་ཡོད་དོ།།

གསུམ་པ་ཆོས་གཞིས་ཁྲལ་རིགས་སྐོར། གཤགས་འཕེལ་གླིང་དགོན་པར་ཆོས་སྲིད་གཉིས་ལྡན་གྱི་སྡེ་ཚན་གསུམ་ཡོད་པ་ནི། གཉེར་ཚང་དང་། གྲྭ་ཚང་། བླ་བྲང་བཅས་ཡིན། ལྟོ་ཡོ་ལ་གཉེར་ཚང་འོག་ཁྲལ་རྐང་བཅུ་གཉིས་དང་ས་ཞིང་འབྲུ་འབོ་དགུ་བཅུ། ཁྲི་སྡེ་དང་འར་ཀང་གཉིས་ནས་གཉེར་ཚང་འོག་ཁྲལ་རྐང་བཅུ་གཉིས། ས་ཞིང་འབྲུ་འབོ་ཉིས་བརྒྱ་ཡོད་པ་མ་ཟད། ད་དུང་ཁྲི་སྡེ་སོགས་སུ་དགོན་པའི་ས་ཞིང་ཡོད་པས་ཞིང་འདེབས་ལས་དང་། བརྔ་བསྡུ། གཡུལ་གཏོང་། འབྲུ་རིགས་དབོར་འདྲེན་སོགས་ཀྱི་ལས་ཀ་ཚང་མ་བྱེད་དགོས་ཀྱི་ཡོད་ལ། ཁྲལ་རྐང་རེ་ནས་ཤིང་རྒྱ་མ་སུམ་བརྒྱ་དྲུག་ཅུ་དང་། སྤོས་མཁན་པ་རྒྱ་མ་དྲུག་ཅུ་རེ་ལྔ། ཤུག་པ་རྒྱ་མ་དྲུག་ཅུ། རྩྭ་རྒྱ་མ་བརྒྱད་ཅུ། སྤང་ལན་ཞེས་འབྲུ་བྲེ་བཅུ་དྲུག  མར་རྒྱ་མ་བཞི། ཐབ་ཤིང་ལོ་ཕྱེད་ལ་རྒྱ་མ་གཅིག་དང་ཁལ་མ་གཅིག  དེ་བཞིན་གཉེར་ཚང་གི་གུར་ཚོང་སྐབས་རྟ་འུལ་དང་། ཁལ་མ་སོགས་གཏོང་དགོས། དེ་མཚུངས་བཤད་འཕེལ་གླིང་གྲྭ་ཚང་ལ་ཡང་ས་ཞིང་འདེབས་ལས་བྱེད་དགོས་པར་མ་ཟད། དགོན་པོའི་གཏོར་སྒྲུབ་སྐབས་ཁྲལ་རྐང་རེ་ནས་ཤིང་རྒྱ་མ་སུམ་ཅུ་དང་། བཀའ་འགྱུར་ཀློག་འདོན་སྐབས་འབྲུ་བྲེ་དྲུག་རེ་དང་ཁ་བཏགས་རེ། གུར་ཚོང་སྐབས་མི་གཉིས་རེ་གཏོང་དགོས། དེ་མིན་དུད་ཚང་རེ་ནས་རྩྭ་རྒྱ་མ་བཞི་ཅུ་ཞེ་ལྔ་རེ་སྐྱེལ་རྒྱུ་དང་འབྲེལ་རྩམ་པ་རྒྱ་མ་སུམ་བརྒྱ་ཉི་ཤུ་རྩ་བཞི་རེ་རྔོ་ཐག་བྱེད་དགོས། བཤད་འཕེལ་གླིང་བླ་བྲང་ལ་ཡང་ཁྲལ་རྒྱུག་དགོས་པ་ནི། དུད་ཚང་རེ་ནས་ཤིང་རྒྱ་མ་བདུན་བརྒྱ་དང་། ཁྲལ་རྐང་རེ་ནས་ཆུ་མ་མི་བརྒྱད་རེ། ཚྭ་འདྲེན་བལ་བྲེག་ཉིན་ལས་སུམ་ཅུ། སེར་སྲུང་གླ་དུད་ཚང་རེ་ནས་འབྲུ་བྲེ་བཅུ་རེ། དར་ཤིང་འཛུགས་མཁན་དུད་ཚང་རེ་ནས་མི་རེ་དང་ས་ཁག་བདུན་ཅུ་རེ། གངས་བསལ་མཁན་མི་ལྔ་བཅས་གཏོང་དགོས། དེ་བཞིན་དཀར་རྩི་རྒྱག་མཁན་མི་དྲུག ཚོགས་ཤིང་རྒྱ་མ་ཆིག་སྟོང་ལྔ་བརྒྱ་ཐམ་པ་བཅས་འབུལ་དགོས་ཀྱི་ཡོད།

བཞི་པ་གཞུང་ཆོས་སྤྱི་ནས་འཇལ་དགོས་པའི་ཁྲལ་རིགས་མངའ་རིས་སྒར་དཔོན་ལ་དགུན་ཕོགས་ཞེས་དུད་ཚང་རེ་ནས་འབྲུ་འབོ་གང་རེ། རྩམ་པ་འབོ་གང་རེ། སྒྱེ་མོ་སྟོང་པ་རེ་འབུལ་དགོས་ལ་བཟོ་ཁྲལ་ཡང་འཇལ་དགོས། ཁྲལ་སྡུད་རིང་རྟ་ཐབ་གཡོག་དང་སྡོད་སྒྲིག་འཐུས་ཚང་དགོས་པ་མ་ཟད། བར་ག་བར་དུ་རྟ་འུལ་ཁལ་མ་བཅས་གཏོང་དགོས། དེ་མཚུངས་དར་ཆེན་སྐུ་བཞེངས་ཞེས་པ་ནི། གངས་ཏི་སེ་གསེར་གཞུང་དང་རྒྱང་གྲགས་དགོན་སོ་སོར་ལོ་ལྟར་ས་ག་ཟླ་བའི་ཚེས་ ༡༥ ཉིན་དར་ཆེན་སྐུ་བཞེངས་གནང་སྐབས། ན་བཟའ་སྒར་དཔོན་ནས་གཏོང་གི་ཡོད་ལ། དེ་མིན་དར་ཤིང་དང་། དབོམ་ཤོམ། ཤན་རྒྱུན། ཀོ་བ། ལྕགས། བཟོ་རིགས་ལག་ཤེས། དབོམ་ཐག་འདོམ་བཅུ་གཉིས། འུལ་མི་བཅས་སྤུ་ཧྲེང་རྫོང་ཁོངས་སུ་འཁྲི་བ་ནི། ལྟོ་ཡོ་གཞུང་ཆོས་ཚོ་བ་གཅིག་དང་། ཁྲི་སྡེ་གཞུང་ཆོས་ཚོ་བ་གཅིག  སྐྱིད་ཐང་གཞུང་རྒྱུག་ཚོ་བ་གཅིག་བཅས་རེ་རེ་ནས་འུལ་མི་རང་འགྲིག་ཉི་ཤུ་དང་། ཤན་ལྕགས་ཉག་བཅུ། ཀོ་བ་བུབས་གཅིག  ཆོས་གཞིས་གཞི་སྡེ་ཚོ་བ་གཅིག་འུལ་མི་བཅུ་དྲུག དེ་བཞིན་རྒྱ་འཁོར་གཞུང་ཆོས་ཚོ་བ་དང་། དཀར་དུང་གཞུང་ཆོས་ཚོ། ཆོས་གཞིས་གདུང་དམར། གཞུང་ཚོང་སོགས་ནས་ཁྲལ་རིགས་འདྲ་མིན་སྒྲུབ་རྒྱུག་དགོས།

ལྔ་པ་ཁྲལ་རིགས་གཞན་པའི་སྐོར། འབྲུག་པ་བླ་བྲང་ལ་ཁྲལ་འཇལ་དགོས་པ་ནི། ཁྭ་ཆར་དང་ཞེར་པ་གཉིས་ལ་དུད་ཚང་སུམ་ཅུ། དེ་མིན་གདུང་དམར་དུའང་དུད་ཚང་ཁ་ཤས་བཅས་ཡོད་པའི་ནང་དུད་ཚང་གཅིག་ལ་ཆ་མཚོན་ན་བར་ལུགས་ཟེར་བ་རྩམ་པ་བྲེ་བརྒྱད་ཅུ། ཞིང་འདེབས་སྐབས་རྨོན་མཛོ་གཉིས་དང་མི་གཉིས། ཤིང་རྒྱ་མ་དགུ་བརྒྱ་དྲུག་ཅུ་བཅས་འབུལ་དགོས་ཀྱི་ཡོད། དེ་བཞིན་རྒྱ་གྲོ་ཟ་ལང་བཅས་ཀྱིས་རྒྱང་གྲགས་དགོན་པར་ཡང་ཁྲལ་འཇལ་དགོས་ཀྱི་ཡོད། མདོར་ན། གོང་གསལ་ཁྲལ་རིགས་སྣ་ཚོགས་འཇལ་ཟིན་དུས་མེད་པའི་ཁར་ཁྱིམ་སྟོང་བའི་ཁྲལ་ཡང་ལྷག་པའི་དུད་ཚང་ནས་འཇལ་དགོས་པ། དཔེར་ན། གཞིས་སྡེ་ཚོ་ལ་སྔར་ཁྲལ་རྐང་ཉིས་བརྒྱ་དགུ་བཅུ་ཡོད་མོད། ཕྱིས་ཁྲལ་རྐང་ཉི་ཤུ་རྩ་ལྔ་ལས་མེད་པ་དེས་ཁྲལ་རྐང་ཉིས་བརྒྱ་དགུ་ཅུ་ཐམ་པའི་ཁྲལ་རིགས་ཚང་མ་འཇལ་དགོས།[28]ཞེས་གསལ་བ་ལས་དེ་སྔའི་སྤུ་ཧྲེང་ཡུལ་ཚོ་དྲུག་གི་ཕྱི་ནང་རྐང་འགྲོ་ལག་འདོན་གྱི་ཁྲལ་འུལ་འཁྲི་སྒྲུབ་ཀྱི་རྣམ་གྲངས་དང་འབོར་ཚད་ལམ་ཙམ་རྟོགས་ཐུབ།

 

༣ གཞིས་ཀ་དང་། སྒེར་པ།

སྤུ་ཧྲེང་རྫོང་ཁོངས་ཀྱི་གངས་མཚོ་གཉིས་སྔར་བོད་སྡེ་པ་གཞུང་གི་སྐབས་སུ་ཡུལ་དེ་གཉིས་རྟ་ཟམ་ཁག་གཉིས་ཡིན་པ་ལས་སྤུ་ཧྲེང་རྫོང་གི་མངའ་དབང་དུ་གཏོགས་ཀྱི་མེད། ཡུལ་དེ་གཉིས་ཀྱི་ཡུལ་སྐད་དང་ཡུལ་སྲོལ་གོམས་གཤིས། ཟ་སྡོད་འགྲོ་གསུམ་གྱི་ཆ་ལུགས། རུས་མིང་འདེད་རྒྱུར་རྩ་ཆེན་བྱེད་པ་སོགས་མདོ་ཁམས་དང་བྱང་གི་ཧོར་འབྲོག་རིགས་དང་ཧ་ལམ་འདྲ་མཚུངས་ཀྱི་ཆ་མང་བ། སྤུ་ཧྲེང་རོང་ཁུལ་ནི་རྫོང་གི་འོག་ལ་ཡིན་ཅིང་། ཞི་སྡེ་ནི་ཞི་སྡེ་གྲྭ་ཚང་གི་འོག་ལ་ཡིན། ཁྲི་སྡེ་གཤགས་འཕེལ་གླིང་དགོན་པའི་ཆོས་གཞིས་དང་སྐྱིད་རོང་རྫོང་གཞུང་གི་མི་སེར་ཡིན། ལྟོ་གཡོ་དང་བདེ་ལེགས་གླིང་གཤགས་འཕེལ་གླིང་གི་ཁྲལ་པ་དང་དེ་མིན་གངས་རི་ཕྱོགས་བཞིར་གནས་པའི་དགོན་སྡེ་བཞི་དང་མཚོ་རིན་པོ་ཆེའི་མཐའ་བཞི་ལ་གནས་པའི་དགོན་སྡེ་བརྒྱད་ལའང་ཆེ་ཆུང་ལ་མ་ལྟོས་པའི་ཚང་མས་ཁྲལ་གཡོག་རྒྱུག་དགོས། སྤུ་ཧྲེང་རྫོང་དཔོན་གྱི་མངའ་ཞབས་སུ་དམག་དཔོན་རྒན་པོ་ཞེས་ལོ་གསུམ་རེར་བརྗེ་པོ་རྒྱག་པ་དང་། འཐུས་མི་ཞེས་ཡར་མར་བརྡ་ཐོ་གཏོང་མཁན་ཡིན།

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1].  གཞུང་པ་ཚེ་རིང་ཆོས་འཕེལ། གངས་ཏི་སེའི་ཕྱོགས་བཞིའི་ཆུ་བོ་ཁ་འབབ་རྣམ་བཞིའི་འབབ་རྒྱུན་དང་། མངའ་རིས་སྐོར་གསུམ་གྱི་བྱུང་རབས། ཁྱབ་ཁོངས་བཅས་ཀྱི་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར། ཕྱི་ལོ་ ༢༡༦། ཤོག ༣༥༤།

[2].  ཆོས་འཕེལ།མངའ་རིས་ཁུལ་གྱི་གནས་ཡིག་བཞུགས། མི་རིགས་དཔེ་སྐྲུན་ཁང་། སྤྱི་ལོ་ ༢༠༠༨། ཤོག ༢།

[3].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༧༤།

[4].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༦༥།

[5]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག ༢༦༣།

[6].  བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༣༨།

[7].  西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 145.

[8]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 145.

[9]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༠༨།

[10].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༧༦།

[11].  འབྲི་གུང་སྐྱབས་མགོན་ཆེ་ཚང་། ཏུན་ཧོང་ཡིག་རྙིང་ལས་བྱུང་བའི་བོད་བཙན་པོའི་རྒྱལ་རབས། སྲོང་བཙན་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༣༤།

[12].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་༡༩༩༦། ཤོག ༤༧། ནས་༡༧༧།

[13].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༩།

[14].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༧༧།

[15].  (1) བཀའ་དྲུང་ནོར་ནང་། དེབ་ཐེར་ལོང་བའི་དམིགས་བུ། དཔེ་གཟུགས། ལྕགས་པར། རྡི་ལི། ཕྱི་ལོ་ ༡༩༨༡། ཤོག ༢༣༨།

(2)多杰次仁,西藏封建农奴制社会形态,中国藏学出版社。2005.Pg 335.

[16]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།

[17]. གཞུང་དགའ་ལྡན་ཕོ་བྲང་པའི་ལས་ཚན་ཕྱི་ནང་ཏོག་གནས་ཀྱི་གོ་རིམ་དེབ་ཐེར་རིན་ཆེན་ཕྲེང་བ། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༦། ཤོག་ ༧ ནས་ ༨༡༣།

[18].  ཚེ་རིང་ཆོས་འཕེལ། མཚོ་ཆེན་རྫོང་ཚེ་འཕེལ། མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར། ཕྱི་ལོ་༢༠༠༣། ཤོག ༢༣།

[19].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་ཐུབ་བསྟན་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༠༩།

[20].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་ཐུབ་བསྟན་མཛེས་རྒྱན།བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༠༩།

[21].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  ཕྱི་ལོ་༡༩༩༦། ཤོག ༡༨༢།

[22].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༦༨།

[23].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༨༥།

[24]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༨༦།

[25]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༠༩།

[26]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༨༦།

[27]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༡༠༩།

[28].  སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག ༡༨༧།

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

 

བརྒྱུད་སྐུལ།

མཆན་སྤེལ།