ལེ་ཚན་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།
དང་པོ། ཡུལ་སྡེ་ཆེ་ཁག
རུ་ཐོག དབུས་བྱང་། རེ་ཅོ། རྡོ་དམར། གཙང་ཁ་ཞ། སྐྱིད་ཕུག དུང་རུ། སྐྱེས་རྩེ། གསུམ་བཞི། འཕྲང་དམར། རི་གསུམ། ཁུལ་པ། འཚེར་ལུང་། སྡེ་རུབ། ཁུག་ཐང་། ལྕགས་སྒང་། ཆུ་ཁང་། ར་བང་། ལུ་མ་ཁ། རྩྭ་ཕུག སྟེང་རྩེ། མཁར་ནག ལྷ་རི་ལྷ་ཤིང་། ས་སྐྱ་རི། སྐྱུང་ཚང་། རི་ཆེན། རི་ཆུང་། ཆོ་གནས། ཀྲན་ཙེ། དཀར་པོ་སྣ་ལུང་། སྒོར་སྨན། རག་པ། པར། དཀར་རྡོ། ཁྲ་ཚང་། སྐྱིད་ལེགས་ཕུག་ཁུག མེ་རྡོ། མེ་རྡོ་ཕུ་རྭ། སྐྱིབས་རྡོ། བླ་མ་གོང་། ནོར་ཚང། འཁོར་དམར། མིག་པ་འོག་མ། ནགས་བཙུགས། སྨན་དྲན་སྨ་ཁ། སྔོན་སྤོག རྒྱབ་སྒོ་བྲག་དཀར་སོགས་ཡོད་འདུག[1]
གཉིས་པ། རི་དང་། ལ། མཚོ། གཙང་པོ།
གེ་རྒོད་རི། ལྷ་བརྒྱ་འོད་ཀྱི་རི། རྒྱབ་སྒོ་བྲག་དཀར། རྒྱུ་ལ། དགུན་ཁ་ལ། ཤིང་གོང་ལ། རི་ཆེན་ལ། ཨན་ལ། གནའ་པོ་ལ། ལ་མེད་ལ་སོགས་དང་། སྤང་གོང་མཚོ། པང་བཏགས་མཚོ། ཀོ་བཀྲ་མཚོ། སྨན་སྡོང་མཚོ། ནོ་མཚོ། མགུར་སྨན་མཚོ། འབུམ་མཚོ། མི་འགྲོ་ཚྭ་ཁ། འོར་པ་མཚོ། ཝ་ཁུངས་མཚོ། ཤར་གཏད་མཚོ། ཨ་འོང་མཚོ། ལུ་མ་བྱང་སྟོང་མཚོ། གཞན་ཆེ་མཚོ། ལུང་མུ་མཚོ། དྲེད་མཚོ། སྐྱེས་རྩེ་ཚྭ་ཁ། མོ་རྡོ། བྱང་ཆེན་མོ་ཆུ། མ་ག་གཙང་པོ། ཆུ་གསུམ་གཙང་པོ། རོག་གསུམ་གཙང་པོ། བྲག་ཕུག་གཙང་པོ། དབོད་བྱང་གཙང་ཆུ། བེ་ཆུ་རྟ་སྤུ་བི་བ། སྔ་ཆུ་རང་རྔོག་ཆུ་བཅས་ཡོད།[2]
དེ་དག་ལས་གེ་རྒོད་ནི་གཡུང་དྲུང་བོན་གྱི་བསྟན་སྲུང་གྲས་ཤིག་ཡིན་པར་མ་ཟད། རུ་ཐོག་པ་ཚོས་ཀྱང་ལྷ་རི་དེ་ཉིད་ལ་རྩ་ཆེན་པོར་རྩི་སྲོལ་ཡོད། རྫོང་དེའི་རྒྱབ་སྒོ་བྲག་དཀར་རི་ནི་ཡུལ་དེའི་བྱང་ཕྱོགས་སུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༦༦༡༣ སར། ལོ་ཧྲིལ་པོར་གངས་དང་འཁྱག་རོམ་གྱིས་བཀླུབས་ནས་ཡོད། དེ་བཞིན་རྫོང་གི་བྱང་ཤར་དུ་གནས་པའི་ལ་མེད་ལ་ནི་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༨༣༠ སར་འཕགས་ཤིང་བོད་དང་ཤར་ཏུ་ཀི་སི་ཐན་དུ་བསྐྱོད་སའི་ལམ་བར་དུ་ཆགས། རྫོང་དེའི་ནུབ་བྱང་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༨༠༩ ཅན་གྱི་གནའ་པོ་ལ་འགྱིངས་ཡོད།[3] རྫོང་གི་བྱང་ཕྱོགས་སུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༢༤༡ སར་སྤང་གོང་མཚོའམ། མིང་གཞན་ལ་མཚོ་མོ་ངང་ལྷ་རིང་པོ་ཞེས་ཀྱང་གྲགས་པའི་མཚོ་ཆེན་དེ་མཇལ་དུ་ཡོད་ཅིང་། དེའི་བཟོ་དབྱིབས་ནི་ནར་མོ་དོག་ལ་རིང་ཞིང་ནུབ་ཀྱི་སྣེ་མོ་ཀ་ཤི་སྨིར་ཕྱོགས་སུ་བརྐྱངས་ཡོད་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ ༦༠༤ དང་དེ་ལས་དེང་བོད་ཁོངས་སུ་སྤྱི་ལེ་གྲུ་བཞི་མ་ ༤༡༣ ཙམ་རྒྱལ་ཁོངས་རྒྱ་གར་གྱི་ཁོངས་སུ་གཏོགས་པའི་ལ་དྭགས་ཡོད། མཚོ་དེའི་ཤར་ངོས་ནི་ཚྭ་མེད་ཀྱི་ཆུ་དང་ནུབ་ངོས་ཚྭ་ཆུ་རང་བཞིན་ཅན་གྱི་མཚོ་མོའི་རིགས་སུ་གཏོགས། མཚེའུའི་མཛེས་ལྗོངས་ལྟ་ན་སྡུག་ལ་ཉེ་འཁོར་རྩྭ་ཆུ་འཛོམས་པས་རང་བྱུང་འབྲོག་ས་མི་ཉུང་བ་ཞིག་མཆིས། དེ་མིན་པང་བཏགས་མཚོ་ནི་རྫོང་གི་བྱང་ཤར་ཕྱོགས་སུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༩༠༢ སར་གནས་ཤིང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༠༣ ཡོད་པ་དང་ཚྭ་ཆུའི་མཚོ་མོའི་རིགས་དང་མཐའ་འཁོར་དུ་རང་བྱུང་འབྲོག་ས་ཆགས་ཡོད།
ཡང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༢༤༤ ལྡན་པའི་ཀོ་བཀྲ་མཚོ་ནི་རྫོང་གི་བྱང་ཤར་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༠༨༠ ས་ཁོངས་སུ་གནས། མཚོ་དེའི་བྱང་དུ་ཚྭ་མེད་དང་ལྷོ་རུ་ཚྭ་དང་ལྡན་པའི་སྐམ་སའི་དབུས་ཁུལ་གྱི་མཚེའུ་རིགས་ཤིག་ཡིན་ཅིང་། མཚེའུའི་མཐའ་འཁོར་དུ་རང་བྱུང་འབྲོག་ས་ཆགས་པའི་ལུང་མུ་མཚོ་ནི་རྫོང་གི་བྱང་ཤར་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༠༠༢ དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༩༧ ཡོད་ཅིང་ཚྭ་ཆུའི་མཚེའུ་རིགས་སུ་གཏོགས། དེ་མཚུངས་ཚྭ་ཆུའི་མཚེའུ་ཁོངས་སུ་གཏོགས་ལ་ཉེ་འཁོར་དུ་འབྲོག་ས་ལྡན་པ་དང་། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༨༡༠ ཡོད་པའི་ལུ་མ་བྱང་སྟོང་མཚོ་ནི་རྫོང་དེའི་བྱང་ཤར་དུ་ཆགས་ཡོད་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་ ༣༠༦ ཡོད་འདུག ཡང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༥༨ ལྡན་པའི་སྨན་སྡོང་མཚོའམ་སྤང་འཁོར་མཚོ་ནི་རྫོང་གི་ནུབ་བྱང་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༣༡༢ སར་ཆགས་ཡོད་ཅིང་ཚྭ་ཆུའི་མཚེའུ་རིགས་སུ་གཏོགས་སོ། །ཡང་རྫོང་དེའི་ལྷོ་ཤར་དུ་འཁྱིལ་བའི་མི་འགྲོ་ཚྭ་ཁར་ཞེས་ཚྭ་ཆུའི་མཚེའུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༤༧༠ དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༦ ཡོད་པའི་མཚོ་དེའི་མཐའ་འཁོར་དུ་འབྲོག་ས་ཆགས་ཡོད། རྫོང་གི་བྱང་ཤར་ཕྱོགས་སུ་ཡོད་པའི་འོར་པ་མཚོར་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༨༩ ལྡན་ཞིང་། ཚྭ་ཆུའི་མཚེའུ་རིགས་དང་། མཚོ་དེ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༡༧༧ སར་འཕགས་ཤིང་ཉེ་འཁོར་དུ་འབྲོག་ས་བཏབ་ཡོད། དྲེད་མཚོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༩༦༣ སར་ཆགས་ཤིང་། མཚོ་དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༡༥ དང་ཚྭ་ཆུའི་མཚེའུ་ཁོངས་སུ་གཏོགས།[4]
ལེ་ཚན་བཞི་པ། ཞིང་འབྲོག་ཐོན་ལས་དང་ཚོང་ལས་སྐོར།
དང་པོ། ཞིང་འབྲོག་ཐོན་ལས།
རུ་ཐོག་རྫོང་ནི་འབྲོག་ལས་གཙོ་བོར་གཉེར་བའི་ས་མ་འབྲོག་གི་ཡུལ་ཞིག་ཡིན་ཅིང་ཁུལ་དེའི་རྫོང་གཞན་ལ་ལྟོས་ན་འཚོ་གནས་ཕུན་སུམ་ཚོགས་པོ་ཡོད། དེ་ཡང་རྩྭ་རའི་རྒྱ་ཁྱོན་ལ་མུའུ་ཁྲི་ ༧༠༠༠ དང་རྨོ་ཞིང་རྒྱ་ཁྱོན་ལ་མུའུ་ཁྲི་ ༠.༧༣ ཡོད་པའི་ནང་ལོ་ཏོག་གཙོ་བོ་ནས་དང་། དཔྱིད་གྲོ། དགུན་གྲོ་སོགས་འདེབས་ལས་བྱེད། རུ་ཐོག་རྫོང་གི་ཤར་ཆུང་ལུང་གོང་འོག་གཉིས་ནི་སྟོད་མངའ་རིས་ཁུལ་དུ་འབྲུ་རིགས་ཐོན་འབབ་ཆེ་ཤོས་ཀྱི་ས་ཁུལ་ཞིག་ཡིན་ཅིང་།[5] སྐོར་དཔོན་བློ་བཟང་མཁྱེན་རབ་ཀྱིས་བརྩམས་པའི་《སྟོད་རུ་ཐོག་གི་སྔ་ཕྱིའི་ལོ་རྒྱུས།》ནང་རུ་ཐོག་གི་ཐོན་སྐྱེད་སྐོར་ལ། འབྲོག་ཁུལ་ཐོན་སྐྱེད་ནི་བལ་དང་། ལེ་ན། མར། ཕྱུ་ར། ཤ པགས་པ། ཁུ་ལུ། སྣམ་བུའི་གོས། ཕྱ་ར། ཉལ་གོས་སླེའུ། འགོ་སྣམ་གྱི་ཕྱུ་པ། བལ་གྱི་སྐེད་རགས། ལྷམ་སྒྲོག སྒྱེ་མོ། རྩམ་ཁུག གཡག་ལུག་གི་དོ་ཁལ། ཁུ་ལུའི་སྦྲ་གུར། བལ་གྱི་ཆོན་ཐག ཚ་རུ་དང་པགས་པའི་སློག་གོས་སོགས་ཡིན་ལ། འབྲུ་རིགས་ཐད་རོང་ཁུལ་གྱི་ཡུལ་ལུང་གཞན་ལ་བརྟེན་མི་དགོས་པར་རང་ཁ་ར་གསོ་ཐུབ་ཀྱི་ཡོད་པར་གྲགས། གཞན་ཡང་རང་བྱུང་ཐོན་ཁུངས་ནི་རི་སྐྱེས་བཟའ་ཆར་བ་ལུའི་སྤོས་དང་སྒོག་པ་སོགས་སྣ་ཚོགས་ཤིག་སྐྱེ་ལ། རྫོང་གཞན་དང་མི་འདྲ་བར་རང་བྱུང་དངོས་རྫས་ནི་གསེར་དང་། ཚྭ་ལ་དཀར་པོ། བྱང་ཚྭ་སོགས་ཐོན་སྐྱེད་བྱེད་པ་མང་།[6] ཞེས་གསུངས་ལ། རུ་ཐོག་རྫོང་གི་མི་སེར་ཚོས་སྒོ་ཕྱུགས་འབྲི་གཡག མཛོ། རྟ། ལུག ར་སོགས་གཙོ་བོར་གསོ་ཚགས་བྱེད།
གཉིས་པ། ཐུན་མིན་ཐོན་ལས།
རུ་ཐོག་རྫོང་ནི་བོད་ཁུལ་གྱི་གསེར་གྱི་ཐོན་ཁུངས་གཙོ་བོ་ཞིག་ཡིན། ཁུལ་དེར་གསེར་གྱི་གཏེར་ཁ་ནོ་ཨོད་བྱང་གི་ཁྲོག་ར། ར་བང་གསེར་ཁུང་ཁྲོག གྱིག་ལས་ཁྲོག ལུང་ཡན་ཁྲོག རྟིང་རྩེ་སྟོད་མའི་གཉན་མོ་ཁྲོག ར་ཤོག་ཁྲོག མུན་ནག་ཁྲོག ཞྭ་ལུང་ཁྲོག བསྐལ་བཟང་ཁྲོག གྲ་ལུང་ཆེན་པོའི་ཁྲོག གྲ་ལུང་ཆུང་མའི་ཁྲོག་སོགས་བཅུ་བཞི་ཡོད་པར་གྲགས། ཁུལ་དེར་གཞུང་སྐུ་ཚབ་གསེར་དཔོན་དང་བཀྲས་ལྷུན་བླ་བྲང་གི་སྐུ་ཚབ་གསེར་དཔོན་གྱི་ཐད་སྐྱོང་འོག་བྱང་པ་སྟོད་སྨད་ཚོ་པ་གཉིས་གཞུང་གི་གསེར་གཞུང་མི་སེར་གྱི་ཁྲལ་མིའི་ཁུངས་སུ་གཏོགས་པར་བྱས་ཏེ་འགོ་ཞོ་གསེར་ཁྲལ་བསྡུ་ལེན་གནང་བ་བྱུང་འདུག འགོ་ཞོ་གསེར་ཁྲལ་ཞེས་པ་གོང་བརྗོད་ལྟར་སྐྱེས་པ་རང་ལོ་བཅུ་དྲུག་ནས་དྲུག་ཅུ་བར་དང་བུད་མེད་རང་ལོ་ཉི་ཤུ་ནས་དྲུག་ཅུ་བར་ཕོ་མོ་ཁྱད་མེད་མི་རེ་ནས་གསེར་ཞོ་གང་རེ་འཇལ་དགོས་པར་ཟེར། འོན་ཀྱང་། གྲྭ་བཙུན་རྣམས་འགོ་ཞོ་གསེར་ཁྲལ་འཇལ་མི་དགོས། བྱང་པ་སྨད་མ་རྣམས་བཀྲས་ལྷུན་བླ་བྲང་གི་གསེར་ཁྲལ་ལས་གཞུང་ཁྲལ་མིན། ད་དུང་ཚྭ་གཏེར་དང་། ལྷག་པར་དུ་རུ་ཐོག་གི་ལེ་ན་དཀར་པོ་ནི་མངའ་རིས་ཡོངས་མ་ཟད། འཛམ་བུ་གླིང་ན་སྙན་གྲགས་ཤིན་ཏུ་ཆེ་བའི་ཀ་ཤི་སྨིར་ཞེས་སྤུ་བལ་གྱི་སྤུས་ཚད་རྩེར་སོན་པ་དེའོ། །[7]
གསུམ་པ། ཚོང་ལས།
རྫོང་དེའི་ཕྱི་ནང་གི་ཚོང་ལས་གཉེར་སྒོའི་ཐད་ཕྱིའི་རྒྱལ་ཁབ་ལ་དྭགས། གར་ཤ། ཁུ་ནུ། ཀ་ཤི་སྨིར། རྒྱ་གར་བཅས་དང་ཕན་ཚུན་ཚོང་འབྲེལ་བྱེད་ཅིང་། དེ་དག་ལས་ཚོང་འབྲེལ་གཙོ་བོ་ལ་དྭགས་ཀྱི་རྒྱལ་ས་སླེ་གཙོས་པའི་གུ་ཡུལ། རུབ་ཤོས། ཆུ་ཡུལ། བྲག་དཀར། ཅེམ་བྲེ། སག་གྲི། ཤེས། ཆུ་ཤོད། ཧི་མི། ཤུག་པ་ཅན། སེར་པོ། ལ་པ། ལི་ཕྱིར། སྒྱུར་བུ་ཅན་པ། ཏི་མུར་སྒང་པ། དཀར་སྐྱིལ། གཤམ་མ། ནུབ་རྭ། བ་སྒོ། ས་ཕུ་སོགས་ལ་དྭགས་སྟོད་གཤམ་ཡུལ་ཚོ་བརྒྱད་ཅུ་གྱ་བཞི་ཙམ་དུ་ཕྱིར་ཚོང་ནང་འདྲེན་གྱི་ཚོང་ལས་གཉེར་ལ། ཡུལ་ཚོ་དེ་དག་ནས་བོད་ཕྱོགས་སུའང་ལ་དྭགས་ནས་འབྲང་[8]ཁག་བརྒྱ་ལྷག་དང་། གར་ཤ་འབྲང་ཁག་དྲུག་ཅུ་སྐོར། ཁུ་ནུ་བཅུ་སྐོར་བཅས་ཚོང་དུ་ཡོང་བར་བཤད།[9] དེ་སྔ་ཕྱི་ནང་གི་ཚོང་ལམ་ཁག་ལས་ལ་དྭགས་བརྒྱུད་ཀྱི་ཚོང་ལམ་ལ་གཙོ་བོ་སྒོ་གསུམ་ཙམ་ཡོད་པ་ལས། ཁུལ་དེའི་བཀག་གཞུང་བརྒྱུད་ལྕགས་ཁང་དང་། ར་བང། རྟིང་རྩེ། དགེ་རྒྱས་བར་གཅིག་དང་། གཉིས་ལ་དྭགས་ནས་བྱང་ལ་བརྒྱུད་ཆུ་ཡུལ། རི་ཆོས། རུ་ཐོག ར་བང། རིང་རྩ་སྟོད་མ་བཅས། གསུམ་པ་བྱང་ལ་བརྒྱུད་གྲང་རྩེ་སྨུག་ལེབ། པང་གུང་། དབོ་བྱང་གསུམ་པ། རུ་ཐོར་ལེབ་རྭ་བཅས་བརྒྱུད་པའི་ཚོང་ལམ་མི་འདྲ་བ་གསུམ་ཙམ་ཡོད་འདུག གཞན་ཡང་གར་ཤའི་ཚོང་ལམ་སྤུ་ཁ་བརྒྱུད་བཀག་གཞུང་ནས་ལྕགས་ཁང་དང་། ར་བང་། རྟིང་རྩེ་སོགས་དང་། ཁག་གཅིག་བཀག་གཞུང་ནས་མཛེ་བོ་ལ་དོན་རེ་ཆོས་བརྒྱུད། རུ་ཐོག་དང་། དབོ་བྱང་བརྒྱུད་ནས་ཀྱང་འགྲོ་སྲོལ་མཆིས། རུ་ཐོག་རྫོང་དང་ཁུ་ནུའི་ཚོང་ལམ་ནི། རོང་ཆུང་ནས་རྩ་མདའ་རྒྱུད་སྒར་བཀྲ་ཤིས་སྒང་ནས་ལྕགས་ཁང་དང་རུ་ཐོག་ར་བང་སོགས་ཀྱི་ཡུལ་སྡེ་ཁག་ནས་བགྲོད་ལམ་ཡོད།[10]
ཚོང་འབྲེལ་བྱ་ཡུལ་གྱི་ས་གནས་ཁག་ཀྱང་གཏན་འཁེལ་གྱི་བཙུགས་ཡོད་པར། དཔེར་ན་བོད་ནས་ལ་དྭགས་ལྟ་བུར་ཕྱི་ཚོང་བྱེད་སྐབས། ཚོང་གནས་ལྟེ་བ་ལ་དྭགས་ཀྱི་རྒྱལ་ས་སླེ་གཙོ་བོར་བྱས་པའི་ཤེས་ཆུ་ཤོད། ཅེམ་བྲེ། སག་གྲི། བྲག་དཀར། ཆུ་ཡུལ། གར་ཤའི་རྡོ་ཟམ། ཟངས་དཀར། གསུམ་མདོ་སོགས་དང་། ཁུ་ནུའི་རྒྱ་རྒྱུད་དུ་ཅང་ནའོ། རམ་པུར་བཅས་ཀྱི་ས་གནས་སུ་གཙོ་བཟུང་གིས་ཚོང་འབྲེལ་གཉེར། བོད་ཕྱོགས་ཀྱི་ཚོང་འབྲེལ་ས་གནས་ཁག་ནི། རུ་ཐོག་རྫོང་ཁུལ་དུ་ལྕགས་ཁང་། (ཤག་སྒང་།)རེ་ཆོས། དབོ་བྱང་། རུ་ཐོར་ལེབ་རྭ། ར་པང་ལེབ་རྭ། རྟིང་རྩེ་སྟོད་བྲག་སྒོར་སྒོར། ལེབ་ར་[11]བཅས་ཡིན། ཚོང་འབྲེལ་གྱི་ནམ་དུས་དབྱར་སྟོན་གཉིས་ལ་ཚོང་ར་ཚུགས་ནས་བརྗེ་ཚོང་བྱེད་ཅིང་། དེའི་སྐབས་དུས་ཡུན་བོད་ཟླ་ ༥ ཟླ་མཇུག་ནས་ ༦ ཟླ་མཇུག་བར་དང་། རུ་ཐོག་རྫོང་གི་ཚོང་ར་འཁྲུག་ཤོས་ནི་བོད་ཟླ་ ༧ ཟླ་གཅིག་རིང་བསྡུ་སྐོང་བྱེད་པ་དེ་ཡིན། སྤྱིར་རྒྱུན་གཏན་ཕྱིའི་ཚོང་པ་བརྒྱ་ཕྲག་ཁ་ཤས་ཡོད་པ་དག་གིས་ཚོང་རྭ་ཁག་ཏུ་གཅིག་སྡུད་ཀྱི་ཚོང་རྒྱག་ཅིང་། ཕྱིའི་ཚོང་པ་མང་ཆེ་བས་ཕ་ཐོག་བུ་ཐོག་ནས་བརྒྱུད་པའི་མཛའ་བོ་ཞེས། ས་གནས་ཡུལ་མིར་གནས་གཡར་གྱིས་ཚོང་རྒྱག་སྲོལ་མཆིས།[12] དེ་ཡང་། མཛའ་བོ་ཞེས་པའི་གནས་ཚང་རང་འདོད་ལྟར་འགྱུར་བ་གཏོང་མི་ཆོག་པའི་ཚོང་ཁྲིམས་བཅས་ཡོད་ཅིང་། ཚོང་ཤག་ཕན་ཚུན་ར་ལུག་སྐྱེ་མེད་འཆི་མེད་ཀྱི་བུན་གཡར་དང་། འབྲུ་རིགས་དང་སྤུ་བལ། དངུལ་སོགས་ཀྱང་ས་གནས་རྫོང་གི་ཤེ་ཁྲལ་ལས་ཡང་བུན་གཡར་གཏོང་ལེན་བྱེད་སྲོལ་ཡོད་པར་བཤད།[13]
གོང་གསལ་བོད་ཟླ་ ༧ ཚོང་འདུས་དེར་ལ་དྭགས་དང་། གར་ཤ། ཉི་ཏི། རོང་པ་སོགས་ཡུལ་ལུང་འདྲ་མིན་གྱི་ཚོང་པ་འདུ་འཛོམས་བྱེད། དེའི་སྐབས་ཕན་ཚུན་བརྗེ་ཚོང་གཙོ་བོ་ནི། ཁམ་བུ་དང་། རྒུན་འབྲུམ། ཅུ་ལི། རྩམ་པ། འབྲས། གྲོ། རྡུར་མ། གྲའོ་རྩེ་སོགས་བཟའ་ཆའི་རིགས་དང་། འབུ་རས། འཕྱིང་པ། རས་ཆ། ཧ་ཡང་། རག ཟངས་སོགས་ཉེར་མཁོའི་ཅ་དངོས་སྣ་ཚོགས་ཕྱིའི་ཟོག་དང་། བོད་ཟོག་ཏུ་གཙོ་བོ་ཚྭ་བལ་ཤ་མར་སོགས་གཙོ་བོར་ཕན་ཚུན་ཉོ་ཚོང་འདུ་ལེན་བྱེད། གཞན་ཡང་རུ་ཐོག་རྫོང་གི་ཚོང་པ་ཁག་རོང་ཁུལ་དུ་སྟོན་དཔྱིད་གཉིས་ལ་བགྲོད་ལམ་བདེ་བ་དང་བསྟུན་ཏེ། དཔྱིད་ཚོང་དང་སྟོན་ཚོང་ཞེས་ས་གནས་ཀྱི་ཐོན་རྫས་ཚྭ། བལ། པགས་རིགས། ར་ཁུལ། ཤ་མར་སོགས་བརྗེ་ཚོང་སླད། ལོ་འཁོར་མོ་གཅིག་ལ་རོང་ཁུལ་དུ་ཐེངས་གཉིས་གསུམ་ཚོང་ལ་སྐྱོད་སྲོལ་མཆིས།[14] སྤྱིར་དེ་སྔའི་ཚོང་འབྲེལ་ནི་དངོས་པོ་ཕན་ཚུན་བརྗེ་ལེན་ཁོ་ན་ལས་དངུལ་བཀོལ་སྤྱོད་ཆུང་ཞིང་། དངུལ་གྱི་འགྲོ་རྒྱུག་ཀྱང་ས་ག་རྫོང་ཡན་འབྲོང་པ་དང་མངའ་རིས་སྐོར་གསུམ་ཁུལ་དུ་བོད་དངུལ་གྱི་འགྲོ་རྒྱུག་ཡེ་ནས་མེད། ས་ཁུལ་དེ་ཚོར་གོར་ཊམ་དང་རྒྱ་གར་དངུལ་འགྲོ་རྒྱུག་ལམ་སྲོལ་དར་ཆེ་བར་བཤད།[15]
ལེ་ཚན་ལྔ་པ། སྲོག་ཆགས་དང་། སྐྱེ་དངོས། གཏེར་ཁ།
རྫོང་དེར་འཚོ་གནས་བྱེད་པའི་སྲོག་ཆགས་སུ་ཤ་བ་དང་། དགོ་བ། གནའ་བ། གཉན། གཙོད། གླ་བ། རྐྱང་། འབྲོང་། གཡི་དང་། གསའ། འཕར་བ། སྤྱང་ཀི། ཝ། འཕྱི་བ་དང་། དྲེད་མོང་། སྤྲེ་སེ། རི་བོང་། ཕུ་སེ། ཨ་བྲ། གནའ་བ། གཉེན་སོགས་དང་།[16] ད་དུང་འབྲོང་ཁམ་པ་ཞེས་ཤིན་ཏུ་དཀོན་པའི་སྲོགས་ཆགས་མཐོང་དུ་ཡོད་ལ། མཚོ་མོ་ངང་ལྷ་རིང་མོའི་དགུང་ཙམ་ན་གླིང་ཕྲན་ཆུང་ཙམ་ཞིག་ཡོད་པ་དེར་ཆུ་བྱ་སྐྱ་དཀར་འབྲམ་ཕྲག་མང་པོ་ཡོད་པར་གསུངས།[17] སྐྱེ་དངོས་ཀྱི་རིགས་ལ་གྲ་མ་དང་། པུར་ཀར། རྒྱབ་ཤན། ཚེ་མོང་། ལ་ཆུ། སྙ་ལོ། ས་འབྲས། སྐྱི་ཡོ། ཀལ་གདང། གྲོ་མ། འོམ་བུ། ཆུ་ལྕང་། ལང་ཏང་། འབུར་རྩེ། ཧྲུའུ། རྒྱ་སྐྱེགས་བཅས་ས་མཐོའི་ཁྱད་ཆོས་ལྡན་པའི་རྩི་ཤིང་དང་རྩྭ་སྣ་གྲངས་ཀྱིས་མི་ལང་བ་ཞིག་སྐྱེ།[18] གཏེར་ཁའི་རིགས་ལ་གསེར་གྱི་གཏེར་ཁ་སོགས་གཏེར་རིགས་མི་འདྲ་བ་ཁག་ ༤༥[19] ཡོད་པ་དང་། ཚ་ཁ་དང་། གཡང་ཊིའི་གཏེར་རྡོ། ཤིན་ཏུ་མཁྲེགས་པའི་རྡོ་ཀ་མ་རུ་པ། མ་སྨིན་པའི་གཡུ་རྡོ། མཛེས་ལྡན་ཕྲ་ཅན་གྱི་མཆོང་རྡོ།[20] རྡོ་ཚོན་སྣ་ཚོགས། མུ་ཟི། ཟི་ཟ། ཚ་ལི། ཚ་ལི་ནག་པོ། ཤ་རུ། མུག་ནག་གསེར་ཕྲོག་གི་ཕྱོགས་ཤ་རུ། ཐང་ཟེར་བྲག་ཤར་དང་། འདམ་ཤར་རིགས་གཉིས། ཞ་ཉེ། བྱང་ཚྭ་རྡོ་ཞ་ཞུང་། མེ་རྡོ་ཞ་ཁུངས། ཁྱུང་མོ་ཞ་ཁུངས། མར་གུ་ཞ་ཁུང་། རྡོ་ཁབ་ལེན། ཕྱོགས་རྡོ་ཁབ་ལེན། དངུལ་རྡོ་ནག་རྫོང་། རྟིང་སྟོད་ས་ནས་ཚོགས་རས་ཕུ་ནས་དངུལ་རྡོ་ཡོད་པའི་ཁ་རྒྱུན་ཡོད།[21] ཅེས་གསལ། ཕ་ཡེ་ཆུ་ཚན། སག་ཆིལ་ཆུ་ཚན། བདེ་མཆོག་ཆུ་ཚན།[22] སོགས་རང་བྱུང་ཆུ་ཚན་གྱི་རིགས་ཀྱང་མི་ཉུང་བ་ཞིག་ཡོད།
དཔྱད་གཞིའི་ལུང་ཁུངས་ཡིག་ཆ།
[1]. (1)武振华. 西藏地名. 中国藏学出版社 1995年.
(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༢༦༣།
[2]. བློ་བཟང་ཤཱསྟྲཱི། རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཤེལ་རྒྱུང་དཀར་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༡༥༤།
[3]. (1)武振华. 西藏地名. 中国藏学出版社 1995年.
(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༢༦༣།
[4]. (1)武振华. 西藏地名. 中国藏学出版社 1995年.
(2) བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། ཕྱི་ལོ་ ༡༩༧༩། ཤོག ༢༦༣།
[5]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༤༢།
[6]. སྐོར་དཔོན་བློ་བཟང་མཁྱེན་རབས། བོད་ལྗོངས་སྟོད་མངའ་རིས་རུ་ཐོག་རྫོང་གི་སྔ་ཕྱིའི་ལོ་རྒྱུས། ཤོག ༦༨།
[7]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༤༣༡།
[8]. འབྲང་ཞེས་པ་རེ་ལ་ཚོང་མི་གྲངས་ལྔ་ནས་བརྒྱད་ཀྱི་བར་ཡོད་འདུག
[9]. བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས། ༨། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༩། ཤོག ༡༥༡།
[10]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་བྱ་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག་ ༡༡༣ ནས་ ༡༡༤།
[11]. ལེབ་ར་ཞེས་པའི་ཚོང་ར་དེ་བཞིན་ཚོང་ར་ཙམ་མ་ཟད། གཞུང་གི་ཁྲལ་རིགས་བསྡུ་ཡུལ་ཀྱང་ཡིན།
[12]. སྟོད་མངའ་རིས་སྐོར་གསུམ་གྱི་ལོ་རྒྱུས་འབེལ་གཏམ་རིན་ཆེན་གཏེར་གྱི་ཕྲེང་བ་ཞེས་བྱ་བ། མངའ་རིས་སྲིད་གྲོས་རིག་གནས་ལོ་རྒྱུས་བསྡུ་རུབ་ཁང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༡༩༩༦། ཤོག་ ༡༡༣ ནས་ ༡༡༥།
[13]. བོད་ཀྱི་ལོ་རྒྱུས་རིག་གནས་དཔྱད་གཞིའི་རྒྱུ་ཆ་བདམས་བསྒྲིགས། འདོན་ཐེངས། ༨། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༩། ཤོག ༡༥༡།
[14]. བོད་ལྗོངས་ཞིབ་འཇུག ཕྱི་ལོ་ ༡༩༩༣། དུས་དེབ་གསུམ་པ། ཤོག ༤།
[15]. བློ་བཟང་ཤཱསྟྲཱི། རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཤེལ་རྒྱུང་དཀར་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༢༠༦།
[16]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༧༨།
[17]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༤༣༡།
[18]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༧༨།
[19]. གཞུང་པ་ཚེ་རིང་ཆོས་འཕེལ་དང་མཚོ་ཆེན་རྫོང་ཚེ་འཕེལ། མངའ་རིས་ཀྱི་ཁོར་ཡུག་གནས་སྟངས། ཕྱི་དྲིལ་ཁོར་ཡུག་སྡེ་ཚན་ནས་དཔར་འགྲེམས་བྱས། ཕྱི་ལོ་ ༢༠༠༣། ཤོག ༦༡།
[20]. གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༣༤༡།
[21]. བློ་བཟང་ཤཱསྟྲཱི། རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཤེལ་རྒྱུང་དཀར་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༡༠༨ ནས་ ༡༥༤།
[22]. བློ་བཟང་ཤཱསྟྲཱི། རུ་ཐོག་ཁྱུང་རྫོང་དཀར་པོའི་ལོ་རྒྱུས་མདོར་བསྡུས་སུ་བརྗོད་པ་ཤེལ་རྒྱུང་དཀར་པོ། བོད་ཀྱི་དཔེ་མཛོད་ཁང་། ཕྱི་ལོ་ ༢༠༡༠། ཤོག ༡༥༤།