མངའ་རིས་མཚོ་ཆེན་རྫོང་གི་མིང་དང་ས་བབ་ཆགས་ཚུལ། རྫོང་གི་ལོ་རྒྱུས། ཁྲལ་འུལ་ཁྲིམས་གནོན་སོགས་ཀྱི་སྐོར།

མངའ་རིས་མཚོ་ཆེན་རྫོང་གི་མིང་དང་ས་བབ་ཆགས་ཚུལ། རྫོང་གི་ལོ་རྒྱུས། ཁྲལ་འུལ་ཁྲིམས་གནོན་སོགས་ཀྱི་སྐོར།

ས་བཅད་བརྒྱད་པ། མཚོ་ཆེན་རྫོང་།

ལེ་ཚན་དང་པོ། རྫོང་གི་མིང་དང་ས་བབ་ཆགས་ཚུལ།

དང་པོ། མཚོ་ཆེན་རྫོང་གི་མིང་ཐོགས་ཚུལ།

 

ད་ལྟའི་མཚོ་ཆེན་རྫོང་ཁུལ་གྱི་ས་སྡེ་ཕལ་མོ་ཆེ་(ད་ལྟའི་མཚོ་ཆེན་རྫོང་ཁོངས་སུ་དེ་སྔའི་འབྲོང་པ་ཚོ་དགུའི་རྐྱང་རང་དང་། བྱང་མ། ཉ་ག  ཉི་གཞུང་།[1] ནག་ཚང་གི་དུད་མ་བཅས་ཚུད་ཡོད།)ནི། དེ་སྔ་ཕྱོགས་བཅུ་ཚོ་པའི་ས་སྡེ་ཡིན། ཕྱོགས་བཅུ་ཞེས་པ་ནི་ཕྱོགས་བཅུ་ནས་བསྡུས་པའི་སྡེ་ཡིན་པས་དེ་ལྟར་བརྗོད་ཅིང་། ཕྱིས་བོད་ཤར་ཕྱོགས་ཁམས་ཁུལ་ནས་སྟོད་གངས་རིན་པོ་ཆེ་ལ་མཆོད་མཇལ་ཡོང་མཁན་མང་དག་ཅིག  རང་ཡུལ་དུ་མ་ལོག་པའམ་ལོག་མ་ཐུབ་པར་དེ་ཁུལ་དུ་གནས་སྡོད་བྱས་པས་ཚོ་པ་གཞི་རྒྱ་ཆེ་རུ་ཕྱིན་པར་གྲགས།[2] མཚོ་ཆེན་ཞེས་པ་ནི་རྫོང་གནས་ཡུལ་གྱི་ཤར་ཕྱོགས་སྤྱི་ལེ་ ༡༠ ལྷག་གི་སར་ཚྭ་ཆུའི་མཚེའུ་ཆེན་པོ་བཀྲ་རི་གནམ་མཚོ་ཆགས་ཡོད་པས། མཚོ་དེའི་མིང་ཡུལ་ལ་ཐོགས་པ་ཞིག་ཡིན།

༼བཀྲ་རི་གནམ་མཚོ་ནི་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་བྱང་ཤར་རྒྱུད་དུ་ཆགས་ཡོད།༽

 

གཉིས་པ། མཚོ་ཆེན་རྫོང་ཁུལ་གྱི་ས་བབ་ཆགས་ཚུལ།

མཚོ་ཆེན་རྫོང་ངམ་ཕྱོགས་བཅུ་ཚོ་པ་ནི་མངའ་རིས་ཁུལ་གྱི་ལྷོ་ཤར་ཕྱོགས། གངས་ཏི་སེ་རི་བོའི་དུམ་བུ་བར་མའི་བྱང་ངོས། ཧ་ལམ་གོ་ལའི་བྱང་གི་འཕྲེད་ཐིག་ ༢༩༚ ༦’ 〜 ༣༡ ༚ ༧’ དང་ཤར་གྱི་གཞུང་ཐིག་ ༨༤༚ ༣ ‘ 〜 ༨༦༚ ༢’ བར་དུ་གནས་ཡོད། ཁུལ་དེའི་མཐོ་ཚད་ལ་རྒྱ་མཚོའི་ངོས་ལས་མི་ཊལ་ ༤༦༧༢ ཙམ་དང་། བྱང་ཐང་མཐོ་སྒང་མཚེའུ་གཤོང་ཁུལ་ཆེན་མོའི་ཁོངས་ཏེ། མཐོ་སྒང་དེའུ་འབུར་དབྱིབས་དང་མཐོ་སྒང་ཡངས་ཤིང་རྒྱ་ཆེ་བའི་ཐང་གི་རིགས་ཀྱི་ས་དབྱིབས་ཁོངས་སུ་གཏོགས། རྫོང་ཁོངས་སུ་མུ་འབྲེལ་རི་བོ་རྣམས་རི་ལའི་རི་བརྒྱུད་ཀྱི་ཚུལ་དུ་ཆགས་ཤིང་ཕལ་ཆེ་བ་ཤར་ནས་ནུབ་ཏུ་ཁྱབ། ས་བབ་ཧྲིལ་པོ་མཐའ་བཞི་མཐོ་ཞིང་དབུས་ཕྱོགས་དམའ་བ་དང་མཐོ་སྒང་བར་གྲང་ཁུལ་ཐན་པའི་གནམ་གཤིས་ཀྱི་ཁུལ་ཡིན། རྫོང་དེའི་ལོ་རེའི་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༤༚C དང། ཟླ་ ༡ ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ ༡༦༚C ཟླ་ ༧ ཆ་སྙོམས་དྲོད་ཚད་ ༦༚C  བཅས་རེད། ཉི་འོད་ཕོག་འབེལ་ཞིང་འཕྲོ་ཤུགས་ཆེ་ལ་གུན་དཔྱིད་གཉིས་གྲང་བ་དང་། བྱེ་རླུང་མང་ལ་སད་མེད་དུས་ཡུན་ཐུང་ལ། རྒྱུན་ལྡན་གནམ་གཤིས་སྐམ་ཞིང་ཆར་ཆུ་ཉུང་ལ་ལོའི་ཆར་ཆུ་འབབ་ཚད་མི་ལེ་མི་ཊལ་ ༡༠༠ ཡང་ལོན་གྱི་མེད། རྒྱུན་མཐོང་རང་བྱུང་གནོད་འཚེ་གཙོ་བོ་གངས་སྐྱོན་དང་། ཐན་སྐྱོན། བྱེ་རླུང་། གྲང་ངར་ཆེ་བའི་རླུང་རྒྱུན་སོགས་ཡིན་ནོ།།

 

ལེ་ཚན་གཉིས་པ། རྫོང་གི་ལོ་རྒྱུས།

དང་པོ། བོད་ཀྱི་སྲིད་འཛིན་འཕོ་འགྱུར་དང་མཚོ་ཆེན་རྫོང་།

ད་ལྟའི་མཚོ་ཆེན་རྫོང་གི་ས་ཁུལ་ཕལ་མོ་ཆེ་ལོ་རྒྱུས་ཐོག་ཕྱོགས་བཅུ་ཚོ་པའི་མངའ་ཁོངས་ཡིན་ཅིང་། ཕྱོགས་བཅུ་ཚོ་པ་ནི་སྤུར་རྒྱལ་བཙན་པོའི་རྒྱལ་རབས་མ་བྱུང་གོང་། ཞང་ཞུང་སྒོ་ཕུ་བར་གསུམ་ལས་ཞང་ཞུང་བར་པའི་ས་ཁོངས་སུ་འཁེལ་ཞིང་། སྔར་ཡུལ་དེར་རི་དྭགས་འཚོ་སྡོད་བྱེད་པ་ལས་མི་སྡེ་མང་པོ་ཆགས་མེད་སྐད། དུས་རབས་བཅུ་བདུན་པའི་ལོ་རབས་བཞི་བཅུ་པ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་གིས་བོད་ལ་དབང་ལུང་སྒྱུར་སྐབས། འབྲོག་སྡེ་ཁ་གཙང་གི་ཁུལ་དེའི་དབང་འཛིན་པར་དཔོན་བཀའ་བློན་བུ་ཆུང་ཞེས་པ་ཞིག་བསྐོས་འདུག་ཅིང་། ཁོང་ལ་བོད་གཞུང་གིས་མི་སྡེ་དང་རྩྭ་ཐང་བསྡུ་རྒྱུའི་བཀའ་རྒྱ་བྱུང་བས། སྡེ་ཡོངས་ཀྱི་མིང་ལ་ཕྱོགས་བཅུ་ཞེས་པའི་ཐ་སྙད་ཀྱང་དེ་ཙམ་ནས་དངོས་སུ་བྱུང་ཞིང་གཞུང་རྒྱུག་རྟ་ཟམ་ཁྲལ་པའི་ཁོངས་གཏོགས་སུ་གྱུར། ཕྱོགས་བཅུའི་ཐོག་མའི་མི་རྒྱུད་ནི་སྟོད་མངའ་རིས་སྐོར་གསུམ་རང་ནས་ཡིན་པར་བཤད་ཅིང་། ཁུལ་དེའི་རྒྱན་གོས་ཀྱང་བསེ་འཁོར་དང་འདྲ་བར་བུད་མེད་ཚང་མས་རྒྱབ་སློག་སྤུག་གུ་ཞེས་པ་དེ་གྱོན་ཞིང་། སྐད་དང་གོམས་གཤིས་ཀྱང་གུ་གེའི་མི་སེར་དང་འདྲ་མཚུངས་ཡིན་པར་གསལ།[3]

ཕྱོགས་བཅུའི་འགོ་པ་རིམ་བྱོན་ལ་བོད་གཞུང་ནས་གནང་བའི་ཐམ་ཀ་ཞིག་དང་རྒྱ་ནག་གོང་མས་གནང་བའི་ཐམ་ཀ་དེར་མཐོང་ཆེན་བྱེད་ཀྱི་ཡོད་པར་གསུངས་ལ། བཀའ་བློན་ཀརྨའི་རྗེས་སུ་ཕྱོགས་བཅུ་ཚོ་པའི་དཔོན་པོའི་གོ་བབ་མཐོ་ཤོས་འགོ་པ་ཞེས་པ་དེ་ཡིན་པ་དང་། དེ་དང་ནག་ཚང་ཚོ་པ་དྲུག་གི་དཔོན་པོ་མཐོ་ཤོས་ནག་ཚང་སྤོ་བོ་དང་། འབོང་པ་ཚོ་པ་དགུའི་དཔོན་མཐོ་ཤོས་སྤྱི་མི། འབྲོང་པ་སེང་སྟོད་དང་སེང་སྨད་ཀྱི་དཔོན་མཐོ་ཤོས་འབོང་པ་དཔོན་ཟེར་བ་དག་དཔོན་གནས་དབང་ཐོབ་འདྲ་མཉམ་ཡིན་པར་གྲགས། བོད་ལ་དུས་འགྱུར་བྱུང་བ་དང་བསྟུན་ཕྱི་ལོ་ ༡༩༥༩ ནས་ཕྱི་ལོ་ ༡༩༧༠ བར་ཕྱོགས་བཅུ་ཚོ་པ་སྒེར་རྩེ་རྫོང་གི་ཁྱབ་ཁོངས་འོག་བཅུག་ཅིང་། ཕྱི་ལོ་ ༡༩༧༡ ལོ་ནས་སྒེར་རྩེ་རྫོང་ནས་ལོགས་སུ་ཕྱེ་ནས་ད་ལྟའི་མཚོ་ཆེན་རྫོང་བཙུགས་པ་དང་རྫོང་སྲིད་གཞུང་སྨན་སྟོང་དུ་ཡོད།[4] པ་ཅས་སོ།།

 

གཉིས་པ། རྫོང་གཞིས་འགྲོ་སྟངས་དང་ཁྲལ་འུལ་ཁྲིམས་གནོན།

ཕྱོགས་བཅུ་འགོ་པར་གོ་གནས་མཚོན་བྱེད་དུ་དཔོན་གྱི་མགོ་ལ་ཏོག་དང་རྟའི་མཇིང་འོག་ལ་དོམ་དང་ལྡན་པའི་བསྐོ་སྲོལ་དང་། དེ་ཡང་། ཕྱོགས་བཅུའི་འགོ་པར་གཞུང་གི་རིམ་བཞིའི་གོ་གནས་ཅན་གྱི་བཀའ་བློན་བུ་ཆུང་ནས་རིམ་པར་ལྷ་དབང་དང་། དབང་མ། རག་སྐྱ་པ་བསོད་ནམས་ནོར་བུ། ཆོས་མཛད། འགྲོན་ཐང་ཉི་མ་རྒྱལ་པོ། ཀརྨ་མགོན་པོ། རས་པ་ལྷ་དབང། རས་པ་ཀརྨ་ཞེས་སོགས་རིམ་གྱིས་བྱུང་འདུག[5] འགོ་པའི་གཤམ་འོག་ཏུ་འཛིན་སྐྱོང་གི་སྣེ་མོར་གཏོགས་པ་རྩིས་དཔོན་གཉིས་དང་། དེའི་འོག་ཏུ་ལྡིང་དཔོན་བཞི་(དར་སྟོད་དར་སྨད་ལ་གཅིག བྱང་སྟོད་བྱང་སྨད་ལ་གཅིག ལྷོ་སྟོད་ལྷོ་སྨད་ལ་གཅིག སྨད་ཁ་བར་ཁོག་ལ་གཅིག)ཡོད་ཅིང་། དེ་དག་གི་ལས་འགན་གཙོ་བོ་ནི་རྐུན་ཇག་འཇུ་བཟུང་སོགས་ཁྲིམས་དོན་གྱི་ལས་ཀའི་རིགས་རྣམས་གཉེར་ཞིང་། དེ་རྣམས་ཀྱི་འོག་ཏུ་འདོན་རྟ་བ་ཉི་ཤུ་རྩ་གཅིག་ཡོད་པ་དང་། ཇག་རྐུན་ཚབས་ཆེན་སོགས་གྱོད་གཞི་ཆེ་རིགས་ཀྱི་སྐབས་འཛིན་བཟུང་བྱེད་མཁན་ལ་ཡུལ་དམག་དྲུག་ཅུ་རེ་གཅིག་ཙམ་ཡོད། དེ་རྣམས་ཀྱི་བཞོན་རྟ་འབྲོག་དུད་ཕྱུག་གྲས་ཀྱིས་མཁོ་གཏོང་བྱེད། གལ་ཏེ་དགྲ་ངན་ཇག་ཚོགས་དག་དམག་དཔོན་འགོ་འཛིན་དང་ཡུལ་དམག་ཚོས་གླགས་མ་རྙེད་ཚེ་རྩིས་དཔོན་དང་འགོ་པ་བརྒྱུད། བོད་གཞུང་ལ་སྙན་སེང་གིས་སྟོད་དིང་རིའི་དམག་མི་རྒྱབ་གནོན་དཔུང་རོགས་སུ་གཏོང་སྲོལ་མཆིས།

ཕྱོགས་བཅུའི་དཔོན་ལ་ཁྱབ་ཁོངས་ཚོ་བ་གཉིས་དང་རྩྭ་ཚོ་བརྒྱད་ཡོད་པ་ནི། ར་སྡེ་དང་ཞི་སྡེ་ཚོ་པ་གཉིས། ལྷོ་སྟོད་ལྷོ་སྨད་གཉིས། བྱང་སྟོད་བྱང་སྨད་གཉིས་(དེང་ཆ་ཤས་ཤིག་སྒེར་རྩེའི་ཁོངས་སུ་གཏོགས།) དར་སྟོད་དར་སྨད་གཉིས་དང་། བར་ཁོག་དང་སྨད་ཁ་བཅས་ཡིན།[6] གོང་གསལ་ཚོ་པ་རྣམས་ལས་ར་སྡེ་དང་ཞི་སྡེ་གཉིས་ནི་ཕྱོགས་ནག་འབྲོང་གསུམ་ཞེས་གཞུང་ལམ་རྟ་ཟམ་གྱི་ཁྲལ་རྒྱུག་དགོས་ཤིང་། དེ་ཡང་། ལྷོ་འབྲོང་པ་དང་བྱང་ནག་ཚང་གཉིས་ཀྱི་དཀྱིལ་དུ་རྟ་ཟམ་ཨ་མ་བརྒྱུད། རྟ་ཟམ་བོ་རོ་ནམ་ཁུངས་ནས་རུ་སེང་གཉིས་ཀྱིས་རྩིས་ལེན་དང་། དེ་ནས་རྟ་ཟམ་གྲ་མ་ག་ལོ་བར་དང་། གྲ་མ་ག་ལོ་ནས་ནག་ཚང་ལས་སྟོད་ཆུ་འགོ་དམར་པོ་བར་སྐྱེལ་འདྲེན་བྱེད་དགོས་པར་མ་ཟད། ཡར་ལམ་བོད་གཞུང་གི་ཚོང་ཇ་སོགས་དབོར་དགོས། དེ་དག་ཀྱང་རྟ་ཟམ་ཞལ་ངོ་ཞེས་པས་བཀོད་སྒྲིག་འོག་རྐང་འགྲོ་ལག་འདོན་གྱིས་ཁྲལ་རིགས་རྣམས་འཁྲི་སྒྲུབ་བྱེད་དགོས་པ་ཡིན།[7] ཕྱོགས་བཅུར་རྩྭ་ཐང་ཧ་ཅང་རྒྱ་ཆེན་པོ་ཡོད་པས་ཉེ་འཁོར་ཚོ་པ་རྐྱང་མ་རང་དང་སྐྱེ་དམར། འབོང་པ། ནག་ཚང་སོགས་ཀྱི་སྒོ་ཕྱུགས་ཕྱོགས་བཅུའི་རྩྭ་ཐང་དུ་འཚོ་བར་རྩྭ་རིན་སྤྲོད་དགོས་ཤིང་། རྩྭ་རིན་གྱི་དོད་དུ་ར་ལུག་གཡག་སོགས་སྤྲོད་སྲོལ་ཆེ། ཁུལ་དེའི་ཁྲལ་བསྡུའི་དུས་ཚོད་ནི་སྟོན་དུས་སྡེབ་བསང་སྐབས་སུ་བསྡུ་ལེན་བྱེད། ཁྲལ་བསྡུའི་ལས་འགན་རྩིས་དཔོན་ནས་གཙོས་པའི་འགོ་ཡོད་མི་སྣ་དག་གིས་བྱེད་ཅིང་། དེ་སྐབས་སུ་ཁྲལ་བསྡུ་བྱེད་མཁན་རྣམས་སྟོད་ཧྲེང་མར་ཕུད་ནས་(གལ་ཏེ་སྟོད་ཧྲེང་མ་ཐོན་ཚེ་ཕུ་ཐུང་དང་ཨམ་ཕྲག་ནས་དངུལ་རྐུ་གཉེར་བྱེད་པའི་ཉེན་ཁ་ཡོད་སྐད་)ཁྲལ་འབབ་རྩིས་བཤེར་བསྡུ་ལེན་གྱིས། ཁྲལ་མི་ཀུན་ཚང་འཛོམས་སར་ཁྲལ་བབ་དངུལ་དངོས་བླུག་སྣོད་ལ་ཐེལ་ཚེའི་ཁ་སྦྱར་དང་བཅས་བོད་གཞུང་ལ་བསྐུར་དགོས།

དེ་བཞིན་ཁུལ་དེར་ཁྲལ་མིང་ལ་ལེབ་སྐར་ཞེས་པ་ལུག་དྲུག་ལ་ལེབ་གཅིག་དང་། ར་བདུན་ལ་ལེབ་གཅིག  གཡག་གཅིག་ལ་ལེབ་གཅིག་བརྩི་ཞིང་། ལེབ་སྐར་ཞེས་པའང་ལེབ་རེ་ལ་སྐར་མ་རེ་རེ་བྱས་ནས་བརྩི་དགོས། དུས་སྐབས་དེར་ཊམ་དཀར་གཅིག་ལ་སྐར་མ་གསུམ་རེ་ཡིན་གཤིས་ཕྱོགས་བཅུའི་ལག་འདོན་གྱི་ཁྲལ་འབབ་ཉུང་ཙམ་ཡིན་པར་བཤད། གང་ལགས་ཤེ་ན། ཁུལ་དེ་ནས་བོད་གཞུང་གི་གསེར་དཔོན་འཁོར་གཡོག་དང་བཅས་པ་གྲངས་བཞི་བརྒྱ་ནས་ལྔ་བརྒྱ་བར་ཡོད་པ་རྣམས། སྟོད་ཕྱོགས་སུ་ཚོང་ལ་ཡོང་སྐབས་དབུས་ཟོག་དབོར་འདྲེན་དང་། ཕྱིར་ལོག་སྐབས་སྟོད་ཟོག་དབོར་འདྲེན་གྱི་རྐང་འགྲོའི་རྟ་གཡག་ཁལ་རྒྱབ་ཀྱི་འུ་ལག་ཤུགས་ཆེར་རྒྱུག་དགོས་པས་ཡིན།[8]

 

ལེ་ཚན་གསུམ་པ། ཡུལ་སྡེ་དང་། རི། ལ། མཚོ། གཙང་པོ།

དང་པོ། འབྲོག་ས་དང་ཡུལ་སྡེ་ཆེ་ཁག

སྒེར་རྩེ་རྫོང་། ཝ་མོ་མདུང་ཁྱེར། ཚེ་རིང་མགོ་ལེབ། ཚྭ་མཚོ། བྲག་པོ། ཁྲ་མདོངས། མཚོ་སྔོན་སྒོར། མཚོ་ཆུང་། རྡར་ལུང་། བསྟན་འཛིན་རྫ་ལུང་། སྡིངས་སྒོ  སྡིངས་ཁྲོག  གུར་ཆེན། རྒྱ་མཚོ། སྒྱེ་ཆེན། ཁག་པོ། ན་ཆེན། ལུ་གུ  ལུ་མ་རིང་པོ། ལུ་མ་སྒྲོལ་མ། ལྷོ་མ། མིད་པ་ཐང་། གནའ་ས་ཤར་མ། ན་བོ་ཆེ། ཁྱི་མགོ  རི་དམར། གསེར་ཐང་། སེང་རྡོ། འོ་མ། ཞ་ལུང་། ཤན་ཆན། བྱ་ནག་ལིང་། གཡུ་རྡོ། རྫ་གདོང་།[9] སོགས་ཡོད།

 

གཉིས་པ། རི་དང་། ལ། མཚོ། གཙང་པོ།

ཁུ་ནུ་ལ། རྟ་རྒན། ཤི་ཤ་ལུང་ཆེན། གཡག་ལུང་། ཐང་ལོག  སེར་སྐྱོག སེང་རྡོ། སྟ་རེ་ཡག  ཕོ་རྫ། མེན་རྩེ། སྒང་དམར་རི། བྲག་རྡོ་གངས་རི། རབ་ཞིམ་ལ། མདངས་སྟེང་ལ། ནག་པོ་ཁུང་འགྲོ་ལ། དར་ལྕོག་ལ། གཡམ་ལུང་ལ། ཤར་ལུང་ལ། ཟླ་བ་མཚོ། སྒྱེ་གསར་མཚོ། བྱེའུ་སྐད་མཚོ། བཀྲ་རི་གནམ་མཚོ། སྟོང་མཚོ། ཞྭ་འབྲུག་མཚོ། དཔལ་རབ་མཚོ། བྲག་ནག་མཚོ། རྐང་དམར་མཚོ། བྱ་སྒོང་མཚོ། མེ་དམར་མཚོ། ལག་སྐོར་མཚོ། མཚོ་སྐོར། བྱ་དཀར་མཚོ། རྟ་རབས་མཚོ། མགོ་ཕུག་མཚོ། བཀྲ་ཤིས་མཚོ། བྲག་པོ་མཚོ། རྡོ་དམར་མཚོ། ལུ་མ་མཚོ། གཡུ་ཁྲ་མཚོ། ནག་ལྡིང་མཚོ། འབུ་སྐྱེས་མཚོ། ཚེ་དམར་མཚོ། ལ་གཤོངས་མཚོ། ཚྭ་མཚོ། རབས་རྡོ་གཙང་པོ། ཞ་ཆུ་གཙང་པོ། བསོ་མེད་གཙང་པོ། རྡོབ་རོང་གཙང་པོ། གཙང་གྲམ། ཟ་འོག་གཙང་པོ། གདང་རོང་གཙང་པོ། གཡུ་ཁྲ་གཙང་པོ། མཚོ་ཆེན་གཙང་པོ། མེ་ཁ་ཆུ་ཚན་སོགས་ཡོད།[10]

གོང་གསལ་ལས་མདངས་སྟེང་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༥༩༨ ཡོད་ལ་ངོགས་གཉིས་ཀྱི་རི་འདབས་སུ་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་དང་བཅས་ཆགས་ཤིང་། ཡུལ་སྐད་དུ་ས་འབུར་སྟེང་གི་ལ་ཞེས་ཀྱང་འབོད། ནག་པོ་ཁུང་འགྲོ་ལ་དང་ཤར་ལུང་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་གནས་ཤིང་གཞོགས་གཉིས་སུ་རང་བྱུང་འབྲོག་ས་ཆགས་ཡོད། དར་ལྕོག་ལ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་གནས་ཤིང་གཞོགས་གཉིས་ཀྱི་རི་འདབས་ལ་རང་བྱུང་འབྲོག་ས་མཆིས། དེ་བཞིན་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མི་ཊལ་ ༥༣༡༠ ཡོད་པའི་གཡམ་ལུང་ལ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་ཆགས་ཤིང་། རི་འདབས་གཡས་གཡོན་དུ་རང་བྱུང་འབྲོག་ས་ཡོད། ཡང་མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་མི་ཊལ་ ༤༦༣༦ ཆགས་ཡོད་པའི་ཟླ་བ་མཚོ་ནི། རྫོང་ཆགས་ཡུལ་གྱི་ནུབ་བྱང་དུ་གནས་ཡོད་པར་མ་ཟད། མཚོ་དེ་ནི་ཚྭ་ཆུའི་མཚེའུའི་རིགས་ཡིན་ཅིང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༡༡ དང་མཐའ་འཁོར་དུ་རང་བྱུང་འབྲོག་ས་བཟང་པོ་མཆིས།

ད་དུང་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༥༢༠༢  ཡོད་པའི་སྒྱེ་གསར་མཚོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་གནས་ཤིང་། དེའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༤༣ ཡོད་པ་མ་ཟད་ཚྭ་མེད་མཚེའུ་ཁོངས་སུ་གཏོགས་ཤིང་། ཤར་ངོས་སུ་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་ཡོད། རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༦༦༣ ཡོད་པའི་བྱིའུ་སྐད་མཚོ་ནི་རྫོང་གི་བྱང་ཤར་དུ་གནས་ཤིང་། མཚོ་དེ་ནི་སྐམ་སའི་དབུས་ཁུལ་གྱི་ཚྭ་མེད་མཚེའུའི་ཁོངས་དང་མཚེའུའི་མཐའ་འཁོར་ནི་རང་བྱུང་འབྲོག་ས་རེད། ཡང་བཀྲ་རི་གནམ་མཚོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༦༡༣ སར་ཆགས་ཤིང་། མཚོ་དེ་ནི་ཚྭ་ཆུའི་མཚེའུ་ཡིན་ཅིང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ ༡༠༢༣ ལྡན། དེའི་མཐའ་འཁོར་དུའང་འབྲོག་ས་ཆགས་ཡོད། མེ་ཁ་ཆུ་ཚན་ནི་རྫོང་ཆགས་ཡུལ་གྱི་ལྷོ་ནུབ་ཏུ་རྒྱ་མཚོའི་ངོས་ནས་མཐོ་ཚད་མི་ཊལ་ ༤༨༠༢ སར་ཡོད་ཅིང་། མཐའ་འཁོར་དུ་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་དང་བཅས་ཆགས་ཡོད།

ཟ་འོག་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཕྱོགས་ནས་བྱང་དུ་རྒྱུག་ཅིང་མཚོ་ཆེན་གཙང་པོར་འདུ། རྒྱུག་ཁུལ་གྱི་ས་ཆར་རང་བྱུང་འབྲོག་ས་ཆགས་ཡོད། མཚོ་ཆེན་གཙང་པོ་ཡང་རྫོང་ཆགས་ཡུལ་གྱི་ལྷོ་ཕྱོགས་ནས་རྒྱུག་ཅིང་། གཙང་ཆུའི་བཞུད་ལམ་ནི་ལྷོ་ནས་ནུབ་བྱང་དུ་རྒྱུགས་རྗེས་སླར་བྱང་ཕྱོགས་སུ་རྒྱུག དེ་རྗེས་སླར་ཡང་ཤར་གྱི་ཕྱོགས་སུ་བགྲོད་ནས་བཀྲ་རི་གནམ་མཚོར་འདྲེ། གཙང་ཆུའི་རྒྱུག་ལམ་དུ་རང་བྱུང་འབྲོག་ས་གཤིན་པོ་ཆགས་ཡོད། མདའ་རོང་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་བྱང་ཤར་དུ་རྒྱུག་ཅིང་ཆུ་ངོགས་སུ་སྤུས་ལེགས་ཀྱི་རང་བྱུང་འབྲོག་ས་ཡོད། གཡུ་ཁྲ་གཙང་པོ་ནི་རྫོང་ཆགས་ཡུལ་གྱི་ལྷོ་ཤར་དུ་རྒྱུག་ཅིང་། མཚོ་ཆེན་གཙང་པོའི་སྟོད་ཕྱོགས་ཀྱི་འབྱུང་ཁུངས་ཡིན་ལ་རྒྱུག་ཁུལ་དུ་རང་བྱུང་འབྲོག་ས་ཡོད།[11] པ་བཅས་སོ།།

 

ལེ་ཚན་བཞི་པ། ཞིང་འབྲོག་ཐོན་ཁུངས་དང་ཐུན་མིན་ཐོན་ལས།

དེ་སྔའི་ཕྱོགས་བཅུ་ཚོ་པའམ་ད་ལྟའི་མཚོ་ཆེན་རྫོང་ནི་འབྲོག་ལས་རྐྱང་པ་གཉེར་བའི་རྫོང་ཞིག་ཡིན་ཅིང་། མངའ་ཁོངས་སུ་རྒྱ་ཆེ་བའི་རྩྭ་ཐང་ཡོད། སྒོ་ཕྱུགས་གཙོ་བོ་འབྲི་གཡག་དང་། རྟ། ལུག ར་སོགས་གསོ་ཚགས་བྱེད་ཅིང་། རྫོང་ཁོངས་སུ་གཙང་པོ་དང་མཚེའུ་མང་བས་ཉ་རིགས་ཀྱི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་ཙམ་ཡོད། འོན་ཀྱང་། ཁུལ་དེའི་ཡུལ་སྲོལ་དང་ཆོས་ལུགས་ཀྱི་ཤུགས་རྐྱེན་ལས། ཉ་འཛིན་པའི་གོམས་སྲོལ་མེད་ཅིང་ཉ་ལས་ཐོན་ཁུངས་ད་དུང་གསར་སྤེལ་བྱས་མེད། བཟོ་ལས་ཐད་དམངས་ཁྲོད་སྟབས་བདེའི་ཁྱིམ་ཚང་གི་ལག་ཤེས་དང་། ཉིན་རེའི་འཚོ་བའི་དགོས་མཁོའི་ཅ་དངོས་ཕུད། དེ་མིན་རོང་ཁུལ་ལྟར་བཟོ་རྩལ་གྱི་བཟོ་ལས་དར་ཁྱབ་ཆེན་པོ་མེད།

ཐུན་མིན་ཐོན་ལས་ཐད་ཕྱོགས་བཅུའི་ཡུལ་མི་རྣམས་རྒྱུན་ལྡན་འཚོ་བའི་དགོས་མཁོའི་ལག་ཤེས་ཧ་ཅང་མཁས་པོ་ཡོད། ཡུལ་དེའི་སྐྱེས་པ་ཚོས་ཕོ་མོ་རྒན་གཞོན་གྱི་གོས་སློག་འདྲ་མིན་སྣ་ཚོགས་བཟོ་བ་དང་། བུད་མེད་ཚོས་ལུག་སྒྱེ་དང་གཡག་སྒྱེ་སྤུས་ལེགས་འཐག་ཤེས་པ་མ་ཟད། སྐེ་རགས་དང་། ལྷམ་སྒྲོག རྩམ་ཁུག ཇ་ཁུག ཚྭ་ཁུག ཕྱུར་ཁུག་བཅས་ཀྱི་སྤུས་ཚད་ཀྱང་ཡང་རྩེར་སོན་ལ། དེ་མིན་ཁུལ་དེའི་ཐུན་མོང་མིན་པའི་ལག་ཤེས་ཐོན་རྫས་ཤིག་ནི། སྤུན་རྒྱུ་ཤིན་ཏུ་ཕྲ་བས་ཨུ་མོ་སུ་རི་མོ་སྣ་ཚོགས་ཀྱིས་མཛེས་པར་སླེ་ཐུབ་པའི་དམིགས་བསལ་གྱི་ལག་རྩལ་དེ་ཡིན། ཁོ་ཚོའི་ལག་ཤེས་ཐོན་སྐྱེད་ཐུན་མོང་མ་ཡིན་པ་དེ་དག་མངའ་རིས་ཁུལ་དུ་ཧ་ཅང་དར་སོ་ཆེན་པོ་བྱེད་ཅིང་། ཕྱོགས་བཅུའམ་མཚོ་ཆེན་གྱི་ལག་ཤེས་ཐོན་རྫས་འབུལ་ཚན་དང་ལག་རྟགས་སོགས་སུ་བྱུང་ཚེ་རིན་ཐང་ཆེན་པོར་རྩི་སྲོལ་ཡོད།

 

ལེ་ཚན་ལྔ་པ། སྲོག་ཆགས་དང། སྐྱེ་དངོས། གཏེར་ཁ།

རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ཐོན་ཁུངས་གཙོ་བོ་འབྲོང་དང་། རྐྱང་། གཉན། གནའ་བ། གཙོད། དགོ་བ། རི་བོང་། དེ་བཞིན་དོམ་དང་། སྤྱང་ཀི། ཆུ་སྲམ། ཝ། གཡི། བྱ་རྒོད། འུག་པ། ངང་སེར། ཁྲུང་ཁྲུང་སྐེ་ནག  འོམ་བུ་སོགས་ཡོད། རྩྭ་ཐང་དང་། ན། མེ་ཏོག་རིགས་སྣ་ཚོགས་ཡོད། གཏེར་ཁའི་ཐོན་ཁུངས་གཙོ་བོ་ཆུ་ཤེལ་རྡོ་དང་། ཀེམ་བཅོས་རྡོ་སོལ། ཚ་ལ། ལྕགས་ཁབ་ལེན། ཞ་ཉེ་སོགས་ཡོད།[12]

 

དཔྱད་གཞིའི་ལུང་ཁུངས་ཡིག་ཆ།

[1].  ཉི་གཞུང་དང་མཚོ་ཆེན་གཉིས་བླ་བྲང་སྟེ་གཙང་བཀྲ་ཤིས་ལྷུན་པོའི་ཁྲལ་ཁུངས་ཡིན།

[2].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༤༢༤།

[3].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༤༢༤།

[4]. 西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 142.

[5].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༤༢༤།

[6].  གུ་གེ་ཚེ་རིང་རྒྱལ་པོ། མངའ་རིས་ཆོས་འབྱུང་གངས་ལྗོངས་མཛེས་རྒྱན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༠༦། ཤོག ༤༢༦།

[7].  གཞུང་པ་ཚེ་རིང་ཆོས་འཕེལ། གངས་ཏི་སེའི་ཕྱོགས་བཞིའི་ཆུ་བོ་ཁ་འབབ་རྣམ་བཞིའི་བབས་རྒྱུན་དང་། མངའ་རིས་སྐོར་གསུམ་གྱི་བྱུང་རབས། ཁྱབ་ཁོངས་བཅས་ཀྱི་ལོ་རྒྱུས་རྒྱལ་རྒྱུད་ལྷ་མོ་དར། ཕྱི་ལོ་ ༢༠༡༦། ཤོག ༣༤༣།

[8].  མངའ་རིས་སྐོར་གསུམ་གྱི་འབེལ་གཏམ་ལུང་གི་སྙིང་པོ།

[9].  武振华.西藏地名.中国藏学出版社.1995年.

[10]. བོད་ཀྱི་ས་མིང་དཔྱད་གཞིའི་ཡིག་རིགས་བསྡུས་བསྒྲིགས། ཐོག་མའི་མ་ཡིག བོད་རང་སྐྱོང་ལྗོངས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཐིག་རིས་ཅུས། བོད་དམག་ཁུལ་ཁང་སི་ལིན་པུའུ་མྱུལ་ཞིབ་ཁྲུའུ། ཕྱི་ལོ་ ༡༩༧༩། ཤོག ༢༧༥།

[11]. 武振华.西藏地名.中国藏学出版社.1995年.

[12].  西藏自治区土地册,西藏自治区测绘局,中国地图出版社出版.1996.Pg 142.

 

དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།

བརྒྱུད་སྐུལ།

མཆན་སྤེལ།