ཁེ་སྨད་སྲས་ཛ་སག་བསོད་ནམས་དབང་འདུས་ཀྱི་ལོ་རྒྱུས་སྙིང་བསྡུས།
ཁེ་སྨད་སྲས་ཛ་སག་བསོད་ནམས་དབང་འདུས་ (1898-1966) ནི། ཟུར་ཁང་ཞབས་པད་བསོད་ནམས་དབང་ཆེན་གྱི་བུ་ཐ་ཆུང་དེ་ཡིན་ཅིང༌། ལྷ་སར་སྒེར་ཀུན་བཟང་རྩེའི་གོ་མག་ཏུ་བསྐྱོད། རང་ལོ་བཅུ་དགུའི་ཐོག་གཞུང་ཞབས་ཞུས། ཐོག་མར་བཀའ་ཤག་ཤོད་པ་དང༌། དེ་ནས་བཀའ་མགྲོན་གྱི་ལས་ཁུར་ལོ་བཞི་ཙམ་ཞུས། ཀོང་པོ་རྩེ་ལྷ་རྫོང་སྡོད་སྐབས་སུ་སྤོ་བོ་ཀཿགནམ་སྡེ་པས་གཞུང་ལ་ངོ་ལོག་གི་ཟིང་རྐྱེན་འཇོམས་ཆེད། ཀོང་ཁུལ་ཡུལ་དམག་གི་འགོ་འདོམས་ལས་ཁུར་ཞུས།
དེ་རྗེས་གྲྭ་བཞི་དམག་སྒར་གྱི་མདའ་དཔོན་དུ་གནས་འཕར་ཐོག་ནས་ཁམས་རི་བོ་ཆེ་དང༌། གོ་འཇོ་གསེར་ཁའི་ས་སྲུང་དང༌། སྡེ་དགེ་ས་ཁྲལ་སྤྱི་ཁྱབ་གཅིག་ལྕོགས་ཀྱི་ལས་ཁུར་ལོ་གཉིས་ཞུས་ཐོག །ཉག་རོང་གི་ས་བླངས་ཏེ་ས་སྒོ་ཟེར་བའི་རྒྱ་དཔོན་ངོ་ལས་དཔུང་དམག་དང་བཅས་པས་མགོ་འབུལ་ཞུས་པ་མི་རྒྱུ་ཟོག་བཅས་ཆབ་མདོར་བརྫངས་ནས་མདོ་སྤྱིར་རྩིས་ཕུལ། མི་རིང་བར་ཁྱུང་རམ་ལ་མདའ་ཚབ་ཀྱི་མིང་ཐོག་སྡེ་དགེ་དང༌། ཉག་རོང༌། ཧོར་ཁོག་གསུམ་གྱི་སྤྱི་ཁྱབ་ཏུ་བསྐོ་མངགས་གནང་བ་ལྟར་འབྱོར་བ་ནས་ས་གནས་སུ་ཡོད་པའི་མདའ་དཔོན་ཁེ་སྨད་སྲས་དང༌། བདེ་སྨོན་པའི་དམག་བྱུས་མི་མཐུན་པའི་གནས་ཚུལ་བྱུང་བས་འབྲི་ཆུ་ཕན་གྱི་ས་སྡེ་རྒྱ་ལག་ཏུ་ཤོར། དེའི་རྐྱེན་གྱིས་ཁོང་ཚོ་གསུམ་ག་མདའ་དཔོན་དང༌། མདའ་ཚབ་ཀྱི་ལས་ཁུར་གནས་དབྱུངས་བཀའ་ཉེས་ཕོག
ཁེ་སྨད་སྲས་ལྷ་སར་ཕྱིར་འབྱོར་ནས་ལོ་འཁོར་གཅིག་ཙམ་སོང་རྗེས། གཞུང་གིས་དབྱིན་གཞུང་ནས་གོ་ལག་སྤུས་གཟིགས་རྣམས་གྲོ་མོ་བརྒྱུད་འདོན་འདྲེན་གྱི་ལས་ཁུར་འཐུས་ཚང་བསྒྲུབས། དེ་རྗེས་ཞོལ་གཉེར་དུ་གནས་འཕར་ཐོག མཚན་ཞབས་ཀེའུ་ཚང་རིན་པོ་ཆེ་ལྷན་དུ་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་ཡང་སྲིད་མཆོག་སྤྲུལ་རྩད་དཔྱོད་དང་རྒྱལ་སར་གདན་ཞུས་བར་གྱི་ཞུ་བྱ་ལེགས་སྒྲུབ་ཞུས། མི་རིང་བར་ཛ་སག་གི་གོ་གནས་དང་འབྲེལ་བར་ཇ་ཚྭ་ལས་ཁུངས་ཀྱི་དོ་དམ་དང༌། དམག་ཆེན་གཉིས་པ་མཇུག་བསྒྲིལ་མཚམས་རྒྱ་གར་དབྱིན་གཞུང་དང༌། རྒྱ་ནག་གཞུང༌། ཨ་རིའི་གཞུང་བཅས་ལ་གཡུལ་རྒྱལ་ལེགས་འབུལ་ཞུ་བར་བོད་གཞུང་གི་སྐུ་ཚབ་ཛ་སག་རོང་དཔལ་ལྷུན་ཐུབ་བསྟན་བསམ་འཕེལ་གྱི་ལས་སྦྲེལ་དུ་བསྐྱོད། ཕྱིར་བཅར་ནས་ལོ་གསུམ་ཙམ་གྱི་རྗེས་དམག་སྤྱིའི་ལས་ཁུར་ཞུ་སྐབས་ཡུལ་དུས་དང་མཐུན་པའི་དམག་ཁྲིམས་གསར་བཟོ་དང༌། དམག་རྩེད་ཀྱི་སྐད་བརྡ་དང་དུང་ཚིག་སོགས་དབྱིན་སྐད་ནས་བོད་སྐད་དུ་གཏན་ལ་ཕབ།
ྋགོང་ས་མཆོག་གྲོ་མོར་ཉེན་གཡོལ་དུ་ཆིབས་བསྒྱུར་གྱི་ཆིབས་ཞབས་གྲས་སུ་བཅར། དེ་ནས་རྒྱ་དམར་གཞུང་དང་ཞི་འཕྲོས་ཆེད་པེ་ཅིང་དུ་སྐུ་ཚབ་གཏོང་གནང་གི་ཁོངས་སུ་བསྐྱོད་དེ་ཕྱིར་འཁོར་ནས་ལོ་དྲུག་ཙམ་སོང་རྗེས་དམག་སྤྱིའི་ལས་ཁུར་དགོངས་པ་ཞུས།
ས་ཕག་ ༡༩༥༩ ལོར། བོད་རང་བཙན་བསྐྱར་གསོའི་ཚོགས་འདུའི་འཐུས་མིར་འདམས་བསྐོས་ཀྱིས་ཚོགས་འདུར་བཞུགས་མུས་སུ་རྒྱ་དམག་གིས་གློ་བུར་དྲག་གནོན་བྱས་རྐྱེན་རྒྱ་གར་ནང་བཙན་བྱོལ་དུ་འབྱོར། ཐོག་མར་བོད་བཙན་བྱོལ་གཞུང་གི་ཀ་སྦུག་དོན་གཅོད་དང༌། དེ་རྗེས་བོད་གཞུང་ཤེས་རིག་ལྷན་ཁང་གི་གཙོ་འཛིན་ལས་རོགས་དང་ཟློས་གར་འགོ་འཛིན་གཅིག་ལྕོགས། མང་གཙོའི་གཞུང་གི་བཀོད་སྒྲིག་སྐབས་ནང་སྲིད་བཀའ་བློན་ལས་རོགས་དང༌། རྗེས་སུ་རྩོམ་སྒྱུར་ཁང་གི་འགན་འཛིན་ལས་རོགས་སོགས་བོད་ཕྱི་ནང་གཉིས་ཀར་མི་ལོ་བཞི་བཅུ་ཞེ་བདུན་རིང་གཞུང་གི་སྲི་ཞུ་ཆེ་ཕྲ་ཅི་རིགས་འཁུར་སྒྲུབ་ཞུས། རང་ལོ་དྲུག་ཅུ་རེ་དྲུག་ལོར་རྒན་ཡོལ་དུ་དགོངས་ཞུས་ཀྱིས་ལྷར་བཅས་འགྲོ་བའི་འདྲེན་མཆོག་ྋགོང་ས་ྋསྐྱབས་མགོན་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་ཆེན་པོ་མཆོག་ཐོག་མར་རྩད་དཔྱོད་ངོས་འཛིན་གདན་ཞུ་ཇི་ལྟར་ཞུས་སྐོར་རང་མྱོང་མ་བཅོས་ལྷུག་པར་བཀོད་པའི་བདེན་གཏམ་རྣ་བའི་བདུད་རྩི་ཞེས་པའི་དེབ་ཆུང་དེ་བརྩམས། མཐར་མེ་ལུག་ ༡༩༦༧ ལོར་བཞུགས་སྒར་དྷ་རམ་ས་ལར་བསྙུན་འདས་སོང་བ་བཅས་སོ།།
1945 ལོར་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་དང་རྒྱལ་ཁ་ཐོབ་པར། ཕྱི་ལོ་1946 ལོར་བོད་གཞུང་ནས་ཨ་དབྱིན་རྒྱ་གསུམ་ལ་གཡུལ་རྒྱལ་བཀྲ་ཤིས་བདེ་ལེགས་ཞུ་བར་བསྐོ་མངག་བསྐྱངས་པའི་སྐུ་ཚབ། ཛ་སག་བླ་མ་རོང་དཔལ་ལྷུན་ཐུབ་བསྟན་བསལ་འཕེལ། ཛ་སག་ཁེ་སྨད་བསོད་ནམས་དབང་འདུས། ལས་བྱ་རིམ་བཞི་ཁེ་སྨད་ཚེ་དབང་དོན་གྲུབ། ལོ་ཙཱ་བ་ཡེ་ཤེས་དར་རྒྱས། ལས་མཚན་བྱང་ངོས་པ་རྡོ་རྗེ་དངོས་གྲུབ། གོང་གསལ་ལྔ་དང་། ནན་ཅིང་དོན་གཅོད་གསར་པ་མཁན་ཆུང་ཐུབ་བསྟན་བཟང་པོ། རྩེ་མགྲོན་ཐུབ་བསྟན་ཚེ་བརྟན། ལོ་ཙཱ་བ་བྱམས་པ་ངག་དབང་སྟེ་སྐུ་ཚབ་འཐུས་མི་བརྒྱད་ཡོད།
གོང་གསལ་པར། ས་གནས། དིལླཱི། 1946
མདུན་གྲལ་ལས་དང་པོ། བྱང་ངོས་པ་རྡོ་རྗེ་དངོས་གྲུབ། གཉིས་པ། གསུམ་པ། མཁན་ཆུང་ཐུབ་བསྟན་བཟང་པོ། བཞི་པ། ཛ་སག་བླ་མ་རོང་དཔལ་ལྷུན་ཐུབ་བསྟན་བསམ་འཕེལ། ལྔ་པ། རྒྱ་གར་དབྱིན་གཞུང་གི་རྒྱལ་ཚབ་ཆེན་མོ་སྐུ་ཞབས་ lord དྲུག་པ། ཛ་སག་(ཟུར་ཁང་)ཁེ་སྨད་བསོད་ནམས་དབང་འདུས། བདུན་པ། ལས་བྱ་རིམ་བཞི་ཁེ་སྨད་ཚེ་དབང་དོན་གྲུབ། བརྒྱད་པ། དགུ་པ། བཅས་མདུན་གྲལ་གྱི་མི་དགུ་ལས། མི་བརྒྱད་པོ་གོང་གསལ་མཚན་ཐོ་ལྟར་བོད་གཞུང་གི་སྐུ་ཚབ་རྣམ་པ་ཡིན། ཡིན་ནའང་མི་ངོ་མི་ཆོད་པ་ཁག་གི་མཚན་ཇི་བཞིན་འགོད་མ་ཐུབ་པས་གོང་གསལ་མཚན་ཐོ་ལྟར་དུ་གཟིགས་རྒྱུ།
རྒྱབ་གྲལ། དང་པོ། ཨ་དབྱིན་སྐུ་ཚབ། གཉིས་པ། གོང་གསལ་རྣམ་པའི་སྣེ་ཤན་འབྲས་ལྗོངས་པ་འབའ་བུ་བཀྲ་ཤིས། གསུམ་པ། སྣེ་ཤན་དང་སྐད་སྒྱུར་ར་ཡེ་འབའ་དུར་བསོད་ནམས་སྟོབས་ལྡན(འབྲས་ལྗོངས་པ་དང་བོད་གཞུང་གི་རིམ་བཞིའི་གོ་མིང་ཡོད།)། བཞི་པ། ལྔ་པ།
ས་ཕག་ཕྱི་ལོ་ ༡༩༥༡ ལོའི་ཟླ་ ༥ ཚེས་ ༢༣ ཉིན་རྒྱ་ནག་དམར་པོའི་འཇིགས་བསྐུལ་དང་གནོན་ཤུགས་འོག་བཏོན་པའི་གྲོས་འཆར་དོན་ཚན་བཅུ་བདུན་ཞེས་པ་དེར་བོད་ཀྱི་སྐུ་ཚབ་བཀའ་བློན་ང་ཕོད་དང་། ཛ་སག་ཁེ་སྨད། ལྷའུ་རྟ་ར། སྣེ་མགྲོན་ཐུབ་ལེགས། བསམ་ཕོ་བཅས་ནས་ས་རྟགས་མི་འགོད་ཐབས་མེད་དུ་གྱུར།