ལེ་ཚན་དྲུག་པ། དགོན་སྡེ་དང་། གྲགས་ཅན་མི་སྣ། གནའ་ཤུལ།
དང་པོ། དགོན་སྡེ།
| ཨང་། | དགོན་པའི་མིང་། | བཞེངས་དུས། | བཞེངས་མཁན། | ཆོས་བརྒྱུད། |
| ༡ | འབོ་དཀར་དགོན། | ཕྱི་ལོ་ ༡༨༨༥། | བླ་མ་ཀརྨ་ཤེས་རབ་འོད་ཟེར། | བཀའ་བརྒྱུད། |
| ༢ | མཚོ་ཆེན་ཇོ་མོ་དགོན། | ཕྱི་ལོ་ ༡༨༨༥། | ཇོ་མོ་ཀུན་བཟང་སྒྲོལ་མ། | བཀའ་བརྒྱུད། |
| ༣ | མཚོ་ཆེན་སྨན་སྡོང་དགོན། | ཕྱི་ལོ་ ༡༨༦༧། | བླ་མ་ཀརྨ་ངེས་དོན་བསྟན་རྒྱས། | བཀའ་བརྒྱུད། |
| ༤ | སྤེན་ལྷ་ཁང་། | དུས་རབས་ ༡༩། | བསོད་ནམས་ནོར་བུ། | བཀའ་བརྒྱུད། |
ལེ་ཚན་བདུན་པ། དམངས་སྲོལ།
དང་པོ། ཕྱོགས་བཅུའི་དབྱར་འདུན་རྩེད་མོ།
ཕྱོགས་བཅུའི་དབྱར་འདུན་རྩེད་མོ་ནི་བོད་ཟླ་བདུན་པར་སྲུང་བརྩི་ཞུ་བའི་ཡུལ་ལྷ་གསོལ་མཆོད་གཙོ་བོར་བྱས་པའི་ཆོས་ཕྱོགས་ཀྱི་དུས་སྟོན་ཞིག་ཡིན་ཀྱང་། དེའི་སྐབས་རྟ་རྒྱུག་གཏོང་བ་སོགས་ལུས་རྩལ་གྱི་བྱེད་སྒོ་ཡང་སྣ་ཚོགས་སྤེལ་གྱི་ཡོད། དེ་ཡང་ཐོག་མར་ཡུལ་གྲོང་དུ་ཡུལ་ལྷའི་གསོལ་མཆོད་གཏོང་བ་དང་། དེ་རྗེས་འབྲོག་དུད་མི་མགོ་ཡོད་དོ་ཅོག་ཡུལ་ལྷའི་བཞུགས་ཁང་མདུན་དུ་རྟ་ཧྲག་དང་བཅས་ཚང་འཛོམས་ཀྱིས། ཡུལ་ལྷའི་ཕོ་བྲང་གི་སྟེང་ཏུ་དར་འབུལ་ཀྱི་བྱེད་སྒོ་སྤེལ་སྲོལ་མཆིས།
གཉིས་པ། ཕྱོགས་བཅུའི་བུད་མེད་ཀྱི་ཤ་ལག
ཕྱོགས་བཅུའི་བུད་མེད་ཚོས་ཤ་ལག་ཅེས་པའི་ཆས་གོས་ཤིག་གྱོན་སྲོལ་ཡོད་ཅིང་། དེ་ཡང་། མགོ་ལ་བྱུ་རུ་དང་གོར་ཊམ་ཞེས་པའི་རྒྱན་ཆ་བཀླུབས་པ་དཔྲལ་བའི་ཐོད་དུ་གློད། རྒྱབ་ཏུ་དགུང་ལ་ཐེག་པོ་ཞེས་པ་རྒྱན་ཆའི་གཞི་དངུལ་ལ་དབུས་སུ་གསེར་གྱི་ཕྲ་གསུམ་རེས་བཏབ་པ། དེའི་འོག་ཏུ་རྒྱབ་ལིང་ཞེས་ཐོག་ལ་སྣམ་ཁ་བསྒྲིགས་ཤིང་མཚམས་སུ་གོར་ཊམ་དང་ཏཱ་ཡང་གྱི་ཕྲ་ཚོམས་འོད་ཆིལ་ཆིལ་དུ་རྒྱན་པ། དེ་ཡི་གཤམ་ཏུ་སྟོང་གཡབ་དམར་པོ་མང་པོ་བསྒྲིགས་ཤིང་དེའི་གསེང་ལ་བྱིབས་ཁ་མང་པོ་བསྒྲོགས་ཏེ་གོམ་པ་སྤོས་དུས་སིག་སིག་གི་སྒྲ་སྒྲོག་པའི་རྒྱན་ཆ་དེ་ནི། ཡུལ་དེའི་བུད་མེད་དག་གི་གཟབ་མཆོར་ལེགས་ཤོས་ཤིག་ཏུ་བརྩི་ཞིང་། སྤྱིར་བཏང་ལོ་གསར་སོགས་དུས་སྟོན་གལ་ཆེ་བ་དང་། བཀྲ་ཤིས་དགའ་སྟོན་རྟེན་འབྲེལ། བླ་མ་མཇལ་བ་སོགས་ཀྱི་སྐབས་ཁོ་ནར་གྱོན་སྲོལ་ཡོད།
དབུས་གཙང་ལོ་རྒྱུས་ཆེན་མོ་ལས་བཏུས་པའོ།།