བྱང་བདག་དང་བྱང་ཁང་གསར་གྱི་འབྲེལ་བ།

བྱང་བདག་དང་བྱང་ཁང་གསར་གྱི་འབྲེལ་བ།

དང་པོ། བྱང་བདག།

འགའ་ཞིག་གིས་གཙང་གཡས་རུ་སྟོད་ཀྱི་ལྟེ་བ་ངམ་རིང་གི་མིང་གཞན་ལ་བྱང་པ་ཞེས་འབོད་པ་ནི། དཔལ་ལྡན་ས་སྐྱ་པའི་སྐབས། བོད་ཁྲི་སྐོར་བཅུ་གསུམ་ལས། གཙང་ལ་སྟོད་ཀྱི་ཁུལ་འདིར་ལྷོ་བྱང་ཁྲི་སྐོར་གཉིས་བཟོས་པ་ལས་བྱང་གི་ཁྲི་སྐོར་ལ་བྱང་པ་ཞེས་དང་། ཡང་། <<ངམ་རིང་ཆོས་སྡེའི་ལོ་རྒྱུས་>> སོགས་ལོ་རྒྱུས་དེབ་ཐེར་འགའི་ནང་། བྱང་བདག་རྣམ་རྒྱལ་གྲགས་བཟང་རིག་ལྡན་པདྨ་དཀར་པོ་སླར་བྱོན་པ་དང་། ཆོས་རྒྱལ་ཟླ་བ་བཟང་པོའི་ཡང་སྲིད་ཡིན་པ། ཤམ་བྷ་ལའི་བསྐལ་བའི་མར་མེ་ཟེར་བ་མཐོང་གྲོལ་མཆོད་རྟེན་(ད་ལྟ་ངམ་རིང་རྫོང་སྲིད་གཞུང་གནས་ཡུལ་དེར་ངོས་འཛིན་རྒྱུ་ཡོད།)དང་། ཤམ་བྷ་ལ་ཡི་མཚོ་ཆེན་གཉིས་དང་འདྲ་བ་ངམ་རིང་སྐྱེམས་མཚོ་དང་གླང་མཚོ་གཉིས་ཡིན་པ།

ལྷག་པར་གཙང་སྟོད་བྱང་ངམ་རིང་གི་ཁུལ་འདིར། བྱང་བདག་རིམ་བྱོན་གྱི་དུས་ནས་དུས་འཁོར་སྐུ་བརྙན་དང་། དཀྱིལ་འཁོར་། ཆོ་ག་ཕྱག་ལེན་དར་ཞིང་རྒྱས་པ་སོགས། སྣོད་བཅུད་ཀྱི་བཀོད་པ་བྱང་ཤམ་བྷ་ལ་དང་གཉེས་སུ་མ་མཆིས་པས་བྱང་ཞེས་བཏགས་པ་བཞེད། འགའ་ཞིག་གིས་སློབ་དཔོན་རིན་པོ་ཆེ། མང་ཡུལ་གུང་ཐང་ནས་ལྷོ་ནུབ་སྲིན་པོའི་ཡུལ་དུ་ཕེབས་ཁར། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སློབ་དཔོན་པདྨ་འབྱུང་གནས་ལ། བདག་གི་རྒྱལ་རྒྱུད་གུང་ཐང་རྒྱལ་པོ་དང་། མ་འོང་སེམས་ཅན་སྐྱོབས་པའི་གཏེར་མཛོད་གང་དུས་སྦས། འདོན་པའི་ལྡེ་མིག་གང་ལ་བགྱིད་ཞུས་པར། སློབ་དཔོན་རིན་པོ་ཆེས་འདི་ནས་བྱང་གི་ཕྱོགས་རོལ་ན། བཀྲིས་ཡོན་ཏན་ལྡན་པའི་རི་(རི་བོ་བཀྲ་བཟང་ཡིན།)ལུང་དང་མཐུན་པའི་གནས་དེར་གཤེགས།[1] ཞེས་བྱང་ནི་མང་ཡུལ་གུང་ཐང་(དེང་སྐྱིད་གྲོང་ངམ་རྫོང་ཁ་རྫོང་ཁོངས།)གི་བྱང་ཕྱོགས་སུ་གནས་པས་བྱང་ཞེས་གྲགས།

གོང་གསལ་དེ་དག་ཐམས་ཅད་བྱང་པ་ཞེས་མིང་གི་འབྱུང་ཁུངས་ཀྱི་ཆ་འདྲ་བ་ཞིག་ཡིན་མོད། དོན་དངོས་སུ་བྱང་པ་ཞེས་པ་དེ། ཡུལ་མིང་རུས་མིང་དུ་ཐོགས་པ་གང་ཞིག་སླར་ཡང་རུས་མིང་ཡུལ་མིང་དུ་ཐོགས་པ་ཞིག་ཡིན་ནོ། དེ་ཡང་བྱང་མི་ཉག་སེའུ་རྒྱལ་རྒྱུད་གཙང་ལ་སྟོད་ཀྱི་ཡུལ་དུ་གཞིས་ཆགས་པ་དང། རིམ་པས་ཡུལ་གྱི་རྒྱལ་པོར་གྱུར་པས་བྱང་བདག་(བྱང་བདག་གི་བདག་ནི་རྒྱལ་པོ་གོ་བའི་སྐབས་ཡིན་པས། བྱང་བདག་གི་བྱང་གི་རྒྱལ་པོ་ཞེས་པའོ།)ཅེས་པ་བྱུང་། མི་ཉག་སེའུ་རྒྱལ་རྒྱུད་ལ་བྱང་པ་ཞེས་འབོད་པ་ནི། མི་ཉག་པ་རྣམས་ལྡོང་བྱང་གི་རྒྱུད་ལས་ཆད་པ་དང་། ལྡོང་ནི་བོད་ཀྱི་རུས་ཀྱི་ཕྱི་མོ་བཞིའི་ནང་གསེས་ཤིག་ཡིན་ཞིང་། ལྡོང་པ་རྣམས་ཀྱི་གྲུབ་པའི་མི་ཉག་འདི། ས་ཁོངས་དང་སྡོད་ཡུལ་བོད་ཀྱི་བྱང་ཕྱོགས་ཡོད་པས། བོད་པ་(ལྷོ་ཁ་ཡར་ལུང་ཙམ་ཡིན།)རྣམས་ཀྱིས་ཁོ་ཚོར་ལྡོང་བྱང་དུ་འབོད།[2]

སྲོང་བཙན་སྐབས་ལྡོང་བྱང་གི་ཚོ་པས་བོད་ལ་ངོ་ལོག་རྒྱུའི་སྟ་གོན་དུ་ཞུགས་པ་བཙན་པོས་མཁྱེན་པས།  སྤུར་རྒྱལ་བཙན་པོ་སྲོང་བཙན་གྱིས་བྱང་མི་ཉག་གི་ཡུལ་དུ་དམག་དྲངས། ལྡོང་པ་རྣམས་བོད་དམག་གི་འཇིགས་པ་མ་བཟོད་པས་འགའ་ཞིག་རྒྱ་ཡུལ་དུ་བྲོས་པས་ལྷོ་བྱང་གཉིས་ཆགས། ལྷོ་པ་རྣམས་ནི་དེང་གི་ཁམས་མི་ཉག་དང་། བྱང་པ་རྣམ་ནི་ད་ལྟའི་ཉིན་ཞཱ་ལྗོངས་སུ་བྲོས།[3] མི་ཉག་བྱང་པས་བོད་སིལ་བུའི་སྐབས་དེང་གི་ཡུན་ཁྲོན་གྲོང་ཁྱེར་གྱི་ཉེ་འདབས་སུ་མི་ཉག་རྒྱལ་ཁབ་བཙུགས་ཀྱང་།  ཕྱི་ལོ་༡༢༢༧ལོར་ཇིང་གེར་དམག་གིས་མི་ཉག་རྒྱལ་ཁབ་བསྣུབས་པས། བྱང་མི་ཉག་རྒྱལ་རྒོད་ཀྱི་རྒྱལ་རྒྱུད་རྣམས་གཙང་སྟོད་ཕྱོགས་སུ་ཆས་ཡོང་ཞིང་། སྟག་སྡེ་སེང་གེ་ལུང་དང་སྐྱ་བོ་ཁ་འདང།[4] སོགས་སུ་གནས་ཆགས་ཤིང་རྒྱུད་པ་མང་དུ་འཕེལ།

མི་ཉག་རྒྱལ་རྒྱུད་གཙང་སྟོད་དུ་ཆས་པ་རྣམས་ལ། གཙང་སྟོད་པ་རྣམས་ཀྱིས་བྱང་པ་ཞེས་འབོད་ཀྱི་ཡོད་པ་ནི། ༸གོང་ས་ལྔ་པ་ཆེན་པོས་མི་ཉག་བྱང་པ།[5]  ཞེས་དང་། <<མྱང་ཆོས།>> ལས། བྱང་ཕྱོགས་མི་ཉག་གི་རྒྱལ་རྒྱུད་རིམ་པར་སྟོད་ཕྱོགས་སུ་འཆགས།[6] ཞེས་གསུངས། གཞན་ཡང་། ༸གོང་ས་ལྔ་པ་ཆེན་པོས་བྱང་ཕྱོགས་ཞེས་བྱང་གི་བྱང་བདག་པོའི་རིགས་རུས་དང་། ཕྱོགས་ཞེས་སྦྱར་རྒོད་ལྡེམ་ཀྱི་འཁྲུངས་ཡུལ་མཚོན།[7] ཞེས་གསུངས་པ་ལས། བྱང་པ་ཞེས་པའི་མིང་གི་བྱུང་ཁུངས་ར་སྤྲོད་ཐུབ་པ་བྱུང་ཡོད། བོད་ཀྱི་ཡུལ་མིང་ཐོགས་ཚུལ་ཐད། ཡུལ་གྱི་བདག་པོའི་མིང་ཡུལ་གྱི་མིང་དུ་ཐོགས་སྲོལ་ཡོད་པ་བཞིན། བྱང་བདག་པོའི་རྒྱུལ་རྒྱུད་གཙང་ལ་སྟོད་ངམ་རིང་ཁུལ་གྱི་རྗེ་དཔོན་དུ་གྱུར་རྗེས། ཡུལ་དེའི་མིང་ལའང་གཙང་ལ་སྟོད་བྱང་པ་ཞེས་ཐོགས་པ་ར་འཕྲོད་བྱུང་ཡོད།

གཉིས་པ། བྱང་ཁང་གསར།

དེང་ངམ་རིང་ཆུ་འོག་ཤང་མདོ་སྟོད་ཁང་གསར་གྲོང་ཚོའི་མིང་གཞན་ལ་བྱང་ཁང་གསར་ཟེར་ཞིང་། བྱང་ཞེས་པ་ས་ཕྱོགས་བྱང་གི་དོན་མ་ཡིན་པར། དེ་ནི་དེ་སྔ་དུས་རབས་བཅུ་གསུམ་དང་བཅུ་བཞི་པའི་ནང་ད་ལྟའི་ངམ་རིང་རྫོང་གི་མངའ་ཁུལ་དབང་བསྒྱུར་བའི་བྱང་བདག་གི་གསར་དུ་བཏབ་པའི་ཁང་པ་ཞིག་ཡིན་པས་ན། བྱང་ཁང་གསར་ཞེས་འབོད་སྲོལ་དུ་དར་བ་ཡིན་འདུག་ལ། བྱང་ཁང་གསར་དང་བྱང་བདག་གི་འབྲེལ་བ་ནི། 《སྡེ་པ་གཡས་རུ་བྱང་པའི་གདུང་རབས་》ལས། ཏི་ཤྲི་གྲགས་པ་འོད་ཟེར་གདུང་རབས། ཀུན་སྤངས་གྲགས་པ་རྒྱལ་མཚན་སྐུ་མཆེད་ཀྱིས་རྫོགས་སྐབས། བྱང་བདག་གི་སྲས་ཡོན་བཙུན་(ཁོང་ནི་ཕྱི་ལོ་ ༡༢༣༥ ནས་ ༡༢༨༠ ནང་བྱོན་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པའི་ཞབས་ལ་གཏུགས་པས་ས་སྐྱ་དཔོན་ཆེན་ཡང་གནང་འདུག)གྱིས་ཏི་ཤྲི་གྲགས་པ་འོད་ཟེར་གྱི་ཕྱི་ཚ་གསུམ་པ་ཡིན་པ་གདུང་གཅིག་ཙམ། ཐབ་གཞོབ་ཀྱི་རྒྱུད་སློབ་དཔོན་ཉིམ་རྒྱལ་མཚན་དང་། བདེ་ལེགས་རྒྱལ་མཚན་པ་གཉིས་ཁང་གསར་དུ་ཆེ་འདོན་མཛད་པ་ཟད། བདེ་ལེགས་རྒྱལ་མཚན་ལ་བྱང་བདག་ཡོན་བཙུན་རང་གི་སྲས་མོ་དགེ་མ་འམ་མཚན་དངོས་རྡོ་རྗེ་ཀུན་དགའ་འདྲེན་བཙུན་མོར་ཕུལ།[8] དུས་དེ་ནས་བྱང་བདག་དང་བྱང་ཁང་གསར་པའི་དབར་གཉེན་ཚན་གྱི་འབྲེལ་བ་འགོ་ཚུགས།

དེ་རྗེས་མི་རབས་འགའ་འདས་རྗེས་《སྡེ་པ་གཡས་རུ་བྱང་པའི་གདུང་རབས་》ལས། བྱང་བདག་རྣམ་རྒྱལ་གྲགས་བཟང་(ཕྱི་ལོ་ ༡༣༩༥ ནས་ ༡༤༧༥)གིས་བྱང་ཁང་གསར་ནས་ཏི་ཤྲི་གྲགས་པ་འོད་ཟེར་ཁུ་དབོན་གྱི་སྐུ་ཞང་བརྒྱུད་པ་སྐུ་ཞང་བརྟན་བཟང་གི་སྲས་གཅིག་མ་དཔལ་ལྡན་ཁྱོ་འདྲེན་བདག་མོར་བཞེས་ཤིང་། འབྲུག་ལོ་ཕྱི་ལོ་ ༡༤༤༨ ལོར་སྲས་བདག་པོ་ནམ་མཁའ་རྡོ་རྗེ་གྲགས་པ་དཔལ་བཟང་པོ་འམ་ནམ་མཁའ་ཚེ་དབང་རྡོ་རྗེ་སྐུ་འཁྲུངས། ཧོར་ནམ་མཁའ་རྡོ་རྗེ་ཞེས་མཚན་གསོལ། དགུང་ལོ་དྲུག་པར་བྱང་ཁང་གསར་ནས་ངམ་རིང་གི་ཕོ་བྲང་དུ་གདན་འདྲེན་ཞུས་ཤིང་དགུང་ལོ་བཅུ་དྲུག་ལ་སོན་སྐབས་བྱང་པའི་ཁྲི་དཔོན་མཛད། སྐབས་དེར་ལྷོ་ཁྲི་བསྐོར་བརྩེ་བས་བསྐྱངས། གྲུབ་ཆེན་ཐང་སྟོང་རྒྱལ་པོར་མཆོད་བརྟེན་དང་། ལྷ་ཁང་། གྲུ་ལྕག་སོགས་དགེ་ལས་སྒྲུབ་པའི་སྦྱིན་བདག་མཛད།[9] ཡུམ་མ་གཅིག་དཔལ་ལྡན་ཁྱོ་འདྲེན་སྐུ་གཤེགས་པའི་སྐྱེ་རྟགས་སམ་འཁྲུངས་རྟགས་ལ་དེང་ངམ་རིང་རྫོང་ཆུ་འོག་ཤང་མདོ་སྟོད་བུད་སྒང་གི་རི་སྣེར་ཆགས་པའི་བཙུན་དགོན་ཆོས་གླིང་གི་རྟེན་གཙོ་རྗེ་བཙུན་སྒྲོན་མ་(ད་ལྟ་དངོས་སུ་མཇལ་རྒྱུ་ཡོད་)དེ་བཞེངས་པ་བཅས་སོ།[10]

[1] <<རིག་འཛིན་རྒོད་ལྡེམ་པའི་རྣམ་ཐར།>> [M]  ལྕགས་པར། དཔེ་གཟུགས།

[2]<<བོད་ལྗོངས་ཞིབ་འཇུག།>>  [J]  ཕྱི་ལོ་༡༩༨༦། དེབ། ༣ ཤོག་ ༣ ནས་ ༡༢།

[3] རྒྱལ་མོ་འབྲུག་པ། <<བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ།>> [M] མི་རིགས་དཔེ་སྐྲུན་ཁང། ཕྱི་ལོ་༡༩༩༩། ཤོག་ ༡༧༩།

[4] ངམ་རིང་རྫོང་གི་མིང་རྙིང་པ།

[5] ༸གོང་ས་ལྔ་པ་ཆེན་པོ། <<བྱང་བདག་ངག་གི་དབང་པོའི་རྣམ་ཐར།>> [M] དཔེ་གཟུགས། པོད། ཉ་པ། ཤོག་ ༧༧༦།

[6] ཇོ་ནང་ཏ་ར་ནཱ་ཐ།<<མྱང་ཡུལ་སྟོད་སྨད་བར་གསུམ་གྱི་ཆོས་འབྱུང།>> [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང། ཕྱི་ལོ ༡༩༨༣ ཤོག་ ༡༩༣།

[7] ༸གོང་ས་ལྔ་པ་ཆེན་པོ།<<བྱང་བདག་ངག་གི་དབང་པོའི་རྣམ་ཐར།>> [M] དཔེ་གཟུགས། པོད། ཉ་པ། ཤོག་ ༧༧༦།

[8] བོད་ཀྱི་གདུང་རབས་དང་རྣམ་ཐར་ཐུང་ངུ་ཁག་དྲུག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༤། ཤོག ༩༨།

[9] བོད་ཀྱི་གདུང་རབས་དང་རྣམ་ཐར་ཐུང་ངུ་ཁག་དྲུག བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ཕྱི་ལོ་ ༢༠༡༤། ཤོག ༡༠༦།

[10] གུས་རང་དེ་སྔ་བོད་དུ་ཡོད་སྐབས་ཕ་དམ་བསོད་ནམས་བཀྲ་ཤིས་ཞལ་ལས། མདོག་སྟོད་བཙུན་དགོན་ཆོས་གླིང་གི་རྟེན་གཙོ་གསེར་ཟངས་ལས་བསྒྲུབས་པའི་སྒྲོན་མའི་སྐུ་བརྙན་དེ་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་གྱི་ཡུམ་གྱི་འཁྲུངས་རྟགས་རེད་ཅེས་གསུངས་མོད། དེ་ནི་གཙང་སྟོད་ཁུལ་དུ་བཀྲ་ཤིས་སྟོབས་རྒྱལ་གྱི་ལོ་རྒྱུས་དང་མཚན་སྙན་རྒྱས་པའི་ཤོད་སྲོལ་ལས་བྱུང་བ་ཞིག་ལས། གསེར་ཟངས་ལས་བསྒྲུབས་པའི་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་དེ་ནི་བྱང་བདག་ནམ་མཁའ་ཚེ་དབང་རྡོ་རྗེས་རང་གི་ཡུམ་གྱི་འཁྲུངས་རྟགས་སུ་བཞེངས་པ་ཡིད་ཆེས་བྱས་ཆོག་པ་འདུག

བརྒྱུད་སྐུལ།

8 བསམ་ཚུལ། “བྱང་བདག་དང་བྱང་ཁང་གསར་གྱི་འབྲེལ་བ།

  1. མདོག་གཞུང་སྟག་ཤར།། · བཟོ་བཅོས།

    བཀའ་དྲིན་ཆེ། མུ་འཐུད་ལོ་རྒྱུས་དང་སྐྱེ་ཆེན་དམ་པའི་རྣམ་ཐར་གང་མང་འགོད་རོགས།

    ལན།
    1. མདོག་གཞུང་སྟག་ཤར་ལགས། སྐུ་ཉིད་ནས་ངམ་རིང་ཁྱུང་རྫོང་དཀར་མོར་སྐུ་བལྟམས་པའི་སྐྱེས་ཆེན་དམ་པ་རྣམས་ཀྱི་མཚན་གཞུང་གནང་བར་བཀའ་དྲིན་ཆེ། མཁས་གྲུབ་དེ་དག་གི་རྣམ་ཐར་རིམ་བཞིན་འགོད་འཇུག་ཞུ་ཆོག་པ་དང་། འབྲེལ་ཡོད་ཀྱི་ཡིག་ཆ་ཡོད་ཀྱང་མཁོ་འདོན་སྐྱབས་འཇུག་ཡོད་པ་ཞུ།

      ལན།
  2. མདོག་གཞུང་སྟག་ཤར།། · བཟོ་བཅོས།

    གཙང་ཁུལ་ནི་འབྲུ་སྣ་སྔ་ཡི་བང་མཛོད་ཅིག་དང་རིག་གནས་ནོར་གྱི་ལྟེ་བ་མཁས་དབང་ནམ་མཁའི་སྐར་ཚོགས་ལྟར་འཁྲུངས་པའི་ཡུལ་ལུང་ཞིག་རེད། བོད་ཀྱི་ཆོས་རྒྱུད་ཆེ་ཆུང་ཁག་གི་མཁས་དབང་དང་སྐྱེ་ཆེན་ཕལ་མོ་ཆེ་ཞིག་གཙང་ཞེས་པའི་ཡུལ་འདི་ནས་བྱུང་རེད།། གཙང་ལྗོངས་སྤྱི་ཆགས་ནས་དེ་ལྟར་བྱུང་བ་ལྟ་ཅི་སྨྲོས། གཙང་ལྗོངསམྱང་སྟོད་རིག་པའི་བྱུང་གནས་ཀྱི་ཆར་གཏོགས་ངམ་རིང་ཁྱུང་རྫོང་དཀར་མོ་ལྟ་བུ་ལ་ཆ་མཚོན་རུང་། མཁས་དབང་བསམ་གྱི་མི་ཁྱབ་བ་དུ་མ་ཞིག་བྱུང་ཡོད་དེ།། ༸གྲུབ་ཆེན་ཐང་སྟོང་རྒྱལ་པོ་དང་། བྱང་བདག་རྣམ་རྒྱལ་གྲགས་བཟང་། མཁས་གྲུབ་དགེ་ལེགས་དཔལ་བཟང་། མང་ཐོས་ཀླུ་གྲུབ་རྒྱ་མཚོ།། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ། འགྲོ་མགོན་ཆོས་རྒྱལ་འཕགས་པ།། རྗེ་སྨོན་ལམ་དཔལ་པ། བ་སོ་ཆོས་ཀྱི་རྒྱལ་མཚན།། རིག་འཛིན་རྒོད་སྡེམ་ཆེན་པོ།། གྲུབ་ཆེན་བུདྷ་ཥི་རི།། མུས་ཆེན་དཀོན་མཆོག་རྒྱལ་མཚན་ མུས་སྲས་པ་བློ་གྲོས་རིན་ཆེན་སེང་གེ། མུས་ཆེན་རྒྱལ་མཚན་དཔལ་བཟང་། མུས་ཆེན་ནམ་མཁའི་རྣལ་འབྱོར། འདས་ལོག་བསྟན་འཛིན་ཆོས་སྒྲོན་ པཎ་ཆེན་ལུང་རིང་རྒྱ་མཚོ།། ཟུར་ཆོས་དབྱིངས་རང་གྲོལ་། བྱང་བདག་བཀྲ་ཤིས་སྟོབས་རྒྱལ།། ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་ ཀུན་མཁྱེན་ཆོས་གྲགས།། མཁས་བཙུན་ཡོན། མི་ཡི་ཉི་མ་མཐོང་བ་དོན་ལྡན། མཁས་དབང་རྡོ་རྗེ་རྒྱལ་པོ་སོགས། མཁས་གྲུབ་གཉིས་ལྡན་གྱི་སྐྱེ་ཆེན་དམ་པ་བསམ་གྱི་མི་ཁྱབ་པ་གྲངས་ལས་འདས་པ་ཞིག་བྱུང་ཡོད།།

    ལན།
  3. བོ་དོང་ཕྱོགས་ལས་རྣམ་རྒྱལ་ངམ་རིང་དུ་འཁྲུངས་པའི་ལོ་རྒྱུས་མཚན་ལྡན་གང་དུ་མཇལ་ལམ། དགོངས་ཚུལ་ཞིག་ཡོད་པ་མཁྱེན།

    ལན།

མཆན་སྤེལ།