༈ བོད་ཀྱི་ལོ་གསར་ནི་སྔར་སྲོལ་དུས་ཆེན་ནང་གི་རྒྱལ་པོ་ཡིན་ལ། བོད་ཀྱི་ལོ་གསར་ནི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་སྐབས་ངེས་ཅན་ཞིག་གི་ནང་རིག་གནས་དང༌། ཆོས་ལུགས། ཡུལ་སྲོལ། འཚོ་བ་བཅས་འཕེལ་འགྱུར་བྱུང་བ་དང་དུས་མཉམ་དུ་ལོ་གསར་གཏོང་སྲོལ་མི་འདྲ་བ་བྱུང་བ་དཔེར་ན། རྒྱལ་རབས་དགུ་པ་སྤུ་དེ་གུང་རྒྱལ་གྱི་དུས་སུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་སྟེ་ཟླ་བའི་དཀར་ཆའི་འཕེལ་འགྲིབ་དང་རྒྱུ་སྐར་གྱི་འཁོར་བགྲོད་ལ་བརྟེན་ནས་ལོ་འཁོར་མཚམས་ཀྱི་དུས་རྟགས་དེ་ལྷོ་ཁ་ཡར་ལྷ་ཤམ་པོའི་ཁམ་སྡོང་ལ་མེ་ཏོག་ཤར་བ་དང༌། ཕྱོགས་མཚུངས་སྐབས་དེར་བོན་ཆོས་དར་ཁྱབ་ཆེ་བས་རིམ་བཞིན་ཕ་མེས་ཀྱི་དུར་ལྷ་གསོལ་བ་དང༌། ཕོ་ལྷ། མོ་ལྷ། སྐྱེས་ལྷ། ཡུལ་ལྷ། ཁྱིམ་ལྷ། དགྲ་ལྷ་སོགས་གསོལ་བ། དར་ལྕོག་འཛུགས་པ། ལྷ་མཆོད་ཀླུ་མཆོད་བྱེད་པ། དེ་སྔོན་ས་གནས་སྲིད་གཞུང་གི་སྟོན་ཆེན་གཏོང་བའི་སྐབས་ནང་འཛུགས་ཞེས་ར་ལུག་དང༌། འབྲི་གཡག་གི་ཤ་བུབས་སྒྲིག་གཤོམ་བྱེད་སྲོལ་ཡོད་པ་དང༌། ཁྱིམ་ཚང་སོ་སོས་ལོ་གསར་གཏོང་སྐབས་ལུག་མགོ་སྒྲིག་གཤོམ་བྱེད་པ་སོགས་བོན་གྱི་ལམ་སྲོལ་རྒྱ་ཆེར་དར།
དེ་རྗེས་ལོ་གསར་གྱི་དུས་གང་ལ་འཛིན་པའི་གནད་དོན་ནི་འབྱུང་རྩིས་ཀྱི་གཙུག་ལག་ནས་བྱུང་བའི་དཔྱིད་ཟླ་ར་བའི་ཟླ་བར་ལོ་འགོ་འཛིན་པའི་ཚེས་གཅིག་བཅས་གང་རུང་ལ་ངོས་འཛིན་ཚུལ་མི་འདྲ་བ་བྱུང་ཡོད་པ་དེའང༌། སྔར་བོད་རྗེ་སྲོང་བཙན་སྒམ་པོའི་དུས་རྒྱ་བཟའ་ཀོང་ཇོའི་རྒྱ་རྩིས་རྙིང་མའི་ལུགས་ལ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ལོ་འགོ་འཛིན་པ་དང༌། དེ་རྗེས་དུས་རབས་བརྒྱད་པའི་ནང་བོད་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལོ་འགོ་འཛིན་པ་ནི་རྒྱ་ནག་གི་སོ་ནམ་ལོ་གསར་དང་དུས་མཉམ།
བོད་དུ་ཟླ་ཧོར་ཟླ་དང་པོ་ལ་བོད་ཀྱི་ལོ་གསར་བྱེད་ཅིང་ཟླ་བ་དང་པོ་ནས་བཅུ་གཉིས་བར་བོད་ཟླ་ཞེས་མི་བརྗོད་པར་ཧོར་ཟླ་ཞེས་བརྗོད་པའི་རྒྱུ་མཚན་ནི། སྤྱི་ལོ་ ༡༢༡༦ ལོའི་རྒྱ་རྩིས་དཔྱིད་ཟླ་ར་བ་སྟག་གི་ཟླ་བ་སྟེ་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་སོག་པོས་མི་ཉག་གི་ཡུལ་དུ་དམག་དྲངས་ཏེ་སྤྱི་ལོ་ ༡༢༢༧ ལོའི་རྒྱ་རྩིས་དཔྱིད་ཐ་འབྲུག་གི་ཟླ་བ་སྟེ་ཟླ་བ་གསུམ་པའི་ནང་མི་ཉག་གི་ཡུལ་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་གསར་དུ་རྩིས་ཏེ་ལོ་འགོ་བསྒྱུར་བ་དེ་ནས་བཟུང་ཧོར་ཡུལ་དུ་ལོ་འགོ་དེ་ལ་ལོ་གསར་གཏོང་སྲོལ་བྱུང་ཞིང༌། བོད་དུ་ས་སྐྱས་དབང་བསྒྱུར་བྱེད་པ་ནས་ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་རྩིས་དགོས་པའི་བཀའ་ཕབ་སྟེ་རྒྱ་རྩིས་ཀྱི་ཟླ་བ་གསུམ་པར་བོད་ཀྱི་ལོ་གསར་གཏོང་སྲོལ་བྱུང་བ་ཡིན། བོད་དུ་ལོ་འགོ་འཛིན་ཚུལ་མི་འདྲ་བ་དགུ་ཡོད་ཀྱང༌། བོད་དབུས་གཙང་སོགས་ས་ཁུལ་ཕལ་མོ་ཆེར་ཧོར་ཟླ་དང་པོ་ལ་ལོ་འགོ་བཟུང་ནས་ལོ་གསར་གཏོང་སྲོལ་ཡོད།
བོད་ཟླ་དང་པོ་དེ་ཧོར་ཟླ་དང་པོར་བསྒྱུར་ལུགས་ནི། དུས་རབས་ ༡༡ ནང་ཧོར་གོང་མ་འཇིང་གིར་རྒྱལ་པོས་བོད་ཀྱི་རྒྱལ་ཕྲན་སིལ་བུ་དང་བོད་ཁྲི་སྐོར་བཅུ་གསུམ་གྱི་ཆེས་མཐོའི་འགན་དབང་ཡོད་ཚད་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པར་ཕུལ་ཏེ་ཧོར་བོད་མི་རིགས་དབར་གྱི་ཆབ་སྲིད་དང༌། དཔལ་འབྱོར། རིག་གཞུང༌། ཆོས་ལུགས་བཅས་ཀྱི་འབྲེལ་བ་གོང་འཕེལ་གཏོང་སྐབས་རྒྱ་ནག་གི་ཧང་ལེ་ཟླ་བ་དང་པོ་དང༌། བོད་ཟླ་དང་པོ་མཐུན་པར་བརྟེན་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ཁྱབ་ཆེ་ཤོས་བོད་ཀྱི་ལོ་གསར་གཏོང་སྲོལ་དེ་ཆགས་པ་རེད།
འོན་ཀྱང་ཆ་ཤས་ནས་བརྗོད་ན་བོད་དུ་ལོ་གསར་གཏོང་སྲོལ་ཐད་ཡུལ་སྡེ་སོ་སོའི་ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་དབང་གིས་སོ་སོའི་ཁྱད་ཆོས་ཀྱི་ལོ་གསར་ཡང་གཏོང་སྲོལ་མི་འདྲ་སྟེ། ཀོང་པོ་ཁུལ་དུ་བོད་ཟླ་བཅུ་པའི་ཚེས་གཅིག་ཉིན་ལོ་གསར་གཏོང་བ་དང༌། སྟོད་མངའ་རིས་སྤུ་ཧྲེང་རྫོང་སོགས་སུ་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ཉིན་ལོ་གསར་གཏོང་བ་དང༌། བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་རྒྱ་ནག་གི་ལོ་གསར་འཁེལ་བ་དང༌། བོད་ཀྱི་འབྲོག་ཁུལ་དང༌། ཆུ་ཤུར་རྫོང༌། རྩེད་ཐང༌། གཞིས་རྩེ་སོགས་སུ་བོད་ཟླ་ ༡༢ ཚེས་ ༡ ཉིན་སོ་ནམ་ལོ་གསར་གཏོང་སྲོལ་ཆགས་པ་དེ་བོད་ཀྱི་གནའ་སྲོལ་དང༌། ཀོང་ཇོ་ཕྱི་མའི་ལུགས་དེ་ནི་དུས་ད་ལྟའང་ལྷ་ས་མན་ཆད་ཆུ་ཤུར་རྫོང་གི་ཁོངས་སོགས་དབུས་གཙང་གི་ས་ཁུལ་ཕལ་མོ་ཆེ་ལ་སྔ་སོར་གནས་པའི་སོ་ནམ་ལོ་གསར་ཟེར་བ་དེ་གཏོང་སྲོལ་ཆགས་པ་རེད།
དེར་བརྟེན་བོད་ཀྱི་ཁྱོན་ཡོངས་ཀྱི་ལོ་གསར་གཅིག་གྱུར་ཞིག་མེད་ཅིང༌། འདིར་ཧང་ལེ་དང་བསྟུན་པའི་ཧོར་ཟླ་དང་པོའི་ཚེས་གཅིག་ཉིན་ཡིན་ཞིང༌། བོད་ཀྱི་གཞིས་བྱེས་གཉིས་ཀར་བོད་གཞུང་གི་གཞུང་འབྲེལ་ལོ་གསར་ཡང་ཧོར་ཟླ་དང་པོའི་ཚེས་གཅིག་ནས་གཏོང་སྲོལ་ཡོད་ལ། དེ་ཉིན་ཞི་དུལ་འཛུམ་མདངས་ཀྱི་རྣམ་འགྱུར་བཅངས་ཏེ་གྲོང་ཁྱིམ་ཕན་ཚུན་ཕྱེ་མར་རྒྱུགས་པར་འགྲོ་ཡི་ཡོད་ལ། གཏམ་གྱི་དང་པོར་བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས། །ཨེ་མ་བག་གྲོ་སྐུ་ཁམས་བཟང༌། །གཏན་དུ་བདེ་བ་ཐོབ་པར་ཤོག།ཅེས་པའི་ཤིས་ཚིག་གཏམ་བཟང་བརྗོད་པ་དང་སྦྲགས་ཕྱེ་མར་དང༌། ཆང་ཕུད་བཏེགས་པ་དང༌། ལོ་གསར་ཚེས་གཅིག་ཉིན་རང་ཁྱིམ་སོ་སོར་སྤྲོ་སྐྱིད་བྱེད་པ་ལས་ཕན་ཚུན་མགྲོན་སྐྱོད་བྱེད་སྲོལ་མེད་ལ། ཁ་རྩོད་རྒྱག་པ་སོགས་ཚུལ་མིན་གྱི་བྱ་སྤྱོད་གཏམ་གསུམ་གང་ཅིར་འཛེམས་ཆ་བྱེད་པ་བཅས་ཀྱི་སྲོལ་བཟང་དེ་དག་གི་ཐོག་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་རང་རེ་བོད་མི་རིགས་འདི་བཞིན་བློ་གྲོས་དང་ཤེས་རབ། ཞི་དུལ། སྤྱོད་བཟང་བཅས་ལྡན་པའི་མི་རིགས་ཤིག་ཡིན་པ་གོང་གསལ་གྱི་གོམས་སྲོལ་ལས་མཚོན་པ་ཡིན།
མདོར་ན་ལོ་གསར་གཏོང་བའི་དུས་ཚེས་མི་འདྲ་བ་མ་གཏོགས་ནང་དོན་ཐད་ལོ་རྙིང་བསྐྱལ་ནས་ལོ་གསར་པར་བསུ་བ་ཞུ་བ་དང༌། ལོ་གསར་པའི་ནང་ཞིང་འབྲོག་ཐོན་སྐྱེད་ལོ་ལེགས་ཡོང་བ་དང༌། མི་རྣམས་ལུས་ཁམས་བདེ་ཞིང་བདེ་སྐྱིད་ཀྱི་འཚོ་བ་ཞིག་ལ་རོལ་ཐུབ་པའི་སྨོན་འདུན་ཞུ་བ་དེ་ཡིན། ཆོས་ཕྱོགས་ཀྱི་བྱེད་སྒོའི་ཐད་ནས་བཤད་ན་བོད་ཟླ་ ༡ ཚེས་ ༡ ཉིན་བླ་སྤྲུལ་དང་དགེ་འདུན་པ་སོགས་ཆོས་བྱེད་མི་སྣ་རྣམས་ཀྱིས་འདོད་ཁམས་དབང་ཕྱུག་དཔལ་ལྡན་དམག་ཟོར་མའི་གཏང་རག་ཚེ་གཏོར་གྱི་གཏོར་འབུལ་གསོལ་ཚོགས་འབུལ་སྲོལ་ཡོད་པ་བཅས་སོ།།
Post Views: 1,675